འབྱུང་བ་ཆེན་པོ་ལྔའི་རྣམ་གཞག |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 07.04.2013 |
འབྱུང་བ་ཆེན་པོ་ལྔའི་རྣམ་གཞག །
སྤྲུལ་འཁོར་སྨན་པ་སྐལ་བཟང་དོན་ལྡན།
འབྱུང་བ་ལྔའི་ངོ་སྤྲོད།
འབྱུང་བ་ཆེན་པོ་བཞིའམ་ལྔའི་བདག་ཉིད་ནི་ནམ་མཁའ་སྟོང་པའི་ཆ་ལས་སྟོང་པའི་དབུས་སུ་ཤིན་ཏུ་ནས་ཕྲ་བའི་རྡུལ་ཕྲ་རབ་ཡང་དག་པ་དག་ལས་བྱུང་བ་སྟེ་དཔེར་ན། ཆུ་ལ་ལན་ཚྭ་བཏབ་པ་དང་སྒོ་ངའི་དབུས་སུ་སྒོང་སྐྱེས་ཇི་བཞིན་ནོ། །དེ་ལྟར་འགྲོ་བ་སེམས་ཅན་ཀུན་གྱི་ལུས་དང་ཡེ་ཤེས་སོགས་ཐམས་ཅད་ཀྱང་ནམ་མཁའ་ལྟར་བདེན་པས་གྲུབ་པ་སྟོང་ཞིང་ཆེས་ཐོག་མར་སྟོང་པའི་ཆ་ལས་འབྱུང་བ་ཆེན་པོ་ནམ་མཁའ་དང་ནི་རླུང་དང་མེ་དང་ཆུ་དང་ས་དང་བཅས་ནམ་མཁའ་རླུང་མེ་ཆུ་སའི་གོ་རིམ་ལས་ཕྱི་ནང་སྣོད་བཅུད་གཉིས་ཀྱི་འཇིན་རྟེན་གྱི་ཁམས་སྣ་ཚོགས་པ་དག་བརྟན་ཅིང་མཐར་རབ་ཏུ་གཡོ་བར་བྱེད་པའང་འབྱུང་བ་རགས་པ་ས་ཆུ་མེ་རླུང་ནམ་མཁའ་དང་བཅས་ལྔའི་ཆོས་ཉིད་ཀྱི་རང་བཞིན་གཤིས་ལུསགང་དང་གང་ཡིན་པ་དག་ལ་འབྱུང་བ་བཞིའམ་ལྔ་ཞེས་བརྗོད་པ་ཡིན།།
འབྱུང་བ་ལྔའི་མཚད་ཉིད།
མཁས་པ་ཆེན་པོ་སྐྱེམས་པའི་འགྲེལ་པར་གསུངས་པ་ལྟར་ལག་བཟང་གིས་ཞུས་པའི་མདོར་སངས་རྒྱས་ཀྱིས་འབྱུང་བ་ལྔའི་མཚན་ཉིད་གང་དང་གང་ཡིན་ནམ་ཞེ་ན་ནི་སའི་ཁམས་ལས་སྐྱེ་དངོས་ཐམས་ཅད་སྲ་བའམ་མཁྲེགས་པར་བྱེད་པ་དང་། ཆུའི་ཁམས་ལས་སྡུད་ཅིང་གཤེར་བར་བྱེད་པ། མེའི་ཁམས་ལས་ཐམས་ཅད་ཚ་ཞིང་སྨིན་པར་བྱེད་པ། རླུང་གི་ཁམས་ལས་ཕན་ཚུན་ཡང་ཞིང་གཡོ་བར་བྱེད་པ། ནམ་མཁའི་ཁམས་ལས་ཐམས་ཅད་སྟོང་ཞིང་ཡངས་པར་བྱེད་ཅིང་བུ་ག་སོགས་ཆོས་ཐམས་ཅད་རབ་ཏུ་འཕེལ་བར་བྱེད་ནུས་པའི་གོ་འབྱེད་པ་བཅས་ནི་འབྱུང་བ་ལྔའི་མཚད་ཉིད་ཡིན།།
འབྱུང་བ་ལྔའི་ཡོན་ཏན་དང་ལས།
འབྱུང་བ་སའི་རང་བཞིན་ཤས་ཆེ་བའི་སྨན་རྣམས་ཀྱི་ཡོན་ཏན་ནི། ལྕི་བ་དང་། བརྟན་པ། རྟུལ་བ། འཇམ་པ། སྣུམ་པ། སྐམ་པ་དང་ལྡན་ཞིང་དྲི་ཤས་ཆེ་བ་ཡིན་ལ། ལས་ནི་ལུས་ཀྱི་ཡན་ལག་ལ་སོགས་པ་རྣམས་བརྟན་ཞིང་མཁྲང་ལ། ལུས་བརྟས་པ་དང་མི་འཐོར་བ་གཅིག་ཏུ་སྡུད་པར་བྱེད་ཅིང་གཙོ་བོར་རླུང་གི་ནད་སེལ་བ་ཡིན་ནོ། །དེ་བཞིན་དུ་ཆུའི་རང་བཞིན་ཤས་ཆེ་བའི་སྨན་གྱི་ཡོན་ཏན་ནི། སླ་བ་དང་། བསིལ་བ། ལྕི་བ། རྟུལ་བ། སྣུམ་པ། འཇམ་ལ་མཉེན་པ་དང་ལྡན་ཞིང་རོའི་ཤས་ཆེ་བ་ཡིན་ལ། ལས་ནི་ཁོང་པ་ལ་སོགས་པའི་ལུས་ཀྱི་ཆ་ཤས་རྣམས་བརླན་ཞིང་གཤེར་བ་དང༌། ལུས་འཇམ་ལ་ཕྱོགས་གཅིག་ཏུ་སྡུད་པར་བྱེད་ཅིང་གཙོ་བོར་མཁྲིས་པའི་ནད་སེལ་བ་ཡིན་ནོ། །མེའི་རང་བཞིན་ཤས་ཆེ་བའི་སྨན་རྣམས་ཀྱི་ཡོན་ཏན་ནི། ཚ་བ་དང་། རྣོ་བ། སྐམ་པ། རྩུབ་པ། ཡང་བ། སྣུམ་པ། གཡོ་བ་དང་ལྡན་ཞིང་གཟུགས་ཀྱི་ཤས་ཆེ་བ་ཡིན་ལ་ལས་ནི་ལུས་ཀྱི་དྲོད་སྐྱེད་པ་དང་ཁ་ཟས་དང་ལུས་ཟུངས་ལ་སོགས་སྨིན་ཅིང་མདོག་གསལ་བར་བྱེད་ལ། གཙོ་བོར་བད་ཀན་གྱི་ནད་སེལ་བ་ཡིན་ནོ། །རླུང་གི་རང་བཞིན་ཤས་ཆེ་བའི་སྨན་རྣམས་ཀྱི་ཡོན་ཏན་ནི། ཡང་བ་དང་། གཡོ་བ། གྲང་བ། རྩུབ་པ། སྐྱ་ལ་སྐམ་པ་དང་ལྡན་ཞིང་རེག་བྱའི་ཤས་ཆེ་བ་ཡིན་ལ། ལས་ནི་ལུས་སྲ་ཞིང་བསྒུལ་བསྐྱོད་དང་དྭངས་མ་ལ་སོགས་པ་ལུས་ལ་ཁྱབ་པར་བྱེད་ཅིང་གཙོ་བོར་བད་མཁྲིས་ལྡན་པའི་ནད་སེལ་བ་ཡིན་ནོ། །ནམ་མཁའ་ནི་འབྱུང་བ་གཞན་བཞི་གས་བསྐྱེད་པའི་སྨན་ཀུན་ལ་སྤྱིར་རིས་སུ་མ་ཆད་པར་ཁྱབ་པ་ཡིན་མོད་དེ། འོན་ཀྱང་དེ་ཉིད་རང་བཞིན་ཤས་ཆེ་བའི་སྨན་ཡང་མང་དུ་སྲིད་པས་ན་དེའི་ཡོན་ཏན་ནི་ཁོང་སྟོང་པ་དང་སྒྲའི་ཤས་ཆེ་བ་ཡིན་ལ། ལས་ནི་ཡངས་པའི་གོས་འབྱེད་པར་བྱེད་ཅིང་ཉེས་པ་རླུང་མཁྲིས་བད་ཀན་གསུམ་ག་འདུས་པ་ལས་བྱུང་བའི་ནད་སེལ་བ་ཡིན་ནོ།།
ཕྱིའི་འབྱུང་བ་ལྔས་ནང་སྐྱེས་བུའི་དོན་སྣོད་གྲུབ་ཚུལ།
ཕྱིའི་རང་བྱུང་ཁམས་ཀྱི་འབྱུང་བ་ཆེན་པོ་ལྔ་དང་ནང་སྐྱེས་བུའི་ཁམས་ཀྱི་དབར་ཕན་ཚུན་འབྲེལ་བ་ཇི་ལྟར་ཡོད་མེད་ཀྱི་ཚུལ་ནི། འདི་ལྟ་སྟེ་འབྱུང་བ་ལྔ་དང་། དབང་པོ་ལྔ། དོན་ལྔ། སྣོད་དྲུག ཉེས་པ་ལྔ། ནད་གཞིའི་ཁ་དོག་ལྔ་ལ་སོགས་པའི་རྟེན་ཅིང་འབྲེལ་བའི་ཚུལ་རགས་ཙམ་གླེང་བར་བྱ་བ་སྟེ། དེ་ཡང་ཕྱིའི་འབྱུང་བ་ལྔ་ལས་ནང་མིའི་ལུས་ཀྱི་དོན་ལྔ་སྣོད་དྲུག་དང་དབང་པོ་ལྔ་སོགས་ཇི་ལྟར་གྲུབ་བམ་ཞེ་ན་ནི་འདི་ལྟ་སྟེ། འབྱུང་བ་ས་ལས་མིའི་ལུས་དང་། འབྱུང་བ་ཆུ་ལས་ལྕེ། འབྱུང་བ་མེ་ལས་མིག འབྱུང་བ་རླུང་ལས་སྣ། འབྱུང་བ་ནམ་མཁའ་ལས་རྣ་བ་བཅས་གྲུབ་པ་དང་། ཡང་དེ་བཞིན་དུ་འབྱུང་བ་ལྔས་མིའི་དབང་པོ་ལྔ་གྲུབ་པ་དང་ལྷན་ཅིག་དུ་ལུས་ཀྱི་དབང་པོ་མཆུ་དང་མཚེར་པ་འབྲེལ། ལྕེའི་དབང་པོ་དང་སྙིང་འབྲེལ། མིག་གི་དབང་པོ་དང་མཆིན་པ་འབྲེལ། སྣའི་དབང་པོ་དང་གློ་བ་འབྲེལ། རྣ་བའི་དབང་པོ་དང་མཁལ་མ་འབྲེལ། ཡང་དེ་བཞིན་དུ་དོན་ལྔ་ལས་སྣོད་དྲུག་ལ་ཕན་ཚུན་འབྲེལ་བ་ཡོད་པར་གྲུབ་སྟེ་དོན་མཆེར་པ་དང་ཕོ་བ་འབྲེལ། སྙིང་དང་རྒྱུ་མ་འབྲེལ། མཆིན་པ་དང་མཁྲིས་པ་འབྲེལ། གློ་བ་དང་སྣ་འབྲེལ། མཁལ་མ་དང་ལྒང་པ་བཅས་འབྲེལ། དེ་ལྟར་ཉེས་པ་གསུམ་དང་ཆུ་སེར་ཁྲག་བཅས་ལྔ་པོ་འདི་ཡང་རྣམ་པར་གྱུར་པའི་སྐབས་སུ་ཉེས་པ་རང་རང་སོ་སོའི་ནད་གཞི་རྟགས་དང་གནས་ས་ཁ་དོག་སོགས་མི་འགྱུར་བའི་གཟེར་དུ་རང་རྟགས་ཕྱིར་སྟོན་པའམ་མངོན་པར་བྱེད་པ་ཡིན་ཏེ།
མཁྲིས་པའི་དབང་ལས་ཁ་དོག་སེར་པོ་དང་འབྲེལ་ཆགས། ཆུ་སེར་གྱི་དབང་ལས་ཁ་དོག་ལྗང་ཁུ་དང་འབྲེལ་ཆགས། ཁྲག་གིས་དབང་ལས་ཁ་དོག་དམར་པོ་དང་འབྲེལ་ཆགས། བད་ཀན་གྱི་དབང་ལས་ཁ་དོག་དཀར་པོ་དང་འབྲེལ་ཆགས། རླུང་གི་དབང་ལས་ཁ་དོག་སྔོན་པོ་དང་འབྲེལ་ཆགས་པ་སོགས་མདོར་ན་འབྱུང་བ་ས་ཆུ་མེ་རླུང་ནམ་མཁའ་དང་མིའི་ལུས་སོགས་དབང་པོ་ལྔ། མཆེར་པ་སོགས་དོན་ལྔ། ཕོ་བ་སོགས་སྣོད་དྲུག མཁྲིས་པ་སོགས་ཉེས་པ་ལྔ། སེར་པོ་སོགས་ནད་གཞིའི་ཁ་དོག་ལྔ་བཅས་ཕན་ཚུན་གཅིག་ལ་གཅིག་རྟེན་ཅིང་འབྲེལ་པ་འབྱུང་བའི་ཐོག་ནས་ཕྱིའི་རང་བྱུང་ཁམས་ཀྱི་འབྱུང་བ་ལྔ་དང་ནང་འགྲོ་བ་མི་སོགས་སེམས་ཅན་ཀུན་གྱི་ལུས་ཀྱི་ཕུང་པོའི་ཆ་ཤས་དུ་མ་ཚོགས་པ་རྣམས་ཀྱང་གཅིག་ལ་གཅིག་རྟེན་གྱི་སྒོ་ནས་རགས་ལུས་པའི་ཕྱིར་ཐོག་མར་སྐྱེས་བུའི་ལུས་ཆགས་པ་དང་། བར་དུ་གནས་ཤིང་འཕེལ་བར་བྱེད་པ། མཐར་ལུས་ཉིད་འཇིག་པར་བྱེད་པ་སོགས་ཐམད་ཅད་འབྱུང་བ་ལྔའི་རང་བྱུང་ཆོས་ཉིད་དེ་ཤིན་ཏུ་ནས་དབང་བཙན་ཞིང་ཆེས་ཐོག་མར་སྐྱེ་དངོས་ཐམས་ཅད་ཆགས་པར་བྱེད་པ་དང་བར་དུ་གནས་ཤིང་རྒྱུ་བ་དང་འཕེལ་བར་བྱེད་པའི་རྒྱུ་དང་གྲོགས་བྱེད་པ་ཙམ་མ་ཟད་ཕན་པའམ་སྨིན་པ་ཡང་བྱེད་པར་འགྱུར་བའི་ཚུལ་ཁོ་ན་ཡིན།
འོན་ཀྱང་འདུས་བྱས་ཐམས་ཅད་མི་རྟག་པ་དང་ཟག་བཅས་ཐམས་ཅད་སྡུག་བསྔལ་བའི་རང་བཞིན་ལས་མ་འདས་སྟབས། ཟག་བཅས་ཀྱི་འབྱུང་བ་ཕྲ་རགས་ཀྱིས་དབང་ལས་མཐར་སྐྱེ་དངོས་དང་། རྩི་ཤིང་། མི་སོགས་ཐམས་ཅད་འཇིག་པར་བྱེད་པའི་རྒྱུ་དང་ལས་སོགས་མ་ལུས་པ་ཀུན་ཀྱང་འབྱུང་བ་ལྔ་ཆ་སྙོམས་དང་མི་སྙོམས་དང་དེ་བཞིན་འབྱུང་བ་ལྔ་འཁྲུགས་དང་མི་འཁྲུགས་པའི་དབང་ལས་དེ་ལྟར་ཆོས་ཐམས་ཅད་ཕྲ་བ་དང་རགས་པའི་འབྱུང་བ་ལྔ་པོ་དག་ལ་རྟེན་ཅིང་འབྱུང་བ་ལྔ་ལས་གྲུབ་སྟེ་བྱུང་བའི་ཆོས་ཤ་སྟག་གོ།
ཆོས་ཐམས་ཅད་འབྱུང་བ་ལྔའི་ངོ་བོར་གྲུབ་པ།
ཕྱིའི་རང་བྱུང་ཁམས་ཀྱི་སྐྱེ་དངོས་དང་། རྩི་ཤིང་། རི་ཀླུང་། ནགས་ཚལ། མཚོ་དང་མཚེའུ། གླིང་དང་གླིང་ཕྲན། གྲོང་དང་གྲོང་ཁྱེར། ཞིང་དང་ལོ་ཏོག་སོགས་ཐམས་ཅད་འབྱུང་བ་ལྔས་གྲུབ་པའི་ཆོས་ཤ་སྟག་ཡིན་ལ། དེ་བཞིན་ནང་སེམས་ཅན་གྱི་རིགས་མི་དང་། རི་དྭགས། གཅན་གཟན། འདབ་ཆགས་བྱ་བྱིའུ། འབུ་སྲིན་སོགས་ཐམས་ཅད་ཀྱི་ལུས་དང་ནང་གི་ཆ་ཤས་ཕྲ་མོ་ཚུན་ཆད་འབྱུང་བ་ལྔའི་ཆོས་ཉིད་ཀྱིས་རང་བཞིན་ལས་མ་གྲུབ་པའི་དངོས་པོ་གཅིག་ཀྱང་མེད། བར་དུ་ནམ་མཁའ་སྟོང་པའི་ཆར་ཤིན་ཏུ་ཕྲ་བའི་རྡུལ་ཕྲན་དང་རླུང་སོགས་ཐམས་ཅད་ཀྱང་འབྱུང་བ་ལྔའི་རང་བཞིན་དེ་ཁོ་ན་ཉིད་ལས་གྲུབ་པ་ཡིན། དེ་ལྟར་ཐབས་དང་ཐབས་བྱུང་གི་འབྲེལ་བའི་ཚུལ་ཇི་ལྟར་ཡོད་མེད་ནི་དེ་ཡང་གསོ་བའི་ཡུལ་འགྲོ་བའི་ལུས་འདི་ནི་འབྱུང་བ་བཞིའམ་ལྔ་ལས་གྲུབ་ཅིང་། གསོ་བྱའི་ནད་ཀྱང་དེ་བཞིན་དུ་འབྱུང་བ་བཞིའམ་ལྔ་ཡིས་བསྐྱེད་ལ། གཉེན་པོའི་སྨན་ཡང་འབྱུང་བ་བཞིའམ་ལྔ་འི་ངོ་བོ་ཉིད་ཡིན་པས་ན་ལུས་དང་ནད་དང་གཉེན་པོ་གསུམ་ནི་འབྱུང་བ་བཞིའམ་ལྔའི་ངོ་བོར་བདག་ཉིད་གཅིག་པར་འབྲེལ་ཡོད། དེར་བརྟེན་འབྱུང་བ་ལྔའི་རང་བཞིན་གང་ཡིན་པ་དག་རྒྱུ་དང་། རྐྱེན་དང་། རྟེན་འབྲེལ་དང་། བྱ་བྱེད་སོགས་ཐ་དག་འཛོམས་པའི་སྐབས་སུ་ཆོས་ཐམས་ཅད་ཆེས་ཐོག་མར་ཆགས་པར་བྱེད་པ་དང་། བར་དུ་འབྱུང་བ་ལྔ་པོ་ཆ་སྙོམས་པའི་སྐབས་སུ་གནས་ཤིང་འཕེལ་བར་བྱེད་པ་དང་། མཐར་འབྱུང་བ་ལྔའི་རང་བཞིན་ཆ་མི་སྙོམས་པའི་སྐབས་དེར་དེ་ལྟར་ཆོས་ཐམས་ཅད་རབ་ཏུ་འཇིག་པར་བྱེད་པའང་འབྱུང་བ་ཆེན་པོ་ལྔའི་ཆོས་ཉིད་ཀྱི་རང་བཞིན་དག་ཤིན་ཏུ་ནས་དབང་བཙན་པའི་རྒྱུ་མཚན་གྱིས་སོ།། །།
མཐའ་མའི་འདོན་ཐེངས་།: 18.11.2013 ཉིན། 4:31 PM
<< སྔ་མ།