སྨན་རྩིས་དྲ་བ། - ཆེད་རྩོམ།

འབྱུང་བ་ལྔ་ལྡན་ཟས་ཀྱིས་ལུས་རྒྱས་ཚུལ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 10.01.2017
ཆེད་རྩོམ། >>

 


འབྱུང་བ་ལྔ་ལྡན་ཟས་ཀྱི་ཡོན་ཏན་གྱིས་ལུས་ཀྱི་འབྱུང་བ་ལྔ་པོ་རྒྱས་ཚུལ་

རགས་ཙམ་གླེང་བ་རང་མཉམ་དགྱེས་པའི་དགའ་སྟོན།

- སྨན་དགེ་པདྨ་རྒྱལ་མཚན།

 

 མ་རིག་མུན་པའི་འདམ་དུ་ལྷུང་བ་གང་།།

ཉོན་མོངས་རབ་བཅིངས་རྟག་ཏུ་གཟིར་བ་ཡི།།

ཉམ་ཐག་འགྲོ་བའི་སྡུག་བསྔལ་སེལ་མཛད་པ།།

སྨན་བླ་དམ་ཆོས་ཉིན་མོར་བྱེད་ལ་འདུད།།

 

སྐུ་ཡི་གཟི་བརྗིད་ནམ་མཁའི་ཉི་ཟླ་འདྲ།།

གསུང་གི་བདུད་རྩི་དགོས་འདོད་ནོར་བུ་བཞིན།།

ཐུགས་ཀྱི་བྱམས་བརྩེ་མཐའ་ཡས་རྒྱ་མཚོའི་ངོགས།།

རྩ་བའི་བླ་མ་བསྟན་འཛིན་རྒྱ་མཚོར་འདུད།།

 

གསོ་རིག་བསྟན་པའི་སྲོག་ཤིང་གཡུ་ཐོག་ཟུང་།།

ཤིང་རྟ་ཆེན་པོ་བྱང་ཟུར་ལུགས་ཆེན་གཉིས།།

སྙན་བརྒྱུད་དགེ་བའི་བཤེས་གཉེན་ཚོགས་རྣམས་ལ།།

སྒོ་གསུམ་གུས་པས་ཕྱག་དང་མཆོད་པ་འབུལ།།

ཞེས་མཆོད་པར་བརྗོད་པ་སྔོན་དུ་བཏང་ནས་སྐབས་འདིར་གླེང་བར་བྱ་བ་ནི་འབྱུང་བ་ལྔ་ལྡན་ཟས་ཀྱི་ཡོན་ཏན་གྱིས་ང་ཚོའི་ཟག་བཅས་ཉེར་ལེན་གྱི་ཕུང་པོ་འདི་ཇི་ལྟར་རྒྱས་ཚུལ་སྐོར་ལ་ཡིན། དཔྱོད་ལྡན་བློ་གཟུར་བོར་གནས་པ་རྣམས་ལ་བརྗོད་བྱ་ཕུན་སུམ་ཚོགས་པ་ཞིག་འབྲི་ཐུབ་པའི་སྤོབས་པ་དང་མི་ལྡན་ཡང་། རང་མཉམ་རྣམས་ལ་ཤེས་བྱ་སྤེལ་བའི་ཚུལ་ཙམ་དུ་ཡིན། དང་པོ། སྔོན་འགྲོ་གླེང་བར་བྱ་བ་ནི།

 

ཐོག་མར་འབྱུང་བ་ལྔས་ལུས་གྲུབ་ཚུལ་མདོ་ཙམ་གླེང་བ།

སྐབས་བབ་བརྗོད་དོན་གཙོ་བོ་མ་གླེང་བའི་སྔ་རོལ་དུ་འབྱུང་བ་ལྔས་མིའི་ལུས་གྲུབ་ཚུལ་སྐོར་ངེས་པར་དུ་གླེང་དགོས་པ་ཞིག་ཏེ། གཞི་འདི་ལ་བརྟེན་ནས་རྩོམ་ཡིག་འདི་འཐུས་སྒོ་ཚང་བ་ལ་གཞོགས་འདེགས་ཐུབ་ངེས་ཡིན། ལྷག་པར་དུ་ལུས་ཐོག་མར་གྲུབ། བར་དུ་འཕེལ་བའམ་རྒྱས་ནས་ལུས་གྲུབ་ཚུལ་རིམ་པས་གསལ། འོན་ཀྱང་འབྱུང་བ་ལྔ་ལ་བརྟེན་ནས་ལུས་ཇི་ལྟར་གྲུབ་ཟེར་ན། ཆགས་གནས་འཇིག་གསུམ་གྱི་ངོ་བོར་གནས་པའི་མིའི་ལུས་འདི་འབྱུང་བ་ལྔའི་སྟོབས་དང་ལྡན་པས་ཐོག་མར་མ་ཡི་མངལ་དུ་གྲུབ་པ་ཡིན། དེ་ཡང་འབྱུང་བ་ལྔ་ཇི་ལྟར་ཞེ་ན། ལུས་ཆགས་པར་བྱེད་པའི་རྒྱུ་ས་བོན་དེའི་ནང་དུ་འབྱུང་བའི་ཆ་ཤས་མེད་ན་ལུས་འགྲུབ་མི་སྲིད་པ་ཡིན་ཏེ་འབྱུང་བ་ལྔ་དང་མི་ལྡན་པའི་ས་བོན་ཞིག་མེད་པའི་ཕྱིར་རོ།། དྲང་སྲོང་ཞལ་ལུང་ལས། འདིར་ཕ་མའི་ཁུ་ཁྲག་ནི་འབྱུང་བ་ལྔའི་རང་བཞིན་ཉིད་ཡིན་ལ་ས་སོགས་འབྱུང་བ་ལྔ་མེད་པའི་དོགས་པ་འདི་མི་དགོས་རྣམ་པར་མ་དཔྱོད་པ་འགའ་ཞིག་གིས་འབྱུང་བ་ཆེན་པོ་རྣམས་ལ་མ་ལྟོས་པར་ཁུ་ཁྲག་ཁོ་ནས་ལུས་ཆགས་པའི་རྒྱུ་དང་འཕེལ་རྐྱེན་བྱེད་པར་འདོད་པ་དང། ཁུ་ཁྲག་དེ་འབྱུང་ལྔའི་རང་བཞིན་དུ་མི་ཤེས་པ་རྣམས་ལོག་རྟོགས་དགག་པའི་ཆེད་དང་ལུས་ཆགས་སྐྱེད་ཐམས་ཅད་ནི་འབྱུང་བ་ཆེན་པོ་ལྔ་ལས་མ་བྱུང་བ་མི་སྲིད་དོ།། ཞེས་དང། ཡང་དེ་ཉིད་ལས་འགྲོ་བའི་ལུས་འདི་འབྱུང་བ་བཞི་ཡི་གྲུབ་ཞེས་ལུས་གྲུབ་པར་བྱེད་པ་ལ་འབྱུང་བ་ལྔའི་ཆ་ཤས་དང་མི་ལྡན་ན་ཕུང་པོ་ཉིད་གྲུབ་མི་ཐུབ་པ་གསལ་བར་གསུངས་པའི་ཕྱིར་རོ།།    འོ་ན་ཇི་ལྟར་མི་གྲུབ་ཞེ་ན། ཕ་མ་གཉིས་ཀྱི་ཁུ་ཁྲག་ལ་སྐྱོན་མེད་པ་དང་སྔོན་བསགས་ཀྱིས་ལས་འཛོམས་ནའང་འབྱུང་བའི་ཆ་ཤས་དང་མི་ལྡན་ན་ལུས་ཆགས་པའི་རྒྱུ་རུ་འགྱུར་མི་ནུས་པ་ཡིན་མོད། དེ་ཡང་འབྱུང་བ་སའི་རང་བཞིན་གྱི་ནུས་པ་དེ་མེད་ན་ནི་ལུས་འདི་ཉིད་གཟུགས་ཆ་ཚང་བ་མི་གྲུབ་སྟེ་ལུས་ཁམས་ཀྱི་སྲ་བ་ལ་སོགས་པའི་མཚན་ཉིད་དང་རང་བཞིན་ཕལ་མོ་ཆེ་ས་ལས་གྲུབ་པའི་ཕྱིར། དེ་བཞིན་འབྱུང་བ་འོག་མ་ཆུའི་རང་བཞིན་གྱི་ནུས་པ་དེ་མེད་ན་ཕུང་པོ་གཅིག་ཏུ་བསྡུས་པར་མི་ནུས་གོར་གོར་མེར་མེར་པོ་སོགས་ཆུའི་ནུས་པ་ལས་བྱུང་ངོ་། །དེ་བཞིན་འབྱུང་བ་མེའི་རང་བཞིན་གྱི་ནུས་པ་དེ་མེད་ན་རིམ་པ་བཞིན་སྨིན་པར་མི་འགྱུར་ཏེ་སྨིན་ཅིང་འཚར་བ་དེའང་མེ་ཡིས་བྱེད་པ་ཡིན་ནོ།། ཡང་འབྱུང་བ་རླུང་གི་མཚན་ཉིད་མི་ཚང་བ་ན་ཆེས་ཆེར་རྒྱས་ཤིང་འཕེལ་བར་མི་འགྱུར་ཏེ་ལྕི་ཞིང་འཐིབ་པར་གནས་པ་སྐྱེ་མི་ཐུབ་བོ།། གཞན་ཡང་ནམ་མཁའ་སྟོང་པའི་ཆ་ཤས་ཀྱི་རང་བཞིན་དེ་མེད་ན་འཕེལ་བར་མི་བྱེད་དེ་འཕེལ་ཞིང་རྒྱས་པའི་གོ་ཡངས་པོ་སོགས་བཀག་པའི་ཕྱིར་རོ་ཞེས་འགྲེལ་ཆེན་ཕལ་མོ་ཆེའི་དགོངས་པ་གཅིག་མཚུངས་དང། རྒྱུད་ལས། ས་མེད་མི་འགྲུབ་ཆུ་མེད་སྡུད་མི་ནུས། །མེ་མེད་མ་སྨིན་རླུང་མེད་འཕེལ་མི་འགྱུར། །ནམ་མཁའ་མེད་པར་འཕེལ་བའི་སྒོ་མི་འབྱེད།། ཞེས་མདོར་ན་མིའི་ལུས་འདི་ནི་ལྡུམ་རྭའི་ནང་གི་མེ་ཏོག་ཅིག་དང་འདྲ་བར་ས་བོན་ཉིད་ལ་ཉི་མའི་དྲོད་དང། ལུད། བརླན་གཤེར་སོགས་འབྱུང་བའི་མཚན་ཉིད་ངེས་པར་དུ་ལྡན་དགོས་པ་མ་ཟད་འཚར་ལོངས་ཡོང་བར་ས་ཆུ་མེ་རླུང་ནམ་མཁའ་དང་བཅས་པ་འབྱུང་བ་ལྔའི་ཆ་ཤས་ཚད་ལྡན་ཞིག་མེད་ན་སྐྱེ་མི་སྲིད་པ་ཡིན་ཏེ་འབྱུང་བ་སའི་ཆ་ཤས་ས་གཞི་བཟང་པོ་མེད་ན་མེ་ཏོག་དེ་ཇི་ལྟར་རྟེན་ནམ། དེ་ཡོད་རུང་འབྱུང་བ་ཆུའི་རང་བཞིན་བརླན་གཤེར་མེད་ན་དེ་ཉིད་སྐེམ་པར་བྱེད་པ་དང། འབྱུང་བ་མེའི་ཆ་ཤས་ངེས་ཅན་ཞིག་མེད་ན་མེ་ཏོག་དང་འདབ་མ་སོགས་སྨིན་མ་ནུས་ཞིང་གཡོ་བ་འབྱུང་བ་རླུང་གི་ཆ་ཤས་མེད་ན་ནམ་ཡང་རྒྱས་པར་མི་ནུས་ཏེ་རང་བཞིན་གྱི་འཕེལ་བའི་སྐབས་མེེད་ཅིང། འབྱུང་བ་ནམ་མཁའི་ཁམས་ཡངས་ཤིང་གོ་ཕྱེ་བ་མེད་ན་རྒྱས་པར་མི་ནུས་ཏེ་སྒོ་འགགས་པས་སོ།། རྒྱུ་མཚན་དེ་དང་ཕྱོགས་ཡོངས་ནས་མཚུངས་པར་འགྱུར་བའི་མིའི་ལུས་ཁམས་དེ་ཉིད་ལའང་ཚུལ་དེ་ལྟར་ངེས་པ་ཡིན། གཞན་ཡང་ལུས་གྲུབ་ཟིན་ནས་སྐྱེས་འཕེལ་བྱེད་ཚུལ་རིམ་པ་བཞིན་རྒྱུད་ནང་མང་དུ་གསུངས་ཡོད་ཀྱང་སྐབས་འདིར་བརྗོད་དོན་དངོས་མ་ཡིན་པས་རེ་ཞིག་བཏང་སྙོམས་སུ་བཞག་པར་བྱ། 


ཕྱི་ཡི་འབྱུང་བའི་གནས་ལུགས་ཇི་འདྲ་བཞིན། །ནང་གི་འབྱུང་བའི་ཁམས་ཀྱང་དེ་བཞིན་ཏེ། །དེ་ལྟར་ཕྱི་ནང་ཕན་ཚུན་གཅིག་ལ་གཅིག །རྟེན་ཅིང་འབྲེལ་བར་ཆགས་པའི་གནད་འདི་ཟབ།། ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།


 

བརྗོད་དོན་དངོས། འབྱུང་བ་ལྔ་ལྡན་ཟས་ཀྱི་ཡོན་ཏན་གྱིས་ལུས་ཀྱི་འབྱུང་བ་ལྔ་པོ་རྒྱས་ཚུལ་སྐོར།

དེ་ཡང་འབྱུང་བ་ཞེས་པ་གསོ་རིག་ཚིག་མཛོད་ལས། ས་སོགས་ལྔ་པོས་སྣང་སྲིད་བརྟན་གཡོ་ཐམས་ཅད་འབྱུང་བའི་རྒྱུ་བྱེད་པ་ལ་དགོངས་ནས་འབྱུང་བ་ཞེས་བརྗོད་པ་ཡིན་ཞེས་དང་། ཡང་དེང་དུས་ཀྱི་གསོ་རིག་མཁས་དབང་ཐུབ་བསྟན་ཕུན་ཚོགས་ལགས་ཀྱིས་འབྱུང་བ་ཞེས་པ་དེ་ནི་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་སྐྱེ་འཇིག་བྱེད་པའི་རྒྱུའི་གཙོ་བོ་གཟུགས་ཆུང་མཐའ་ཕྲ་རབ་ཀྱི་རྡུལ་དེ་ལ་ཟེར་ཞེས་གསུངས། ཡང་རྩིས་གཞུང་ལས། ས་ཆུ་མེ་རླུང་ནམ་མཁའ་ལྔ། །དེ་དག་ལས་ནི་འབྱུང་བའི་ཕྱིར། །འབྱུང་བ་ཞེས་སུ་བརྗོད་པ་ཡིན། །ཞེས་མདོར་ན་མིའི་ལུས་རྟེན་ཙམ་མ་ཡིན་པར་ཆེ་བ་རི་རྒྱལ་ལྷུན་པོ་ནས་ཆུང་བ་རྡུལ་ཕྲ་རབ་ཚུན་ཆད་འདུས་བྱས་ཐམས་ཅད་འབྱུང་བ་ས་ལ་སོགས་པ་ལྔ་པོ་ལ་རྟེན་ནས་འབྱུང་བ་ཞིག་ཡིན་པ་ལ་འབྱུང་བ་ཞེས་བརྗོད་པ་མིན་ནམ་སེམས། འབྱུང་བ་ལྔ་པོ་དེ་དག་ཆ་སྙོམས་མེད་པར་ཕན་ཚུན་འགལ་འཕྲད་དུ་བྱུང་ན་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་འཇིག་པའི་རྒྱུ་བྱེད་པ་ཡིན། ལྷག་པར་འབྱུང་བའི་དར་རྒུད་ཆེ་ཆུང་གི་ཕྱི་ནང་གི་དངོས་པོ་ཐམས་ཅད་ལ་འཕེལ་གྲིབ་ཀྱི་འགྱུར་བ་འགྲོ་བ་ཡིན། སྤྱིར་ཟས་ཞེས་པ་གང་ལགས་ཞེ་ན། ལུས་ཁམས་ཀྱི་ཆ་ཤས་ཕྲ་མོ་རྣམས་སྐྱེད་ཅིང་འཕེལ་བར་བྱེད་ལ་ལུས་ཅན་རྣམས་ཀྱི་སྲོག་འཚོ་བའི་རྒྱུའམ་རྫས་ཞིག་ཡིན། དེ་ཡང་བཤེས་པའི་སྤྲིངས་ཡིག་ལས། ཁ་ཟས་སྨན་དང་འདྲ་བར་རིག་པ་ཡི། །འདོད་ཆགས་ཞེ་སྡང་མེད་པར་བསྟེན་བགྱི་སྟེ། །རྒྱགས་ཕྱིར་མ་ལགས་བསྙེམས་པའི་ཕྱིར་མ་ལགས། །འཚར་ཕྱིར་མ་ལགས་ལུས་གནས་འབབ་ཞིག་ཕྱིར། །ཞེས་པ་དང་། ཡང་རྒྱུད་ཀྱི་འཚོ་བ་ཟས་ཀྱི་ལེའུ་ལས། ནད་ལ་གསོ་བར་བྱེད་པའི་གཉེན་པོ་ཡི། །འཚོ་བ་ཟས་ཀྱི་གནས་ལ་བསླབ་པ་ནི། །ཟས་སྐོམ་ལེགས་སྤྱད་ལུས་དང་སྲོག་འཚོ་ཞིང་། །དམན་ལྷག་ལོག་གྱུར་ནད་བསྐྱེད་འཕྲལ་སྲོག་འཇོམས། །དེ་ཕྱིེར་ཟས་སྐོམ་སྦྱོར་བ་མཁས་པ་གཅེས། །ཞེས་འབྱུང་བ་ལྔ་ཚོགས་པ་ལས་འབྱུང་བའི་ཟས་སམ་ལུས་ཟུངས་ཀྱི་དྭངས་མ་སོགས་འབྱུང་བའི་ཁུངས་གཙོ་བོ་ཡང་ཕལ་ཆེར་ཟས་དེ་རང་ཡིན་བརྗོད་ནའང་འགལ་བ་ཨེ་ཡོད་སྙམ། དེ་ལྟ་བུའི་ཟས་དེ་ལ་བརྟེན་ནས་འཚོ་བའམ་གནས་པར་བྱ་བའི་ལུས་ཞེས་པ་ནི་ནད་དང་ལུས་ཟུངས་དྲི་མ་གསུམ་ལྷན་ཅིག་ཏུ་འདུས་པ་ལས་ལུས་གྲུབ་པ་ཡིན་ལ་རྣམ་པ་གསུམ་པོ་ཕན་ཚུན་གཅིག་ལ་གཅིག་རྟེན་ཅིང་གནས་པ་གཞན་ལ་རག་ལུས་པས་ལུས་ཞེས་བརྗོད། དེ་བཞིན་སྐྱེས་བུའི་ཚེ་སྲོག་ཆགས་གནས་འཇིག་གསུམ་བྱེད་པའི་རྒྱུའི་གཙོ་བོ་ནད་དང་ལུས་ཟུངས་དྲི་མ་གསུམ་ལ་རག་ལུས་པའི་ཕྱིར་ན་ལུས་ཞེས་བྱ་བ་ཡིན་ཏེ་དེ་ཡང་རྒྱུད་ལས། ནད་དང་ལུས་ཟུངས་དྲི་མ་རྣམ་གསུམ་པོ། །ཕན་ཚུན་གཅིག་ལ་གཅིག་རྟེན་རག་ལུས་པས། །ཆགས་གནས་འཇིག་པའི་རྩ་བ་ཡིན་ཕྱིར་ལུས། །ཞེས་པ་ལས་གསལ་བར་རྟོགས་ནུས་སོ། །འདི་ཙམ་དུ་བརྗོད་དོན་དངོས་ཀྱི་སྔོན་འགྲོའི་ཤེས་བྱ་ཙམ་གླེང་བ་ཡིན་ནོ།།


དེ་ནས་ས་བཅད་དངོས་ལས་འབྱུང་བ་ལྔ་ལྡན་ཟས་ཀྱི་ཡོན་ཏན་གྱི་ལུས་ཀྱི་འབྱུང་བ་ལྔ་པོ་ཇི་ལྟར་རྒྱས་སམ་ཞེ་ན། འདིའི་སྐོར་གླེང་ཆོག་ཆོག་ཞིག་དང་སྡོམ་ཚིག་བཀོད་སླ་བ་ཞིག་གཏན་ནས་མིན། ཡིན་ཡང་རྒྱུ་ལས་འབྲས་བུ་སྐྱེ་བའི་ཚུལ་བཞིན་མངལ་གནས་ཀྱི་ལུས་ཅན་དེའི་ཆ་ཤས་ཕྲ་མོ་ནས་སྐྱེད་ཅིང་རིམ་བཞིན་མངལ་ནང་དུ་ཆེར་འཕེལ་བའམ་རྒྱས་པར་བྱེད་པའི་རྒྱུ་ནི་འབྱུང་བ་ལྔ་དང་ལྡན་པའི་ཟས་སྐོམ་གྱི་འཚོ་བཅུད་ཀྱི་སྙིང་པོ་འམ་དྭངས་མ་དེ་ཡང་མ་ཡི་རྒྱུད་ནས་མངལ་གནས་དེ་ལ་འཇུག་པ་ཡིན། དེ་ཡང་རྒྱུད་ལས། འབྱུང་བ་ལྔ་ལྡན་ཟས་ཀྱི་ཡོན་ཏན་གྱིས། །ལུས་ཀྱི་འབྱུང་བ་ལྔ་པོ་རྒྱས་པར་བྱེད།། ཅེས་གསུངས་པ་ནི་ཐ་མལ་བའི་ལུས་ཁམས་དང་འདྲ་བར་མངལ་གནས་དེའི་ཁམས་ཀྱང་འཕེལ་ཞིང་རྒྱས་པར་བྱེད་པའི་རྒྱུ་རོ་དྲུག་གི་ཟས་སྐོམ་དག་ལ་རང་ཆས་སུ་འབྱུང་བ་ལྔའི་ནུས་མཐུ་དང་ལྡན་པ་ཞིག་ཡིན་པ་ནི་རྒྱུད་ལས། རྟེན་ནི་འབྱུང་བ་ལྔ་ལས་བསྐྱེད་འགྱུར་ཏེ། །ས་ཡིས་གཞི་རྟེན་ཆུས་བརླན་མེ་ཡིས་དྲོད། །རླུང་གིས་བསྐྱེད་ཅིང་ནམ་མཁས་གོ་ཕྱེ་བས། །དེ་སྐྱེད་འགྱུར་ཀྱང་ཤས་ཆེར་རོ་གཅིག་མིན། །ས་ཆུ་མེ་ས་ཆུ་མེ་ཆུ་དང་རླུང་། །མེ་རླུང་ས་རླུང་གཉིས་ཀྱི་རོ་དྲུག་བསྐྱེད། །ཅེས་གསུངས་སོ།། འོ་ན་རྒྱུད་ལས་བསྟན་པ་འདི་སྦྱོར་བ་སྨན་ཁོ་ན་ལས་གཞན་ཟས་སོགས་ལ་མི་འཇུག་ཞེ་ན་འགལ་བའི་སྐྱོན་དང། ཟས་སྐོམ་གང་ཡང་རུང་བ་ནི་འབྱུང་བས་བསྐྱེད་ཅིང་འབྱུང་བས་གྲུབ་པའི་རོ་དྲུག་དང་ལྡན་པ་ཤ་སྟག་གོ། རོ་དྲུག་དང་ལྡན་ན་ནི་འབྱུང་བའི་ཆ་ཚང་དགོས་ཏེ་རོ་རྣམས་འབྱུང་བ་ཕན་ཚུན་ནང་འཕྲད་ལས་འབྱུང་བ། དཔེར་ན། ས་དང་ཆུ་འཕྲད་པས་རོ་མངར་བ་འབྱུང་བ་སོགས་གོང་དུ་བརྗོད་པའི་རྒྱུད་ཚིག་ལས་རྟོགས་ཐུབ། དེ་ཡང་དཔེ་མཚོན་ཙམ་ཞིག་ཞུས་ན་རྣམ་རྒྱུན་ཉིན་རེའི་འཚོ་བའི་ནང་ང་ཚོས་ལོངས་སུ་སྤྱོད་བཞིན་པའི་ཚལ་ཁ་ཏིག་ལྟ་བུ་མཚོན་ན། རྒྱུད་ནང་དུ་དེ་འབྱུང་བ་གང་ལས་གྲུབ་པ་སོགས་གསུངས་མེད་ཀྱང། དེ་རོ་ཁ་ཏིག་ཡིན་པ་གཞི་ལ་བཞག་ནས་ང་ཚོས་འབྱུང་བ་ཆུ་དང་རླུང་གཉིས་ཤས་ཆེ་བ་ཡོད་པ་རྟོགས་ཐུབ་པ་ལྟ་བུ་ཟས་རིགས་ཡོངས་ལ་རིག་པས་འགྲེལ་ཆོག


དེ་ལྟ་བུའི་འབྱུང་བའི་སྟོབས་དང་ལྡན་པའི་ཟས་ཀྱིས་ལུས་ཀྱི་འབྱུང་བ་ལྔ་པོ་ཇི་ལྟར་རྒྱས་སམ་ཞེ་ན་དེ་ཡང་ཟུར་མཁར་བའི་མེས་ཞལ་དུ་འབྱུང་བ་ལྔ་དང་ལྡན་པའི་ཟས་སྐོམ་ཟོས་ཤིང་མཐུན་པའི་ཡོན་ཏན་གྱིས་ནི་ལུས་ཀྱི་འབྱུང་བ་ལྔ་པོ་རྣམས་རྒྱས་པར་བྱེད་དོ།། ཞེས་དང་། ཡང་སྐྱེམས་འགྲེལ་ལས། འབྱུང་བ་ས་ཆུ་མེ་རླུང་ནམ་མཁའ་ལྔ་དང་ལྡན་པའི་ཟས་ཀྱིས་བཞུས་པའི་ཡོན་ཏན་གྱིས་ལུས་ཀྱི་འབྱུང་བ་ལྔ་པོའི་ཁམས་རྒྱས་པར་བྱེད། འབྱུང་བ་སའི་ཡོན་ཏན་གྱིས་ལུས་ཀྱི་ཤ་དང་རུས་པ་རྒྱས་པར་བྱེད་ལ་དེ་བཞིན་དུ་ཆུ་ཡིས་ཁྲག་དང་བད་ཀན་སོགས་སོ།། མེ་ཡིས་དྲོད་དང་མཁྲིས་པ་སོགས་སོ།། རླུང་གིས་དབུགས་དང་པགས་པ་རླུང་སོགས་སོ།། ནམ་མཁའི་ཡོན་ཏན་གྱིས་ཕྱི་ནང་གི་བུ་ག་སོགས་རྒྱས་པར་བྱེད་དོ།། ཞེས་གསུངས་པ་ལྟར་རོ།། དེ་ཡང་རྒྱུད་ལས། ས་ལས་ཤ་དང་རུས་པ་སྣ་དྲི་སྐྱེད། །ཆུ་ལས་ཁྲག་དང་ལྕེ་རོ་རླན་པ་སྐྱེད། །མེ་ལས་དྲོད་དང་མདོག་གསལ་མིག་གཟུགས་སྐྱེད། །རླུང་ལས་དབུགས་དང་པགས་པ་རེག་བྱ་སྐྱེད། །མཁའ་ལས་བུ་ག་རྣ་བ་སྒྲ་སྐྱེད་འགྱུར། །ཞེས་འབྱུང་བ་སོ་སོའི་རྗེས་སུ་མཐུན་པའི་ལུས་ཀྱི་འབྱུང་བའི་ཆ་རྣམས་རྒྱས་པར་བྱེད་ཡིན་ནོ། །དེ་ཡང་ཡན་ལག་བརྒྱད་པར། ས་དང་ཆུ་དང་མེ་དང་རླུང་། །ནམ་མཁའ་བཅས་པའི་དྲོད་ལྔ་པོ། །རང་རང་ཡོན་ཏན་ཟས་ལྔ་པོ། །ས་སོགས་ཀྱིས་སྨིན་དེ་འོག་ཏུ། །དེ་དག་རང་བཞིན་ཇི་བཞིན་རྒྱས། །སྨིན་འབྱུང་ཡོན་ཏན་ཐ་དད་ཡིན། །ས་རུ་གཏོགས་པས་ས་ཉིད་ངེས། །རེ་རེ་ལྷག་པས་ལུས་སོགས་ལྷག་མ་རྒྱས། །ཞེས་འབྱུང་བ་སོ་སོའི་མཚན་ཉིད་དང་རྗེས་མཐུན་པར་དེའང་ཟས་ཀྱི་ཡོན་ཏན་སའི་ཁམས་ཤས་ཆེ་བས་ལུས་ཀྱི་སྲ་བའི་ཆ་རྣམས་དང་ཆུའི་ཁམས་ཤས་ཆེ་བས་ལུས་ཀྱི་རླན་ཞིང་གཤེར་བའི་ཆ་རྣམས་དང་མེའི་ཁམས་ཤས་ཆེ་བས་ལུས་ཀྱི་དྲོད་དང་རླུང་ཁམས་ཤས་ཆེ་བས་ལུང་ཡང་ཞིང་གཡོ་བར་བྱེད་པའི་ཆ་རྣམས་སྐྱེད་པར་བྱེད་ཅིང་ནམ་མཁའ་ནི་བུ་ག་འགའ་པ་རྣམས་སེལ་ཞིང་གཡོ་བར་བྱེད་པའི་ཆ་རྣམས་རྒྱས་པར་བྱེད་པ་ཡིན་ཞེས་པའོ།། འོ་ན། རྒྱུད་ལས་མངལ་ཆགས་འཕེལ་བའི་རྒྱུ་ནི་ལྟེ་བ་ཡིན། ཞེས་གསུངས་པས་ཟས་དེས་འཕེལ་བའམ་རྒྱས་པར་མི་བྱེད་ཅེ་ན། མ་ཡིན་ཏེ། ལྟེ་བ་དེ་ནི་གནས་སྐབས་གྱི་རྒྱུ་ཙམ་ལ་དགོངས་ནས་རྒྱུ་ལ་འཇོག་པའམ་སྐབས་བབས་ཀྱི་བྱེད་ལས་ཙམ་ལ་ལྟོས་པ་མིན་ནམ་སྙམ། རྒྱུ་དངོས་ནི་འབྱུང་ལྔ་ཚོགས་པའི་ཟས། མ་ཡིས་གང་ཟོས་པ་དེའི་བཅུད་དེ་ཡིན་ལ་ལྟེ་བ་ནི་བཅུད་དེ་རྒྱུ་བའི་ལམ་ཙམ་ཡིན་མོད་ཇིེ་ལྟར་ཞེ་ན་མངལ་དུ་ཆགས་པའི་ལུས་ཅན་དེ་ཉིད་ལུས་རྒྱས་པར་བྱེད་པའི་རྒྱུ་ནི་མས་འབྱུང་བ་ལྔའི་ནུས་པ་དང་ལྡན་ཞིང། དེ་ལས་བྱུང་བའི་རོ་དྲུག་བཟའ་བཏུང་འཕྲོད་པར་ཟོས་པའི་འབྱུང་བའི་དྭངས་མ་རྣམས་ཐོག་མར་ཕོ་བོའི་གནས་ནས་རིམ་པས་ལུས་ཟུངས་བདུན་སོ་སོར་འགྱུར་ལ་མཐའ་མ་བཅུད་དེ་ཉིད་བསམ་སེའུ་ནས་རྩ་ཆེན་གཉིས་བརྒྱུད་དེ་མངལ་གནས་ཀྱི་ལྟེ་བར་ཞུགས་པ་དེས་མངལ་གནས་ཀྱི་ལུས་རྒྱས་པར་བྱེད་པ་ཡིན།  ཡང་མ་དང་བུ་གཉིས་གཟི་མདངས་འཕོ་རེས་བྱེད་པ་ཡང་གཟི་མདངས་དེ་གང་ལས་བྱུང་ཞེ་ན་ཟས་ཀྱི་བཅུད་ལས་བྱུང་བ་ཡིན་ཆོག མདོར་ན་ཟས་ཞེས་བྱ་བ་འབྱུང་བ་ལྔའི་རང་བཞིན་ཅན་འདི་ལ་བརྟེན་ནས་ལུས་ཅན་རྣམས་ཐོག་མར་མ་ཡི་མངལ་དུ་གནས་པའི་དུས་ནས་མཐར་མ་འཇིག་པའི་བར་དུ་ལུས་རྒྱས་པའམ་ལུས་འཚོ་བར་བྱེད་པའི་རྒྱུ་ཡི་ནང་ནས་མཆོག་གི་དམ་པ་དེ་འཚོ་བ་ཟས་ཞེས་དེའོ། །དེ་ལྟར་འབྱུང་བ་ལྔ་ལྡན་ཟས་ཀྱི་ཡོན་ཏན་གྱིས་ལུས་ཀྱི་འབྱུང་བ་ལྔ་པོ་རྒྱས་ཚུལ་རགས་ཙམ་གླེང་བ་བརྗོད་པ་གཏམ་གྱི་ཕྲེང་བ་ཞེས་བྱ་བ་རྫོགས་སོ།།


མཇུག་གཏམ། 

བོད་ལུགས་གསོ་བ་རིག་པ་ལས་བསྟན་པའི་འབྱུང་བའི་རྣམ་གཞག་དེ་དག་ནི་དེང་དུས་ཀྱི་ཚན་རིག་པ་ཚོས་ཡིད་སྨོན་བྱེད་ཡུལ་ཞིག་དང་ལྷག་པར་ཚན་རིག་གི་དགེ་མཚན་དུ་མ་ལྡན་པའི་ཤེས་བྱའི་རྣམ་གྲངས་ཤིན་ཏུ་ནས་རྒྱ་ཆེ་བ་ཞིག་ཡིན་ལ་བློ་དམན་པ་བདག་ལྟ་བུ་ནི་འབྱུང་བའི་སྐོར་ལ་རྨོངས་པས་ད་དུང་སེལ་དཀའ་བའི་ཤེས་བྱ་བོང་བུས་མ་མཐོང་ལམ་ཕྲན་མང། ངས་མི་ཤེས་ཤེས་བྱ་མང་ཟེར་བ་ལྟར་ལྐོག་གྱུར་གྱི་གནས་ལྟར་བག་ལ་ཉལ་བ་ལྟ་བུའོ། །ཐེངས་འདིའི་རྩོམ་གཞི་གང་ཡོད་པ་དེ་དག་རང་གཞུང་གི་ཁྱད་ཆོས་གཙོ་བོར་བཟུང་སྟེ་སྤྲོས་ཁུལ་བྱས་ཡོད་པས་རང་ཉིད་རྒྱུད་ཀྱི་དགོངས་དོན་རྣམས་ཉམས་སུ་ལེན་རྒྱུའི་བློ་ངོར་སྙམས་ཀྱང་སྐྱེས་སྦྱངས་ཡོན་ཚད་དམན་པ་དང་རྒྱུད་ཀྱི་དགོངས་དོན་རྣམས་རང་བློར་དཔོག་ཐུབ་ཐབས་བྲལ་བའི་དབང་གིས་མ་རྟོགས་པ་དང་གོ་ལོག་པར་རྟོགས་པ་དང་འགལ་འཛོལ་སོགས་བྱུང་ཡོད་ཚེ་མཁྱེན་ལྡན་བློ་ལྡན་རྣམས་ཀྱིས་ལམ་སྟོན་ཡོང་བ་ཞུ་རྒྱུ་ཡིན།།


གཞི་འཛིན་དཔེ་ཆ་ཁག

གསོ་རིག་དཔལ་ལྡན་རྒྱུད་བཞི།

འགྲེལ་པ་བེེར་ཌཱུ་རཱ་སྔོན་པོ།

མེས་པོའི་ཞལ་ལུང་།

དྲང་སྲོང་ཞལ་ལུང་།

བཤད་རྒྱུད་ཀྱི་འགྲེལ་པ་བློ་གསལ་ངག་གི་སྒྲོན་མེ། བློ་བཟང་སྙན་གྲགས་ཀྱིས་བརྩམས།

བོད་ཀྱི་གསོ་རིག་སྙིང་ནོར་གཅེས་བསྡུས། མཁས་དབང་ཐུབ་བསྟན་ཕུན་ཚོགས།

བོད་ནས་ཐོན་པའི་གསོ་རིག་དཔྱད་རྩོམ་ཁག

གསོ་རིག་ཚིག་མཛོད་ཆེན་མོ།

གསོ་རིག་ཚིག་མཛོད་ཡོངས་འདུའི་དགའ་ཚལ།

གསོ་རིག་རྒྱུད་ཀྱི་དགོངས་དོན་དང་འབྲེལ་ཚུལ་སྙིང་བསྡུས། བླ་སྨན་བློ་བཟང་དབང་རྒྱལ།




མཐའ་མའི་འདོན་ཐེངས་།: 10.01.2017 ཉིན། 12:47 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།