སྨན་རྩིས་དྲ་བ། - སྨནརྩིས་བགྲོ་གླེང་དང་ཟབ་སྦྱོང་ཡིག་ཆ།

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 21.09.2024
སྨནརྩིས་བགྲོ་གླེང་དང་ཟབ་སྦྱོང་ཡིག་ཆ། >>


འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས་ལག་ལེན་གཅེས་བསྡུས།

སྨན་རམས་པ་རྣམ་རྒྱལ་ཁྱུ་གསར།

ཨོཾ་སྭསྟི། ཐུགས་རྗེ་ཀུན་ལ་ཉེ་རིང་མི་མངའ་ཞིང་། །འགྲོ་ཀུན་ནད་ཀྱི་དུཿཁ་གྲོལ་མཛད་པའི། །བླ་ན་མེད་པའི་སྨན་རྒྱལ་བཻཌཱུར་ཞབས། །རྟག་ཏུ་སྒོ་གསུམ་རབ་གུས་ཕྱག་འཚལ་ལོ། །གངས་ཅན་ལྗོངས་ཀྱི་གསོ་རིག་བསྟན་པའི་བདག །ཉམ་ཐག་ནད་པའི་ཚོགས་ལ་རྗེས་བརྩེ་བའི། །འབྲེལ་ཚད་དོན་ལྡན་གཡུ་ཐོག་ཞེས་གྲགས་པའི། །སྨན་བླ་གཉིས་པའི་ཞབས་ལ་སྤྱི་བོས་མཆོད། །སྟོང་ཉིད་སྙིང་རྗེའི་བདག་ཉིད་གངས་ཅན་མགོན། །གང་གི་གསང་གསུམ་ཕྱོགས་ཀུན་འོད་སྣང་ཁྱབ། །ཕྱག་ན་པད་མོ་བསྟན་འཛིན་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་རྟག་ཏུ་རྗེས་འཛིན་ཤོག  །དཔལ་ལྡན་རྒྱུད་ཀྱི་དགོངས་དོན་ཟབ་བཅུད་རྣམས། །བརྒྱུད་པའི་གསོ་རིག་ལོ་པཎ་དྲིན་ཆེན་རྣམས། །ལ་སོགས་དགེ་བའི་བཤེས་གཉེན་མཆོག་རྣམས་ལ། །རྟག་དུ་དྲན་པས་བྱིན་གྱིས་རླབས་ཏུ་གསོལ། །འབྱུང་བཞི་འཁྲུགས་པའི་བཞི་བརྒྱ་རྩ་བཞིའི་ནད། །ལས་བྱུང་འབྲས་ནད་ཅེས་བྱ་སྲོག་གི་གཤེད། །ངོས་འཛིན་རྟགས་དང་བཅོས་ཐབས་ཉམས་མྱོང་རྣམས། །ཉུང་ངུའི་ཚིག་གིས་གསལ་བ་འདིར་དགོད་བྱ།། ཇི་སྐད་དུ། མིང་དུ་གདགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་རྨོངས་པ་སེལ་བའི་ཕྱིར། །མགོན་པོས་མིང་དུ་གདགས་པར་མཛད། །ཅེས་གསུངས་འབྲས་དང་སྐྲན་ནད་དང་། །གཉན་འབྲས་ལ་སོགས་ནོར་འཕྲང་བསལ་བྱས་ནས། །ནད་ངན་འབྲས་ཀྱི་རྒྱུ་དང་རིགས་དང་གནས། །ལོ་དུས་ཟླ་བ་ཇི་སོང་ལེགས་རྟོགས་ནས། །བླ་གཉན་ནད་གཞན་ཡོད་མེད་ཞིབ་རྟོགས་གཟབ། །རྒྱུ་ནི་མ་ཞུ་ལ་སོགས་གསུངས་པ་རྣམས། །མང་འབྱུང་དགག་དང་གཞན་འགྲོ་འཁྲུགས་འགྱུར་ཀུན། །དེང་དུས་འབྲས་ནད་རིམ་པ་རྣམས་དང་མཚུངས། །གནས་ལ་ཕྱི་ནང་བར་གསུམ་གསུངས་ནའང་། །ཕྱི་ལ་ཤ་ལྤགས་འབྲས་ནད་རིགས་གཅིག་དང་། །རིགས་གཞན་དོན་སྣོད་རྨེན་བུའི་བརྒྱུད་ནས་སྐྱེད། །འབྲས་ནད་ལུས་ཟུངས་གང་ཁྱབ་ལེགས་བརྟག་བྱ། །འབྲས་ནད་རིགས་ལ་དབྱེ་བ་མང་ནའང་། །སྐབས་འདིར་འབྲས་ནད་རིགས་འགའ་འདིར་བཤད་བྱ། །ཁ་འབྲས་ལྕེ་འབྲས་གཉིས་ནི་རྒྱ་གར་ནང་། །ཧ་ཅང་མང་བས་གཙོ་བོ་ཐ་མག་དང་། །རྡོ་ཐ་ལ་སོགས་ཟས་ངན་བསྟེན་དྲགས་བསྐྱེད། །བཅོས་ཕྱིས་མུར་འགྲམ་མཚུལ་པ་མཇིང་ཚིགས་དང་། །མཇིང་རྨེན་དེ་ནས་བྲང་རྨེན་ལ་ཁྱབ་ནས། །རིམ་པས་རུས་པར་ཁྱབ་ནས་ན་ཟུག་ཆེ། །གློ་འབྲས་གློ་བའི་ཕྱི་ལ་ཆུ་བསགས་མང་། །ཐོག་མའི་སྐབས་སུ་ནད་རྟགས་མི་གསལ་ཡང་། །དབུགས་ཧལ་འབྱིན་རྔུབ་འགྲོ་བསྐྱོད་དཀའ་ཙམ་དང་། །བྲང་དཀྱིལ་རྨེན་བུ་རྩིབ་རུས་ཀུན་ཁྱབ་ནས། །ལུད་པ་ཁྲག་བཅས་ཐོན་ལ་ལྗིད་ཚད་ཆག །ན་ཟུག་རིམ་པས་ཁྱབ་པ་མང་མཐོང་ཞིང་། །གཙོ་བོ་ཐ་མག་ཆང་རག་འཐུང་ཆེས་བས། །འབྲས་ནད་སྲོག་ལ་རྒོལ་ཤུགས་ཆེ་ཤོས་ཡིན། །སྣོད་ཀྱི་མཁྲིས་འབྲས་གཤེར་འབྲས་མཆིན་འབྲས་རྣམས། །བཅོས་ཐབས་གཅིག་ཀྱང་བླ་གཉན་གང་ལྡན་གཟོབ། །འབྲས་ནད་ཕལ་ཆེར་རིམ་པ་བཞི་པའི་སྐབས། །མཆིན་པར་ཁྱབ་ནས་མཆིན་ཁུམས་ཟགས་ཆུ་བསགས། །དེ་དུས་ནད་འདི་གསོ་བ་ཙམ་དུ་བཤད། །འོན་ཀྱང་སྐབས་དེར་བོད་སྨན་ལེགས་བསྟེན་ན། །ཚེ་བསྲིང་འཚོ་བའི་བཅོས་ཐབས་འདི་ལྷག་མེད། །ལྒང་རྨེན་འབྲས་ནད་ན་ཚོད་དྲུག་ཅུ་ཡན། །སྐྱེས་པ་རྣམས་ལ་ནད་འདི་ཕོག་སླ་ཞིང་། །ལོ་ན་དྲུག་ཅུ་ཡན་རྣམས་ལོ་རེའི་མཚམས། །ལྒང་རྨེན་གཉན་ཁ་ཡོད་མེད་བརྟག་པར་བྱོས། །ནད་འདི་ལྒང་པ་ཁྲག་རྩ་ཆུ་སེར་བརྒྱུད། །དོན་སྣོད་གཞན་ལ་ཁྱབ་པ་ཤིན་ཏུ་མང་། །རུས་པར་ཁྱབ་ན་ན་ཟུག་ཤིན་ཏུ་ཆེ། །ནུ་མའི་འབྲས་ནད་ལོ་ན་ལྔ་བཅུ་ཡན། །བུད་མེད་རྣམས་ལ་ནད་འདི་ཁྱབ་ཆེ་ཞིང་། །ནུ་འབྲས་ན་བའི་རིམ་པ་དང་པོའི་སྐབས། །རང་གནས་ཡུལ་ནས་གཏིང་འདོན་ལེགས་ཐུབ་ན། །ནད་ལས་ཐར་བ་དཔེ་མཚོན་ཧ་ཅང་མང་། །ནུ་འབྲས་ཤིང་ཏོག་ཚ་ལུ་མ་ཡི་ཚད། །ནུ་རྩེའི་ནུ་མདོག་དབྱིབས་ངན་འགྱུར་བ་ཡིན། །དེ་ནི་ནུ་འབྲས་མི་འགྱུར་ནད་རྟགས་ཡིན། །ཆུ་སེར་ཁྲག་རྒྱུད་དོན་སྣོད་གང་སར་ཁྱབ། །དེ་ནས་ནུ་འབྲས་ཆེར་རྒྱས་ནད་རྟགས་ལ། །ནུ་མ་གཉིས་དང་མཆན་འོག་ཟུག་གཟེར་ཆེ། །ཕོ་བའི་འབྲས་ནད་ཕོ་མིད་འབྲེལ་མཚམས་དང་། །ཕོ་དཀྱིལ་མཇུག་གཤམ་གནས་ལ་གཙོ་བོ་ཁྱབ། །ཕོ་འབྲས་བོད་རིགས་ཁྲོད་དུ་ཁྱབ་ཆེ་ཞིང་། །དང་པོ་འཇུག་དུས་ཆུ་སྐྱུར་ལངས་པ་ནས། །སྨུག་པོའི་ནད་ལ་བྱ་ར་མ་བསྒྲིམ་ན། །མཇུག་ཏུ་ཁྲག་རུལ་དུད་ཁུ་བཤང་ནག་བབས། །ཕོ་འབྲས་བཅོས་ཕྱིས་སྲོག་ལ་རྒོལ་བ་མང་། །ཀླད་པའི་འབྲས་ནད་བཅོས་ཐབས་དཀའ་བ་ཡིན། །ནད་འདི་ཚབས་ཆེ་གཏིང་འདོན་དཀའ་བར་མངོན། །འོན་ཀྱང་ཀླད་འབྲས་གནས་གཞན་ཁྱབ་པ་ཉུང་། །འབྲས་ནད་བརྟག་པར་བལྟ་རེག་དྲི་གསུམ་ལ། །བལྟ་བ་ལྕེ་ཆུ་གཉིས་ལས་ཆུ་ལ་གསལ། །ཁྱད་པར་མཁྲིས་ཆུ་མཆིན་ཆུ་མཁལ་འབྲས་དང་། །ལུས་ལ་འབར་འབུར་རྣག་ཁྲག་གཉན་སོགས་རྣམས། །བལྟ་བ་ཙམ་གྱིས་གང་མཚམས་ཤེས་རྟོགས་ཐུབ། །རེག་པ་ལུས་གནས་གར་ཡོད་རེག་ནས་རྟོགས། །ཁྱད་པར་བརྡ་སྦྱོར་འཕྲིན་པ་རྩ་ལ་བལྟ། །འཚོ་འཆི་ལ་ཤན་རྩ་ནས་ངེས་པར་གསལ། །ངག་གི་དྲི་བ་ནད་ཀྱི་ལོ་རྒྱུས་དང་། །ད་ལྟའི་ན་ལུགས་ལ་སོགས་ཞིབ་ཏུ་དྲིས། །ཆོས་བཅུ་ཚ་གྲང་གལ་མདོའི་གནད་ཤེས་ནས། །རི་དང་ཐང་གི་མཚམས་ལ་ངེས་པར་གཟོབ། །ཁྱད་པར་དེང་རབས་བརྟག་འབྲས་སྤྱད་བྱས་ནས། །ནད་ཀྱི་ངོས་འཛིན་ཆ་ཚང་རྟོགས་ལ་འབད། །འོན་ཀྱང་ཤ་ལེན་བརྟག་པའི་རྗེས་འབྲས་ལ། །ནད་འདི་ཁྲོས་ན་བཙོན་དུ་བཟུང་དཀའ་བཤད། །ནད་བཅོས་རང་ལུགས་གསོ་རིག་གཅིག་པུ་དང་། །ཕྱི་ལུགས་གཅིག་པུ་ཟུང་སྦྲེལ་བཅོས་ཐབས་གསུམ། །ཟུང་སྦྲེལ་བཅོས་ཐབས་དབུ་ལམ་ལེགས་པ་མཐོང་། །སྤྱིར་ན་འབྲས་ནད་ལྷན་སྐྱེས་ནད་ཡིན་པ། །ཕྱི་ལུགས་རང་ལུགས་གཉིས་ཀས་འདོད་ནའང་། །སྣོད་ཀྱི་མཁྲིས་སྐྲན་སྔོན་བསགས་ལས་ནད་ཅེས། །རྒྱུད་ནང་དངོས་སུ་གསལ་ཡང་འབྲས་ནད་འདི། །ལས་ནད་ཡིན་པ་གཞུང་ནང་ཁ་གསལ་མེད། །ལས་སྐྱེས་རྒྱུ་མེད་པ་ལ་དཀྱེལ་ཆེ་བ། །རྒྱུ་ཆུང་དཀྱེལ་ཆེ་ཉེས་ལས་འདྲེས་པས་ན། །འབྲས་འདི་ལས་ནད་ཡིན་པ་གདོན་མི་ཟ། །ནད་གང་གསོ་བ་སྨན་པ་མཁས་མཛངས་དང་། །སྨན་ལ་ཕུན་སུམ་ཆོ་ག་ལེགས་པར་ཚང་། །ནད་པ་གཞོན་ཞིང་ཞི་དུལ་བག་ཕེབས་ལྡན། །ནད་གཡོག་ནད་པར་བརྩེ་ལྡན་སྒྲིན་པ་རྣམས། །གསོ་བ་སླ་བའི་ཡན་ལག་མེད་ཐབས་མེད། །འབྲས་ནད་བཅོས་ལ་དེང་རབས་རྫས་སྨན་དང་། །གློག་བསྲེག་དམིགས་བཅོས་ཁྱད་པར་མང་ནའང་། །མིང་ཙམ་ཐོས་པས་ནད་པ་ཀུན་སྐྲག་ནས། །ནད་གཡོག་ནང་མི་རྣམས་ལའང་སེམས་ངལ་ཆེ། །དེར་བརྟེན་སེམས་ཞུམ་པ་ལ་བདེ་བ་མེད། །འཇིགས་སྐྲག་འོག་ཏུ་ཟུངས་ཟད་ནད་པ་འཆི། །དེ་ཕྱིར་འབྲས་ནད་རིམ་པ་ཇི་ལྟར་ཡང་། །ནད་པར་སྙིང་སྟོབས་འཕེལ་བའི་ཆོ་ག་བྱ། །ལུས་སེམས་སྐྱིད་ན་ནད་གདུག་དྲག་པོ་ཡང་། །གསོ་བར་སླ་བའི་གྲོགས་སུ་འགྲོ་ངེས་ཡིན། །མ་བདེ་མ་སྐྱིད་ལྟར་སྣང་འཕྲལ་ནད་ཀྱང་། །གསོ་བར་དཀའ་བའི་སེམས་ནད་ཅན་དུ་འགྱུར། །དེ་ཕྱིར་ལུས་སེམས་གཉིས་ཀ་དུས་གཅིག་ཏུ། །བཅོས་ལ་རེམས་པ་མན་ངག་གནད་དུ་མཐོང་། །དེ་ནི་བོད་ལུགས་གསོ་རིག་ཁྱད་ཆོས་ཡིན། །ལུགས་གཞན་ཀུན་ལ་མེད་པའི་ཁྱད་ནོར་ཡིན། །དེང་རབས་འབྲས་ནད་ཆེད་ལས་སྨན་པ་རྣམས། །ཚན་རྩལ་ལག་ཐབས་ཤིན་ཏུ་མཁས་ནའང་། །འབྲས་ནད་གསོ་བར་འུ་ཐུག་ཐབས་ཟད་འགྱུར། །དེང་གི་དུས་སུ་འབྲས་ནད་རིགས་ཀུན་ལ། །བོད་ཀྱི་གསོ་རིག་སྨན་པའི་བཅོས་ཐབས་དང་། །བོད་ཀྱི་གསོ་རིག་སྨན་གྱི་ཕན་ཡོན་གྱིས། །ནད་ལས་ཐར་བའི་བདེན་དཔང་མང་དུ་ཡོད། །དེ་ཕྱིར་ནད་གདུག་འབྲས་ནད་བཅོས་ཕྱིར་དུ། །ལུས་སེམས་གཉིས་ཀའི་གསོ་ཐབས་དུས་གཅིག་ཏུ། །བསྟེན་པ་ཐབས་ལམ་མཆོག་ཏུ་བཤད་ལྟར་མཐོང་། །ཟས་ལ་མངར་སྐྱུར་ལན་ཚྭ་དུག་འདྲ་སྤངས། །སྤྱོད་ལམ་ཡིད་འོང་གྲོགས་བསྟེན་དཔའ་སྐྱེད་ནས། །སེམས་ཞུམ་ནད་ལས་ཐར་བའི་ཐབས་ལ་འབད། །བསྐལ་པ་སྟོང་ལ་བསགས་པའི་སྡིག་པ་ཡང་། །མགོ་བོ་ན་བ་ཙམ་གྱིས་སྦྱོང་བར་གསུངས། །སེམས་ཚོར་འདུ་ཤེས་ལ་སོགས་ཀུན་འགྲོ་ལྔ། །དགེ་བའི་ལས་ལ་རྒྱུན་དུ་གོམས་བྱས་ནས། །རྩ་ཉོན་ཉེ་ཉོན་ལ་སོགས་སྤོང་ཐབས་བྱ། །བློ་བཟློག་རྣམ་པ་བཞི་ཡི་ཉམས་ལེན་བྱ། །བག་ཡོད་བསྟེན་པ་སྤྱོད་ལམ་ཀུན་གྱི་མཆོག །སྨན་ལ་སྒོས་ཀྱི་གཉེན་པོ་བསྟེན་ཐབས་གཅེས། །འོན་ཀྱང་བོད་ལུགས་སྦྱོར་སྡེའི་རིགས་མཐའ་དག །གནས་དང་རིགས་དང་ལྡན་འདུས་བླ་གཉན་རྣམས། །ལེགས་བརྟག་ཐུན་དངདུས་མཚམས་བསྟེན་པ་གནད། །དཔྱད་ལ་ལུམས་དང་མེ་བཙའ་མཆོག་གསུངས་ཀྱང་། །དམིགས་བསལ་མེ་བཙའི་ལག་ལེན་ཕན་པ་མཐོང་། །སྐྲན་གསང་མེ་མཉམ་གསང་དང་ལོང་གསང་རྣམས། །ཕོ་ལོང་རྒྱུ་མའི་འབྲས་ལ་མཆོག་ཏུ་ཤིས། །ལུས་སེམས་གཉིས་ཀྱིས་མནར་བའི་ནད་པ་རྣམས། །ཟས་སྤྱོད་སྨན་དཔྱད་དུས་སུ་ལེགས་བསྟེན་ནས། །དངོས་སུ་ནད་པ་ནད་ལས་ཐར་འགྱུར་ན། །དེ་ནས་བདེ་བའི་འབྲས་བུ་སྨན་པར་ཐོབ། །འོན་ཀྱང་ཕྱི་ནང་སྲོག་ཟུངས་ཤ་ཟད་རྣམས། །ཤོར་བའི་ནད་པ་འཆི་རྟགས་ཚང་བ་ལ། །འབྱུང་བའི་ཐིམ་རིམ་ལམ་སྣ་ངོ་སྤྲོད་ཀྱིས། །རྒྱལ་བའི་བཀའ་སྒྲོག་རྩ་བའི་བླ་མ་སྒོམས། །དེ་ལྟར་བྲིས་པའི་རྣམ་དཀར་ལྷག་བསམ་གྱིས། །འབྲས་ནད་བཅོས་ཐབས་མཐོང་གོམས་ཉམས་མྱོང་ལས། །ཅུང་ཟད་བཀོད་པ་འཚོ་བྱེད་གྲོགས་ཀུན་ལ། །ལེགས་བཤད་མེད་ཀྱང་དྲན་སྐུལ་གསལ་འདེབས་ཡིན། །སེམས་ཅན་ནད་པ་ཇི་སྙེད་པ། །མྱུར་དུ་ནད་ལས་ཐར་གྱུར་ཅིག །འགྲོ་བའི་ནད་ནི་མ་ལུས་པ། །རྟག་ཏུ་འབྱུང་བ་མེད་པར་ཤོག།

སརྦ་མངྒལཾ།། །།




མཐའ་མའི་འདོན་ཐེངས་།: 21.09.2024 ཉིན། 10:50 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།

བོད་ཀྱི་གསོ་རིག་རྒྱ་མཚོའི་ཡང་སྙིང་།