སྨན་རྩིས་དྲ་བ། - ཆེད་རྩོམ།

འདྲ་དཔེའི་ཆེད་དུ་འདྲ་དཔེ་བཀོད་པ་མ་ཡིན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 06.10.2022
ཆེད་རྩོམ། >>

 

 

 

༄༅། །གསོ་རིག་རྒྱུད་བཞི་ལས་ལུས་ཁམས་ཀྱི་འདྲ་དཔེ་བསྟན་ཡོད་པ་དེ་ནི་ 

འདྲ་དཔེའི་ཆེད་དུ་འདྲ་དཔེ་ཙམ་བཀོད་པ་ 

གཏན་ནས་མ་ཡིན།

 

   བྱ་མདོ་ཀླུ་བྱམས་རྒྱལ།

 

གསོ་རིག་<<རྒྱུད་བཞིའི་>>ཡ་གྱལ་དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་ལེའུ་གསུམ་པའི་སྐབས་སུ་མིའི་ལུས་ཁམས་ཀྱི་གྲུབ་ཆ་རྣམས་ཚུལ་གང་དང་གང་འདྲ་བ་དེ་དག་ཕྱིའི་དངོས་པོ་དེ་དང་དེའི་དཔེ་རུ་སྦྱར་ནས་བསྟན་ཡོད་པ་དེར། སྔོན་གྱི་འགྲེལ་བཤད་མཁན་པོ་ཁ་ཅིག་དང་དེང་གི་སློབ་ཁྲིད་གནང་མཁན་འགའ་ཞིག་གིས་མནོ་བསམ་དང་དབྱེ་ཞིབ་ལེགས་པོ་མ་མཛད་པར་ལུས་ཀྱི་འདྲ་དཔེ་བསྟན་པ་དེ་ནི་གང་ལ་འདྲ་བའི་དཔེ་ཙམ་རང་དགར་བཀོད་པ་ལས་གཞན་པའི་དགོས་ཆེད་དང་རྒྱུ་མཚན་ནི་ཅི་ཡང་མེད་དོ་ཞེས་བཏང་སྙོམས་སམ་རང་བབས་སུ་བཞག་ཡོད་པས། ཁོ་བོས་སྐབས་འདིར་ནོར་འཁྲུལ་གྱི་འགྲེལ་ཚུལ་དེ་དང་ཁ་གཏད་དུ་ལངས་ནས་རང་བློས་དཔོག་ཚོད་ཀྱིས་འདྲ་དཔེའི་དགོས་དོན་འགའ་བརྗོད་པར་འདོད་པ་ལ།

 

 དང་པོ། ལུས་ཀྱི་འདྲ་དཔེས་གཤག་བཅོས་རིག་པའི་ཐད་བཏོན་པའི་ཕན་ནུས།

ཚེ་རིག་འཛིན་པ་ཀུན་གྱིས་མཁྱེན་གསལ་བཞིན་མི་ལུས་གཤག་བཅོས་རིག་པ་ཞེས་པ་ནི་མིའི་ལུས་ཁམས་ཀྱི་དོན་སྣོད་དང་དབང་པོ་སོ་སོའི་གྲུབ་ཚུལ་གྱི་རྣམ་པ་དང་གནས་ལུགས་བཅས་ལ་ཞིབ་འཇུག་བྱེད་པའི་ཚན་རིག་ཅིག་ཡིན་པ་དང་། གཤག་བཅོས་རིག་པ་ཞེས་པའི་ཐ་སྙད་དེ་ནི་ཉེ་བའི་དུས་རབས་སུ་གསར་དུ་དར་པའི་ཐ་སྙད་ཅིག་ཡིན་ཙང་། བོད་ལུགས་གསོ་རིག་གི་གཞུང་དུ་གཤག་བཅོས་རིག་པ་ཞེས་པའི་ཐ་སྙད་ཅིག་དངོས་སུ་མི་སྣང་མོད། དོན་དུ་ལུས་ཁམས་གྲུབ་ཚུལ་གྱི་གནས་ལུགས་བསྟན་ཡོད་པ་དེ་ཡིན།

དེ་ཡང་མི་གང་ཞིག་ཁོད་སྙོམས་པའི་སྟན་བདེ་བར་སྐྱིལ་མོ་ཀྲུང་ལེགས་པར་བྱས་ནས་སྒལ་པ་བསྲང་ཞིང་ལག་པ་འཕྱང་ནས་དྲང་པོར་བསྡད་པའི་ཕྱི་དབྱིབས་ནི། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཆེན་པོའི་ཕོ་བྲང་མཛེས་བརྗིད་ལྡན་པ་ཞིག་དང་འདྲའོ་ཞེས་ཐོག་མར་མིའི་ལུས་པོ་འདི་ཉིད་སྤྱིའི་སྒོ་ནས་རྒྱལ་པོའི་ཕོ་བྲང་གི་དཔེར་བཀོད་པ་དེས། མིིའི་ལུས་ཁམས་འདི་ཉིད་གྲུབ་ཆ་སོ་སོ་དང་། དབང་པོ་སོ་སོ། ཕུང་གྲུབ་སོ་སོ་བྱས་ནས་ཞིབ་ཕྲའི་དབྱེ་བ་མ་དགར་བའམ་གཤག་བཅོས་མ་བྱས་པའི་དུས་སྐབས་སུ་ལུས་པོ་ཉིད་ཆ་ཡོངས་སུ་ཚང་བའི་དངོས་པོ་ཧྲིལ་པོ་མ་<<整体>>ཞིག་ཡིན་པ་གསལ་པོ་བསྟན་པ་དང་། དེའི་ཤུཊ་ལས་རྒྱལ་པོའི་ཕོ་བྲང་ནི་མཁར་བད་དང་རྒྱ་ཕིབས་བ་གམ་སོགས་རྒྱུ་ཆ་མི་འདྲ་བ་དུ་མ་འདུས་པ་ལས་གྲུབ་པ་དེ་བཞིན་དུ་ཟག་བཅས་ཉེར་ལེན་གྱི་ཕུང་པོ་འདི་ཡང་ཕྲ་ཕུང་ནས་ཕུང་གྲུབ། ཕུང་གྲུབ་ལས་དབང་པོ། དེ་ལས་མ་ལག་བཅས་ཡན་ལག་དུ་མ་རིམ་བཞིན་ཚོགས་པ་ལས་གཞི་གཅིག་ཏུ་གྲུབ་པ་ཞིག་ཡིན་པ་ཤེས་ཐུབ།

 ལུས་ཀྱི་འདྲ་དཔེ་གསུང་བའི་ཐོག་མར་མིའི་ལུས་ཁམས་ཉིད་ཁོད་སྙོམས་སྟན་ལ་སྐྱིལ་ཀྲུང་ལེགས་པར་བྱས་ནས་སྒལ་པ་བསྲང་ཞིང་ལག་པ་འཕྱང་ལ་ཞེས་སྔོན་འགྲོའི་ཚུལ་དུ་བསྟན་པ་དེ་ནི། དེང་རབས་ཀྱི་མི་ལུས་གཤག་བཅོས་རིག་པའི་གཞུང་དུ་གཏན་འཁེལ་གནང་ཡོད་པའི་གཤག་བཅོས་རིག་པའི་འདུག་སྟངས་དང་གནས་ཡུལ་<<解剖学 姿势 与方位>>ཞེས་པ་དེ་དང་ཕྱོགས་གང་ཐད་ནས་དཔྱད་ཀྱང་གཅིག་མཚུངས་སུ་སྣང་།

 དེ་ལྟར་ཐོག་མར་ལུས་ཁམས་ཉིད་རྒྱལ་པོའི་ཕོ་བྲང་འདྲའོ་ཞེས་སྤྱིར་བསྟན་ནས་བྱེ་བྲག་ཏུ་ལུས་ཀྱི་གྲུབ་ཆ་རྣམས་རྒྱལ་པོའི་ཕོ་བྲང་གི་ཆ་ཤས་སོ་སོར་ཇི་ལྟར་འདྲ་བའི་ཚུལ་ཞིབ་པར་བཤད་པ་ནི་བཤད་རྒྱུད་ཀྱི་འདྲ་དཔེའི་ལེའུར།

‘‘དཔྱི་རུས་གཉིས་ནི་རྩིག་པའི་འགྲམ་གཞི་འདྲ།།’’ ཞེས་པ་ནས་ ‘‘གཉན་པའི་གནད་ནི་རྒྱལ་པོའི་མངའ་བསྐུར་འདྲ།།’’ ཞེས་ལེའུ་རྫོགས་པའི་བར་ཤོ་ལོ་ཀ་བརྒྱད་དང་ཕྱེད་ཀ་ཡོད་པ་དེར་ཕུང་པོ་འདྲ་བའི་དཔེ། དོན་སྣོད་འདྲ་བའི་དཔེ། གཉན་པ་གནད་ཀྱི་དཔེ་བཅས་ས་བཅད་གསུམ་དུ་ཕྱེ་ནས་བསྟན་ཡོད།

 གཤག་བཅོས་རིག་པ་ནི་མིའི་ལུས་ཁམས་གྲུབ་ཚུལ་གྱི་རྣམ་པའམ་གནས་ལུགས་ལ་ཞིབ་འཇུག་བྱེད་པའི་ཚན་རིག་ཅིག་ཡིན་ཞེས་གོང་དུ་ཞུས་ཟིན་པ་བཞིན་རྒྱུད་ཀྱི་འདྲ་དཔེ་དེ་དག་གིས་ལུས་ཁམས་ཀྱི་གྲུབ་ཚུལ་ལ་ཞིབ་འཇུག་བྱེད་པའི་ཐད་དུ་ཡང་སྙིང་ཕན་ནུས་ཅི་ཙམ་བཏོན་ཡོད་ཅེ་ན། འདྲ་དཔེའི་ལེའུ་ཡོངས་རྫོགས་འདིར་བཀོད་དེ་འགྲེལ་ན་ཡིག་ཚོགས་ལ་འཇིགས་པས་འོས་འཚམ་ཙམ་ཞུས་ན། ‘‘དཔྱི་རུས་གཉིས་ནི་རྩིག་པའི་འགྲམ་གཞི་འདྲ།།’’ ཞེས་པ་དེས། དཔྱི་རུས་གཡས་གཡོན་གཉིས་པོ་ནི་མི་དར་མའི་ལུས་པོར་རུས་པའི་དུམ་བུ་ 360 ཡོད་པ་རྣམས་ཀྱི་ནང་ནས་ཆེ་ཤོས་ཡིན་པ་དང་དེའི་གནས་ཡུལ་ལུས་ཀྱི་རྩ་བ་ཡིན་པར་བསྟན་ཞིང་། ‘‘སྒལ་ཚིགས་གསེར་གྱི་དོང་ཙེ་བརྩེགས་པ་འདྲ།།’’ ཞེས་དོང་ཙེ་དང་འདྲ་བའི་སྒལ་ཚིགས་ཀྱི་དབྱིབས་སམ་རྣམ་པ་ནི་གོར་མོའམ་ཟླུམ་པོ་དང་དེ་དག་གི་གནས་སྟངས་ནི་རིམ་པས་གཅིག་ཐོག་གཅིག་ཏུ་བརྩེགས་ཡོད་པ་གསལ་བཤད་བྱས་ལ།། ‘‘སྲོག་པ་རྩ་ནི་མཆོང་གི་ཀ་བ་འདྲ།།’’ ཞེས་སྲོག་རྩ་དམར་ནག་གི་སྡོང་པོ་གཉིས་ནི་བྱང་ཁོག་གི་ནང་དཀྱིལ་དུ་མཆོང་གི་ཀ་བ་རིང་པོ་བཙུགས་པ་དང་འདྲ་བར་མཉམ་གཤིབ་ཏུ་གྱེན་དུ་ལངས་ཡོད་པའི་རྣམ་པ་མངོན་སུམ་གྱི་ཚུལ་དུ་བསྟན་པ་རེད།

‘‘བྱང་ཁོག་སྟོད་སྨད་ཁྱམས་སྟོད་ཁྱམས་སྨད་འདྲ།།’’ ཞེས་པ་ནི། དར་དཀར་གྱི་ཡོལ་བ་བཀྲམ་པ་ལྟ་བུའི་མཆིན་དྲིས་བར་མཚམས་ཕྱེ་བར་བརྟེན་ནས་སྟོད་སྨད་གཉིས་སུ་གྲུབ་པའི་བྱང་ཁོག་དེ། ང་ཚོའི་མིག་ལ་དུས་རྒྱུན་པར་མངོན་སུམ་དུ་སྣང་ཐུབ་པའི་ཁང་པའི་ཁྱམས་སྟོད་ཁྱམས་སྨད་གཉིས་ཀྱི་དཔེར་བཀོད་པས། དེས་རྣམ་པ་ཙམ་མཚུངས་པ་ཐད་ཀར་གསལ་བཤད་བྱས་པས་མི་ཚད། ད་དུང་གནས་ཡུལ་གྱི་དབང་དུ་བྱས་ནའང་རིན་པོ་ཆེ་ལ་སོགས་པའི་རྒྱུ་ནོར་རྩ་ཆེན་གྱི་རིགས་རྣམས་ཁང་པའི་ཁྱམས་སྟོད་དུ་གཉེར་བ་དང་། གསེར་དངུལ་མ་ཡིན་པའི་རྒྱུ་རྫས་ཕལ་པ་རྣམས་ནི་ཁང་པའི་ཁྱམས་སྨད་ལ་གསོག་པ་འཇིག་རྟེན་ལ་དར་བའི་སྤྱིར་བཏང་གི་དཔེ་བཞིན། བྱང་ཁོག་སྟོད་དུ་གློ་སྙིང་མཆིན་པ་སོགས་ཚེ་སྲོག་གི་རྟེན་གཙོ་བོ་རྣམས་དང་། བྱང་ཁོག་སྨད་དུ་ཕོ་མཆེར་རྒྱུ་ལོང་བཅས་རབ་ཏུ་མི་གཉན་པའི་དོན་སྣོད་ཡོད་པའང་ངང་གིས་གསལ་བཤད་བྱས་ཡོད།

གཞན་ཡང་མན་རྒྱུད་དུ། ‘‘མཆིན་པ་བྲག་གཡང་གཟར་འདྲ་གྱེན་དུ་བསླང་། །མཆེར་པ་མཐའ་འཐུག་དཀྱིལ་སྲབ་འཁུར་བ་འདྲ། །ཕོ་བ་ཟས་སྣོད་ལ་ཕུག་སུལ་བཞི་འདྲ། །མཁྲིས་པ་མཆིན་འདབས་གསེར་རྐྱལ་བཀལ་བ་འདྲ། །ལོང་ག་སུམ་འཁྱོག་གསེར་སྦྲུལ་ལྕག་བྲབས་འདྲ།།’’ཞེས་ལུས་ཁམས་ཀྱི་གྲུབ་ཆ་དོན་སྣོད་རྣམས་ཀྱི་གནས་ཡུལ་དང་རྣམ་པ། ཆེ་ཆུང་དང་གཟུགས་དབྱིབས་བཅས་རེ་རེ་བྱས་ནས་གསལ་པོར་བསྟན་ཡོད་དེ། མཆིན་པ་ནི་གྲོད་ཁོག་གཡས་ངོས་ཀྱི་ཆེས་མཐོ་སར་གཞུ་དབྱིབས་ལྟར་གྱེན་དུ་བསླང་བའི་ཚུལ་དུ་ཆགས་ནས་ཡོད་པས་བྲག་གཡང་གྱེན་དུ་བསླང་འདྲ་ཞེས་དང་། མཆེར་པ་ནི་དབྱིབས་ཅུང་ཟད་གོར་མོ་ཡིན་པ་དང་དཀྱིལ་དུ་ཁྲག་རྩ་དང་དབང་རྩ་མང་པོ་དོན་སའི་སྒོ་ལྟ་བུར་མཆིས་སྟབས་མཐའ་དང་བསྟུར་ན་དབུས་ཅུང་སྲབ་པས་དབྱིབས་ལ་བལྟས་ནས་གྲོ་ཕྱེའི་འཁུར་བའི་དཔེར་སྦྱར་བ། ཕོ་བ་ནི་འཇུ་བྱེད་མ་ལག་གི་གྲུབ་ཆ་ཆེས་གལ་ཆེ་བ་ཡིན་པ་དང་། སྟོད་ཆེ་ཞིང་སྨད་ཕྲ་བར་སུལ་གྲོང་མོ་བཞི་གནས་པས་ལ་ཕུག་སུལ་བཞིའི་དཔེར་བཀོད་པ། མཁྲིས་པ་ནི་མཆིན་པའི་འདབ་ཕྱོགས་ཀྱི་ནང་ལྡེབས་སུ་འབྱར་ནས་འཕྱང་བའི་ཚུལ་དུ་ཆགས་ཤིང་དེའི་གཟུགས་དབྱིབས་ནི་ཤིང་ཐོག་ལིའམ་རྐྱལ་བ་དང་འདྲ་པོ་ཡོད་ལ་མདོག་ཅུང་སེར་པོར་སྣང་བས་གསེར་རྐྱལ་བཀའ་འདྲ་ཞེས་དང་། ལོང་ག་ནི་རྒྱུ་མ་དང་འབྲེལ་ཞིང་ཁྲག་ལོང་དང་། རྩམ་ལོང་། སྲིན་ལོང་བཅས་རིམ་པ་ལྟར་གྱེན་དང་། འཕྲེད། ཐུར་བཅས་སུམ་འཁྱོག་ཏུ་འཁྱིལ་ནས་གནས་ཡོད་སྟབས་གསེར་སྦྲུལ་ལྕག་བྲབས་འདྲ་བའི་དཔེར་བསྟན་པའོ།།

དེ་ལྟར་འོས་ཤིང་འཚམ་པའི་དཔེ་འགོད་ཀྱི་ཐབས་ལམ་ལ་བརྟེན་ནས་ལུས་སྟོད་སྨད་ཀྱི་ནང་གི་ཆ་ཤས་རྣམས་ངོས་འཛིན་བདེ་བར་མཛད་པས། ང་ཚོས་གཤག་བཅོས་རིག་པ་སློབ་སྦྱོད་བྱེད་སྐབས་ཕན་འབྲས་ངེས་ཅན་འབྱུང་སྲིད་པ་མ་ཟད། འདྲ་དཔེའི་ལེའུ་རུ་ལུས་ཁམས་ཀྱི་གྲུབ་ཆ་རྣམས་མ་ལག་གམ་ཁོངས་གཏོགས་སུ་བསྒྲིགས་ནས་བསྟན་མེད་པར་ལུས་ཁམས་ཀྱི་གནས་ཁག་སོ་སོའི་ཆགས་རིམ་དང་། གནས་ཁག་ཕན་ཚུན་བར་གྱི་འབྲེལ་བ་གཙོ་བོར་བྱས་ནས་བསྟན་ཡོད་པས་ན། དེང་རབས་གསོ་རིག་གི་གཤག་བཅོས་རིག་པར་ཁོངས་འདུས་གཤག་བཅོས་རིག་པ་ <<系 统解剖学>> དང་། ཆ་ཤས་གཤག་བཅོས་རིག་པ་<<局部解剖学>> ཞེས་གཉིས་སུ་དབྱེ་ཡོད་པ་ལས། ལུས་ཀྱི་འདྲ་དཔེའི་བརྗོད་དོན་དངོས་ནི་དེང་གི་ཆ་ཤས་གཤག་བཅོས་རིག་པའི་ནང་དོན་དང་ཕལ་ཆེར་གཅིག་མཚུངས་རེད་ཅེས་སྨྲ་བར་སྤོབས་སོ།།

 གཉིས་པ། འདྲ་དཔེའི་སྒོ་ནས་ལུས་ཁམས་ཀྱི་བྱེད་ལས་གསལ་བཤད་བྱས་པ།

མིའི་ལུས་ཁམས་ཀྱི་གྲུབ་ཆ་ཁག་གི་མཚན་ཉིད་དང་བྱེད་ལས་རྣམས་ཅི་འདྲ་ཡིན་པའི་ཚུལ་བཤད་རྒྱུད་ལུས་ཀྱི་མཚན་ཉིད་སྐབས་ཆེད་དུ་གཉེར་ནས་ཞིབ་ཅིང་རྒྱས་པ་བསྟན་ཡོད་པ་དང་། དེས་དེང་རབས་གསོ་རིག་གི་མི་ལུས་སྐྱེ་ལུགས་རིག་པའི་<<人体生理学>>ནང་དོན་ཕལ་ཆེར་ཅུང་རྒྱུད་རིམ་ལྡན་པའི་སྒོ་ནས་གསལ་བཤད་དང་ངོས་འཛིན་ཡང་དག་བྱས་ཡོད་ལ། ལུས་ཀྱི་འདྲ་དཔེ་དེས་དངོས་ཤུགས་ཅི་རིགས་ཀྱི་སྒོ་ནས་ལུས་པོའི་བྱེད་ལས་སམ་ནུས་པ་སྣ་ཚོགས་གསལ་བཤད་བྱས་ཡོད་དེ། ‘‘དབང་པོ་སྒོ་ལྔ་སྐར་ཁུང་གཏོད་པ་འདྲ།།’’ ཞེས་པའི་དཔེ་དེར་མཚོན་ན། རྒྱལ་པོའི་ཕོ་བྲང་གི་ཡང་ཐོག་གམ་ཡང་ན་སྤྱིར་བཏང་གི་ཁང་པའི་སྟེང་དུ་སྐར་ཁུང་གཏོད་ཡོད་པ་དེ་ཡིས་ཉི་མའི་འོད་སྣང་ལ་བརྟེན་ནས་ཁང་པའི་ནང་གསལ་བར་བྱེད་པའི་ནུས་པ་འདོན་གྱི་ཡོད་ལ། དཔེ་དེའི་ཤུགས་ལས་གཟུགས་ཀྱི་སྒོ་མིག་དང་། སྒྲའི་སྒོ་རྣ་བ། དྲིའི་སྒོ་སྣ། རོའི་སྒོ་ཁ། རེག་བྱའི་སྒོ་བ་སྤུའི་བུ་ག་བཅས་དབང་པོ་སྒོ་ལྔ་རྣམས་སོ་སོས་རང་རང་གི་ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་རྣམས་སོ་སོར་འཛིན་ཅིང་། དེ་ཡང་གཟུཊ་དབྱིབས་དང་ཁ་དོག་སོགས་སྣ་ཚོགས་མ་འདྲེས་འཁྲུལ་མེད་ངང་ཇི་བཞིན་ཚོར་ཞིང་ངོས་འཛིན་གསལ་པོར་བྱེད་ཐུབ་པའི་ལས་དེ་གསལ་བཤད་བྱས་འདུག།

‘‘འོག་སྒོ་གཉིས་ནི་ཆུ་ཁུང་བཞག་པ་འདྲ།།’’ ཞེས་གསུངས་པ་ནི་བྱེད་ལས་འདྲ་བའི་དཔེ་ཁྱད་པར་བ་ཞིག་སྟེ། ཁང་པའི་ནང་གི་ཆུ་རྙོག་ལ་སོགས་པའི་སྙིགས་མ་རྣམས་ནི་ཆུ་ཁུང་ལས་ཕྱིར་འཕུད་ཀྱི་ཡོད་པ་བཞིན། མིའི་ལུས་ཁམས་ཀྱིས་རྙིང་དོར་གསར་ལེན།<<新陈代谢>>བརྒྱུད་ནས་བྱུང་བའི་ལུས་ཁམས་ནང་གི་དངོས་རྫས་སྙིགས་རོ་མང་ཆེ་བ་གཅིན་སྒོ་ནས་ཕྱིར་གཏོང་གི་ཡོད་ལ། བཅུད་རྫས་དང་དྭངས་མ་སྡུད་ལེན་བྱས་ཟིན་པའི་ཟས་སྐོམ་གྱི་སྙིགས་རོ་རྣམས་ཐད་ཀར་གཞང་སྒོ་ལས་ཕྱིར་གཏོང་གི་ཡོད་པའོ།།

 གཞན་ཡང་། ‘‘སྙིང་ནི་རྒྱལ་པོ་གདན་ལ་བཞུགས་པ་འདྲ། །གློ་བ་མ་ལྔ་ནང་གི་བློན་པོ་འདྲ། །གློ་བ་བུ་ལྔ་རྒྱལ་པོའི་སྲས་དང་འདྲ། །བསམ་སེའུ་ནི་ནོར་གྱི་བང་མཛོད་འདྲ། །མཁྲིས་པ་སྡོར་གྱི་རྐྱལ་བ་བཀའ་བ་འདྲ།།’’ ཞེས་དོན་སྣོད་རྣམས་ཀྱི་མཚན་ཉིད་དང་བྱེད་ལས་བཅས་ག་འདྲ་ཡིན་པའི་ཚུལ་མཚོན་གྱི་ཡོད་པ་སྟེ། སྙིང་ནི་ནམ་མཁའི་ཁམས་ཀྱི་དྭངས་མ་དང་། ཚེ་སྲོག་གི་རྟེན་དུ་གྱུར་པས་ན་ལུས་ཁམས་ཀྱི་གྲུབ་ཆ་རྣམས་ལས་ཆེས་ཤིན་ཏུ་གཉན་ཞིང་། རླུང་ཁྱབ་བྱེད་ཀྱི་སྟོབས་ལ་བརྟེན་ནས་ཁྲག་སོགས་དྭངས་མའི་རྒྱུན་རྣམས་ལུས་ཀུན་ལ་ཁྱབ་པར་གཏོར་བའི་དོན་བྱེད་པ་བཅས། མིའི་ཚེ་སྲོག་གི་འགུལ་སྐྱོད་རྒྱུན་འཁྱོངས་བྱེད་པར་རྩ་བའི་གནད་འགག་ཏུ་གྱུར་པའི་འཁོར་སྐྱོད་མ་ལག་<<偱环系统>>གི་ཨ་མ་ཉིད་ཡིན་པ་སོགས་རྒྱལ་པོ་ལྟ་བུའི་ལས་གཙོ་བོ་རྣམས་སྙིང་གིས་བྱེད་པའི་རྐྱེན་གྱིས་རྒྱལ་པོ་དང་འདྲ་བ་ཞེས་དང་། གློ་བ་མ་བུ་གཉིས་ཀ་རིམ་པ་བཞིན་རྒྱལ་པོའི་ནང་བློན་དང་རྒྱལ་སྲས་སུ་དཔེར་བསྟན་པ་དེ་ནི། རླུང་ཁམས་ཀྱི་དྭངས་མའམ་དབུགས་ཀྱི་རྟེན་དུ་གྱུར་པའི་གློ་བ་མ་བུ་གཉིས་ཀས་མིའི་ལུས་པོར་འདོན་པའི་བྱེད་ནུས་སམ་ཚེ་སྲོག་འཚོ་བར་བྱེད་པ་ལ་ཕན་གནོད་དང་གཉན་པའི་གནད་གཙོ་ཆེ་ཆུང་གི་རིན་ཐང་གི་ཚད་ནི་ཆ་གང་ནས་བརྟག་ཀྱང་རྒྱལ་པོའི་ནང་བློན་དང་རྒྱལ་སྲས་གཉིས་དང་མཚུངས་པ་ཡིན་ཞེས་པ་སྟེ། འབྱིན་རྔུབ་མ་ལག་ <<呼 吸系统>>གི་གྲུབ་ཆ་གཙོ་བོར་གྱུར་པའི་གློ་བས་ཕྱི་རོལ་ཡུལ་གྱི་མཁའ་རླུང་དྭངས་མ་ <<氧气>>ནང་དུ་རྔུབ་འཐེན་དང་། ལུས་པོའི་མཁར་རླུང་སྙིགས་མ་<< 二 氧 化 碳>>ཕྱིར་འབྱིན་གཏོང་བྱས་པར་བརྟེན་ནས་མིའི་ཚེ་སྲོག་གི་གཞི་རྩའི་ཁྱད་ཆོས་སུ་མངོན་པའི་རྙིང་དོར་གསར་ལེན་གྱི་བྱ་རིམ་དེ་བདེ་བླག་ངང་བྱེད་ཐུབ་པ་བྱུང་བ་རེད། བསམ་སེའུ་ནི་ཟས་སྐོམ་གྱི་དྭངས་མ་ལས་རིམ་པར་བྱུང་བའི་ལུས་ཟུངས་ཀྱི་བཅུད་ཆེན་པོ་གསོག་པའི་སྣོད་ཡིན་ཞིང་། ནང་གི་བཅུད་དེ་ཟད་པ་མེད་པར་ལུས་ཀུན་ལ་ཁྱབ་སྟེ་ཚེ་རིང་དུ་གནས་པའི་རྟེན་བྱེད་པ་དང་འབྲེལ་ལུས་ཁམས་ཀྱི་གཟི་བརྗིད་དང་མདངས་ལེགས་པར་བྱེད་པ་བཅས། མདོར་ན་ལུས་སེམས་གང་ལ་ཡང་དགའ་བདེ་སྐྱེད་པ་སོགས་ཀྱི་ཡོན་ཏན་ལེགས་ཚོགས་ཇི་སྙེད་ཅིག་འབྱུང་བའི་གཞི་ནི་བསམ་སེའུ་ཉིད་ཡིན་པའི་དོན་གྱིས་དགོས་འདོད་མཐའ་དག་ཇི་བཞིན་དུ་འབྱུང་བའི་རྒྱལ་པོའི་ཕོ་བྲང་གི་ནོར་གྱི་བང་མཛོད་དང་འདྲ་བ་ཞེས་བྱེད་ལས་འདྲ་བའི་དཔེ་བསྟན་པ། གཞན་ཡང་ང་ཚོའི་ཁ་ཟས་སུ་གྱུར་པའི་ལ་ཕུག་དང་ཡུངས་མ་སོགས་བཙོ་བའི་སྐབས་སུ་ཤ་ཚིལ་ཚྭ་བཅས་ཀྱི་སྡོར་ཡོད་ན་ཚོས་སླ་ཞིང་ལེགས་པར་ཚོས་ནས་བྲོ་བའང་ཞིམ་པོ་འབྱུང་བ་དང་། གལ་ཏེ་ཟས་ལ་བྲོ་བ་འབྱིན་བྱེད་ཀྱི་སྡོར་མེད་ན་ཚོས་དཀའ་བ་དང་ལེགས་པར་ཚོས་མི་ནུས་པར་ཞིམ་པོའང་མི་འབྱུང་བ་དེ་བཞིན་དུ། མིའི་ལུས་པོའི་སྣོད་དྲུག་གི་ནང་ཚན་སྣོད་ཀྱི་མཁྲིས་པ་དེས་ཟས་སྐོམ་སྤྱི་དང་སྒོས་སུ་ཞག་ཚིའི་རིགས་འཇུ་བར་བྱེད་པ་ལ་ནུས་པ་ཆེས་ཆེར་འདོན་གྱི་ཡོད་པས་ན་སྣོད་མཁྲིས་དེ་སྡོར་དང་འདྲ་བ་ཞེས་ཐུན་མོང་མ་ཡིན་པའི་བྱེད་ལས་འདྲ་བའི་དཔེ་བླ་ན་མེད་པ་ཞིག་བཀོད་ཐུབ་པ་དེ་ནི། རྗེ་གཡུ་ཐོག་ཡོན་ཏན་མགོན་པོ་གང་ཉིད་མི་ལུས་སྐྱེ་ལུགས་རིག་པར་བྱང་ཆུབ་པའི་མཚོན་རྟགས་དང་ཁོང་གི་ཁྱད་དུ་འཕགས་པའི་བློ་གྲོས་ཀྱི་དྭངས་མ་རེད་ཞིག་སྙམ།

 

 གསུམ་པ། འདྲ་དཔེ་དེ་ནད་ཐོག་རིག་པའི་སྐབས་ཉེར་སྤྱོད་ཀྱི་རིན་ཐང་ལྡན་པ།

དེ་ཡང་རྒྱུད་བཞིའི་མཇུག་དོན་བསྡུས་པའི་ལེའུའི་སྐབས། ‘‘མདའ་གཤའ་ཕང་བ་བཀང་ཡང་གཏད་ས་མདེ་རྩེ་གང་། །སོ་ནམ་དུས་བཞིར་བཙལ་ཡང་མདོ་དོན་ལྟོ་རྒྱབ་གཉིས། །རྣམ་གྲངས་དུ་མར་ཕྱེ་ཡང་འབྲས་བུ་གྲུབ་པར་བསྡུ། །དེ་བཞིན་རྒྱུད་དང་ཡན་ལག་གནས་སྐབས་མདོ། །དུ་མར་བརྗོད་ཡང་མདོ་དོན་རྣམ་པ་གཉིས། །ནད་དང་ནད་མེད་བྱ་བ་ཧྲིལ་གྱིས་དྲིས།།’’ ཞེས་གསུངས་པ་ལྟར་རང་རེའི་སྨན་བཅོས་འཕྲོད་བསྟེན་ལས་རིགས་པའི་བགྱི་བ་མཐའ་དག་མདོར་གྱིས་དྲིལ་ན་མདོ་འགག་གི་དོན་ནི་རྣམ་པ་གཉིས་སུ་འདུས་ཏེ། ནད་ཅན་ཏེ་ན་བ་རྣམས་གསོ་དགོས་པ་དང་། ནད་མེད་རྣམས་ལ་རྒྱུན་སྤྱོད་དང་བཅུད་ལེན་སོགས་བསྟེན་པའི་སྒོ་ནས་མི་ན་བར་གནས་པར་བྱེད་དགོས་པ་བཅས་རེད། དེ་ལྟར་ནད་ཅན་དང་ནད་མེད་གཉིས་ལས་ནད་ཅན་གྱི་དོན་དུ་གསོ་བར་བརྩོན་དགོས་ན་ཐོག་མར་ནད་འཇུག་པའི་གཞི་དང་སྨན་དཔྱད་བྱ་བའི་ཡུལ་ཏེ་མིའི་ལུས་ཁམས་ཀྱི་རང་བཞིན་དང་མཚན་ཉིད་གནས་ལུགས་སོགས་ཇི་བཞིན་ཤེས་དགོས་པ་སྟེ། རྣམ་པར་མ་གྱུར་པའམ་ཐ་མལ་རྒྱུན་ལྡན་སྐབས་ཀྱི་ལུས་ཁམས་ཀྱི་ནད་ཟུངས་དྲི་མ་དོན་སྣོད་དང་བཅས་པའི་ཚད་གཞི་དང་རྣམ་གྲངས་སོགས་ཡིད་ལ་གསལ་པོ་མ་ངེས་ན། རྣམ་པར་གྱུར་པའམ་རྒྱུན་ལྡན་མིན་པའི་ལུས་ཁམས་ཉིད་ཅི་འདྲ་ཞིག་ཡིན་པ་ཤེས་ཐབས་བྲལ་བས།  གསོ་རིག་གི་རྨང་གཞིའི་སློབ་ཚན་དུ་གྱུར་པའི་ལུས་ཁམས་ཀྱི་མཚན་ཉིད་དང་གནས་ལུགས་སོགས་གསལ་ཞིང་རྒྱས་པ་ནི་རང་རང་གི་ལེའུའི་སྐབས་བསྟན་ཡོད་མོད། ལུས་ཀྱི་འདྲ་དཔེའི་ལེའུ་རུའང་ཐུན་མོང་མ་ཡིན་པའི་དཔེ་འགོད་ཀྱི་ཐབས་ལམ་ལ་བརྟེན་ནས་ལུས་ཁམས་ཀྱི་གནས་ལུགས་དང་མཚན་ཉིད་ཁག་གཅིག་གསལ་བཤད་གནང་བ་བརྒྱུད་ནས་སྨན་དཔྱད་ལག་ལེན་དངོས་ཐོག་ཏུ་འཁེལ་བའི་སྐབས་དེ་དག་ཉེར་སྤྱོད་ཐུབ་པའི་ཆ་རྐྱེན་བསྐྲུན་ཡོད། དེ་ཡང་‘‘གཉན་པའི་གནད་ནི་རྒྱལ་པོའི་མངའ་བསྐུར་འདྲ།།’’ ཞེས་པའི་དཔེ་དེར་མཚོན་ན། རྒྱུད་ལས་གསལ་པོར་བསྟན་པའི་རྩ་གནད་དང་། ཤ་གནད། རུས་གནད། ཆུ་རྒྱུས་ཀྱི་གནད་སོགས་གཉན་པའི་གནད་རྣམས་ནི་རྒྱལ་པོའི་མངའ་ཐང་འཛིན་པར་དབང་བསྐུར་བའི་བློན་པོའམ་ཕོ་ཉ་དག་དང་འདྲ་བར་གནས་པས། ཤིན་ཏུ་གཉན་པའི་གནད་དེ་རྣམས་ལ་རྟག་ཏུ་གཟབ་འགྲིམས་ཆེན་པོས་འཚོ་བར་བྱེད་དགོས་ཞེས་གཉན་པའི་གཙོ་ཆེ་ཆུང་གི་བྱེ་བྲག་བཅས་གསལ་པོར་བསྟན་པས་ན། ནད་ཐོག་ལག་ལེན་སྤྱི་དང་སྒོས་སུ་གཏར་བསྲེག་ལ་སོགས་པའི་འཇམ་རྩུབ་ཀྱི་དཔྱད་སྣ་ཚོགས་བགྱིད་པའི་ཚེ་བདེ་སྤྱོད་ཀྱི་རིན་ཐང་དང་ཕན་འབྲས་ངེས་ཅན་ལྡན་པ་ཡིན་ནོ།།

 མདོར་ན།  དཔལ་ལྡན་༼ རྒྱུད་བཞི་ ༽ལས་ལུས་ཁམས་ཀྱི་འདྲ་དཔེ་བསྟན་ཡོད་པ་དེ་ནི་དཔེ་དཔེ་ཅན་གཉིས་ཀ་འོས་ཤིང་འཚམ་ལ་ཚན་རིག་དང་ཅུང་མཐུན་པ་དང། བོད་ལུགས་གསོ་རིག་གི་ཐུན་མོང་མ་ཡིན་པའི་སློབ་ཁྲིད་ཀྱི་ཐབས་ཤེས་ཁྱད་པར་ཅན་ཞིག་ལགས་ན་ང་ཚོས་ལུས་ཁམས་ཀྱི་གྲུབ་ཆའི་ཆ་ཤས་དང་བྱེད་ལས་སོགས་ལ་ངོས་འཛིན་བྱེད་རྒྱུའི་ཐད་ནང་ལྐོག་ཏུ་གྱུར་པ་རྣམས་ཕྱིར་མངོན་དུ་འགྱུར་བའི་དོན་སྙིང་གལ་ཆེན་ལྡན་པ་མ་ཟད། ལས་དང་པོ་བ་རྣམས་དེར་སྤྲོ་བས་འཇུག་ནུས་པའི་དགེ་མཚན་ལྡན་པ་ཡང་གདོང་མི་ཟ་བས་འདྲ་དཔེ་བསྟན་པ་དེ་ནི་འདྲ་དཔེའི་ཆེད་དུ་འདྲ་དཔེ་ཙམ་བཀོད་པ་གཏན་ནས་མ་ཡིན་ནོ།། །།

 

-          འདི་ནི་ཕྱི་ལོ་ ༡༩༩༢ ལོར་བོད་ལྗོངས་ཞིབ་འཇུག་དུས་དེབ་ནས་ཟུར་འདོན་བྱས།






མཐའ་མའི་འདོན་ཐེངས་།: 06.10.2022 ཉིན། 3:06 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།