འབྲས་ནད་སྐོར་གཞུང་བཤད། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.01.2016 |
༄༅། །འབྲས་ནད་སྐོར་གཞུང་བཤད།
- ྋསྐུའི་བླ་སྨན་བློ་བཟང་དབང་རྒྱལ་མཆོག
དེ་རིང་འདི་གར་བོད་གཞུང་སྨན་རྩིས་ཁང་ཉམས་ཞིབ་སྡེ་ཚན་ནས་ཚོགས་ཆེན་གོ་བསྒྲིགས་གནང་བ་དང་། ཕྱོགས་མཐའ་ཁག་ནས་རང་རེའི་སྨན་རྗེ་མཁས་དབང་རྣམས་དང་། ཕྱི་ལུགས་ཀྱི་སྨན་རྗེ་མཁས་དབང་བཅས་ལྷན་འཛོམས་གནང་བ་དེར་ངས་དགའ་པོའི་ངང་ནས་འཚམས་འདྲིས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
སྤྱིར་ཉམས་ཞིབ་གནང་ཡག་དེ་ཁ་ཚ་དགོས་གཏུགས་འདྲ་པོ་ཆགས་བསྡད་ཡོད་རེད། དེ་རིང་ཉམས་ཞིབ་ཐོག་ཉམས་མྱོང་སྤེལ་རེས་དེ་ཧ་ཅང་གི་གལ་ཆེན་པོ་ཆགས་ཡོད། ཉམས་ཞིབ་གནང་ཡུལ་དེ་བོད་མི་རིགས་རང་ཉིད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཁོ་ནའི་སྟེང་ཡིན་པ་དང་། གསོ་བ་རིག་པའི་གཞུང་ནི་རྒྱ་ཆེ་ལ་གཏིང་ཟབ་པ་ནང་དོན་ཕུན་སུམ་ཚོགས་པའི་རིག་གནས་ཆེན་པོ་ལྔའི་ནང་ཚན་གཞན་རྗེས་སུ་འཛིན་པའི་རིག་པའི་གཞུང་ལུགས་ཤིག་ཡིན་སྟབས། འདི་ལ་ཆོས་རྒྱལ་རིམ་བྱོན་དང་ལྷག་པར་ྋགོང་ས་ལྔ་པ་ཆེན་པོ་དང་བཅུ་གསུམ་པ་ཆེན་པོ་མཆོག་ནས་ཐུགས་འཁུར་ཆེན་པོ་གནང་ཡོད་ནའང་། ༡༩༥༩ ལོར་རྒྱ་དམར་གུང་ཁྲན་ཏང་གིས་བོད་ས་ཡོང་རྫོགས་དབང་བསྒྱུར་བྱས་ནས་བོད་བསྟན་སྲིད་སྤྱི་དང་ལྷག་པར་བོད་ཀྱི་གསོ་བ་རིག་པ་འདི་གནས་སྟངས་ཉག་ཕྲའི་སྐབས་སུ་གྱུར་ཀྱང་། སླར་ཡང་ྋརྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་རྒྱལ་བསྟན་སྤྱི་དང་ལྷག་པར་སྨན་རྩིས་ཁང་འདི་རྒྱ་གར་འཕགས་པའི་ཡུལ་དུ་སླར་ཡང་འཛུགས་བསྐྲུན་གནང་ནས་ཡར་རྒྱས་ཀྱི་ཟམ་མ་ཆད་པ་བྱུང་བ་ནི་ཚང་མས་དགོངས་མངའ་བཞིན།
དེ་རིང་ཉམས་ཞིབ་ཀྱི་ཚོགས་ཆེན་འདི་ཚོགས་དགོས་པའི་རྒྱུ་མཚན་ནི་གསོ་བ་རིག་པའི་གཞུང་ལས་གསལ་བ་ལྟར་གཅིན་སྙི་དང་འབྲས་ནད་ཐོག་དཔྱད་བསྡུར་དང་ཉམས་མྱོང་སྤེལ་རེས་བྱེད་ཡག་ཡིན་ཞིང་། འདི་ནི་ྋགོང་ས་མཆོག་གི་དགོངས་གཞི་ལག་བསྟར་བྱས་པ་ཞིག་རེད།
དེ་རིང་ཉམས་ཞིབ་སྡེ་ཚན་གྱི་རེ་འདུན་ལྟར། འབྲས་ནད་སྐོར་རོབ་ཙམ་ཞུ་རྒྱུ་ཡིན། དེ་ཡང་མན་ངག་རྒྱུད་ལས། ལྷན་སྐྱེས་རྨ་ལ་འབྲས་དང་གཞང་འབྲུམ་དང་། །མེ་དབལ་སུར་ཡ་རྨེན་བུ་རླིག་རླུགས་དང་། །རྐང་འབམ་མཚན་བར་བརྡོལ་དང་ལེའུ་བརྒྱད། །ཅེས་གསུངས་པ་ལྟར། སྤྱིའི་ཆ་ནས་འབྲས་ནད་ཅེས་པ་ལྷན་སྐྱེས་རྨའི་ཁོངས་སུ་གཏོགས་དགོས་པ་རེད། བྱེ་བྲག་ཏུ་བཤད་ན། རྒྱུ་ནི་འགྲམས་འཁྲུགས་ཁ་ཟས་མ་སྨིན་པས། །ངན་ཁྲག་རྒྱས་ཏེ་རླུང་གིས་བསྒྲིལ་ལས་བྱུང་། །ཞེས་དང་། བྱེ་བ་རིང་བསྲེལ་ལས་ཀྱང་། ནད་རྒྱུ་ཁྲག་ཡིན། ནད་རྐྱེན་གཉན་ཡིན། ཞེས་པ་སོགས་དུ་མ་གསུངས་ཡོད་པས། རྒྱུ་ནི་འགྲམས་འཁྲུགས་ཟེར་བ་ནི། རྒྱུད་ལས། འགྲམས་ཚད་རྒྱུ་ནི་ནད་དང་ལུས་ཟུངས་ལ། །དེ་རྐྱེན་ལུས་ཀྱི་བྱ་བ་དྲག་ཤུལ་གྱིས། །བང་མཆོངས་རྩལ་དང་ཕ་བོང་འདེགས་པ་དང་། །མི་ཐེག་འཁུར་དང་གཞུ་སྲན་བཀང་བ་དང་། །ས་སྲན་བརྐོས་དང་གཡང་ལྷུང་རྟ་ཡིས་བརྡབས། །ཐིབས་འོག་ཚུད་དང་རྡོ་དབྱུག་བརྡུངས་པ་ཡིས། །དེ་ཕྱིར་འགྲམས་ཀྱི་ཚ་བ་ཞེས་སུ་བརྗོད། །དབྱེ་བ་ནང་གི་དོན་སྣོད་འགྲམས་པ་དང་། །ཕྱི་ཡི་ཡུལ་བཞི་འགྲམས་པ་རྣམ་པ་གཉིས། དང་པོ་དོན་ལྔ་སྣོད་དྲུག་འགྲམས་པ་དང་། །ཡུལ་ནི་ཤ་རུས་རྩ་དང་ཆུ་རྒྱུས་བཞི། །ཞེས་འགྲམས་པའི་སྐོར་ལ་དེ་འདྲ་གསུངས་ཡོད་པ་རེད། བྱས་ཙང་འདི་དང་འབྲས་ནད་གཉིས་ཏག་ཏག་འབྲེལ་བ་ཡོད་པ་ཞིག་རེད། ཕྱིའི་འབྲས་ལ་ཤ་རུས་རྩ་དང་རྣམ་གསུམ། ནང་འབྲས་ལ་དོན་ལྔ་སྣོད་དྲུག དེའི་སྒང་ལ་རླུང་མཁྲིས་བད་ཀན་གསུམ་སོགས་དབྱེ་བ་བཅོ་བརྒྱད་གསུངས་ཡོད་པ་རེད། ཁྲག་གིས་རྒྱུ་ཆགས་ནས་ན་ཚ་འགྲམས་པ་ལ་བརྟེན་ནས་གཅིག་ཆགས་ཀྱི་ཡོད་པ་རེད། འཁྲུགས་པ་ལ་བརྟེན་ནས་གཅིག་ཆགས་ཀྱི་ཡོད་པ་རེད། མ་སྨིན་པ་ལ་བརྟེན་ནས་གཅིག་ཆགས་ཀྱི་ཡོད་པ་རེད།
གཉིས་པ་འཁྲུགས་པའི་རྒྱུ་ནི། རྒྱུད་ལས། རྒྱུ་ནི་མཁྲིས་པ་ཚ་བའི་རང་བཞིན་ལ། །དེ་རྐྱེན་དུས་གདོན་ཟས་སྤྱོད་རྣམ་བཞི་ཡིས། །ཉེས་པ་འཁྲུགས་པས་ཁྲག་ཚད་བསྐྱེད་བྱས་ནས། །ལུས་ཟུངས་ཚ་བས་བསྲེག་ཕྱིར་འཁྲུགས་ཞེས་བྱ། །དབྱེ་བ་རྒྱས་འཁྲུགས་སྟོང་འཁྲུགས་འཇམ་འཁྲུགས་གསུམ། །རྒྱས་འཁྲུགས་ཡུལ་དུས་རང་བཞིན་ན་ཚོད་དང་། །ནད་ཁམས་ཁྲག་མཁྲིས་ཅན་གྱི་མི་རྣམས་ལ། །ཟས་སྐོམ་ཤ་མར་ཆང་སོགས་བཅུད་དྲགས་དང་། །སྤྱོད་ལམ་ལུས་ངག་དྲག་ཤུལ་ཞེ་སྡང་གིས། །མཁྲིས་འཁྲུགས་ཚ་བ་ཁྲག་ལ་རྒྱས་པ་ཡིན། །བྱས་ཙང་རྒྱས་ཚད་འདི་རྒྱུ་འགྲམས་པ་དང་། འཁྲུགས་པ་གཉིས་ལས་འཁྲུགས་པའི་ཚ་བ་ཡིན་པ་རེད། ང་རང་ཚོ་ཚང་མར་ཚ་བ་སྤྱི་དང་བྱེ་བྲག་རྒྱས་ཚད་སྟོངས་ཚད་འཁྲུགས་ཚད་སོགས་ཚང་མའི་བློ་ན་ཡོད་པ་རེད།
གསུམ་པ་ཁ་ཟས་མ་སྨིན་པས་རྒྱུ་བྱེད་ཀྱི་ཡོད་པ་རེད། དབྱེ་བ་རྫས་དང་ངོ་བོ་རིགས་གྲོགས་དུས། །རྫས་ཀྱི་དབྱེ་ན་གྱོང་རླན་སྣུམ་དང་གསུམ། །སྣུམ་ནི་ཏིལ་མར་འབྲུ་མར་ཚིལ་ཞག་རྐང་། །རླན་སྣུམ་མ་ཞུ་ཕལ་ཆེར་ཉེས་པ་ཆེ། །སྤྱིར་བཏང་ཟས་ཀྱི་ནང་ནས་ཟས་མང་པོ་ཞིག་མ་ཞུ་བ་ཆགས་ཀྱི་ཡོད་པ་རེད། དེ་ཚོའི་ནང་ནས་རླང་སྣུམ་གཉིས་སྡུག་ཤོས་རེད། དེ་རྣམས་ཆང་ཨ་རག འོ་མ་གྲང་མོ་དེ་ཚོ་རེད། སྣུམ་པ་ནི་རྩི་མར་འབྲུ་མར་ཞག་ཚིལ་རྐང་སོགས་མ་ཞུ་བའི་ཉེས་པ་ཆེ་ཤོས་དེ་ཚོས་བྱེད་ཀྱི་ཡོད་པ་རེད།།
མ་ཞུ་བ་དེ་ངོ་བོས་དབྱེ་ན་སྙིགས་མ་དང་དྭངས་མ་གཉིས་ཡོད་པ་རེད། རྒྱུད་ལས། དེ་ལ་སྙིགས་མ་མ་ཞུ་ཞེས་བྱ་བ། །ཁ་ཟས་མ་ཞུ་རང་སར་ཕོ་ལོང་ལས། །བད་ཀན་བེ་སྣབས་འཕེལ་བས་གཏུམས་ནས་གནས། །རྙིངས་ནས་སྙིགས་མ་འདྲིལ་བས་ཟས་སྐྲན་འགྱུར། །ཞེས་ཟས་ཀྱི་སྐྲན་སྙིགས་མ་མ་ཞུ་བ་དེ་ཆགས་ཡོད་པ་རེད། ཡང་། མེ་མཉམ་རླུང་གིས་དྭངས་སྙིགས་མ་ཕྱེད་པའི། །སྙིགས་མ་དྭངས་མའི་རྩ་མིག་ཤོར་བ་ཡིས། །མདངས་བསྒྱུར་མཁྲིས་པས་ཟུངས་ཁྲག་མ་སྨིན་མ་སྨིན་ཏེ། ཡུན་རིང་མཆིན་གནས་དྭངས་མ་མ་ཞུ་ཡིན། །རྙིངས་ནས་དྭངས་མ་འདྲིལ་ཟགས་བྱེར་འགྱིངས་བཞི། །འདྲིལ་བས་སྐྲན་རྣམས་སྐྱེད་པར་བྱེད་པ་སྟེ། །ཟགས་པས་སྐྱ་རྦབ་དམུ་ཆུ་སྐྱེད་པར་བྱེད། །བྱེར་བས་དུག་མཛེ་མེ་དབལ་འོར་དུ་ལྷུང་། །འབྲས་ནད་སུར་ཡ་དྲེག་དང་གྲུམ་བུ་དང་། །མིག་སེར་རྩ་སྐྲན་རྐང་འབམ་དུ་མར་འགྱུར། །འགྱིངས་པས་སྨུག་པོ་རྒྱས་གབ་མཆེར་པའི་ནད། ནད་རྣམས་ཕལ་ཆེར་དྭངས་མ་མ་ཞུས་སྐྱེད། །ཅེས་མན་ངག་རྒྱུད་ནང་གསུངས་ཡོད་པ་རེད།
ལྷན་ཐབས་ནང་། དྲག་ཤུལ་རྐྱེན་དང་ས་བདག་ཀླུ་གཉན་འགྲས། །གསུངས་ཡོད་པ་རེད། གནའ་སྔ་མོ་བོན་པོའི་ཆོས་ལུགས་ནང་སྲིད་པ་ཆགས་པའི་ཐོག་མར་འབྱུང་བའི་གཉན་དུང་གི་མགོ་བོ་གཡུ་ཡི་སྨིན་མ་ཅན་ཞེས་ལས་ཀྱི་སྐྱེ་བ། དེས་ཉི་མ་དང་ཟླ་བ་ལ་སོགས་པ་ནུབ་ཏུ་འཇུག་ནུས་པ། ནམ་མཁའ་ས་རྡོ་ཤིང་ཆུ་ལ་སོགས་པར་གནས་པ་ཞིག་ཡིན་པ་དང་། ད་དུང་ལེགས་ཉེས་ཀྱི་རྣམ་གྲངས་མང་པོ་ཞིག་ཁོས་བྱེད་ཀྱི་ཡོད་པ་རེད། ལེགས་པའི་ཆ་ལ་གནས་པའི་སྐབས་ཡུལ་གྱི་མི་རྣམས་ཁྲིམས་དང་མཐུན་པར་གནས་པ་དང་། ཁོ་ཚོའི་རིགས་རྣམས་དགའ་བར་གྱུར་ནས་དེ་དུས་འཛམ་བུ་གླིང་གི་སྣོད་བཅུད་ཕུན་སུམ་ཚོགས་པ་བྱུང་བ་དང་། ཆར་ཆུ་དུས་སུ་བབས་པ་དང་། ལོ་ཕྱུགས་རྟགས་ཏུ་ལེགས་པ། མུ་གེ་སོགས་འཇིག་པ་ཅི་ཡང་མེད་པར་ཡུལ་ལ་བཀྲ་ཤིས་པ་ཤ་སྟག་འབྱུང་བ་ཡིན། གལ་ཏེ་ཁོ་ཚོ་མ་དགའ་བའི་རྟགས་དང་མཚན་མ་བྱུང་ན་ནད་སྣ་ཚོགས་འབྱུང་གི་ཡོད་པ་རེད། ལྷན་ཐབས་ལས། དེ་ལ་རྒྱུ་ནི་དུག་གསུམ་ལས་བསྐྱེད་པའི། །སྡེ་བརྒྱད་ལ་སོགས་དྲག་པོའི་གདོན་ཡིན་ཏེ། །རྐྱེན་ནི་མི་བསྲུན་སྙིགས་མའི་མི་རྣམས་ཀྱིས། །ཁྲིམས་ལ་མི་གནས་མནའ་ཟ་ནང་དམེ་བྱེད། །བག་མེད་ཐོ་ཅོས་ལྷ་ཀླུ་ཀུན་ལ་བསྡོས། །དམ་ཚིག་མི་སྲུང་བླ་མའི་བཀའ་ཡང་བཅག །མ་རུང་མི་དགེ་སྤྱོད་ངན་སྣ་ཚོགས་ཀྱིས། །སྲུང་མའི་ཐུགས་ཁྲོས་ལྷ་ཡང་བདུད་དུ་བབས། །མ་མོའི་མཁའ་རླུང་གདུག་པ་སྤྲིན་དུ་འཁྲིགས། །གཉན་རྒོད་རིམས་ནད་ཆར་བཞིན་ཕབ་པ་ལས། །སྤྲ་བ་རླན་མེད་མེ་དང་འཕྲད་པ་བཞིན། །རྒྱུ་ལ་རྐྱེན་དེ་ཏྲེ་ཏྲེ་ཧོ་ཞེས་སམ། །པརྤ་ཏ་དེ་སྲིན་གྱི་གཟུགས་སྤྲུལ་པ། །རྩངས་པའི་མགོ་དབྱིབས་ཁ་ཆེ་སྦྲུལ་ལྟ་བུ། །མཇིང་རིང་རྟ་བླ་ལྟར་དུ་ཡན་ལག་མང་། །རླུང་གཤོག་ལྡན་པས་ཕྱོགས་ཀུན་རྒྱུ་བ་སྟེ། །བར་སྣང་ཁམས་ནས་བ་སྤུ་སྣ་སྒོར་འཇུག །སོགས་གསུངས་པ་དང་། ལྷག་པར་དུ་དུས་སྙིགས་མའི་སྐབས་དེར་མི་རྣམས་འདོད་པའི་དབང་གིས་ས་གཉན་བརྐོས། ཆུ་གཉན་དཀྲུགས། རྡོ་གཉན་བཀོག ཤིང་གཉན་བཅད་པ་སོགས་དང་། དེ་ཙམ་དུ་མ་ཟད་དུག་རྫས་ཀྱི་སྦྱོར་བ་སྣ་ཚོགས་པ་དང་། མི་གསོད་ཁྲག་སྦྱོར་གྱི་ལས་ངན་སྣ་ཚོགས་བྱས་པ་ལ་བརྟེན། མཁའ་རླུང་བཙོག་པ་ཆགས་ཀྱིས་ཡོད་པའི་སྐོར་མང་པོ་གསུངས་ཡོད་པ་རེད། འགྲེལ་བ་བཻ་སྔོན་ནང་དུ་གཉན་ཞེས་པ་བར་སྣང་དུ་གནས་པ། དུང་གི་མགོ་བོ། གཡུ་ཡི་སྨིན་མ་ཅན། དུས་མཐར་པརྤ་ཏ་སོགས་མཐའ་ཀླས་པ་དང་། ས་བདག་ལ་སོགས་ལྷ་སྲིན་ནི་སྐབས་འགར་མགོན་དང་ལྷ་ཞེས་ཕན་པའི་ལས་བྱེད་པ་དང་། ཡེ་གདོད་མ་ནས་ཕན་གནོད་གཉིས་ཀའི་ལས་བྱེད་པའི་ལྷ་སྲིན་དུ་གྲགས་པ་རྣམས་འཁྲུགས་པར་གྱུར་ན་དེ་དག་རྣམས་ཀྱིས་རེག་དུག མཐོང་དུག ཁ་རླངས་ཀྱི་དུག ཡིད་དུ་བསམ་པའི་དུག་སོགས་ཀྱི་གཉན་ནད་མ་ལུས་པ་བསྐྱེད་པར་བྱེད་པ་རེད། ཅེས་གསུངས་འདུག །
དྲི་བ་དྲིས་ལན།
སྨན་པ་རྡོ་རྗེ་རབ་བརྟན། བཀའ་འདྲི་ཞུ་རྒྱུ་ལ། འབྲས་ནད་སྐོར་ཁག་གཉིས་གསུངས་འདུག གཅིག་མན་ངག་རྒྱུད་ནང་ལྷན་སྐྱེས་རྨའི་ནང་དང་། གཞན་དེ་ལྷན་ཐབས་ནང་གཉན་རིམས་བཅོ་བརྒྱད་ཁོངས་གསུངས་འདུག དེ་གཉིས་ཀྱི་བར་ལ་ཁྱད་པར་ག་རེ་ཡོད་དམ།
ལན། ད་འདི་མིན་འགྲོ། མན་ངག་རྒྱུད་ནང་གཉན་དང་མ་འབྲེལ་བ་ཞིག་གསུངས་འདུག ལྷན་ཐབས་ནང་དུ། དྲག་ཤུལ་རྐྱེན་གྱིས་ས་བདག་ཀླུ་གཉན་འགྲས། །གསུངས་པ་རེད། མན་ངག་རྒྱུད་སྔོན་མ་རེད། ལྷན་ཐབས་རྗེས་མ་རེད། གཉན་དང་འབྲེལ་དུས་གཟབ་གཟབ་མ་བྱས་ན་ཉེན་ཁ་ཆགས་ཀྱི་ཡོད་པ་རེད། ཕྱི་མ་རྒྱུད་ནང་སྨན་སྐོར་གསུངས་ཡོད་པ་རེད། ཚ་སེལ་ཐམས་ཅད་ཀ་ར་བཞི་འགྱུར་སྦྱར། །གྲང་སེལ་ཐམས་ཅད་བུ་རམ་བཞི་འགྱུར་སྦྱར། །སྨན་ནུས་འདྲེས་ཡོད་འཆོལ་བར་སྦྱར་དུ་རུང་། །ཞེས་གསུངས་པ་དེ་ཚོར་བསམ་བློ་གཏང་རྒྱུ་ཡོད་པ་རེད།
སྨན་པ་རྡོ་རྗེ་རབ་བརྟན། གཉན་ནད་ཁོངས་འབྲས་ནད་ཅིག་གསུངས་འདུག །དེའི་སྐོར་ང་ཚོར་ཕྱི་ལོག་ནས་དྲི་བ་དྲིས་པ་ཡིན་ན། དང་པོ་འབྲས་ནད་འདི་ཀན་སར་ཡིན་མིན་ཐག་ཆོད་དགོས་པ་རེད། དེ་ནས་འབྲས་ནད་འདི་ཀན་སར་ཡིན་པ་ཡིན་ན་ཀན་སར་འདི་ནད་འབུས་བཟོ་ཡི་ཡོད་དམ། ཞེས་དྲིས་ན་དེ་ལ་ལན་གང་བརྒྱབ་དགོས་སམ།
ལན། དེ་ལ་ང་ཚོས་སྤོབས་པ་ཆེན་པོས་བཤད་ཆོག་གི་རེད། དྲག་ཤུལ་རྐྱེན་དང་ས་བདག་ཀླུ་གཉན་འགྲས། །གསུངས་པ་སོགས་ང་ཚོའི་རིག་གཞུང་ལུགས་ལོ་སྟོང་ཕྲག་གཉིས་ཀྱི་སྔོན་ནས་བྱུང་བའི་གནས་ཚུལ་ཞིག་རེད། མ་འོངས་པའི་གནས་ཚུལ་ཆ་ཡོངས་སུ་རྫོགས་པ་ཚན་རིག་ནས་བལྟས་ཡོད་པ་མ་རེད། སྐྲན་ཟེར་བ་དེ་ལ་ཞེ་དྲག་གིས་ཉེན་ཁར་བརྩི་ཡི་ཡོད་པ་མ་རེད། སྐྲན་ཙམ་ཆགས་ན་སྐྲན་དེ་བཀོག་ཀྱང་ཁྱབ་གདལ་འགྲོ་ཡག་ཡོད་མ་རེད། འབྲས་ནད་ཡིན་ན་རྒྱུད་ནང་། ཁོང་འབྲས་སྨིན་དུ་མི་གཞུག་གསར་དུས་བཅོས། །མ་སྨིན་གོང་ནས་སྨན་བཅོས་བྱས་ན་ཡག་པོ་ཡོང་བ་དང་། མ་སྨིན་གོང་ནས་གཤག་བཅོས་སོགས་བྱས་ཏེ་སྨན་བསྟེན་ན་རྩ་མེད་བཟོ་ཐུབ་ཀྱི་ཡོད་པ་རེད། སྨིན་ཚར་བའི་རྗེས་ལ་གཤག་བཅོས་སོགས་བྱས་ཀྱང་ལོ་ཁ་ཤས་རྗེས་སུ་ཁྱབ་གདལ་དུ་འགྲོ་ཡི་ཡོད་པ་རེད། དེ་ཡིན་པ་འཛམ་གླིང་ནང་ཚང་མས་ཁས་ལེན་བྱེད་ཀྱི་ཡོད་པ་རེད།
ང་ཚོས་འབྲས་ནད་ཟེར་གྱི་ཡོད་པ་རེད། ཕྱི་ལུགས་ནང་ཀན་སར་ཟེར་གྱི་ཡོད་པ་རེད། མིང་འདོགས་སྟངས་མི་འདྲ་བ་མ་གཏོགས་ན་ཚ་ན་སྟངས་གཅིག་པ་རེད། དེང་དུས་ཕྱི་ལུགས་ནང་འབྲས་ནད་ཀྱི་རྒྱུ་ཁྲག་ཡིན་ཞེས་གསུངས་ཀྱི་ཡོད་པ་མ་རེད། ངས་བསམ་ཚུལ་ཞིག་ཡིན།
སྨན་པ་རྡོ་རྗེ་རབ་བརྟན། ང་ཚོའི་སྨན་གཞུང་ནང་དུ། ངན་ཁྲག་ཆུ་སེར་རྐུན་བུ་ལ་སོགས་པ། །རླུང་བསྒྲིལ་ལུས་ཀྱི་ལྷན་སྐྱེས་སྲིན་དང་བསྡོངས། །གསུངས་པ་དེ་ཕྱིའི་སྲིན་ལ་བཤད་ཀྱི་ཡོད་པའམ་ཡང་ན་ལྷན་སྐྱེས་ཀྱི་སྲིན་འཁྲུགས་པ་དེ་རེད།
ལན། དེ་ནི་རྟེན་དང་བརྟེན་པའི་འབྲེལ་བ་ཆགས་ཡོད་པ་རེད། ང་ཚོའི་གཟུགས་པོའི་ནང་ལ་འབྲས་ནད་ཆགས་ཡོད་པ་མ་རེད། ང་ཚོས་འབྲས་ནད་ཟེར་བ་འདི་ག་འདྲ་ཞིག་ལ་ཟེར་གྱི་ཡོད་རེད་ཟེར་ན། ཟས་དང་སྤྱོད་ལམ་མི་མཐུན་བསྟེན་པ་ཡིས། །ཞེས་ན་ཚ་ཚང་མ་ཟས་དང་སྤྱོད་ལམ་མི་མཐུན་པ་བསྟེན་པ་ལས་ཡོང་གི་ཡོད་པ་རེད། ནད་ཀུན་སློང་བར་བྱེད་པ་ཐུན་མོང་རྐྱེན། །འབྱུང་བའི་དུས་དང་གདོན་དུག་མི་འཕྲོད་ཟས། །གསོ་བ་ལོག་དང་ལས་ངན་སད་ལས་འབྱུང་། །ཞེས་ང་ཚོས་ལས་ཀྱི་སྐོར་གསུངས་ཀྱི་ཡོད་པ་རེད། ལས་ཟེར་བ་དེ་ཤིན་ཏུ་མཐུ་བཙན་པོ་ཞིག་རེད། སྲིན་བུ་དེ་ཡང་ཡོད་པ་རེད། ཁྲག་སྲིན་རྐང་མེད་ཟླུམ་ལ་དམར་བ་དེ། །ཁྲག་ལ་གནས་ཤིང་རྩ་ནང་ཀུན་ཏུ་རྒྱུ། །ཞེས་པའི་སྲིན་བུ་དེ་རྣམ་པར་མ་གྱུར་པའི་གནས་སྐབས་སུ་ལུས་ཀྱི་བྱ་བ་བྱེད་ལ། རྣམ་པར་གྱུར་ན་ལུས་ཀྱི་ནད་དུ་འགྲོ་བ་ཡིན། དེའི་རྐྱེན་ནི་ཟས་སྤྱོད་དང་ལྷག་པར་ཕྱིའི་རྐྱེན་གཉིས་ཟུང་དུ་འབྲེལ་ནས་འབྱུང་བ་ཞིག་རེད། སྤྲ་བ་རླན་མེད་མེ་དང་འཕྲད་པ་བཞིན། །གསུངས་པ་ལྟར་རྒྱུ་མཚན་དེ་དག་གི་ནང་ལ་བསམ་བློ་གཏོང་དགོས་པ་རེད། ང་ཚོའི་སྨན་གཞུང་ནང་སྲིན་བུ་བརྒྱད་ཁྲི་བཞི་སྟོང་གསུངས་ཡོད་པ་རེད། ད་ལྟ་ང་ཚོས་བཤད་པ་འདི་ཁྲག་སྲིན་རྐང་མེད་ཟླུམ་ལ་དམར་བ་ལ་སོགས་པ་སྤྱིར་བཏང་གི་སྲིན་བུ་ཁ་ཤས་ཤིག་རེད།
སྨན་རམས་པ་ཚེ་དབང་རྟ་མགྲིན་ལགས། འབྲས་ནད་ཟེར་བའི་ཚིག་དེ་ལ་གོ་དོན་གང་ཡོད་དམ། སྤྱིར་བཏང་ལས་ཀྱི་འབྲས་བུ་ཞིག་ལ་གོ་དགོས་སམ། ཡང་ན་གཞན་དག་ཅིག་ཡོད་དམ།
ལན། འབྲས་ནད་ཟེར་དུས་ལས་ནད་ལ་གོ་ཡི་ཡོད་པ་མ་རེད། གང་ཡིན་ཟེར་ན་སྐྲན་དེ་གཤགས་ནས་བལྟས་དུས་རྒྱུ་མཚན་ཞིག་ཆགས་ཀྱི་ཡོད་པ་རེད། མན་ངག་རྒྱུད་ནང་ལ་འབྲས་ནད་ཟེར་བ་གང་ལ་ཟེར་གྱི་ཡོད་རེད་ཟེར་ན་དོན་སྣོད་རྣམས་གཤགས་ནས་བལྟས་དུས་འབྲས་རྒྱུ་མར་བརྒྱངས་པ་ནང་བཞིན་གྱི་སྐྱ་ཐིག་མང་པོ་ཡོད་སྟབས་དེ་ལ་འབྲས་ནད་ཟེར་གྱི་ཡོད་པ་རེད། སྨན་རྩིས་ཁང་ལ་སློབ་འཁྲིད་སྐབས་དགེ་རྒན་དམ་པས་དེ་འདྲ་གསུངས་བྱུང་།།
སྨན་རམས་པ་ཚེ་དབང་རྟ་མགྲིན། མཚམས་མཚམས་ཕྱི་ལོགས་ལ་འགྲོ་སྐབས་དྲི་བ་བཏོན་གྱིས་འདུག བོད་པའི་སྨན་གཞུང་ནང་ལ་འབྲས་ནད་ཟེར་བ་དེ་ལས་ནད་ཅིག་ལ་ངོས་འཛིན་ཞུ་ཡི་ཡོད་དམ་ཟེར་གྱི་འདུག
ལན། འདི་ནི་ཤུགས་བསྟན་དུ་གོ་དགོས་པ་རེད། དངོས་སུ་འབྲས་ནད་རེད། འབྲས་ནད་ཡིན་ན་ལས་ནད་ཀྱི་ན་ཚ་ཡིན་པ་བཤད་ཀྱི་ཡོད་པ་མ་རེད། སྤྱིར་བཏང་འབྲས་ནད་དང་དམུ་ཆུ་ཟེར་བ་མང་པོ་ཞིག་ཡོད་པ་ནས་ཁ་ཤས་ལས་ནད་ཆགས་ཀྱི་ཡོད་པ་རེད། ཡིན་ནའང་གཞུང་ནང། ཚེ་འདིའི་ཉེས་དང་སྔོན་གྱི་ལས་ལས་བྱུང་། །དེ་གཉིས་འདྲེས་ལས་བྱུང་དང་རྣམ་པ་གསུམ། །ཞེས་གསུངས་ཡོད། འབྲས་ནད་དང་མཛེ་ནད་དང་དམུ་ཆུ་སོགས་མང་པོ་ཞིག་ལ་ལས་དང་བསྡོངས་ཟླ་ཡོད་པ་ཞིག་གསུངས་འདུག །སྔོན་མ་སུ་ཌན་དུ་ཚོགས་འདུ་ཞིག་གི་སྐབས་ལ་བུ་མོ་ཁ་བདེ་པོ་ཞིག་གིས་བོད་པའི་ནང་ལ་ག་རེ་བྱེད་ནའང་ལས་རེད་ཟེར་གྱི་རེད་དམ་ཞེས་དྲིས་བྱུང་། ངས་རེད་ལབ་པ་ཡིན། དེའི་རྗེས་མོས་ང་རང་ཨེམ་ཆེ་ཡིན། ངའི་ནད་པ་ཞིག་ན་ནས་བསྡད་ཡོད། དེ་ཁོའི་ལས་རེད་པས་ཟེར་བྱུང་། ངས་དེ་ཡང་རེད་ལབ་པ་ཡིན། དེ་ནས་མོས་འོ་ན་ན་ཚ་འདི་ལ་གསོ་ཐབས་ཡོད་པ་མ་རེད་དམ་ཞེས་དྲིས་བྱུང་། ངས་དེ་ཁྱེད་རང་ནོར་བ་རེད། བོད་པའི་སྨན་གཞུང་ནང་ལ་ལས་ལ་དབྱེ་བ་ཕྱེ་ཡོད་པ་རེད། ཚེ་འདིའི་ཉེས་པ་ཁོ་ན་ལས་བྱུང་བའི་ནད་ཅིག་དང་། དེ་ནི་རླུང་མཁྲིས་བད་ཀན་གསུམ་འཕེལ་ཟད་འཁྲུགས་གསུམ་ལ་བརྟེན་ནས་བྱུང་བ་དེ་ལ་ཟེར་བ་རེད། ཚེ་རབས་སྔོན་མ་ནས་བྱུང་བའི་ནད་ཅིག་ཡོད་པ་རེད། དེ་འདྲའི་ནད་གང་ཡིན་པ་ལ་བཅོས་ཐབས་མེད་པ་རྒྱུ་ཆུང་ངུ་ཚེར་མ་ཟུག་པ་ལྟ་བུས་ནད་དཀྱེལ་ཆེ་བ་ཟུག་གཟེར་ཆེན་པོ་བྱུང་ནས་གློ་བུར་དུ་ཤི་འགྲོ་བ་དེ་འདྲ་ལ་ཟེར་གྱི་ཡོད་པ་རེད། ཡང་ཚེ་རབས་སྔོན་མ་དང་ད་ལྟའི་ཉེས་པ་གཉིས་འདྲེས་ནས་བྱུང་བ་ཞིག་ཀྱང་ཡོད་པ་རེད། ཡིན་ན་ཡང་། ཁོ་རང་གི་ལས་ངོ་མ་དེ་ཁྱེད་རང་གི་སྨན་མ་ཟད་སངས་རྒྱས་ཀྱི་ཕྱག་གིས་འབྱིད་ནའང་དག་ཐུབ་ཡག་ཡོད་པ་མ་རེད། ཁྱེད་རང་གི་སྨན་བཅོས་དེས་ཁོ་ལ་ལས་ག་རེ་སྤྲད་ཡོད་པ་རེད་ཟེར་ན་རླུང་མཁྲིས་བད་ཀན་གསུམ་ཆ་མཉམ་དུ་བཟོས་ནས་འདུམ་པ་ཡིན་ཙང་ཁོ་དྲག་པ་རེད། ཡིན་ནའང་ལས་དེ་ལ་སྨན་སོགས་གང་གིས་ཀྱང་དག་ཐུབ་ཀྱི་མ་རེད། སོ་སོ་རང་ཉིད་ཀྱིས་སེལ་དགོས་པ་ཞིག་རེད། །ཅེས་གསུངས་སོ།།
མཐའ་མའི་འདོན་ཐེངས་།: 05.01.2016 ཉིན། 10:12 AM
<< སྔ་མ།