སྨན་རྩིས་དྲ་བ། - བཀའ་འགྱུར་གསོ་རིག

འདུལ་བ་སྨན་གྱི་གཞི། ཀ་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 10.04.2023
བཀའ་འགྱུར་གསོ་རིག >>



སྡེ་དགེ་པར་ཕུད། བཀའ་འགྱུར། སྨན་གྱི་གཞི། ཀ། པོད་དང་པོ།

སྨན་གྱི་གཞིའི་བསྡུས་པའི་སྡོམ་ལ། སྨན་དག་དང་ནི་བདེ་ཆེན་དང་། །རྒྱལ་པོའི་ཁབ་དང་འོད་མའི་ཚལ། །ཤིང་མཁན་ཡིད་ཙ་ནང་ག་ལ། །ཀམ་བི་ལ་དང་སྔོན་རྒྱལ་པོའོ། །གཞོན་ནུ་འཕེལ་དང་ནད་པ་དང་། །གཏམ་དུ་གྱུར་དང་སྡེར་བསྡུས་སོ།།

སྡོམ་ལ། སྨན་ནི་རྗེས་སུ་གནང་བ་དང་། །ཚིལ་དང་གཡན་པ་མིག་སྨན་དང་། །སྨྱོན་པ་དང་ནི་བི་ལིན་ད། །ནམ་གྲུ་དང་ནི་སྐྱུར་ཁུའོ།།

སངས་རྒྱས་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་དགེ་སློང་རྣམས་སྟོན་ཀའི་ནད་ཀྱིས་ཐེབས་ཏེ། དེ་རྣམས་སྟོན་ཀའི་ནད་ཀྱིས་བཏབ་པས་སྐྱ་བ་བསེང་བསེང་པོར་གྱུར་ཅིང་རིད་པ་དང་། ཉམ་ཆུང་བ་དང་། ན་བས་ཉམ་དམས་པར་གྱུར་ཏོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་སྨས་པ། ཀུན་དགའ་བོ་ཅིའི་ཕྱིར་ད་ལྟར་དགེ་སློང་འདི་རྣམས་སྐྱ་བོ་བསེང་བསེང་པོར་གྱུར་ཅིང་རིད་པ་དང་། ཉམ་ཆུང་བ་དང་། ན་བས་ཉམས་དམས་པར་གྱུར། ཚེ་དང་ལྡན་པ་ཀུན་དགའ་བོས་གསོལ་པ། བཙུན་པ་དགེ་སློང་འདི་རྣམས་སྟོན་ཀའི་བྲོ་ནད་ཀྱིས་བཏབ་སྟེ། འདི་རྣམས་སྟོན་ཀའི་བྲོ་ནད་ཀྱིས་བཏབ་པས་སྐྱ་བོ་བསེང་བསེང་པོར་གྱུར་ཅིང་རིད་པ་དང་། ཉམ་ཆུང་བ་དང་། བྲོ་འཚལ་བས་ཉམ་དམས་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་ལྟ་བས་ན་རྗེས་སུ་གནང་སྟེ། དགེ་སློང་གིས་སྨན་སོ་སོར་བསྟེན་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་སྨན་སོ་སོར་བསྟེན་པར་བྱའོ། །ཞེས་གསུངས་པ་དང་། དེ་རྣམས་དུས་སུ་ཟ་བ་ཡིན་པས་དུས་སུ་སྟེན་པར་བྱེད་ཀྱིས། དུས་ལས་ཡོལ་བར་སྟེན་པར་མི་བྱེད་པས་དེ་རྣམས་སྐྱ་བོ་བསེང་བསེང་པོར་གྱུར་ཅིང་རིད་པ་དང་། ཉམ་ཆུང་བ་དང་། ན་བས་ཉམ་དམས་པར་གྱུར་ཏོ། །སངས་རྒྱས་བཅོམ་ལྡན་འདས་ནི་མཁྱེན་བཞིན་དུ་རྨེད་པ་ཡིན་པས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་སྨས་པ། ཀུན་དགའ་བོ་ངས་དགེ་སློང་གིས་སྨན་སོ་སོར་བསྟེན་པར་བྱའོ་ཞེས་བཀའ་སྩལ་ན། འོན་ཀྱང་ད་ལྟར་དགེ་སློང་འདི་རྣམས་སྐྱ་བོ་བསེང་བསེང་པོར་གྱུར་ཅིང་རིད་པ་དང་། ཉམ་ཆུང་བ་དང་། ན་བས་ཉམ་དམས་པར་གྱུར་ཏམ། ཚེ་དང་ལྡན་པ་ཀུན་དགའ་བོས་གསོལ་བ། བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་སྨན་སོ་སོར་བསྟེན་པར་བྱའོ་ཞེས་གསུངས་པ་འདི་དག་དུས་སུ་འཚལ་བ་ལགས་པས་དུས་སུ་སྟོན་པར་བགྱིད་ཀྱི་དུས་ལས་ཡོལ་བར་མི་སྟེན་ཏེ། དེའི་སླད་དུ་སྐྱ་བོ་བསེང་བསེང་པོར་གྱུར་ཅིང་རིད་པ་དང་། ཉམ་ཆུང་བ་དང་། བྲོ་འཚལ་བས་ཉམས་དམས་པར་གྱུར་ལགས་སོ། །ཀུན་དགའ་བོ་དེ་ལྟ་བས་ན་རྗེས་སུ་གནང་སྟེ། དགེ་སློང་རྣམས་ཀྱི་སྨན་རྣམ་པ་བཞི་པོ་དུས་སུ་རུང་བ་དང་། ཐུན་ཚོད་དུ་རུང་བ་དང་། ཞག་བདུན་པ་དང་། འཚོ་བའི་བར་དུ་བཅང་བ་སོ་སོར་བསྟེན་པར་བྱའོ། །དེ་ལ་དུས་སུ་རུང་བ་ནི་འད་གུ་དང་། འབྲས་ཆན་དང་། ཟན་དྲོན་དང་། ཤ་དང་། སྣུམ་ཁུང་ངོ་། །ཐུན་ཚོད་དུ་རུང་བ་ནི་བཏུང་བ་རྣམ་པ་བརྒྱད་པོ་ཤིང་ཐོག་ཙེ་ཙའི་བཏུང་བ་དང་། ཆུ་ཤིང་གི་འབྲས་བུའི་བཏུང་བ་དང་། རྒྱ་ཤུག་གི་བཏུང་བ་དང་། ཨ་ཤྭཏྠའི་བཏུང་བ་དང་། ཨུ་དུམ་བྰ་རའི་བཏུང་བ་དང་། པ་རུ་ཤ་ཀའི་བཏུང་བ་དང་། རྒུན་འབྲུའི་བཏུང་བ་དང་། འབྲ་གོའི་བཏུང་བའོ། །བར་སྡོམ་ལ། ཙོ་ཙ་ཆུ་ཤིང་རྒྱ་ཤུག་དང་། །ཨ་ཤྭད་ཨུ་དུམ་བྰ་ར་དང་། །བ་རུ་ཤ་ཀ་རྒུན་འབྲུ་དང་། །བརྒྱད་པ་ཡང་ནི་འབྲ་གོ་ཡིན། །ཞག་བདུན་པ་ནི་མར་དཀར་དང་། །ཏིལ་མར་དང་། བུ་རམ་གྱི་དབུ་བ་དང་། སྦྲང་རྩི་དང་། ཤ་ཁ་རའོ། །འཚོ་བའི་བར་དུ་བཅང་བ་ནི་རྩ་བའི་སྨན་དང་། སྡོང་བུའི་སྨན་དང་། ལོ་མའི་སྨན་དང་། མེ་ཏོག་གི་སྨན་དང་། འབྲས་བུའི་སྨན་དང་། ཏྲང་ཆུ་ལྔ་དང་། ཐལ་བ་ལྔ་དང་། ལན་ཚྭ་ལྔ་དང་། བསྐ་བ་ལྔའོ། །དེ་ལ་རྩ་བའི་སྨན་ནི་གླ་སྒང་དང་། ཤུ་དག་དང་། ཡུང་དང་། སྒེའུ་གཤེར་དང་། བོང་ང་དཀར་པོ་དང་། གཞན་ཡང་རྩ་བའི་སྨན་གྱི་ནང་དུ་གཏོགས་པ་ཟས་ཀྱི་དོན་དུ་མི་འགྱུར་པ་གང་ཡིན་པའོ། །སྡོང་བུའི་སྨན་ནི་ཙན་དན་དང་། དབྱི་མོ་དང་། ཤུག་པ་དང་། ཐང་ཤིང་དང་། སླེ་ཏྲེས་དང་། སྐྱེར་བ་དང་། གཞན་ཡང་སྡོང་བུའི་སྨན་གྱི་ནང་དུ་གཏོགས་པ་ཟས་ཀྱི་དོན་དུ་མི་འགྱུར་བ་གང་ཡིན་པའོ། །ལོ་མའི་སྨན་ནི་པ་ཏོ་ལའི་ལོ་མ་དང་། བ་ཤ་ཀའི་ལོ་མ་དང་། ནིམ་པའི་ལོ་མ་དང་། ཀོ་ཤ་ཏ་གའི་ལོ་མ་དང་། སཔྟ་པརྞའི་ལོ་མ་དང་། གཞན་ཡང་ལོ་མའི་སྨན་གྱི་ནང་དུ་གཏོགས་པའི་ཟས་ཀྱི་དོན་དུ་མི་འགྱུར་བ་གང་ཡིན་པའོ། །མེ་ཏོག་གི་སྨན་ནི་མེ་ཏོག་ལྔ་པོ་བ་ཤ་ཀའི་མེ་ཏོག་དང་། ནིམ་པའི་མེ་ཏོག་དང་། བྷ་ཀའི་མེ་ཏོག་དང་། ཤ་ཏའི་མེ་ཏོག་དང་། པད་མ་ཀེ་ས་རའི་མེ་ཏོག་དང་། གཞན་ཡང་མེ་ཏོག་གི་སྨན་གྱི་ནང་དུ་གཏོགས་པ་ཟས་ཀྱི་དོན་དུ་མི་འགྱུར་བ་གང་ཡིན་པའོ། །འབྲས་བུའི་སྨན་ནི་ཨ་རུ་ར་དང་། སྐྱུ་རུ་ར་དང་། བ་རུ་ར་དང་། ན་ལེ་ཤམ་དང་། པི་པི་ལིང་དང་། གཞན་ཡང་འབྲས་བུའི་སྨན་གྱི་ནང་དུ་གཏོགས་པ་ཟས་ཀྱི་དོན་དུ་མི་འགྱུར་བ་གང་ཡིན་པའོ། །ཏྲང་ཆུ་ལྔ་ནི་ཤིང་ཀུན་དང་། སྲ་རྩི་དང་། རྒྱ་སྐེགས་དང་། སྤྲ་ཚིལ་དང་། དྲོད་སྨན་ནོ། །དེ་ལ་ཤིང་ཀུན་ནི་ཤིང་ཀུན་གྱི་ཏྲང་ཆུའོ། །སྲ་རྩི་ནི་ཤིང་ས་ལའི་ཏྲང་ཆུའོ། །རྒྱ་སྐྱེགས་ནི་རྒྱ་སྐེགས་སོ། །སྤྲ་ཚིལ་ནི་སྤྲ་ཚིལ་ལོ། །དྲོད་སྨན་ནི་དེ་དག་ལས་གཞན་པའི་ཤིང་རྣམས་ཀྱི་ཏྲང་ཆུའོ། །ཐལ་བ་ལྔ་གང་ཞེ་ན། ནས་ཀྱམི་ཐལ་བ་དང་། ནས་ཀྱི་ཕུབ་མའི་ཐལ་བ་དང་། ཤིང་ས་རྫི་ཀའི་ཐལ་བ་དང་། ཏིལ་གྱི་ཐལ་བ་དང་། ཤིང་འབའ་ཤིག་ཀའི་ཐལ་བའོ། །ལན་ཚྭ་ལྔ་གང་ཞེ་ན། རྒྱམ་ཚྭ་དང་། ལན་ཚྭ་སྨུག་པོ་དང་། ཁ་རུ་ཚྭ་དང་། ལན་ཚྭ་དང་། རྒྱ་མཚོའི་ལན་ཚྭའོ། །བསྐ་བ་ལྔ་གང་ཞེ་ན། ཨམྲའི་བསྐ་བ་དང་། ནིམ་པའི་བསྐ་བ་དང་། འཛམ་བུའི་བསྐ་བ་དང་། ཤ་རི་ཤའི་བསྐ་བ་དང་། ཀོ་ཤམ་པའི་བསྐ་བའོ། །དེ་ལ་དུས་སུ་རུང་བ་གང་ཡིན་པ་དང་། ཐུན་ཚོད་དུ་རུང་བ་གང་ཡིན་པ་དང་། ཞག་བདུན་པ་གང་ཡིན་པ་དང་། འཚོ་བའི་བར་དུ་བཅང་བ་གང་ཡིན་པ་དེ་གལ་ཏེ་ཐུན་ཚོད་དུ་རུང་བ་དང་འདྲེས་པར་གྱུར་ན་ཐུན་ཚོད་ལ་ཡོངས་སུ་སྤྱད་པར་བྱའི་ཐུན་ཚོད་ལས་འདས་པར་སྤྱད་པར་མི་བྱའོ། །ཞག་བདུན་པ་གང་ཡིན་པ་དང་། འཚོ་བའི་བར་དུ་བཅང་བ་གང་ཡིན་པ་དེ་ཞག་བདུན་པ་དང་འདྲེས་པར་གྱུར་ན་ཞག་བདུན་སྤྱད་པར་བྱའི་ཞག་བདུན་ལས་འདས་པར་སྤྱད་པར་མི་བྱའོ། །འཚོ་བའི་བར་དུ་བཅང་བ་ནི་འཚོ་བའི་བར་དུ་བཅང་བར་བྱིན་གྱིས་བརླབས་ནས་ཡོངས་སུ་སྤྱད་པར་བྱའོ། །བྱིན་གྱིས་བརླབ་པ་ནི་འདི་ལྟར་བྱ་སྟེ། ཟན་མ་ཟོས་པའི་མདུན་དུ་ལག་པ་གཉིས་བཀྲུས་ནས་བྱིན་ལེན་བྱས་ཏེ། དགེ་སློང་ཞིག་གི་མདུན་དུ་འདུག་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་ཅག་མིང་འདི་ཞེས་བགྱི་པའི་སྨན་ནི་བདག་དང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱི་དོན་དུ་འཚོ་བའི་བར་དུ་བཅང་བར་བྱིན་གྱིས་བརླབ་བོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བརྗོད་དོ། །འཚོ་བའི་བར་དུ་བཅང་བ་བྱིན་གྱིས་བརླབ་པ་ཇི་ལྟ་བ་དེ་བཞིན་དུ་ཐུན་ཚོད་དུ་རུང་བ་དང་། ཞག་བདུན་པ་ཡང་བྱིན་གྱིས་བརླབ་པར་བྱའོ། །

གླེང་གཞི་ནི་མཉན་ཡོད་ནའོ། །དེ་ནས་དགེ་སློང་གཞན་ཞིག་རླུང་ནས་ཀྱིས་ཐེབས་ནས་དེས་སྨན་པའི་དྲུང་དུ་སོང་སྟེ། བཞིན་བཟངས་ཁོ་བོ་འདི་འདྲ་བའི་ནད་ཀྱིས་བཏབ་ན་སྨན་སྟོན་ཅིག །དེས་སྨྲས་པ། འཕགས་པ་ཚིལ་སྟེན་ཅིག་དང་ཁྱོས་སོས་པར་འགྱུར་རོ། །དགེ་སློང་གིས་སྨྲས་པ། བཞིན་བཟངས་ཅི་ཁོ་བོ་འདྲེ་ཡིན་ནམ། སྨན་པས་སྨྲས་པ། དགེ་སློང་ཁྱོད་ཀྱི་སྨན་འདི་ཡིན་ཏེ་གཞན་གྱིས་ནི་སོས་པར་མི་ནུས་སོ་ཞེས་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་སྨན་པ་ན་རེ་དགེ་སློང་ཁྱོད་ཀྱི་སྨན་འདི་ཡིན་ཏེ་གཞན་གྱིས་ནི་སོས་པར་མི་ནུས་སོ་ཞེས་སྨྲ་ན་ཚིལ་བསྟེན་པར་བྱའོ། །དགེ་སློང་དག་གིས་མ་ཤེས་ནས་སྨན་པ་ལ་དྲིས་པ་དང་། དེས་སྨྲས་པ། འཕགས་པ་ཁྱེད་ཅག་གི་སྟོན་པ་ཐམས་ཅད་མཁྱེན་པ་ཡིན་གྱིས། དེ་ཁོ་ནའི་དྲུང་དུ་བཞུད་ལ་ཞུས་ཤིག །སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚིལ་ལྔ་སོ་སོར་བསྟེན་པར་བྱ་སྟེ། ལྔ་གང་ཞེ་ན། ཉ་ཚིལ་དང་། སྤལ་པ་དཀར་པོའི་ཚིལ་དང་། ཆུ་སྲིན་བྱིས་པ་གསོད་ཀྱི་ཚིལ་དང་། དོམ་ཚིལ་དང་། ཕག་གི་ཚིལ་ལོ། །ཚིལ་འདི་ལྔ་དུས་མ་ཡིན་པར་བཙོས་པ་དང་། དུས་མ་ཡིན་པར་བཙགས་པ་དང་། དུས་མ་ཡིན་པར་བྱིན་ལེན་བྱས་པ་དང་། དུས་མ་ཡིན་པར་བྱིན་གྱིས་བརླབས་ན་ལོངས་སྤྱད་པར་མི་བྱའོ། །དུས་སུ་བཙོས་ལ་དུས་མ་ཡིན་པར་བཙགས། དུས་མ་ཡིན་པར་བྱིན་ལེན་བྱས། དུས་མ་ཡིན་པར་བྱིན་གྱིས་བརླབས་ན་ལོངས་སྤྱད་པར་མི་བྱའོ། །དུས་སུ་བཙོས་དུས་སུ་བཙགས་དུས་མ་ཡིན་པར་བྱིན་ལེན་བྱས། དུས་མ་ཡིན་པར་བྱིན་གྱིས་བརླབས་ན་སྤྱད་པར་མི་བྱའོ། །དུས་སུ་བཙོས། དུས་སུ་བཙགས། དུས་སུ་བྱིན་ལེན་བྱས་ལ་དུས་མ་ཡིན་པར་བྱིན་གྱིས་བརླབས་ན་སྤྱད་པར་མི་བྱའོ། །དུས་སུ་བཙོས་དུས་སུ་བཙགས། དུས་སུ་བྱིན་ལེན་བྱས། དུས་སུ་བྱིན་གྱིས་བརླབས་ན་ཏིལ་མར་ལ་སྤྱོད་པ་བཞིན་དུ་ཞག་བདུན་དུ་སྤྱད་པར་བྱའོ། །དེ་ནས་དགེ་སློང་དེས་ཚིལ་ལོངས་སྤྱད་ནས་སོས་པར་གྱུར་ཏོ། །དེ་སོས་པར་གྱུར་པ་དང་། དེས་ཚིལ་གྱི་ལྷག་མ་དག་བོར་རོ། །ཇི་ཙམ་ན་དགེ་སློང་གཞན་ཞིག་དེ་འདྲ་བའི་ནད་ཀྱིས་ཐེབས་ནས་དེ་ཡང་སྨན་པའི་དྲུང་དུ་སོང་ནས་སྨྲས་པ། བཞིན་བཟངས་ཁོ་བོ་ལ་འདི་འདྲ་བའི་ནད་ཀྱིས་བཏབ་ཀྱིས་སྨན་སྟོན་ཅིག །དེས་དེ་ལ་ཡང་ཚིལ་བསྟན་པ་དང་། དེ་དགེ་སློང་དེའི་དྲུང་དུ་སོང་ནས་སྨྲས་པ། ཚེ་དང་ལྡན་པ་ཁྱོད་ཀྱིས་ཚིལ་སྤྱད་པ་ཁོ་བོ་ལ་ཡང་སྨན་པས་བསྟན་ན་ཚིལ་ལྷག་པ་ལྟ་ཅུང་ཟད་ཡོད་དམ། དེས་སྨྲས་པ། བདོག་བདོག་པ་ལས་བདག་གིས་དེ་བོར་རོ། །མ་ལེགས་པ་ཞིག་བྱས་སོ། །ཞེས་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་ཚིལ་ལོངས་སྤྱད་པའི་ལྷག་མ་བོར་བར་མི་བྱ་སྟེ། འོན་ཀྱང་བཅང་བར་བྱའོ། །དེས་དགེ་སློང་ཚིལ་འཆང་བའི་ཀུན་ཏུ་སྤྱོད་པའི་ཆོས་བཅའ་བར་བྱ་སྟེ། ཚིལ་འཆང་བའི་དགེ་སློང་གིས་ཚིལ་སྤྱད་པའི་ལྷག་མ་དགེ་སློང་གཞན་ལ་སྦྱིན་པར་བྱའོ། །གལ་ཏེ་མ་བྱིན་ན་སྨན་ཁང་དུ་གཞག་པར་བྱ་སྟེ། སུ་འདོད་པ་དེས་བླང་བར་བྱའོ། །ཚིལ་འཆང་བའི་དགེ་སློང་གིས་ཀུན་ཏུ་སྤྱོད་པའི་ཆོས་ཇི་ལྟར་བཅས་པར་ཡང་དག་ར་བླངས་ནས་འཇུག་པར་མི་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །

བཅོམ་ལྡན་འདས་མཉན་ཡོད་ན་བཞུགས་སོ། །དེའི་ཚེ་དགེ་སློང་གཞན་ཞིག་གཡན་པའི་ནད་ཀྱིས་ཐེབས་ནས། དེས་སྨན་པའི་དྲུང་དུ་སོང་སྟེ། བཞིན་བཟངས་ཁོ་བོ་གཡན་པའི་ནད་ཀྱིས་བཏབ་ཀྱིས་སྨན་སྟོན་ཅིག་དེས་སྨྲས་པ། འཕགས་པ་བསྐ་བ་སྟེན་ཅིག་དང་ཁྱོད་སོས་པར་འགྱུར་རོ། །བཞིན་བཟངས་ཅི་ཁོ་བོ་འདོད་པ་ལ་སྤྱོད་པ་ཡིན་ནམ། དེས་སྨྲས་པ། དགེ་སློང་ཁྱོད་ཀྱི་སྨན་འདི་ཡིན་ཏེ་གཞན་གྱིས་ནི་སོས་པར་མི་ནུས་སོ་ཞེས་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། ཁྱོད་ཀྱི་སྟོན་པ་ནི་ཐམས་ཅད་མཁྱེན་པ་ཡིན་པས། དེ་ཁོ་ནས་མཁྱེར་པར་འགྱུར་ཞེས་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིསས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསྐ་བ་ནི་ལྔ་སྟེ་ཨམྲའི་བསྐ་བ་ཞེས་བྱ་བ་ནས་གོང་མ་བཞིན་དུའོ། །དགེ་སློང་དེས་བསྐ་བ་དག་འདེ་གུར་བྱས་ཏེ་ལུས་ལ་བྱུགས་པ་ལས་རྨ་མཆེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྱེ་མ་བྱའོ་དགེ་སློང་དག་གིས་རློན་པ་ལ་བཏགས་པས་རི་ལུར་གྱུར་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསྐམ་པར་བྱའོ། །དེ་དག་གིས་ཉི་མ་ལ་བསྐམས་པ་དང་། མཐུ་ཉམས་པར་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉི་མ་ལ་བསྐམ་པར་མི་བྱའོ། །དེ་དག་གིས་གྲིབ་མ་ལ་བསྐམས་པ་དང་འོན་ཀྱང་རུལ་བར་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉི་མའི་གྲིབ་མས་བསྐམ་པར་བྱའོ། །དགེ་སློང་གིས་བསྐ་བས་ལུས་བྱུགས་ནས་བཀྲུས་ཏེ་བསྐ་བའི་བྱ་བ་མི་བྱེད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་པས་ཇི་ཙམ་ཆོག་གི་བར་དུ་དྲིལ་ནས་ཁྲུས་བྱའོ། །བཀྲུས་ནས་སླར་ཡང་བསྐ་བས་བསྐུས་ནས་བཀྲུས་ན་བསྐ་བའི་བྱ་བ་བྱེད་པར་འགྱུར་རོ། །དགེ་སློང་དེས་བསྐ་བས་བསྐུས་པ་དང་ནད་ཞི་བར་གྱུར་ཏོ་དེས་བསྐ་བའི་ལྷག་མ་བོར་རོ། །ཇི་ཙམ་ན་དགེ་སློང་གཞན་ཞིག་དེ་འདྲ་བའི་ནད་ཀྱིས་ཐེབས་ནས་དེ་ཡང་སྨན་པའི་དྲུང་དུ་སོང་སྟེ་ཞེས་བྱ་བ་ནས་གོང་མ་བཞིན་དུ་སྟེ། ཁོ་བོས་དེ་ནི་བོར་རོ། །མ་ལེགས་པ་ཞིག་བྱས་སོ་ཞེས་པའི་སྐབས་ཞེས་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངས་བསྐ་བ་འཆང་བའི་དགེ་སློང་གི་ཀུན་ཏུ་སྤྱོད་པའི་ཆོས་བཅའ་བར་བྱ་སྟེ། བསྐ་བ་འཆང་བའི་དགེ་སློང་གིས་བསྐ་བ་སྤྱད་པའི་ལྷག་མ་དགེ་སློང་སུ་སློང་བ་དེ་ལ་སྦྱིན་པར་བྱའོ། །གལ་ཏེ་མ་བྱིན་ན་སྨན་ཁང་དུ་གཞག་པར་བྱའོ། །བསྐ་བ་བཅང་བའི་དགེ་སློང་གིས་ཀུན་ཏུ་སྤྱོད་པའི་ཆོས་ཇི་ལྟར་བཅས་པ་ཡང་དག་པར་བླངས་ཏེ་འཇུག་པར་མི་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །

གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་དགེ་སློང་གཞན་ཞིག་མིག་ནད་ཀྱིས་ཐེབས་ནས་དེ་སྨན་པའི་དྲུང་དུ་སོང་སྟེ་བཞིན་བཟངས་ཁོ་མོ་མིག་ནད་ཀྱིས་ཐེབས་པར་གྱུར་ན་ཁོ་བོ་ལ་སྨན་སྟོན་ཅིག དེས་སྨྲས་པ། འཕགས་པ་མིག་སྨན་སོ་སོར་སྟེན་ཅིག་དང་ཁྱེད་སོས་པར་འགྱུར་རོ། །བཞིན་བཟངས་ཅི་ཁོ་བོ་འདོད་པ་ལ་སྤྱོད་དམ་འཕགས་པ་ཁྱོད་ཀྱི་སྨན་འདི་ཡིན་ཏེ་གཞན་གྱིས་ནི་སོས་པར་མི་ནུས་སོ་ཞེས་བྱ་བའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་སྨན་པ་ན་རེ་སྨན་འདི་ཡིན་ཏེ་གཞན་གྱིས་ནི་སོས་པར་མི་ནུས་སོ་ཞེས་ཟེར་ན་མིག་སྨན་བསྟེན་པར་བྱའོ། །དགེ་སློང་དག་གིས་མིག་སྨན་གང་བསྟེན་པར་བྱ་བ་མ་ཤེས་ནས་དེ་དག་གིས་སྱམན་པ་ལ་དྲིས་པ་དང་དེས་སྨྲས་པ། འཕགས་པ་ཁྱོད་ཉིད་ཀྱི་སྟོན་པ་ཐམས་ཅད་མཁྱེན་པ་ཡིན་གྱིས་ཞེས་བྱ་བའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིག་སྨན་ནི་ལྔ་སྟེ། མེ་ཏོག་གི་མིག་སྨན་དང་། ཁུ་བའི་མིག་སྨན་དང་། ཕྱེ་མའི་མིག་སྨན་དང་། རི་ལུའི་མིག་སྨན་དང་། བཙག་ཡུག་སྣམ་གྱི་མིག་སྨན་ནོ། །དེ་ནས་དགེ་སློང་དེས་མི་སྨན་དེ་བསྟེན་ནས་སོས་པར་གྱུར་ཏོ། །དེས་མིག་སྨན་གྱི་ལྷག་མ་གར་བབ་བབ་ཏུ་བཞག་པ་ལས་དེ་ཆུད་ཟོས་པར་གྱུར་ཏོ། །ཛི་ཙམ་ན་དགེ་སློང་གཞན་ཞིག་མིག་ནད་ཀྱིས་ཐེབས་ནས་དེས་ཀྱང་སྨན་པ་ལ་དྲིས་པ་དང་། དེས་དེ་ལ་ཡང་མིག་སྨན་དེ་ཉིད་བསྟན་ཏོ། །དེ་དགེ་སློང་དེའི་དྲུང་དུ་སོང་ནས་ཚེ་དང་ལྡན་པ་ཁོ་བོ་ཡང་མིག་ནད་ཀྱིས་བཏབ་པར་གྱུར་ན་ཁྱོད་ལ་མིག་སྨན་གྱི་ལྷག་མ་ཅུང་ཟད་ཡོད་དམ། དེས་བཙལ་བར་བརྩམས་པ་ལས་མ་རྙེད་ནས་དེས་སྨྲས་པ། ཚེ་དང་ལྡན་པ་མིག་སྨན་དེ་བདོག་བདོག་སྟེ་བཞག་པ་ལས་དེར་སྟོར་ཏོ་ཞེས་པའི་སྐབས་དེ་བཅོམ་ལྡན་འདས་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་མིག་སྨན་གར་བབ་བབ་ཏུ་གཞག་པར་མི་བྱའོ། །དེས་མིག་སྨན་འཆང་བའི་དགེ་སློང་གི་ཀུན་ཏུ་སྤྱད་པའི་ཆོས་བཅའ་བར་བྱ་སྟེ། མིག་སྨན་འཆང་བའི་དགེ་སློང་གིས་མིག་སྨན་རྣམས་སོ་སོར་ཕྱེ་ལ་གཞག་པར་བྱ་སྟེ། མེ་ཏོག་གི་མིག་སྨན་ནི་སྣོད་ཀྱི་ནང་དུའོ། །ཁུ་བའི་མིག་སྨན་ནི་གབ་ཙེའི་ནང་དུའོ། །ཕྱེ་མའི་མིག་སྨན་ནི་དོང་བུའི་ནང་དུའོ། །རི་ལུའི་མིག་སྨན་དང་བཙག་ཡུག་སྣམ་གྱི་མིག་སྨན་ནི་སྒྱེའུ་འམ། ཐུམ་པོར་སྐུད་པས་བཅིངས་ལ་ཟུང་ངལ་གདགས་པར་བྱའོ། །མིག་སྨན་འཆང་བའི་དགེ་སློང་གིས་ཀུན་ཏུ་སྤྱད་པའི་ཆོས་ཇི་ལྟར་བཅས་པ་བཞིན་ཡང་དག་པར་བླངས་ནས་འཇུག་པར་མི་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ།།

གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་ཚེ་དང་ལྡན་པ་བྱེ་མ་སྐྱེས་སེམས་འཁྲུགས་ཏེ་སྨྱོས་པར་གྱུར་ནས་དེ་དེ་དང་དེ་དག་ཏུ་འཕྱན་པ། ཇི་ཙམ་ན་བྲམ་ཟེ་དང་ཁྱིམ་བདག་དག་གིས་མཐོང་སྟེ་དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་སུའི་བུ་ཞིག་ཡིན། གཞན་དག་གིས་སྨྲས་པ། ཁྱིམ་བདག་ཆེ་གེ་མོ་ཞིག་གིའོ། །དེ་དག་གིས་སྨྲས་པ་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་མགོན་མེད་པ་རྣམས་ཀྱི་ནང་དུ་རབ་ཏུ་མ་བྱུང་ན་འདི་གཉེན་རྣམས་ཀྱིས་གསོས་པར་འགྱུར་བ་ཞིག་ཅེས་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་དགེ་སློང་བྱེ་མ་སྐྱེས་ཀྱི་དཔྱད་སྨན་པ་ལ་དྲིས་ལ་བྱོས་ཤིག །སྨན་པའི་དྲུང་དུ་དོང་ནས་བཞིན་བཟངས་དགེ་སློང་ཞིག་འདི་འདྲ་བའི་ནད་ཀྱིས་ཐེབས་ཀྱིས་དེའི་སྨན་སྟོན་ཅིག །དེས་སྨྲས་པ། འཕགས་པ་དག་ཤ་རྙེན་འཚལ་དུ་སྩོལ་ཅིག་དང་སོས་པར་འགྱུར་རོ། །བཞིན་བཟངས་དེ་ཅི་འདྲེ་ཡིན་ནམ། འཕགས་པ་དེའི་སྨན་འདི་ལགས་ཏེ་གཞན་གྱིས་ནི་སོས་པར་མི་ནུས་སོ་ཞེས་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་སྨན་པ་ན་རེ་དེའི་སྨན་འདི་ཡིན་ཏེ་གཞན་གྱིས་ནི་སོས་པར་མི་ནུས་སོ་ཞེས་ཟེར་ན་ཤ་རྗེན་པ་སྦྱིན་པར་བྱའོ། །དགེ་སློང་དག་གིས་དེ་བཞིན་དུ་བྱིན་པ་དང་། དེ་ཟར་མ་བཏུབ་བོ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིག་རས་ཀྱིས་བཀབ་ལ་སྦྱིན་པར་བྱའོ། །དེ་དག་གིས་བྱིན་ཏེ་བྱིན་མ་ཐག་ཏུ་རས་བྱེ་བ་དང་དེས་ལག་པ་ལ་རེག་པ་མཐོང་ནས་ཞེ་བ་ལོག་པས་སྐྱུགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མོད་ལ་རས་དབྱེ་བར་མི་བྱ་སྟེ་དེ་ལྟ་མོད་ཀྱི་བཅའ་བ་དང་བཟའ་བ་གཙང་ཞིང་བསོད་པ་དག་མདུན་དུ་བཞག་ནས་གང་གི་ཚེ་དེའི་ལག་པ་བཀྲུས་པ་དང་དེའི་ཚེ་དེ་དབྱེ་བར་བྱའོ། །དེ་སོས་པར་གྱུར་པ་དང་དེ་དེ་ཉིད་ལ་སྲེད་པར་གྱུར་བའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་གི་ཚེ་སོས་པར་གྱུར་པ་དེའི་ཚེ་བསླབ་པ་ཇི་ལྟར་བཅས་པ་བཞིན་ཡང་དག་པར་བླངས་ཏེ་འཇུག་པར་བྱའོ། །ལོངས་སྤྱོད་ན་འགལ་ཚབས་ཅན་དུ་འགྱུར་རོ། །

གླེང་གཞི་ནི་རྒྱལ་པོའི་ཁབ་ནའོ། །ཚེ་དང་ལྡན་པ་པི་ལིན་དའི་བུ་གང་གི་ཚེ་རབ་ཏུ་བྱུང་བ་དེ་ཚུན་ཆད་རྟག་ཏུ་ན་བ་དང་ཟུག་གཟེར་མང་པོར་གྱུར་བ་དང་། དེ་ལ་དགེ་སློང་དག་གིས་སྨྲས་པ། གནས་བརྟན་ཁྱོད་ཀྱི་སྙུན་གྱི་ཟོ་ཇི་ལྟ་དེས་སྨྲས་པ། ཚེ་དང་ལྡན་པ་དག་བདག་རྒྱུན་དུ་ན་བ་དང་ཟུག་གཟེར་མང་བས་ཐེ་གེ་བའི་སྐབས་མེད་དོ། །གནས་བརྟན་ཁྱོད་སྔོན་ཅི་ཞིག་འཆང་བར་བྱེད། དེས་སྨྲས་པ། སྨན་གྱི་མཆན་ཁུག་གོ། ད་ཅིའི་ཕྱིར་མི་བཅང་བཅོམ་ལྡན་འདས་ཀྱིས་རྗེས་སུ་མ་གནང་ངོ་ཞེས་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་རྗེས་སུ་གནང་སྟེ་དགེ་སློང་གིས་སྨན་གྱི་མཆན་ཁུག་བཅང་བར་བྱའོ། །དགེ་སློང་དག་གིས་རྩ་བ་དང་། མེ་ཏོག་དང་སྡོང་བུ་དང་། འབྲས་བུའི་སྨན་རགས་པ་དག་དེའི་ནང་དུ་བཅུག་པ་དང་དེ་དག་རུལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་སྦམ་པའམ་བམ་པོར་བྱས་ཏེ་ཟུང་པ་ལ་གདགས་པར་བྱའོ། །དེ་དག་རུལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དུས་དུས་སུ་བསྐམ་པར་བྱའོ། །དེ་དག་གིས་ཉི་མ་ལ་བསྐམས་པ་དང་དེ་དག་མཐུ་ཆུང་བར་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉི་མ་ལ་བསྐམ་པར་མི་བྱའོ། །དེ་དག་གིས་གྲིབ་མ་ལ་བསྐམས་པ་དང་འོན་ཀྱང་རུལ་པར་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲིབ་མ་ལ་བསྐམ་པར་མི་བྱའོ། །དེ་དག་གིས་བཏིང་ནས་དོང་པ་དང་། ཆར་པ་དང་རླུང་བྱུང་སྟེ་མ་བསྡུས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསྡུ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་བསྡུ་བར་བྱའོ་ཞེས་གསུངས་་པ་དང་དེ་དག་གིས་སུས་བསྡུ་བ་མ་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་པས་སོ། །ཁྱིམ་པ་མེད་ན་དགེ་སྦྱོང་གིས་སོ། །དགེ་སྦྱོང་མེད་ན་དགེ་སློང་ཉིད་ཀྱིས་བསྡུ་བར་བྱའོ། །དགེ་སློང་གིས་བསྡུས་པ་དང་འདྲེས་པར་གྱུར་ནས་འདྲེས་སོ་ཞེས་མ་ཟོས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སོ་སོར་ཕྱེ་ནས་ལོངས་སྤྱད་པར་བྱ་སྟེ། དེ་ལ་འགྱོད་པར་མི་བྱའོ། །ངས་ན་བ་དག་ལ་རྗེས་སུ་གནང་བ་གང་ཡིན་པ་དེ་ཐ་མལ་པའི་གནས་སྐབས་ན་སྤྱད་པར་མི་བྱའོ། །སྤྱོད་ན་འགལ་ཚབས་ཅན་དུ་འགྱུར་རོ། །

གླེང་གཞི་ནི་མཉན་ཡོད་ནའོ། །ཚེ་དང་ལྡན་པ་ནམ་གྲུ་གར་ཡང་སོམ་ཉི་ཟ་བས་དེའི་མིང་ནམ་གྲུ་སོམ་ཉི་ཅན་ནམ་གྲུ་སོམ་ཉི་ཅན་ཞེས་བྱ་བར་གྲགས་སོ། །དེ་སྔ་དྲོ་ཤམ་ཐབས་བགོས་ཆོས་གོས་དང་ལྷུང་བཟེད་ཐོགས་ནས་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ཏེ་དེ་རིམ་གྱིས་བུ་རམ་བྱེད་པའི་གྲོང་དུ་ཕྱིན་པ་དང་། ཇི་ཙམ་ན་འབྲས་ཕྱེ་དང་བུ་རམས་སྦྲུ་བར་བྱེད་པ་མཐོང་ནས་དེས་སྨྲས་པ། ཤེས་ལྡན་དག་བུ་རམ་འབྲས་ཕྱེ་དང་མ་སྦྲུ་ཤིག །འཕགས་པ་སྤྱི་བར་བགྱིད་པ་གཞན་འགའ་མཁྱེན་ནམ། ཁོ་བོས་སྤྱི་བ་གཞན་ཡང་མི་ཤེས་མོད་ཀྱི་བདག་ཅག་དུས་མ་ཡིན་པར་ལོངས་སྤྱོད་དགོས་སོ། །འཕགས་པ་དུས་སུ་འམ་དུས་མ་ཡིན་པར་གསོལ་བ་ཡང་རུང་སྟེ། དེའི་སྤྱི་བ་ནི་འདི་ལགས་ཏེ་གཞན་གྱིས་ནི་མི་འབྲུས་སོ་ཇི་ཙམ་དུས་གཞན་ཞིག་ན་དགེ་འདུན་གྱིས་བཅའ་བ་བུ་རམ་དག་རྙེད་ན་དེས་མ་ཟོས་སོ། །དེའི་ལྷན་ཅིག་གནས་པ་དང་ཉེ་གནས་དག་གིས་སྨྲས་པ་སློབ་དཔོན་དགེ་འདུན་གྱི་བཅའ་བ་བུ་རམ་ཞིག་བརྙེས་ཀྱིས་ལོངས་སྤྱད་དུ་གསོལ། དེས་སྨྲས་པ། བཞིན་བཟངས་ཟས་དང་འདྲེས་སོ་དེ་དག་གིས་ཀྱང་ལོངས་མ་སྤྱད་པ་དང་དེ་རྣམས་ལ་དགེ་སློང་གཞན་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་དགེ་འདུན་གྱི་བཅའ་བ་བུ་རམ་ཞིག་བརྙེས་ན་ཅི་སྟེ་ལོངས་མི་སྤྱད་དེ་དག་གིས་སྨྲས་པ་མཁན་པོའི་ཞལ་ནས་འདི་ཟས་དང་འདྲེས་སོ་ཞེས་གསུངས་སོ་དེ་རྣམས་ཀྱིས་ཀྱང་ལོངས་མ་སྤྱད་དོ་འཁོར་ཕལ་པོ་ཆེ་དེ་དང་དགེ་འདུན་རིལ་ལས་ཀྱང་ཕལ་ཆེར་ལོངས་མི་སྤྱད་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཟས་ཀྱིས་ཟས་ཀྱི་བྱ་བ་མི་བྱེད་པ་ནི་མི་རྙེད་པས་འབྱུང་ཁུང་ཡོངས་སུ་དག་པས་ལོངས་སྤྱད་པར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །

གླེང་གཞི་ནི་མཉན་ཡོད་ནའོ། །ཚེ་དང་ལྡན་པ་ནམ་གྲུ་སྔ་དྲོ་ཤམ་ཐབས་བགོས་ཆོས་གོས་དང་ལྷུང་བཟེད་ཐོགས་ནས་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་སོ། །རིམ་གྱིས་སྲང་ཞིག་ཏུ་ཕྱིན་པ་དང་དེས་སྤོས་འཚོང་ཞིག་ཕྱེ་ལ་རེག་ནས་བུ་རམ་ལ་རེག་པར་བྱེད་པ་མཐོང་ནས་དེས་སྨྲས་པ། བཞིན་བཟངས་ཕྱེ་ལ་རེག་ནས་བུ་མ་ལ་རེག་པར་མ་བྱེད། དུས་མ་ཡིན་པར་ཡང་བདག་ཅག་གིས་ལོངས་སྤྱད་དགོས་སོ་དེས་སྨྲས་པ། འཕགས་པ་དག་ལ་ཡང་དང་ཡང་དུ་སུག་ཆབ་གཏོང་བ་སུ་ཞིག་མཆིས། དུས་གཞན་ཞིག་ན་དགེ་འདུན་གྱི་བཅའ་བ་བུ་རམ་ཞིག་རྙེད་པ་དང་དེས་ལོངས་་མ་སྤྱད་དོ། །ལྷན་ཅིག་གནས་པ་དང་ཉེ་གནས་དག་གིས་སྨྲས་པ་སློབ་དཔོན་དགེ་འདུན་གྱི་བཅའ་བ་བུ་རམ་དག་བརྙེས་ན་ཅི་སྟེ་མི་གསོལ་དེས་སྨྲས་པ། བཞིན་བཟངས་འདི་ཟས་དང་འདྲེས་སོ། །དེ་རྣམས་ཀྱིས་ཀྱང་ལོངས་མ་སྤྱད་པ་དང་དེ་རྣམས་ལ་དགེ་སློང་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་དགེ་འདུན་གྱི་བཅའ་བ་བུ་རམ་ཞིག་བརྙེས་ན་ཅི་སྟེ་མི་ཟ་དེ་རྣམས་ཀྱིས་སྨྲས་པ། མཁན་པོའི་ཞལ་ནས་འདི་ཟས་དང་འདྲེས་སོ་ཞེས་གསུང་ངོ་། །དེ་དག་གིས་ཀྱང་ལོངས་མ་སྤྱད་དོ། །འཁོར་ཕལ་པོ་ཆེ་དེ་དང་དགེ་འདུན་རིལ་པས་ཀྱང་ཕལ་ཆེས་ལོངས་མ་སྤྱད་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཟས་ཀྱིས་ཟས་ཀྱི་བྱ་བ་མི་བྱེད་པས་མི་རྙེད་ཀྱིས་ཁྱིམ་པས་ཡོངས་སུ་དག་པས་ལོངས་སྤྱད་པར་བྱ་སྟེ། དེ་ལ་འགྱོད་པར་མི་བྱའོ། །

གླེང་གཞི་མཉན་ཡོད་ནའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རླུང་ནད་ཀྱིས་ཐེབས་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་བསམས་པ་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བདག་རང་གི་བློས་རིམ་གྲོ་ནི་ལན་མང་དུ་བྱས་མོད་ཀྱི་ལན་འགའ་ཡང་སྨན་པ་ལ་མ་དྲིས་ཀྱིས། མ་ལ་ད་ནི་སྨན་པ་ལ་དྲིའོ་སྙམ་ནས་དེ་སྨན་པའི་དྲུང་དུ་སོང་སྟེ། བཞིན་བཟངས་ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་འདྲ་བའི་ནད་ཀྱིས་ཐེབས་པར་གྱུར་ན་དེའི་སྨན་སྟོན་ཅིག་དེས་སྨྲས་པ། འཕགས་པ་སྐྱུར་ཁུའི་ནང་དུ་ལན་ཚ་སྩོལ་ལ་གསོལ་ཅིག་དང་སོས་པར་འགྱུར་རོ། །དེས་སྐྱུར་ཁུ་ནི་རྙེད་ན་ལན་ཚྭ་མེད་ནས་དེ་ལན་ཚྭ་བཙལ་བར་བརྩམས་པ་དང་ཚེ་དང་ལྡན་པ་པི་ལིན་དའི་བུས་སྨྲས་པ། ཚེ་དང་ལྡན་པ་མོད་གལ་གྱི་བུ་ཁོ་བོ་ལ་ལན་ཚུ་རྭ་གང་འཚོ་བའི་བར་དུ་བཅང་བར་བྱིན་གྱིས་བརླབས་པ་ཞིག་ཡོད་ཀྱིས། གལ་ཏེ་བཅོམ་ལྡན་འདས་ཀྱིས་གནང་ན་སྤྱིན་ནོ་ཞེས་སྨྲས་པ་ཚེ་དང་ལྡན་པ་ཤཱ་རིའི་བུས་ཐོས་ནས་དེས་སྨྲས་པ། ཚེ་དང་ལྡན་པ་མོད་གལ་གྱི་བུ་ཆེན་པོ་ཁོ་བོ་འདི་སྙམ་དུ་སེམས་ཏེ། འཚོ་བའི་བར་དུ་བཅངས་པ་དུས་སུ་རུང་བ་དང་འདྲེས་པ་ལོངས་སྤྱད་པར་མི་དབང་ངོ་སྙམ་མོ་ཞེས་པའི་སྐབས་དེ་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཽད་གལ་གྱི་བུ་མི་དབང་སྟེ། དུས་སུ་རུང་བ་གང་ཡིན་པ་དང་། ཐུན་ཚོད་དུ་རུང་བ་གང་ཡིན་པ་དང་། ཞག་བདུན་པ་གང་ཡིན་པ་དང་འཚོ་བའི་བར་དུ་བཅང་བ་གང་ཡིན་པ་དེ་གལ་ཏེ་དུས་སུ་རུང་བ་དང་འདྲེས་པར་གྱུར་ལ། གལ་ཏེ་བྱིན་གྱིས་ཀྱང་མ་བརླབས་ན་དུས་སུ་རུང་བ་དང་འདྲེས་པས་དུས་སུ་སྤྱད་པར་བྱའི་དུས་ལས་འདས་པར་སྤྱད་པར་མི་བྱའོ། །ཐུན་ཚོད་དུ་རུང་བ་གང་ཡིན་པ་དང་། ཞག་བདུན་པ་གང་ཡིན་པ་དང་། འཚོ་བའི་བར་དུ་བཅང་བ་གང་ཡིན་པ་དེ་གལ་ཏེ་ཐུན་ཚོད་དུ་རུང་བ་དང་འདྲེས་པར་གྱུར་ལ། གལ་ཏེ་བྱིན་གྱིས་མ་བརླབས་ན་ཐུན་ཚོད་དུ་རུང་བ་དང་འདྲེས་པས་དུས་སུ་སྤྱད་པར་བྱའི་དུས་ལས་འདས་པར་སྤྱད་པར་མི་བྱའོ། །ཐུན་ཚོད་དུ་རུང་བ་གང་ཡིན་པ་དང་། ཞག་བདུན་པ་གང་ཡིན་པ་དང་། འཚོ་བའི་བར་དུ་བཅང་བ་གང་ཡིན་པ་དེ་གལ་ཏེ་ཐུན་ཚོད་དུ་རུང་བ་དང་འདྲེས་པར་གྱུར་ལ། གལ་ཏེ་བྱིན་གྱིས་མ་བརླབས་ན་ཐུན་ཚོད་དུ་རུང་བ་དང་འདྲེས་པས་ཐུན་ཚོད་དུ་སྤྱད་པར་བྱའི་ཐུན་ཚོད་ལས་འདས་པར་སྤྱད་པར་མི་བྱའོ། །ཞག་བདུན་པ་གང་ཡིན་པ་དང་། འཚོ་བའི་བར་དུ་བཅང་པ་གང་ཡིན་པ་དེ་ཞག་བདུན་པ་དང་འདྲེས་པར་གྱུར་ན་ཞག་བདུན་པ་དང་འདྲེས་པས་ཞག་བདུན་དུ་སྤྱད་པར་བྱའི་ཞག་བདུན་ལས་འདས་པར་སྤྱད་པར་མི་བྱའོ། །འཚོ་བའི་བར་དུ་བཅང་བ་གང་ཡིན་པ་དེ་ནི་ཇི་སྲིད་འཚོའི་བར་དུ་སྤྱད་པར་བྱ་སྟེ་གཞན་དུ་སྤྱོད་ན་འགལ་ཚབས་ཅན་དུ་འགྱུར་རོ།། །།

སྡོམ་ལ། སྡེ་ཆེན་ཤ་དང་གཞང་འབྲུམ་དང་། །རླུང་ནད་ཅན་དང་གང་པོ་དང་། །མེས་བྱིན་དང་ནི་བེའི་རཏོ། །སྤྲིན་ཅན་བྱ་རོག་རྣམས་ཡིན་ནོ། །

སངས་རྒྱས་བཅོམ་ལྡན་འདས་ཡུལ་ཀ་ཤི་ནས་ལྗོངས་རྒྱུ་ཞིང་གཤེགས་པ་ན་ཝཱ་རཱ་ཎ་སཱིར་བྱོན་ནས། ཝཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་ན་བཞུགས་སོ། །ཝཱ་རཱ་ཎ་སཱི་ན་ཁྱིམ་བདག་སྡེ་ཆེན་ཞེས་བྱ་བ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ་ཞིག་གནས་སོ། །དེའི་ཆུང་མ་ནི་སྡེ་ཆེན་མ་ཞེས་བྱའོ། །དེ་ཆུང་མ་དང་བཅས་ཏེ་དད་པ་བཟང་བ་དགེ་བའི་བསམ་པ་ཅན་ཡིན་ཏེ། དེས་བཅོམ་ལྡན་འདས་ཡུལ་ཀ་ཤི་ཞེས་བྱ་བ་ནས་ལྗོངས་རྒྱུ་ཞིང་གཤེགས་པ་ན་ཝཱ་རཱ་ཎ་སཱིར་བྱོན་ནས། ཝཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་ན་བཞུགས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་བདག་གི་ཁྱིམ་དུ་ལན་མང་དུ་སྤྱན་དྲངས་ཏེ་ཞལ་ཟས་ནི་གསོལ་ན་ཡོ་བྱད་ཐམས་ཅད་ཀྱིས་མ་བསྟབས་ཀྱིས། མ་ལ་བདག་གིས་ད་བཅོམ་ལྡན་འདས་ལ་ཟླ་བ་གསུམ་དུ་ཡོ་བྱད་ཐམས་ཅད་ཀྱིས་བསྟབས་པར་བྱའོ་སྙམ་ནས། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་པ་དང་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་སྡེ་ཆེན་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རུབ་ཏུ་དགའ་བར་མཛད་དོ། །རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནསཅང་མི་གསུང་ངོ་། །དེ་ནས་ཁྱིམ་བདག་སྡེ་ཆེན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་བསྟོད་དེ་རྗེས་སུ་ཡི་རངས་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ལ་དགུང་ཟླ་གསུམ་དུ་ན་བཟའ་ཆོས་གོས་དང་། བསོད་སྙོམས་དང་། གཟིམས་ཆ་དང་། སྙུན་དཔྱད་ཀྱི་རྐྱེན་སྨན་དང་། ཡོ་བྱད་རྣམས་འབུལ་ན་བདག་ལ་གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་སྡེ་ཆེན་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་ཁྱིམ་བདག་སྡེ་ཆེན་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དེ་རྗེས་སུ་ཡི་རངས་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ནས་སྟན་ལས་ལངས་ཏེ་སོང་ངོ་། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་ཁྱིམ་བདག་སྡེ་ཆེན་གྱིས་ཟླ་བ་གསུམ་དུ་ན་བཟའ་ཆོས་གོས་དང་། བསོད་སྙོམས་དང་། གཟིམས་ཆ་དང་། སྙུན་དཔྱད་ཀྱི་རྐྱེན་སྨན་དང་། ཡོ་བྱད་རྣམས་ཀྱིས་བསྙེན་བཀུར་ཁོ་ན་བྱས་སོ། །ཁྱིམ་བདག་སྡེ་ཆེན་གྱི་ཀུན་དུ་སྤྱོད་པ་ནི་ནང་པར་སྔར་ལངས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་དགེ་སློང་རྣམས་ལ་ལྟ་བར་བྱེད་པ་ལས་དགེ་སློང་ན་བ་ནད་ཚབས་ཆེ་བ་སྡུག་བསྔལ་བའི་ནད་པ་གཞན་ཞིག་ཡོད་པ་དེ་ལ་སྨན་པས་ཤ་ཁུ་འཐུང་ཤིག་ཅེས་བསྟན་ཏོ། །དེ་ནས་ཁྱིམ་བདག་སྡེ་ཆེན་དགེ་སློང་དེ་གང་ན་བ་དེར་སོང་སྟེ་ཕྱིན་ནས་རྐང་པ་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་དྲིས་པ། འཕགས་པ་སྨན་པས་ཅི་བསྟན། དེས་སྨྲས་པ། ཤ་ཁུ་འཐུང་ཤིག་ལོ། །དེ་ནས་ཁྱིམ་བདག་སྡེ་ཆེན་རང་གི་ཁྱིམ་དུ་སོང་སྟེ་ཆུང་མ་ལ་སྨྲས་པ། སློབ་དཔོན་ཆེ་གེ་མོ་ཞེས་བྱ་བ་ལ་སྨན་པས་ཤ་ཁུ་འཐུང་ཤིག་ཅེས་བསྟན་གྱིས་སྦྱོར་ལ་སྐུར་ཅིག །དེས་བུ་མོ་ཞིག་ལ་རིན་བསྐུར་ནས་ཚོང་དུས་སུ་བཏང་བ་ལས། དེའི་ཉིན་མོ་རྒྱལ་པོའི་སྲས་བལྟམ་ནས། དེས་དྲིལ་བསྒྲོགས་སུ་བཅུག་པ། སུས་ཀྱང་སྲོག་གཅད་པར་མི་བྱའོ། །གང་ཞིག་སྲོག་བཅད་ན་ཆད་པས་ཆོད་པར་བཅད་དོ་ཞེས་བསྒོའོ། །དེ་ནས་རིན་གྱིས་ཀྱང་ཚོང་དུས་སུ་ཤ་མ་རྙེད་ནས། དེ་ནས་བུ་མོ་དེས་དེ་ལྟར་གྱུར་བ་དག་ཁྱིམ་བདག་སྡེ་ཆེན་ལ་རྒྱས་པར་བརྗོད་པ་དང་། ཁྱིམ་བདག་སྡེ་ཆེན་གྱི་ཆུང་མས་བསམས་པ། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་བདག་ཅག་གི་ཡོ་བྱད་ཐམས་ཅད་ཀྱིས་བལྟབས་ན། གལ་ཏེ་དགེ་སློང་ཞིག་སྨན་མེད་པས་ཤི་བར་གྱུར་ན་མ་ལེགས་སོ་ཞེས་དེ་སྙམ་དུ་དཔྱད་ནས། གྲི་རྣོན་པོ་བླངས་ཏེ་ཁྱིམ་དུ་ཞུགས་ནས་བརླའི་ཤ་ལས་བཅད་དེ་བུ་མོ་ལ་བྱིན་ནས་བུ་ཤ་འདི་ཁུ་བར་བྱོས་ལ་འཕགས་པ་ཆེ་གེ་མོ་ཞེས་བྱ་བའི་དྲུང་དུ་ཁྱེར་ཅིག དེས་དེ་ཁྱེར་ནས་དགེ་སློང་གི་ལོངས་སྤྱད་པ་ལས་སོས་པར་གྱུར་ཏོ།། །།འདུལ་བ་གཞི། བམ་པོ་ཉི་ཤུ་གསུམ་པ། དགེ་སློང་དེས་འདི་ལྟར་བདག་ལ་ཁྱིམ་བདག་གི་ཆུང་མ་འདིས་རང་གི་ཤས་བསྙེན་བཀུར་བྱས་པར་རིག་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་དད་པས་བྱིན་པ་ལོངས་སྤྱད་ནས་གློས་ཕབ་སྟེ་འདུག་པ་ནི་རིགས་པ་མ་ཡིན་གྱི། མ་ལ་བདག་གིས་མ་ཐོབ་པ་ཐོབ་པར་བྱ་བ་དང་། མ་རྟོགས་པ་རྟོགས་པར་བྱ་བ་དང་། མངོན་སུམ་དུ་མ་བྱས་པ་མངོན་སུམ་དུ་བྱ་བའི་ཕྱིར་བརྩོན་པར་བྱའོ་སྙམ་ནས། དེ་བརྩོན་འགྲུས་བརྩམ་པར་བརྩམས་ཏེ། དེས་བརྩོན་པ་དང་། འབད་པ་དང་། བརྩལ་བ་བྱས་པས་འཁོར་བའི་འཁོར་ལོ་ཆ་ལྔ་པོ་གཡོ་བ་དང་། མི་གཡོ་བ་འདི་ཉིད་རིག་སྟེ། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་ཉམས་པ་དང་། ལྟུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པའི་ཆོས་ཉིད་དུ་ཟིལ་གྱིས་མནན་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་མངོན་སུམ་དུ་བྱས་ནས་དགྲ་བཅོམ་པར་གྱུར་ཏེ། ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བ། འོང་བ་དང་གསེར་དུ་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་མཉམ་པའི་སེམས་སྟེའུ་དང་ཙན་དན་དུ་མཉམ་པ། རིག་པས་མ་རིག་པའི་སྒོ་ངའི་སྦུབས་དྲལ་ཅིང་རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་། བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་པོ་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་པར་བྱ་བ་དང་། རྗེད་པར་བྱ་བ་དང་། མངོན་དུ་སྨྲ་བར་བྱ་བར་གྱུར་ཏོ། །སྐབས་དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མི་མཁྱེན་པའམ། མི་གཟིགས་པའམ། ཐུས་སུ་མི་ཆུད་པའམ། རྣམ་པར་མི་མཁྱེན་པ་ཅུང་ཟད་ཀྱང་མི་མངའོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་མནབས་ལྷུང་བཟེད་དང་། ཆོས་གོས་བསྣམས་ནས་དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་། དགེ་སློང་གི་དགེ་འདུན་གྱིས་མདུན་གྱིས་བལྟས་ཏེ་ཁྱིམ་བདག་སྡེ་ཆེན་གྱི་ཁྱིམ་གང་ན་བ་དེར་གཤེགས་ཏེ་བྱོན་ནས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །བཞུགས་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་སྡེ་ཆེན་ལ་བཀའ་སྩལ་པ། ཁྱིམ་བདག་ཁྱིམ་བདག་གི་ཆུང་མ་སྡེ་ཆེན་མ་མི་སྣང་ན་ག་རེ། བཅོམ་ལྡན་འདས་སྤྱོད་ལམ་རྔོ་མི་ཐོག་པས་ཕུགས་ན་མཆིས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆེ་བའི་བདག་ཉིད་ནི་བསམ་གྱིས་མི་ཁྱབ་པ་ཡིན་པས་བཅོམ་ལྡན་འདས་ཀྱིས་གང་གིས་ན་རྨ་དེ་མདོག་འདྲ་བ་དང་། པགས་པ་འདྲ་བ་དང་། བ་སྤུ་འདྲ་བར་གྱུར་པ་དེ་ལྟར་བྱིན་གྱིས་བརླབས་སོ། །དེ་ནས་ཁྱིམ་བདག་སྡེ་ཆེན་གྱི་ཆུང་མ་དད་པ་སྐྱེས་ཏེ་སྒོར་བྱུང་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཅི་ཁྱིམ་་བདག་གི་ཆུང་མ་འདི་བྱང་ཆུབ་སེམས་དཔའི་སྤུངས་ཉམས་སུ་མྱོང་བར་བྱེད་དམ། དེས་ཚིགས་སུ་བཅད་དེ་གསོལ་པ། བསྒྲིམ་མི་དགོས་པར་འཁོར་བ་ན། །ལུས་ནི་ཤིན་ཏུ་རྙེད་པར་སླའི། །བསྐམ་པ་བྱེ་བ་སྟོང་རྣམས་སུ། །སྦྱིན་གནས་ཤིན་ཏུ་རྙེད་པར་དཀའ། །དེ་ནས་ཁྱིམ་བདག་སྡེ་ཆེན་གྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བདེ་བར་བཞུགས་པར་རིག་ནས་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་རྣམས་རང་གི་ལག་གིས་སྟོབས་ཤིང་ཚིམ་པར་བྱེད་དོ། །རྣམ་གྲངས་དུ་མར་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་རང་གི་ལག་གིས་བསྟབས་ཤིང་ཚིམ་པར་བྱས་ཏེ། བཅོམ་ལྡན་འདས་ཀྱིས་གསོལ་ཟིན་ནས་ཕྱག་བཅབས་ཏེ། ལྷུང་བཟེད་གྱུ་བར་རིག་ནས་སྟན་ཆེས་དམའ་བ་ཞིག་བླངས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཆོས་མཉན་པའི་ཕྱིར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་སྡེ་ཆེན་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དེ། རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་གདན་ལས་བཞེངས་ཏེ་གཤེགས་སོ། །དེ་ནས་བཅོམ་ལྡན་འདས་གཙུག་ལག་ཁང་དུ་གཤེགས་ནས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །བཞུགས་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཤ་རྣམས་ཀྱི་ནང་ནས་ནི་འདི་ལྟ་སྟེ། མིའི་ཤ་ཐ་ཆད་ཡིན་ནོ། །དེ་ལྟ་བས་ན་དགེ་སློང་གིས་མིའི་ཤ་བཟའ་བར་མི་བྱའོ། །དགེ་སློང་གིས་མི་ཤ་ཟོས་ན་ལྟུང་བ་སྦོམ་པོར་འགྱུར་རོ། །གཞན་ཡང་ངས་དགེ་འདུན་གྱི་གནས་བརྟན་གྱི་དགེ་སློང་གི་ཀུན་ཏུ་སྤྱོད་པའི་ཆོས་བཅའ་བར་བྱ་སྟེ། དགེ་འདུན་གྱི་གནས་བརྟན་གྱི་དགེ་སློང་གིས་ཤ་འདྲིམ་པར་བྱེད་ན་འདི་ཅིའི་ཤ་ཞེས་དྲི་བར་བྱའོ། །གལ་ཏེ་དགེ་འདུན་གྱི་གནས་བརྟན་གྱིས་མ་སྦོབས་ན་གནས་བརྟན་གཉིས་པས་དྲི་བར་བྱའོ། །དགེ་འདུན་གྱི་གནས་བརྟན་གྱིས་ཀུན་དུ་སྤྱད་པའི་ཆོས་ཇི་ལྟར་བཅས་པ་བཞིན་ཡང་དག་པར་བླངས་ཏེ་འཇུག་པར་མི་བྱེད་ན་འགལ་ཚབས་ཅན་དུ་གྱུར་རོ། །དགེ་སློང་ཐམས་ཅད་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཁྱིམ་བདག་སྡེ་ཆེན་གྱི་མཆིས་འབྲང་གིས་རང་གི་ཤས་དགེ་སློང་འདི་ལ་བསྙེན་བཀུར་བགྱིས་ལ། དགེ་སློང་འདིས་ཀྱང་སྡེ་ཚེན་མ་ལ་བརྟེན་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་མངོན་སུམ་དུ་བགྱིས་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་འབའ་ཞིག་མ་ཡིན་གྱི། ཇི་ལྟར་འདིས་འདས་པའི་དུས་ན་ཡང་དགེ་སློང་འདི་ལ་རང་གི་ཤས་བརྙེས་བཀུར་བྱས་ཏེ་འདིས་ཀྱང་དེ་ལ་བརྟེན་ནས་མངོན་པར་ཤེས་པ་ལྔ་མངོན་སུམ་དུ་བྱས་པ་དེ་ཤིན་ཏུ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཟིག་དང་བཤད་དོ། །དགེ་སློང་དག་སྔོན་བྱུང་བ་ཝཱ་རཱ་ཎ་སཱིའི་གྲོང་ན་ཁྱིམ་བདག་སྡེ་ཆེན་ཞེས་བྱ་ཞིག་ཡོད་དེ། དེའི་ཆུང་མ་སྡེ་ཆེན་མ་ཞེས་བྱའོ། །ཇི་ཙམ་ན་བྲམ་ཟེ་ཚོགས་འདོན་དུ་འཇུག་པ་གཞན་ཞིག་བྲམ་ཟེའི་བུ་ལྔ་བརྒྱ་ཙམ་ལ་བྲམས་ཟེའི་གསང་ཚིག་འདོན་དུ་འཇུག་གོ། །དེ་ལ་ཁྱིམ་བདག་སྡེ་ཆེན་དད་པ་སྐྱེས་ཏེ། དེས་དེ་འཁོར་དང་བཅས་པ་ལ་ཡོ་བྱད་ཐམས་ཅད་ཀྱིས་བསྟབས་ཏེ། ཁྱིམ་བདག་སྡེ་ཆེན་གྱིས་བྲམ་ཟེ་དེ་འཁོར་དང་བཅས་པ་ལ་བཀུར་སྟི་ཁོ་ན་བྱས་སོ། །ཁྱིམ་བདག་དེའི་ཀུན་ཏུ་སྤྱོད་པ་ནི་ནང་པར་སྔར་ལངས་ཏེ་ནད་པ་རྣམས་ལ་ལྟ་བར་བྱེད་པས་ཇི་ཙམ་ན་བྲམ་ཟེའི་ཁྱེའུ་གཞན་ཞིག་ན་བ་སྡུག་བསྔལ་བ་ནད་ཚབས་ཆེ་བར་གྱུར་ནས་དེ་ལ་སྨན་པས་ཤ་ཁུ་་འཐུང་ཤིག་ཅེས་བསྟན་ཏོ། །དེ་ནས་ཁྱིམ་བདག་སྡེ་ཆེན་བྲམ་ཟེའི་ཁྱེའུ་གང་ན་བ་དེར་སོང་སྟེ་སོང་ནས་ཕྱག་བྱས་ཏེ་དྲིས་པ། བྲམ་ཟེའི་ཁྱེའུ་ཁྱོད་ལ་སྨན་པས་ཅི་བསྟན། དེས་སྨྲས་པ། ཤ་ཁུ་འཐུག་ཟིག་ལོ། །དེ་ནས་ཁྱིམ་བདག་སྡེ་ཆེན་ཁྱིམ་དག་ཏུ་སོང་ནས་ཆུང་མ་ལ་སྨྲས་པ། བྲམ་ཟེའི་ཁྱེའུ་ཆེ་གེ་མོ་ཞེས་བྱ་བ་ལ་ཤ་ཁུ་འཐུང་ཤིག་ཅེས་སྨན་པས་བསྟན་གྱིས་དེ་སྦྱོར་ལ་སྐུར་ཅིག དེས་བུ་མོ་ཞིག་ལ་རིན་བསྐུར་ཏེ་ཚོང་དུས་སུ་བཏང་ངོ་། །དེ་ཉིད་ཀྱི་ཉིན་མོ་རྒྱལ་པོིའི་བུ་བཙས་ནས་དེས་དྲིལ་སྒྲོགས་སུ་བཅུག་སྟེ། སུས་ཀྱང་སྲོག་གཅད་པར་མི་བྱའོ། །གང་གིས་སྲོག་བཅད་པར་གྱུར་ན་དེ་ཆད་པས་ཆོད་པར་བཅད་དོ་ཞེས་བསྒོའོ། །དེ་ནས་ཚོང་དུས་སུ་རིན་གྱིས་ཀྱང་ཤ་མ་རྙེད་དོ། །དེ་ནས་བུ་མོ་དེས་དེ་ལྟར་གྱུར་པ་དག་ཁྱིམ་བདག་སྡེ་ཆེན་གྱི་ཆུང་མ་ལ་རྒྱས་པར་སྨྲས་པ་དང་། ཁྱིམ་བདག་སྡེ་ཆེན་གྱི་ཆུང་མས་བསམས་པ། བྲམ་ཟེ་འཁོར་དང་བཅས་པ་འདི་དག་བདག་ཅག་གིས་ཡོ་བྱད་ཐམས་ཅད་བསྟབས་ན། གལ་ཏེ་བྲམ་ཟེའི་ཁྱེའུ་ཞིག་སྨན་མེད་པས་དུས་བྱས་པར་གྱུར་ན་མ་ལེགས་སོ་ཞེས་དེ་སྙམ་དུ་དཔྱད་ན། གྲི་རྣོན་པོ་བླངས་ཏེ་ཁྱིམ་གྱི་ནང་དུ་བཞུགས་ནས་བརླའི་ཤ་ལས་བཅད་དེ་བུ་མོ་ལ་བྱིན་ནས། བུ་ཤ་འདི་ཁུ་བར་བྱོས་ལ་བྲམ་ཟེའི་ཁྱེའུ་ཆེ་གེ་མོ་ཞེས་བྱ་བའི་དྲུང་དུ་ཁྱེར་ཅིག །དེས་ཁྱེར་ནས་བྲམ་ཟེའི་ཁྱེའུ་དེས་ལོངས་སྤྱད་ནས་སོས་པར་གྱུར་ཏོ། །བྲམ་ཟེའི་ཁྱེའུ་དེས་འདི་ལྟར་བདག་ལ་ཁྱིམ་བདག་གི་ཆུང་མ་དེས་རང་གི་ཤས་བསྙེན་བཀུར་བྱས་པར་རིག་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་དད་པས་བྱིན་པ་ཡོངས་སུ་ལོངས་སྤྱད་ནས་བདག་གློས་ཕབ་སྟེ་འདུག་པ་ནི་རིགས་པ་མ་ཡིན་གྱིས། མ་ལ་བདག་གིས་མ་ཐོབ་པ་ཐོབ་པར་བྱ་བ་དང་། མ་རྟོགས་པ་རྟོགས་པར་བྱ་བ་དང་། མངོན་སུམ་དུ་མ་བྱས་པ་མངོན་སུམ་དུ་བྱ་བའི་ཕྱིར་བདག་གིས་འབད་པར་བྱའོ་སྙམ་ནས། དེ་ནས་དེ་ཞི་བའི་ཕྱོགས་སུ་སོང་སྟེ་མངོན་པར་ཤེས་པ་ལྔ་མངོན་སུམ་དུ་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་ཁྱིམ་བདག་སྡེ་ཆེན་ཞེས་བྱ་བའི་ཆུང་མ་གང་ཡིན་པ་དེ་ནི་ཁྱིམ་བདག་སྡེ་ཆེན་གྱི་ཆུང་མ་འདི་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ཀྱི་བྲམ་ཟེའི་ཁྱེའུ་གང་ཡིན་པ་དེ་ནི་དགེ་སློང་འདི་ཉིད་ཡིན་ཏེ་དེའི་ཚི་ཡང་འདིས་དགེ་སློང་དེ་ལ་རང་གི་ཤས་བསྙེན་བཀུར་བྱས་ཏེ། འདིས་ཀྱང་དེ་ལ་བརྟེན་ནས་མངོན་པར་ཤེས་པ་ལྔ་མངོན་སུམ་དུ་བྱས་སོ། །ད་ལྟར་ཡང་འདིས་དགེ་སློང་འདི་ལ་རང་གི་ཤས་བསྙེན་བཀུར་བྱས་སོ། །དགེ་སློང་འདིས་ཀྱང་འདི་ལ་བརྟེན་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་མངོན་སུམ་དུ་བྱས་སོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་གནག་པ་ཡིན། ལས་གཅིག་ཏུ་དཀར་པ་རྣམས་ཀྱི་ནི་གཅིག་ཏུ་དཀར་བ་ཡིན། འདྲེན་མ་རྣམས་ཀྱི་ནི་འདྲེན་མ་ཡིན་ནོ། །དགེ་སློང་དག་དེ་ལྟ་བས་ན་ད་ཕྱིན་ཆད་ལས་གཅིག་ཏུ་གནག་པ་རྣམས་དང་འདྲེན་མ་ནི་སྤངས་ལ། ལས་གཅིག་ཏུ་དཀར་བ་ལ་བརྩལ་བར་བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟ་བུ་ལ་བསླབ་པར་བྱའོ།།

གླེང་གཞི་ནི་མཉན་ཡོན་ནའོ། །དེའི་ཚེ་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་གླང་པོ་ཆེ་ཚོ་དགུ་ཁ་དོག་གོ། །མུ་གེའི་དུས་བྱུང་བས་བྲམ་ཟེ་དང་། ཁྱིམ་བདག་རྣམས་ཀྱིས་གླང་པོ་ཆེའི་ཤ་བཟའ་བར་བརྩམས་སོ། །དྲུག་སྡེའི་དགེ་སློང་དག་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ནས་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་སོ། །ཇི་ཙམ་ན་ཁྱིམ་བདག་གཞན་ཞིག་གིས་གླང་པོ་ཆེའི་ཤ་ཕྲུ་བར་བཅུག་སྟེ་འཚེད་ཅིང་འདུག་པའི་ཁྱིམ་དེར་དེ་དག་ཞུགས་པ་དང་། ཁྱིམ་བདག་གི་ཆུང་མས་སྨྲས་པ། འཕགས་པ་དབུལ་དུ་ཅུང་ཟད་ཀྱང་མ་མཆིས་ཀྱིས་བཞུད་ཅིག །དེ་དག་གིས་སྨྲས་པ། ཕྲུབ་འདིའི་ནང་ན་འཚེད་ཅིང་འདུག་ན། འཕགས་པ་འདི་ནི་གླང་པོ་ཆེའི་ཤ་ལགས་ན་ཅི་ཁྱེད་ཅག་ཀྱང་གླང་པོ་ཆེའི་ཤ་གསོལ་ལམ། ཁོ་བོ་ཅག་ནི་འཚོ་བ་ཁྱེད་ཅག་ལ་རག་ལས་པ་ཡིན་པས་གལ་ཏེ་ཁྱེད་ཟན་ཁོ་བོ་ཅག་ལ་ཡང་བྱིན་ཅིག །དེ་དག་ལ་ཕུལ་ནས་དེ་དག་གིས་ལྷུང་བཟེད་ཀྱི་སྣོད་བཀང་སྟེ་ཕྱིར་བྱུང་བ་དགེ་སློང་གཞན་དག་ཅིག་བསོད་སྙོམས་ལ་རྒྱུས་པ་དེ་དག་གིས་མཐོང་ངོ་། །མཐོང་ནས་དྲིས་པ། ཨེ་མ་འོ་དྲུག་སྡེ་ལྷུང་བཟེད་ཀྱི་སྣོད་ཁེངས་ན་ཅི་ཡིན། དེ་དག་གིས་སྨྲས་པ། གླང་པོ་ཆེའི་ཤ་ཅུང་ཞིག་རྙེད་དོ། །ཅི་ཁྱེད་ཅག་གླང་པོ་ཆེའི་ཤ་ཡང་ཟའམ། ཚེ་དང་ལྡན་པ་དག་མུ་གེའི་དུས་བྱུང་བ་ལ་གལ་ཏེ་གཞན་མ་རྙེད་ན་ཅི་ཁོ་བོ་ཅག་ལྟོགས་ཏེ་འཆིའམ་ཞེས་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་རྒྱལ་པོའི་གླང་པོ་ཆེ་ཚོ་དགུ་ཁ་དག་ལ། གལ་ཏེ་ཁྱེད་ཀྱིས་གླང་པོ་ཆེའི་ཤ་ཟོས་པ་རྒྱལ་པོས་ཐོས་ན། ཁྱེད་ལ་མངོན་པར་དད་པའི་ལྷ་དང་། ཀླུ་དང་། མི་དང་། མི་མ་ཡིན་པ་གཞན་དག་ཀྱང་ཡོད་པས་འཕགས་པ་དག་གླང་པོ་ཆེའི་ཤ་ཟ་སྟེ། དེས་ན་བདག་གི་གླང་པོ་ཆེ་ཚོ་དགུ་ཁ་དག་གོ་ཞེས་སེམས་པར་མི་འགྱུར་རམ། དགེ་སློང་དག་གིས་གླང་པོ་ཆེའི་ཤ་ལོངས་སྤྱད་པར་མི་བྱའོ། །ལོངས་སྤྱད་ན་འགལ་ཚབས་ཅན་དུ་འགྱུར་རོ། །གླང་པོ་ཆེའི་ཤ་ཇི་ལྟ་བ་བཞིན་དུ་རྟའི་ཤ་ཡ་དེ་དང་འདྲའོ།། །།

སངས་རྒྱས་བཅོམ་ལྡན་འདས་ཡུམ་ཙམ་པ་ན་དྲང་སྲོང་གར་གའི་རྫིང་འགྲམ་ན་བཞུགས་སོ། །ཡུལ་ཙམ་པའི་ཀླུ་དད་པ་བཟང་བ་དགེ་བའི་བསམ་པ་ཅན་དེ་ཚེས་བརྒྱད་དང་བཅུ་བཞི་ལ་གནས་ནས་བྱུང་སྟེ་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་བླངས་ནས་གནས་སྣང་བར་ལུས་ཆེན་པོར་བྱས་ཏེ་ལུས་བཏང་ནས་འདུག་ཅིང་། འཇིག་རྟེན་སེམས་ཅན་གནས་པ་དག་ལ་ཅུང་ཟད་ཀྱང་གནོད་པའམ་སྐྲག་པར་མི་བྱེད་དོ། །མུ་གེའི་དུས་བྱུང་བས་ལས་ལ་མི་ལྟ་བའི་མི་ཕྱུགས་རྫི་རྣམས་དང་། ལུག་རྫི་རྣམས་དང་། རྩྭ་ཐུན་རྣམས་དང་། ཤིང་ཐུན་རྣམས་དང་། ལམ་གྱིས་འཚོ་བ་རྣམས་དང་། ལམ་གོལ་བས་འཚོ་བའི་མི་རྣམས་ཀྱིས་ཀླུའི་ཤལ་དུམ་བུ་དུམ་བུར་བཅད་ནས་ལོངས་སྤྱད་པར་བརྩམས་སོ། །དྲུག་སྡེའི་དགེ་སློང་དག་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ནས་བསོད་སྙོམས་ལ་ཞུགས་པ་ལས། ཇི་ཙམ་ན་ཁྱིམ་བདག་གཞན་ཞིག་གིས་ཀླུའི་ཤ་ཕྲུ་བར་བཅུག་སྟེ་འཚེད་ཅིང་འདུག་པའི་ཁྱིམ་དེར་དེ་བཞུགས་སོ། །ཁྱིམ་བདག་གི་ཆུང་མས་སྨྲས་པ། འཕགས་པ་དབུལ་དུ་ཅུང་ཟད་ཀྱང་མ་མཆིས་ཀྱིས་བཞུད་ཅིག དེ་དག་གིས་སྨྲས་པ། ཕྲུ་བ་འདིའི་ནང་ན་འཚེད་ཅིང་འདུག་ན། འཕགས་པ་འདི་ནི་ཀླུའི་ཤ་ལགས་ན་ཅི་ཁྱེད་ཅག་ཀྱང་ཀླུའི་ཤ་གསོལ་ལམ། ཁོ་བོ་ཅག་ནི་འཚོ་བ་ཁྱེད་ལ་རག་ལས་པ་ཡིན་པས་གལ་ཏེ་ཁྱེད་ཅག་ཟན་ཁོ་བོ་ཅག་ལ་ཡང་བྱིན་ཅིག དེ་དག་ལ་ཕུལ་ནས་འཕགས་པ་རྣམས་ཀྱང་ལོངས་སྤྱོད་དོ་ཞེས་ཕལ་མོ་ཆེས་སྤྱད་པར་བརྩམས་སོ། །དེ་ནས་ཙམ་པའི་ཀླུའི་ཆུང་མ་འདི་སྙམ་དུ་སེམས་ཏེ། འཕགས་པ་འདི་དག་ཀྱང་ཀླུའི་ཤ་ལ་ལོངས་སྤྱོད་པས་སྐྱེ་བོའི་ཚོགས་ཕལ་མོ་ཆེས་ལོངས་སྤྱད་ན་བདག་གི་ཁྱིམ་ཐབ་ཀྱིས་ཡུན་ཇི་སྲིད་ཅིག་སྡུག་བསྔལ་མནགས་དགོས། བདག་གིས་འདིའི་ཕྱིར་འདི་ཁོ་ན་བྱའོ་སྙམ་མོ། དེ་ནས་ཙམ་པའི་ཀླུའི་ཆུང་མ་དེའི་མཚན་མོ་འདས་ནས་ཁ་དོག་འཕགས་པས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །དེའི་ཚེ་ཙམ་པའི་ཀླུའི་ཆུང་མའི་ཁ་དོག་གི་མཐུས་དྲང་སྲོང་གར་གའི་རྫིང་གི་ཉེན་ཀོར་ཐམས་ཅད་སྣང་བ་རྒྱ་ཆེན་པོས་ཁྱབ་པར་བྱས་སོ། །ཙམ་པའི་ཀླུའི་ཆུང་མ་ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་གི་སྡུམ་ཐབ་དད་པ་བཟང་བ་དགེ་བའི་བསམ་པ་ཅན་དེས་ཚེས་བརྒྱད་དང་བཅུ་བཞི་ལ་གནས་ནས་བྱུང་སྟེ་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་བླངས་ནས་ལུས་བཏང་སྟེ་མཆིས་ལ། འཇིག་རྟེན་ན་སེམས་ཅན་དག་གནས་པ་ལ་གནོད་པ་དང་སྐྲག་པ་ཅུང་ཟད་ཀྱང་མི་བགྱིད་པ་མུ་གེའི་དུས་བྱུང་བས་ལས་ལ་མི་ལྟ་བའི་མི་ཕྱུགས་རྫི་རྣམས་དང་། ལུག་རྫི་རྣམས་དང་། རྩྭ་ཐུན་རྣམས་དང་། ཤིང་ཐན་རྣམས་དང་། ལམ་གྱིས་འཚོ་བ་རྣམས་དང་། ལམ་གོལ་བས་འཚོ་བའི་མི་རྣམས་ཀྱིས་ཀླུའི་ཤ་དུམ་བུ་དུམ་བུར་བཀུམ་ནས་འཚལ་བ་འཕགས་པ་དག་གིས་གཟིགས་ནས་འཕགས་པ་རྣམས་ཀྱིས་གསོལ་བར་བརྩམས་སོ། །འཕགས་པ་རྣམས་ཀྱིས་གསོལ་ལ་དེ་དག་གིས་ཀྱང་ཆེར་བཀུམ་ཞིང་འཚལ་བར་བརྩམས་ནས་བདག་གི་སྡུམ་ཐབ་ཀྱིས་ཡུན་ཇི་སྲིད་ཅིག་སྡུག་བསྔལ་མནགས་འཚལ། ཀྱེ་མ་བཅོམ་ལྡན་འདས་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ། གང་གི་ཕྱིར་འཕགས་པ་དག་ཀླུའི་ཤ་མི་གསོལ་བར་དགོངས་པའི་རྒྱུ་ཆུང་ཞིག་བཅའ་བར་གསོལ། བཅོམ་ལྡན་འདས་ཀྱིས་ཙམ་པའི་ཀླུའི་ཆུང་མ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་ཙམ་པའི་ཀླུའི་ཆུང་མ་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དེ་ཉིད་ཀྱི་མཚན་མོ་འདས་ནས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །བཞུགས་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་མདང་སུམ་ངའི་སྤྱན་སྔར་ཙམ་པའི་ཀླུའི་ཆུང་མ་མཚན་མོ་འདས་ནས་ཁ་དོག་འཕགས་པས་གང་ན་བ་དེར་འོངས་ཏེ་ཕྱིན་ནས་ངའི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། དེའི་ཚེ་ཚཙམ་པའི་ཀླུའི་ཆུང་མའི་ཁ་དོག་གི་མཐུས་དྲང་སྲོང་གར་གའི་རྫིང་གི་ཉེན་ཀོར་ཐམས་ཅད་སྣང་བ་རྒྱ་ཆེན་པོས་ཁྱབ་པར་བྱས་སོ། །ཙམ་པའི་ཀླུའི་ཆུང་མ་ཕྱོགས་གཅིག་ཏུ་འདུག་ནས་ང་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་གི་སྡུམ་ཐབ་དད་པ་བཟང་བ་དགེ་བའི་བསམ་པ་ཅན་དེ་ཚེས་བརྒྱད་དང་བཅུ་བཞི་ལ་རང་གི་གནས་ནས་བྱུང་སྟེ་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་བླངས་ནས་ལུས་བཏང་སྟེ་མཆིས་ལ། འཇིག་རྟེན་སེམས་ཅན་དག་གནས་པ་ལ་གནོད་པ་དང་སྐྲག་པ་ཅུང་ཟད་ཀྱང་མི་བགྱིད་པ་མུ་གེའི་དུས་བྱུང་བས་ལས་ལ་མི་ལྟ་བའི་མི་ཕྱགས་རྫི་རྣམས་དང་། ལུག་རྫི་རྣམས་དང་། རྩྭ་ཐུན་རྣམས་དང་། ཤིང་ཐུན་རྣམས་དང་། ལམ་གྱིས་འཚོ་བ་རྣམས་དང་། ལམ་གོལ་བས་འཚོ་བའི་མི་རྣམས་ཀྱིས་ཀླུའི་ཤ་དུམ་བུ་དུམ་བུར་བཀུམ་ནས་འཚལ་ལོ། །དེ་དག་གིས་འཚལ་བ་དང་། འཕགས་པ་དག་གིས་ཀྱང་གསོལ་བར་བརྩམས་སོ། །འཕགས་པ་རྣམས་ཀྱང་གསོལ་ཏོ་ཞེས་དེ་དག་གིས་ཆེར་བཀུམ་ཞིང་འཚལ་བར་བརྩམས་ན། བདག་གི་སྡུམ་ཐབ་ཀྱིས་ཡུན་ཇི་སྲིད་ཅིག་སྡུག་བསྔལ་མནགས་འཚལ། ཀྱེ་བཅོམ་ལྡན་འདས་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ་གང་གི་ཕྱིར་འཕགས་པ་དག་ཀླུའི་ཤ་མི་གསོལ་བར་དགོངས་པའི་རྒྱུ་ཅུང་ཞིག་བཅའ་བར་གསོ་ཞེས་ཟེར་ནས་ངས་ཙམ་པའི་ཀླུའི་ཆུང་མ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་ཙམ་པའི་ཀླུའི་ཆུང་མས་ང་ཅང་མི་གསུང་བས་གནང་བར་རིག་ནས་ངའི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །གང་ལ་ད་ལྟར་ལྷ་དག་ཀྱང་ཤཱཀྱའི་སྲས་ཀྱི་དགེ་སློང་རྣམས་ནི་དགེ་བའི་ཆོས་རྣམས་ལས་ཉམས་སོ་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པ་འདི་ནི་བཟང་པོ་མ་ཡིན། རིགས་པ་མ་ཡིན་ཏེ། དགེ་སློང་དག་དེ་ལྟ་བས་ན་དགེ་སློང་དག་གིས་ཀླུའི་ཤ་བཟའ་བར་མི་བྱའོ། །ཟ་ན་གལ་ཚབས་ཅན་དུ་འགྱུར་རོ།། །།

བཅོམ་ལྡན་འདས་ཡུལ་མ་ག་དྷཱའི་ལྗོངས་རྒྱུ་ཞིང་གཤེགས་པ་ན་རྒྱལ་པོའི་ཁབ་ཏུ་བྱོན་ནས། རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ། །མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས་བཅོམ་ལྡན་འདས་ཡུལ་མ་ག་དྷཱའི་ལྗོངས་རྒྱུ་ཞིང་གཤེགས་ཏེ། རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལ་ད་ཀ་གནས་པ་ན་བཞུགས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་ཡང་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་བདག་གིས་ལན་མང་དུ་སྤྱན་དྲངས་ཏེ་ཞལ་ཟས་གསོལ་ནས་ལན་འགའ་ཡང་ཟླ་བ་གསུམ་དུ་ཡོ་བྱད་ཐམས་ཅད་ཀྱིས་མ་བསྟབས་ཀྱིས། མ་ལ་བདག་གིས་བཅོམ་ལྡན་འདས་ལ་ཟླ་བ་གསུམ་དུ་ཡོ་བྱད་ཐམས་ཅད་ཀྱིས་བསྟབས་ཤིང་སྨན་པའི་རྒྱལ་པོ་འཚོ་བྱེད་ཀྱང་དབུལ་ལོ་སྙམ་མོ། །དེ་ནས་རྒྱལ་པོའི་འབྱོར་པ་དང་། རྒྱལ་པོའི་མཐུ་ཆེན་པོས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། ཕྱོགས་གཅིག་ཏུ་འདུག་པ་དང་། བཅོམ་ལྡན་འདས་ཀྱིས་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་། །དེ་ནས་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་སྟན་ནས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ལ་དགུང་ཟླ་གསུམ་དུ་བསོད་སྙོམས་དང་། ན་བཟའ་ཆོས་གོས་དང་། གཟིམས་ཆ་དང་། སྙུན་དཔྱད་ཀྱི་རྐྱེན་སྨན་གྱི་ཡོ་བྱད་རྣམས་དང་། སྨན་པའི་རྒྱལ་པོ་འཚོ་བྱེད་དབུལ་ན་བདག་ལ་གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས། སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ནས་སོང་ངོ་། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས་ཟླ་བ་གསུམ་དུ་ན་བཟའ་ཆོས་གོས་དང་། བསོད་སྙོམས་དང་། གཟིམས་ཆ་དང་། སྙུན་གྱི་རྐྱེན་སྨན་གྱི་ཡོ་བྱད་ཐམས་ཅད་དང་། སྨན་པའི་རྒྱལ་པོ་འཚོ་བྱེད་ཀྱིས་རིམ་གྲོ་ཁོ་ན་བྱས་སོ། །ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་ཐབས་ཅིག་ཏུ་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས་ཡོ་བྱད་ཐམས་ཅད་དང་། སྨན་པའི་རྒྱལ་པོ་འཚོ་བྱེད་བསྟབས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་འདི་སྙམ་དུ་སམེས་ཏེ། དེ་ཡང་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ཡིན། བདག་ཀྱང་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ཡིན་ལ། དེའི་སྨན་པའི་རྒྱལ་པོ་ནི་འཚོ་བྱེད་ཡིན་ལ། བདག་གི་སྨན་པའི་རྒྱལ་པོ་ནི་རྒྱུས་ཤེས་ཀྱི་བུ་ཡིན་གྱིས་གང་གི་ཚེ་བཅོམ་ལྡན་འདས་མཉན་ཡོད་དུ་བྱོན་པ་དེའི་ཚེ་བདག་གིས་ཀྱང་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་ཐབས་ཅིག་ལ་ཡོ་བྱད་ཐམས་ཅད་དང་། སྨན་པའི་རྒྱལ་པོ་རྒྱུན་ཤེས་ཀྱི་བུ་བསྟབ་པར་བྱའོ་སྙམ་མོ། །ཇི་ཙམ་ན་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཏུ་དབྱར་བཞུགས་ནས་དབྱར་གྱི་ཟླ་བ་གསུམ་འདས་ནས་ཆོས་གོས་བྱས་པ་དང་ལྡན། ཆོས་གོས་ཟིན་པ་དང་ལྡན་ནས་ལྷུང་བཟེད་དང་ཆོས་གོས་བསྣམས་ཏེ། དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་། དགེ་སློང་གི་དགེ་འདུན་གྱི་མདུན་གྱིས་བལྟས་ནས་མཉན་ཡོད་གང་ན་བ་དེར་རྒྱུ་ཞིང་གཤེགས་ཏེ། རིམ་གྱིས་རྒྱུ་ཞིང་གཤེགས་པ་ན། མཉན་ཡོད་དུ་བྱོན་ནས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཀོ་ལ་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ཡུལ་ཀོ་ས་ལའི་ལྗོངས་རྒྱུ་ཞིང་གཤེགས་པ་ན་མཉན་ཡོད་དུ་བྱོན་ནས་མཉན་ཡོད་ན་རྒྱལ་པོ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་མཉན་ཡོད་ནས་བྱུང་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་པ་དང་། བཅོམ་ལྡན་འདས་ཀྱིས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དེ། རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ལ་དགུང་ཟླ་གསུམ་དུ་ན་བཟའ་ཆོས་གོས་དང་། བསོད་སྙོམས་དང་། གཟིམས་ཆ་དང་། སྙུན་སྨན་གྱི་རྐྱེན་སྨན་གྱི་ཡོ་བྱད་རྣམས་དང་། སྨན་པའི་རྒྱལ་པོ་རྒྱུན་ཤེས་ཀྱི་བུ་དབུལ་ན་བདག་ལ་གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་གོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས་སྟན་ནས་ལངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ནས་སོང་ངོ་། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་ཟླ་བ་གསུམ་དུ་ཡོ་བྱད་ཐམས་ཅད་དང་། སྨན་པའི་རྒྱལ་པོ་རྒྱུན་ཤེས་ཀྱི་བུས་རིམ་གྲོ་ཁོ་ན་བྱས་སོ། །ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་ཀུན་ཏུ་སྤྱོད་པ་ནི་ནང་པར་སྔར་ལངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱས་ནས་དགེ་སློང་ནད་པ་ལ་ལྟ་བ་ཡིན་ནོ། །ཇི་ཙམ་ན་དགེ་སློང་གཞན་ཞིག་གཞང་འབྲུམ་གྱིས་ཐེབས་ནས་དེ་སྐྱ་བོ་བསེང་བསེང་པོར་གྱུར་ཅིང་རིད་པ་དང་། ཉམ་ཆུང་བ་དང་། ན་བས་ཉམ་དམས་པར་གྱུར་པ་དེ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་མཐོང་ནས་སྨྲས་པ། འཕགས་པ་ཁྱོད་ཅིའི་ཕྱིར་སྐྱ་བོ་བསེང་བསེང་པོར་གྱུར་ཅིང་རིད་པ་དང་། ཉམ་ཆུང་བ་དང་། ན་བས་ཉམ་དམས་པར་གྱུར། ལྷ་བདག་གཞང་འབྲུམ་གྱིས་ཐེབས་སོ། །དེ་ནས་རྒྱལ་པོས་སྨན་པའི་རྒྱལ་པོ་རྒྱུན་ཤེས་ཀྱི་བུ་ལ་བསྒོ་བ། དགེ་སློང་འདིའི་དཔྱད་བྱོས་ཤིག །ལྷ་བཀའ་བཞིན་འཚལ། དེ་མ་དད་པས་དེས་མ་བྱས་སོ། །ཇི་ཙམ་རྒྱལ་པོས་ཡང་དགེ་སློང་དེ་མཐོང་ནས་སྨྲས་པ། འཕགས་པ་ཁྱོད་རྒྱུན་ཤེས་ཀྱི་བུས་དཔྱད་མ་བགྱིས་སམ། ལྷ་མ་བགྱིས་སོ། །དེ་ནས་རྒྱལ་པོ་ཁྲོས་ཏེ་རྒྱུན་ཤེས་ཀྱི་བུ་ཕོ་ཉས་བཀུག་ནས་བསྒོ་བ། གལ་ཏེ་ཁྱོད་ཀྱིས་དགེ་སློང་འདིའི་དཔྱད་བྱས་ན་དེ་ལྟ་ན་ལེགས། གལ་ཏེ་མ་བྱས་ན་ཁྱོད་ཀྱི་དབང་ཐང་གཅད་དོ། །དེ་རང་བཞིན་གྱིས་མ་དད་པ་ཞིག་པས་ཆེར་འཁྲུགས་ནས། དགེ་སྦྱོང་མགོ་རེག་འདིའི་ཕྱིར་ལྷས་བདག་གི་དབང་ཐང་གཅོད་པར་འགྱུར་རོ་ཞེས་དེས་དགེ་སློང་དེ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་གྱི་སྒོར་བཟོ་བཅོས་བྱས་ནས་དེ་དང་དེ་ནས་མཚོན་གྱི་ལས་བྱ་བར་བརྩམས་སོ། །དེ་ནས་དགེ་སློང་དེ་ཉམ་ང་བ་དང་། དོག་པ་དང་། གནོད་པ་ཐོབ་ཅིང་སྡུག་བསྔལ་རྩུབ་པ་མི་བཟད་པ་ཡིད་དུ་མི་འོང་བའི་ཚོར་བ་ཉམས་སུ་མྱོང་ནས་བསམས་པ། བདག་ཉམ་ང་བ་དོག་པ་གནོད་པ་ཐོབ་པ་ལ་བཅོམ་ལྡན་འདས་ཀྱིས་མ་དགོངས་པ་ལྟ་ཞིག སྐབས་དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་མི་མཁྱེན་པའམ། མི་གཟིགས་པའམ། ཐུགས་སུ་མི་ཆུད་པའམ། རྣམ་པར་མི་མཁྱེན་པ་ཅུང་ཟད་ཀྱང་མི་མངའོ། །དེ་ནས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོས་བསྐུལ་ནས་ཕྱོགས་དེར་གཤེགས་པ་དང་། སྨན་པའི་རྒྱལ་པོ་རྒྱུན་ཤེས་ཀྱི་བུས་བཅོམ་ལྡན་འདས་ཕྱོགས་དེར་གཤེགས་པ་མཐོང་ངོ་། །མཐོང་ནས་ཀྱང་ཀུན་ནས་དཀྲིས་པ་དྲག་པོས་བཅོམ་ལྡན་འདས་ལ་སྨྲས་པ། དགེ་སྦྱོང་བྲན་མོའི་བུ་ཚུར་ཤོག ཉན་ཐོས་ཀྱི་རྐུབ་ཕྱེ་བ་ལ་ལྟོས། དེ་ནས་བཅོམ་ལྡན་འདས་དེ་ཉིད་ནས་སླར་ལོག་སྟེ་གཙུག་ལག་ཁང་དུ་གཤེགས་ནས་གདན་བཤམས་པ་ཉིད་ལ་བཞུགས་སོ། །བཞུགས་ནས་བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་དོ། །འདི་ནི་ཆོས་ཉིད་ཡིན་ཏེ། གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་འཛུམ་པ་མཛད་པ་དེའི་ཚེ་ཞལ་ནས་འོད་ཟེར་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དག་འབྱུང་ཞིང་ཁ་གཅིག་ནི་འོག་ཏུ་འགྲོའོ། །ཁ་ཅིག་ནི་སྟེང་དུའགྲོའོ། །གང་དག་འོག་ཏུ་སོང་བ་དེ་དག་ནི་ཡང་སོས་དང་། ཐིག་ནག་དང་། བསྡུས་གཞོམ་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། ཚ་བ་དང་། རབ་ཏུ་ཚ་བ་དང་། མནར་མེད་པ་དང་། ཆུ་བུར་ཅན་དང་། ཆུ་བར་རྡོལ་པ་དང་། སོ་ཐམས་ཐམས་དང་། ཀྱི་ཧུད་ཟེར་བ་དང་། ཨ་ཆུ་ཟེར་བ་དང་། ཨུཏྤལ་ལྟར་གས་པ་དང་། པད་མ་ལྟར་གས་པ་དང་། པ་དམ་ལྟར་གས་པ་ཆེན་པོ་རྣམས་སུ་ཡང་སོང་སྟེ། ཚ་བའི་སེམས་ཅན་དམྱལ་བ་གང་དག་ཡིན་པ་དེ་དག་ལ་ནི་བསིལ་བར་འབབ་བོ། །གྲང་བའི་སེམས་ཅན་དམྱལ་བ་གང་དག་ཡིན་པ་དེ་དག་ལ་ནི་དྲོ་བར་འབབ་བོ། །དེས་སེམས་ཅན་དེ་རྣམས་ཀྱི་སྡུག་བསྔལ་གྱི་ཁྱད་པར་དག་སོ་སོར་ཞི་བར་བྱས་སོ། །དེ་རྣམས་འདི་སྙམ་དུ་སེམས་ཏེ། ཤེས་ལྡན་དག་ཅི་བདག་ཅག་འདི་ནས་ཤི་འཕོས་པར་གྱུར་ཏམ། འོན་ཏེ་གཞན་དུ་སྐྱེས་པར་གྱུར་སྙམ་པ་ལ། དེ་རྣམས་དད་པ་བསྐྱེད་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་སྤྲུལ་པ་ཞིག་བཏང་ངོ་། །དེ་རྣམས་ཀྱིས་སྤྲུལ་པ་མཐོང་ནས་འདི་སྙམ་དུ་སེམས་ཏེ། ཤེས་ལྡན་དག་བདག་ཅག་ནི་འདི་ནས་ཤི་འཕོས་པ་མེད་ལ་། གཞན་དུ་སྐྱེས་པ་མེད་ཀྱིས་ཀྱང་སྔོན་མ་མཐོང་བའི་སེམས་ཅན་འདིའི་མཐུས་བདག་ཅག་གི་སྡུག་བསྔལ་གྱི་ཁྱད་པར་རྣམས་སོ་སོར་ཞི་བར་བྱས་སོ་ཞེས་དེ་རྣམས་སྤྲུལ་པ་ལ་སེམས་མངོན་པར་དད་པར་གྱུར་པས་དམྱལ་བ་མྱོང་བར་གྱུར་བའི་ལས་དེ་ཟད་པར་བྱས་ནས་གང་དུ་བདེན་པ་རྣམས་མཐོང་བའི་སྣོད་དུ་འགྱུར་བ་ལྷ་ད་ང་མི་རྣམས་ཀྱི་ནང་དུ་ཉིང་མཚམས་སྦྱོར་བ་བཟུང་ངོ་། །གང་དག་སྟེང་དུ་སོང་བ་དེ་དག་ནི་རྒྱལ་ཆེན་བཞིའི་རིས་དང་། སུམ་ཅུ་རྩ་གསུམ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་རིས་དང་། ཚངས་པའི་མདུན་ན་འདོན་དང་། ཚངས་པ་ཆེན་པོ་དང་། འོད་ཆུང་དང་། ཚད་མེད་འོད་དང་། འོད་གསལ་དང་། དགེ་ཆུང་དང་། ཚད་མེད་དགེ་དང་། དགེ་རྒྱས་དང་། སྤྲིན་མེད་དང་། བསོད་ནམས་སྐྱེས་དང་། འབྲས་བུ་ཆེ་དང་། མི་ཆེ་བ་དང་། མི་གདུང་བ་དང་། གྱ་ནོམ་སྣང་བ་དང་། ཤིན་ཏུ་མཐོང་བ་དང་། འོག་མིན་གྱི་ལྷ་རྣམས་ཀྱི་ནང་དུ་སོང་ནས་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པའི་དབྱངས་སྒྲོག་ཅིང་ཚིགས་སུ་བཅད་པ་འདི་གཉིས་ཀྱང་བསྒྲགས་སོ། །བརྩམ་པར་བྱ་ཞིང་འབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱ། །གང་ཞིག་རབ་ཏུ་བག་ཡིད་པས། །ཆོས་འདུལ་འདི་ལ་བརྩོན་གྱུར་ན། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་བྱེད་པར་གྱུར། །དེ་ནས་འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་རྣམས་བྱུལ་ནས་བཅོམ་ལྡན་འདས་ཉིད་ཀྱི་རྗེས་བཞིན་རྗེས་བཞིན་དུ་འགྲོའོ། །དེ་ལ་གལ་ཏེ་བཅོམ་ལྡན་འདས་ཀྱིས་འདས་པའི་ལས་རྣམས་ལུང་སྟོན་པར་བཞེད་ན་ནི། བཅོམ་ལྡན་འདས་ཀྱི་སྣ་མ་ལོགས་སུ་ནུབ་པར་འགྱུར་རོ། །མ་འོངས་པ་ལུང་སྟོན་པར་བཞེད་ན་ནི་མདུན་ལོགས་སུ་ནུབ་པར་འགྱུར་རོ། །དམྱུལ་བར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་མཐིལ་དུ་ནུབ་པར་འགྱུར་རོ། །དུད་འགྲོར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་རྟིང་པར་ནུབ་པར་འགྱུར་རོ། །ཡི་དགས་སུ་སྐྱེ་བར་ལུང་སྟོན་པར་་བཞེད་ན་ནི་ཞབས་ཀྱི་མཐེ་བོར་ནུབ་པར་འགྱུར་རོ། །མིར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་པུས་མོར་ནུབ་པར་འགྱུར་རོ། །ཉན་ཐོས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་ཞལ་གྱི་ནང་དུ་ནུབ་པར་འགྱུར་རོ། །རང་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་མཛོད་སྤུར་ནུབ་པར་འགྱུར་རོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་དབུའི་གཙུག་ཏུ་ནུབ་པར་འགྱུར་རོ། །དེ་ནས་འོད་ཟེར་དེ་དག་གིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་ཞབས་ཀྱི་མཐིལ་དུ་ནུབ་བོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་སྦྱར་ནས་ཞུས་པ། ཁ་དོག་སྣ་ཚོགས་སྟོང་གིས་བཀྲ་བ་ཡི། །ཚོགས་རྣམས་ཞལ་གྱི་ནང་ནས་བྱུང་གྱུར་པ། །ཇི་ལྟར་གདུགས་ནི་ཤར་བར་གྱུར་བ་བཞིན། །དེ་ཡིས་ཕྱོགས་རྣམས་ཀུན་ཏུ་སྣང་བར་བགྱིས། །ཡང་ཚིགས་སུ་བཅད་པ་དག་གསོལ་པ། རྒོད་བྲལ་ཞུམ་དང་རྒྱགས་པ་སྤངས་པ་ཡི། །སངས་རྒྱས་འགྲོ་ནང་མཆོག་གི་རྒྱུར་གྱུར་པ། །རྒྱལ་བ་དགྲ་ཐུལ་བྱེད་རྒྱུ་མ་མཆིས་པར། །རྩ་ལག་དུང་ལྟར་དཀར་འཛུམ་སྟོན་མི་མཛད། །དེ་སླད་བརྟན་པ་ཉིད་བློས་དུས་མཁྱེན་ནས། །རྒྱལ་བའི་དབང་པོ་ཐུབ་པ་སྐྱེས་ཀྱི་མཆོག །ཉན་པར་འཚལ་བའི་ཉན་པ་པོ་རྣམས་ཀྱི། །ཐེ་ཚོམ་སྐྱེས་པ་གསུང་ཚིག་བརྟན་པ་དང་། །དམ་པ་བཟང་པོ་དག་གིས་བསལ་དུ་གསོལ། །ཚྭ་ཆུའི་རི་བོ་ལྟ་བུར་བརྟན་པའི་མགོན། །རྫོགས་སངས་རྒྱས་རྣམས་གློ་བུར་འཛུམ་མི་སྟོན། །བརྟན་པ་ཅི་སླད་འཛམ་པ་སྟོན་མཛད་པ། །སྐྱེ་བོ་ཕལ་ཆེ་འདི་དག་དེ་ཉན་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་སྟོན་ཏེ། ཀུན་དགའ་བོ་སྨན་པའི་རྒྱལ་པོ་རྒྱུན་ཤེས་ཀྱི་བུ་ཉམས་ཤིང་ཆུད་ཟོས་པར་གྱུར་ཏེ། དེས་དེ་བཞིན་གཤེགས་པ་མང་པོས་བཀུར་བའི་གདུང་རྒྱུད་ནས་བཟང་སྟེ་སྤྱོད་པ་སྐྱོན་མི་མངའ་བ་ལ་བྲན་མོའི་བུ་ཞེས་སྨྲས་སོ། །དེ་དེང་ནས་ཞག་བདུན་ནས་ཁྲག་དྲོན་དུ་སྐྱུགས་ཏེ་དུས་བྱེད་པར་འགྱུར་ཏེ། ལུས་ཞིག་ནས་སེམས་ཅན་དམྱུལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །དགེ་སློང་དག་དེ་ལྟར་བས་ན་རྒྱུན་ཤེས་ཀྱི་བུའམ། རྒྱུན་ཤེས་ཀྱི་བུ་འདྲ་བ་ལ་བསྙེན་བཀུར་བྱེད་དུ་མ་གཞུག་ཅིག །གཞང་འབྲུམ་ཡང་གཅད་པར་མི་བྱའོ། །འོན་ཀྱང་གཞང་འབྲུམ་གྱི་དཔྱད་ནི་རྣམ་པ་གཉིས་ཀྱིས་བྱ་སྟེ། གསང་སྔགས་དང་། སྨན་གྱིས་སོ། །དགེ་སློང་གིས་གཞང་འབྲུམ་གཅོད་དམ། རྒྱུན་ཤེས་ཀྱི་བུའམ། རྒྱུན་ཤེས་ཀྱི་བུ་འདྲ་བ་ལ་བསྙེན་བཀུར་བྱེད་དུ་འཇུག་ན་འགལ་ཚབས་ཅན་དུ་འགྱུར་རོ། །དགེ་སློང་དེ་རྒྱུན་ཤེས་ཀྱི་བུས་ཇི་ལྟར་གནོད་པ་དེ་ཉིད་ཀྱིས་དུས་ལས་འདས་པ་དེ་ལྟ་དེ་ལྟར་བྱས་སོ། །དེ་ནས་བློན་པོ་དག་གིས་རྒྱལ་པོ་གསལ་རྒྱལ་ལ་སྨྲས་པ། ལྷ་རྒྱུན་ཤེས་ཀྱི་བུས་ནི་བཅོམ་ལྡན་འདས་ལ་ཡང་བྲན་མོའི་བུ་ཞེས་ཚིག་ཏུ་སྨྲས་ལ། དགེ་སློང་དེ་ཡང་ཇི་ལྟར་གནོད་པ་དེ་ཉིད་ཀྱིས་དུས་ལས་འདས་པ་དེ་ལྟ་དེ་ལྟར་བགྱིས་སོ། །དེ་ནས་རྒྱལ་པོ་ཆེ་ཐང་དུ་ཁྲོས་ནས་བློན་པོ་རྣམས་་ལ་བསྒོ་བ། ཤེས་ལྡན་དག་ངས་སྨན་པའི་རྒྱལ་པོ་རྒྱུན་ཤེས་ཀྱི་བུ་ཡོངས་སུ་བཏང་ཟིན་ཀྱིས་དེང་ཤིག །བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་གུམ་ལགས་པ་དེ་དགུམ་ཅི་འཚལ། བཅོམ་ལྡན་འདས་ཉིད་ཀྱི་ཞག་བདུན་ན་ཁྲག་དྲོན་དུ་སྐྱུགས་ནས་དུས་བྱེད་པར་འགྱུར་ཏེ་ལུས་ཞིག་ནས་སེམས་ཅན་དམྱུལ་བ་རྣམས་སུ་སྐྱེ་བར་འགྱུར་རོ་ཞེས་ལུང་བསྟན་ལགས་སོ། །རྒྱལ་པོས་སྨྲས་པ། གལ་ཏེ་དེ་ལྟར་གྱུར་ན་ངའི་ཡུལ་ནས་སྤྱུགས་ཤིག དེ་དག་གིས་དེ་སྤྱུགས་ནས་ཡུལ་གནས་བཅས་ཞེས་བྱ་བར་ཕྱིན་ནོ། །ཡུལ་གནས་བཅས་ན་གནས་པའི་ལྷ་རྣམས་ཀྱིས་སྐྱེས་བུ་གཏི་མུག་གང་གི་ཕྱིར་ཁྱོད་ཁམས་གསུམ་གྱི་མགོན་པ་ལ་བྲན་མོའི་བུའོ་ཞེས་ཚིག་ཏུ་སྨྲས་པ། ཁྱོད་འདིར་གནས་སུ་ག་ལ་རུང་ཞེས་མང་དུ་སྤྱོས་ནས་བསྐྲད་དོ། །དེ་ནས་ཝཱ་རཱ་ཎ་སཱིར་སོང་ངོ་། །དེ་ནས་ཀྱང་བསྐྲད་ནས་ཡངས་པ་ཅན་དུ་སོང་ངོ་། །དེ་ནས་ཀྱང་བསྐྲད་ནས་ཡུལ་ཙམ་པར་སོང་ངོ་། །དེ་ནས་ཀྱང་བསྐྲད་ནས་རྒྱལ་པོའི་ཁབ་ཏུ་སོང་ངོ་། །དེ་ནས་ཀྱང་བསྐྲད་ནས་ཤིང་དྲུང་ཞིག་ན་གནས་སོ། །དེ་ནས་ཀྱང་ཤིང་ལ་གནས་པའི་ལྷ་རྣམས་ཀྱིས་བསྐྲད་ནས། འབབ་ཆུ་དང་། མཚོ་དང་། མཚེའུ་དག་གི་འགྲམ་ཤིག་ཏུ་སོང་བ་དང་དེར་ཡང་སྐབས་མ་རྙེད་ནས་དེས་བསམ་པ། འཛམ་བུའི་གླིང་འདི་ན་རེ་ཞིག་ཝ་དག་གིས་ཀྱང་སྐབས་རྙེད་ན། བདག་གིས་སྐབས་ཤིང་དྲུང་དང་། མཚོ་དང་། མཚེའུ་དག་ན་ཡང་མེད་དོ་སྙམ་པ་དང་། དེ་ལ་གང་གིས་ན་ཁྲག་དྲོན་པོ་སྐྱུགས་ནས་དུས་ལས་འདས་པ་དེ་ལྟ་བུའི་ཀུན་ནས་དཀྲིས་པ་སྐྱེས་སོ། །དུས་ལས་འདས་མ་ཐག་ཏུ་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་དེ་ལ་ཚིགས་སུ་བཅད་པ་དག་གསུངས་པ། མི་ཞིག་སྐྱེས་པར་གྱུར་པ་ཡི། །ཁ་ནས་སྟ་རེའི་ཚིག་འབྱུང་སྟེ། །ཉེས་པར་སྨྲ་བ་སྨྲ་ཚིག་དེས། །བདག་ཉིད་ལ་ནི་གཅོད་པར་བྱེད། །གང་ཞིག་སྨད་འོས་སྐྱེ་བོ་བསྔགས་བྱེད་ཅིང་། །བསྔགས་འོས་སྐྱེ་བོ་རྣམ་པར་སྨོད་བྱེད་པ། །དེ་ནི་ཁ་ཡི་ཉེས་པས་གང་གིས་ན། །བདེ་བ་ཐོབ་མི་འགྱུར་བའི་ཉེས་པ་སོགས། །འདིར་ནི་བརྒྱན་པོས་རང་གི་ནོར་ཡལ་བ། །འདི་ནི་ཕུང་བ་ཅུང་ཟད་ཙམ་ཡིན་ཏེ། །བདེ་གཤེགས་རྣམས་ལ་ཡིད་ཀྱིས་གདུག་བསམ་པ། །གང་ཡིན་དེ་ནི་ཕུང་བ་ཆེན་པོ་ཡིན། །འཕགས་ལ་གནོད་བྱེད་ལུས་དང་ངག་གིས་ལས། །སྟིག་ཏོ་བྱས་ནས་ཆུ་བུར་རྡོལ་རྣམས་སུ། །ལོ་འབུམ་དག་དང་ཆུ་བུར་ཅན་དུ་ལོ། །བཞི་ཁྲི་ཚིག་སྟོང་གང་ཡིན་དམྱལ་དེར་འགྲོ།།

སངས་རྒྱས་བཅོམ་ལྡན་འདས་ཡུལ་ཀ་ཤི་ནས་ལྗོངས་རྒྱུ་ཞིང་གཤེགས་པ་ན་གྲོང་རྡལ་མཚམས་མ་བཅད་པ་གཞན་ཞིག་ཏུ་དགོངས་བཏབ་ནས་བཞུགས་སོ། །དེ་ན་བཅོམ་ལྡན་འདས་རླུང་ནད་ཀྱི་སྙུན་གྱིས་ཐེབས་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་ལ་བདག་གིས་རང་གི་བློས་ནི་རིམ་གྲོ་ལན་མང་དུ་བྱས་ན་སྨན་པ་ལ་ལན་འགའ་ཡང་མ་དྲིས་ཀྱིས། མ་ལ་བདག་གིས་ད་ནི་སྨན་པ་ལ་དྲིའོ་སྙམ་སྟེ། དེ་སྨན་པའི་དྲུང་དུ་སོང་ནས་བཞིན་བཟངས་བཅོམ་ལྡན་འདས་འདི་ལྟ་བུའི་སྙུན་གྱིས་ཐེབས་ཀྱིས་སྨན་སྟོན་ཅིག །དེས་སྨྲས་པ། འཕགས་པ་གྲུ་སུམ་ཆབ་མར་མང་པོ་སྩལ་བ་སྒྲོལ་ལ་གསོལ་ཅིག་དང་སྙུན་གདངས་པར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་རང་ཉིད་ཀྱིས་བྱས་ཏེ་བཙོས་ནས་བཅོམ་ལྡན་འདས་ལ་འབུལ་ལོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པ་ཡིན་པས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་རྨས་པ། ཀུན་དགའ་བོ་འདི་ཅི་ཡིན། དེས་གསོལ་པ། བཙུན་པ་བདག་གིས་གློ་བ་ལ་བསམས་ན། བཅོམ་ལྡན་འདས་ལ་བདག་གིས་རང་གི་བློས་ནི་རིམ་གྲོ་ལན་མང་དུ་བགྱིས་ན་སྨན་པ་ལ་ལན་འགའ་ཡང་མ་དྲིས་ཀྱིས། མ་ལ་བདག་གིས་ད་ནི་སྨན་པ་ལ་དྲིའོ་སྙམ་བགྱིས་ནས་བདག་གིས་སྨན་པ་ལ་སྨྲས་ན་དེའི་མཆིད་ནས། གྲུ་སུམ་ཆབ་མར་མང་པོས་སྩལ་བ་སྒྲོལ་ལ་གསོལ་ཅིག་དང་སྙུན་གདངས་པར་འགྱུར་རོ་ཞེས་མཆི་ནས། དེ་ནས་བདག་གིས་བགྱིས་ཏེ་བསྒྲལ་བ་ལགས་སོ། །ཀུན་དགའ་བོ་གང་དུ་བཙོས། མཚམས་ཀྱི་ནང་དུའོ། །གང་དུ་གཞག མཚམས་ཀྱི་ནང་དུའོ། །སུས་བཙོས། བདག་གིས་མཚམས་ཀྱི་ནང་དུའོ། །ཀུན་དགའ་བོ་མཚམས་ཀྱི་ནང་དུ་བཙོས་ལ་མཚམས་ཀྱི་ནང་དུ་ཞག་ཀྱང་ལོན་པ་ལོངས་སྤྱད་པར་མི་བྱའོ། །མཚམས་ཀྱི་ནང་དུ་བཙོས་ལ་མཚམས་ཀྱི་ཕྱི་རོལ་དུ་ཞག་ལོན་པ་ཡང་ལོངས་སྤྱད་པར་མི་བྱའོ། །མཚན་ཀྱི་ཕྱི་རོལ་དུ་བཙོས་ལ་མཚམས་ཀྱི་ནང་དུ་ཞག་ལོན་པ་ཡང་ལོངས་སྤྱད་པར་མི་བྱའོ། །མཚམས་ཀྱི་ཕྱི་རོལ་དུ་བཙོས་ལ་མཚམས་ཀྱི་ཕྱི་རོལ་དུ་ཞག་ལོན་ན་ལོངས་སྤྱད་པར་བྱའོ། །ཀུན་དགའ་བོ་མཚམས་ཀྱི་ནང་ཡང་རུང་མཚམས་ཀྱི་ཕྱི་རོལ་ཡང་རུང་སྟེ་དགེ་སློང་གིས་བཙོས་པ་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་ལོངས་སྤྱད་པར་མི་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་བཙོས་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ལོངས་སྤྱད་པར་མི་བྱའོ་ཞེས་གསུངས་པ་དང་། མཉན་ཡོད་ན་ཁྱིམ་བདག་གཞན་ཞིག་ཡོད་པ་དེ་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་པ་དང་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དེ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། །ཡང་དག་པར་རབ་ཏུ་དགའ་བར་མཛད་དེ། རྣམ་གྲངས་དུ་མར་ཞེས་བྱ་བ་ནས། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་ཞེས་བྱ་བའི་བར་དུའོ། །དེ་ནས་ཁྱིམ་བདག་དེ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་སང་བདག་གི་སྡུམ་བར་གདུགས་ཚོད་སྦྱོར་ཞིང་མཆིས་ན་གནང་བར་མཛད་དུ་གསོལ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། ཇི་ཙམ་ན་སྤྱན་འདྲེན་གྱིས་དུས་ཚོད་གསོལ་བ། བཙུན་པ་གདུགས་ཚོད་ལགས་ན། བཅོམ་ལྡན་འདས་ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ། དེ་ནས་དགེ་སློང་གི་དགེ་འདུན་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ནས་ཁྱིམ་བདག་དེའི་ཁྱིམ་ག་ལ་བ་དེར་དོང་ངོ་། །བཅོམ་ལྡན་འདས་ནི་བསོད་སྙོམས་བཞེས་ནས་རྫས་ཀྱིས་བསྒྲུབས་པའི་ཁྱིམ་ན་བཞུགས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོ་ནི་བཅོམ་ལྡན་འདས་ཀྱི་བསོད་སྙོམས་ནོད་པ་ཡིན་ཏེ། ཇི་ཙམ་ན་དེར་འབྲས་ཆན་མ་ཚོས་པ་ཞིག་ཕོག་པ་དང་། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་སྙུན་གདངས་ནས་རིང་པོ་མ་ལོན་ལ་འབྲས་ཆན་འདི་ཡང་མ་ཚོས་པ་ཞིག་པས་འདི་གལ་ཏེ་ལོངས་སྤྱད་ན་སྙུན་སླར་ལྡང་བར་འགྱུར་སྲིད་ཀྱིས། བཅོམ་ལྡན་འདས་ཀྱིས་མ་གནང་ཡང་འདི་ཉིད་ཀྱིས་རྐྱེན་བྱས་ནས་གནང་བར་འགྱུར་བའི་གནས་དེ་ཡོད་དོ་སྙམ་ནས། དེས་ཆུ་སྣོད་བླངས་ཏེ་ཆུས་བཏབ་ནས་ཇི་སྲིད་ཚོས་པ་དེ་སྲིད་དུ་བཙོས་སོ། །དེ་ནས་བཅོམ་ལྡན་འདས་ལ་གསོལ་ཏོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པ་ཡིན་པས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་རྨས་པ། ཀུན་དགའ་བོ་ཅི་དགེ་འདུན་ཐམས་ཅད་ཀྱི་འབྲས་ཆན་ཡང་འདི་འདྲའམ། དེ་ནས་བཅོམ་ལྡན་འདས་ལ་གསོལ་ཏོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པ་ཡིན་པས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་རྨས་པ། ཀུན་དགའ་བོ་དགེ་འདུན་ཐམས་ཅད་ཀྱི་འབྲས་ཆན་ཡང་འདི་འདྲམས། བཙུན་པ་མ་ལགས་ཏེ། འོན་ཀྱང་མ་དྲལ་བ་ལགས་སོ། །འོ་ན་འདི་ག་ལས་འོངས། དེས་སྐབས་དེ་བཅོམ་ལྡན་འདས་ལ་རྒྱས་པར་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ལེགས་སོ་ལེགས་སོ། །ངས་རྗེས་སུ་མ་གནང་བ་གང་ཡིན་པ་ཡང་ཁྱོད་ཀྱིས་ཤེས་སོ། །དེ་ལྟ་བས་ན་རྗེས་སུ་གནང་སྟེ། དགེ་སློང་གིས་མཚོས་པ་བྱིན་ལེན་བྱོས་ལ་བཙོས་ཏེ་ལོངས་སྤྱད་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་མ་ཚོས་པ་བྱིན་ལེན་བྱོས་ལ་བཙོས་ཏེ་ལོངས་སྤྱད་པར་བྱའོ་ཞེས་གསུངས་པ་དང་། དྲུག་སྟེ་རྣམས་ཀྱིས་འབྲས་སྐམ་བྱིན་ལེན་བྱས་ཏེ་བཙོས་ནས་ལོངས་སྤྱད་པར་བརྩམས་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འབྲས་ཆན་སུམ་ཆ་ཚོས་པ་བྱིན་ལེན་བྱོས་ལ་བཙོས་ཏེ་ལོངས་སྤྱད་པར་བྱའོ། །ཚོད་མ་དང་། མེ་ཏོག་དང་། འབྲས་བུ་དང་། ཉ་དང་། ཤ་དག་ནི་ཁ་དོག་གྱུར་ནས་བྱིན་ལེན་བྱས་ཏེ་ལོངས་སྤྱད་པར་བྱའོ། །འོ་མ་ལ་སོགས་པའི་རྫས་ཀྱི་ཁུ་བ་རྣམས་གང་གི་ཚེ་ལན་གཉིས་ལན་གསུམ་དུ་བསྐོལ་བར་གྱུར་བ་དེའི་ཚེ་བྱིན་ལེན་བྱས་ཏེ་བསྐོལ་ནས་སྤྱད་པར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །འདི་ལས་གཞན་དུ་ལོངས་སྤྱད་ན་འགལ་ཚབས་ཅན་དུ་འགྱུར་རོ།། །།

སངས་རྒྱས་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་གྲོང་ཁྱེར་སློ་མ་ལྟ་བུ་ཞེས་བྱ་བ་ན་ཁྱིམ་བདག་འབྱོར་པ་ཞེས་བྱ་བ་ཕྱུག་པ་ནོར་མང་བ། ལོངས་སྤྱོད་ཆེ་བ། ཡོངས་སུ་བཟུང་བ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུ་ལ་ནོར་གྱིས་འགྲན་པ་ཞིག་གནས་སོ། །དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས་དུས་གཞན་ཞིག་ན་ཆུང་མ་ལ་སེམས་ཅན་ཞུགས་པར་གྱུར་ཏོ། །དེ་ཟླ་བ་བརྒྱད་དམ་དགུ་འདུས་ནས་ཁྱེའུ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ་ཞིག་བཙས་ནས། དེ་ཉི་མ་བདུན་གསུམ་ཉི་ཤུ་རྩ་གཅིག་ཏུ་བཙས་སྟོན་རྒྱ་ཆེར་བྱས་ནས་མིང་འདོགས་པར་བྱེད་དེ། ཁྱེའུ་འདིའི་མིང་ཅིར་གདགས། ཉེ་དུ་རྣམས་ཀྱིས་སྨྲས་པ། ཁྱེའུ་འདི་ཁྱིམ་བདག་འབྱོར་པའི་བུ་ཡིན་པས། དེ་ལྟ་བས་ན་ཁྱེའུའི་མིང་འབྱོར་ལེན་ཞེས་གདགས་སོ་ཞེས་ཁྱེའུ་དེའི་མིང་འབྱོར་ལེན་ཞེས་བྱ་བར་བཏགས་སོ། །ཡང་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས་ཁྱེའུ་ཞིག་བཙས་ཏེ། དེའི་མིང་ནི་འབྱོར་སྐྱོབ་ཅེས་བྱ་བར་བཏགས་སོ། །ཡང་དེའི་ཁྱེའུ་ཞིག་བཙས་ཏེ། དེའི་མིང་ནི་འབྱོར་དགའ་ཞེས་བྱ་བར་བཏགས་སོ། །ཇི་ཙམ་ན་དུས་གཞན་ཞིག་ན་ཁྱིམ་བདག་འབྱོར་པ་ནད་ཀྱིས་བཏབ་པར་གྱུར་ནས་དེ་ཤིན་ཏུ་ཚིག་རྩུབ་མོར་སྨྲ་སྟེ། དེས་ན་ཆུང་མ་དང་བུས་ཀྱང་ཡལ་བར་བོར་རོ། །དེའི་མངག་གཞུག་བྱེད་པའི་བུ་མོག་ཞིག་ཡོད་པ་དེས་བསམས་པ། བདག་གི་ཇོ་བོས་ཐབས་བརྒྱ་སྟོང་དུ་མས་ལོངས་སྤྱོད་རྣམས་བསགས་ན། དེ་ད་ནད་ཀྱིས་ཐེངས་པར་གྱུར་པ་དང་ཆུང་མ་དང་དབུས་ཀྱང་ཡལ་བར་བོར་ན་བདག་གི་རྗེ་བོ་ཡལ་བར་དོར་བ་ནི་བདག་ལ་རིགས་པ་མ་ཡིན་ནོ་སྙམ་ནས་དེས་སྨན་པའི་དྲུང་དུ་སོང་སྟེ། ཇོ་བོ་ཁྱོད་ཀྱིས་ཁྱིམ་བདག་འབྱོར་པ་མཁྱེན་ཏམ། ཤེས་སོ། །དེ་ཅི་བྱ། དེ་འདི་འདྲ་བའི་བྲོ་ནད་ཅིག་གིས་ཐེབས་ཏེ། དེ་ཆུང་མ་དང་བུས་ཀྱང་ཡལ་བར་བོར་ན་དེའི་སྨན་སྟོན་ཅིག །དེས་སྨྲས་པ། ཆུང་མ་དང་བུ་དག་གིས་ཀྱང་ཡལ་བར་བོར་རོ་ཞེས་ཁྱོད་ཉིད་ཟེར་ན། འོ་ན་དེ་ལ་སུ་ཞིག་རིམ་གྲོ་བྱེད། དེའི་རིམ་གྲོ་བདག་གིས་བགྱི་མོད་ཀྱི་ཁྱོད་ཀྱིས་ཅི་ནས་སྨན་རིན་ཆུང་བ་ཞིག་སྟོན་ཅིག །དེས་དེའི་སྨན་ནི་འདི་ཡིན་ནོ་ཞེས་བསྟན་ཏོ། །དེ་ནས་དེས་བག་རང་གི་རྒྱགས་ལས་ཀྱང་ཅུང་ཟད་སྦྱར། ཁྱིམ་དེ་ཉིད་ནས་ཀྱང་ཅུང་ཟད་བརྐུས་ནས་རིམ་གྲོ་བྱས་ཏེ་དེ་སོས་པར་གྱུར་ཏོ། །དེས་བསམས་པ་བདག་ནི་ཆུང་མ་དང་བུས་ཀྱང་ཡལ་བར་བོར་ཏེ་འདི་ལྟར་བདག་གསོན་པོར་གྱུར་པ་ནི་བུ་མོ་འདིའི་མཐུ་ཡིན་གྱིས། འདི་ལ་ཕན་གདགས་པར་བྱའོ་སྙམ་ནས་དེས་དེ་ལ་སྨྲས་པ། བུ་མོ་ཁོ་བོ་ནི་ཆུང་མ་དང་བུས་ཀྱང་ཡལ་བར་བོར་བ་ལས། ཁོ་བོ་ཅུང་ཟད་ཅིག་གསོན་པ་དེ་ཐམས་ཅད་ནི་ཁྱོད་ཀྱི་དྲིན་ཡིན་ན། ཁྱོད་མཆོག་ཅི་འདོད་པ་སྦྱིན་གྱིས་སྨྲོས་ཤིག གལ་ཏེ་ཇོ་བོ་བདག་ཁྱོད་ཀྱི་ཐུགས་སུ་འཐད་པར་གྱུར་ན་བདག་ཁྱོད་དང་ལྷན་ཅིག་འགྲོགས་པར་འཚལ་ལོ། །དེས་སྨྲས་པ། ང་དང་ཁྱོད་ལྷན་ཅིག་འགྲོགས་པས་ཅི་བྱས་ཀཱར་ཥ་པ་ཎ་ལྔ་བརྒྱ་བྱིན་ལ་བྲན་ལས་དབྱུང་བར་བྱའོ། །དེས་སྨྲས་པ། ཇོ་བོ་བདག་རྒྱངས་བཀུམ་པར་མཆིས་ཀྱང་བྲན་མོ་ཁོ་ན་ལགས་པར་བས་ཀྱིས། གལ་ཏེ་རྗེའི་སྲས་ཁྱོད་དང་ལྷན་ཅིག་འགྲོགས་ན་དེ་ལྟ་ན་བྲན་མོར་མི་འགྱུར་ལགས་སོ། །དེས་ག་ལ་གྱིས་འཆུ་བར་ཤེས་ནས་སྨྲས་པ། བུ་མོ་གང་གི་ཚེ་རུང་ཞིང་ཟླ་མཚན་དང་ལྡན་པར་གྱུར་པ་དེའི་ཚེ་ཁོ་བོ་ལ་སྤྲོན་ཅིག དེས་དུས་གཞན་ཞིག་ན་རུང་ཞིང་ཟླ་མཚན་དང་ལྡན་པ་ར་གྱུར་ནས་དེས་དེ་ལ་སྤྲན་ཏོ། །དེ་ནས་ཁྱིམ་བདག་འབྱོར་པ་དང་དེ་གཉིས་ལྷན་ཅིག་དགའ་མགུར་སྤྱད་པས་དེ་སེམས་ཅན་དང་ལྡན་པར་གྱུར་ཏོ། །གང་གི་ཉི་མ་ལ་སེམས་ཅན་ཞུགས་པར་གྱུར་པའི་ཉི་མ་དེ་ཁོ་ན་ནས་བཟུང་ནས་ཁྱིམ་བདག་འབྱོར་བའི་ནོར་ཐམས་ཅད་དང་། ལས་ཀྱི་མཐའ་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཏོ། །དེ་ཟླ་བ་བརྒྱད་དམ་དགུ་འདས་ནས་ཁྱེའུ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། མདོག་གསེར་འདྲ་བ། མགོ་གདུགས་ལྟར་བདུག་པ། ལག་པ་རིང་བ། དཔྲལ་བའི་དབྱེས་ཆེ་བ། སྨིན་མ་འཇར་བ། སྣའི་གཟངས་མཐོ་བ། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ་ཞིག་བཙས་སོ། །དེ་བཙས་ནས་ལྷག་པར་ཁྱིམ་བདག་འབྱོར་པའི་དགོས་པ་ཐམས་ཅད་དང་། ལས་ཀྱི་མཐའ་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཏོ། །དེ་ཉི་མ་བདུན་གསུམ་ཉི་ཤུ་གཅིག་ཏུ་བཙས་པའི་བཙས་སྟོན་རྒྱ་ཆེར་བྱས་ནས་མིང་འདོགས་པར་བྱེད་དེ་ཞེས་བྱ་བ་ནས། གང་པོ་ཞེས་བྱ་བར་གདགས་སོ་ཞེས་དེའི་མིང་གང་པོ་ཞེས་བཏགས་སོ་ཞེས་བྱ་བའི་བར་གོང་མ་བཞིན་ནོ། །ཁྱེའུ་གང་བོ་མ་མ་བརྒྱད་ལ་རྗེས་སུ་གཏད་དེ། དྲི་མ་ཕྱི་བའི་མ་མ་གཉིས་དང་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། རྫིང་ན་གནས་པའི་པད་མ་བཞིན་དུ་མྱུར་དུ་སྐྱེད་པར་བྱེད་དོ་ཞེས་བྱ་བའི་བར་དུའོ། །དེ་ཆེན་པོར་གྱུར་པ་དེའི་ཚེ་ཡི་གེ་དང་། རྩིས་དང་། གྲངས་དང་། ལག་རྩིས་དང་། དབྱུང་བ་དང་། གཞུག་པ་དང་། གཞག་པ་ལ་ཉེ་བར་ཞུགས་ཤིང་བརྟག་པ་བརྒྱད་པོ་གཞི་བརྟག་པ་དང་། རས་བརྟག་པ་དང་། རིན་པོ་ཆེ་བརྟག་པ་དང་། ཤིང་བརྟག་པ་དང་། གླང་པོ་ཆེ་བརྟག་པ་དང་། རྟ་བརྟག་པ་དང་། གཞོན་ནུབརྟག་པ་དང་། གཞོན་ནུ་མ་བརྟག་པ་ལ་ཤིན་ཏུ་བྱང་ཞིང་། བརྟག་པ་གཞན་ཡང་བྱེད་པ་དང་། ཀློག་པ་ལ་མཁས་པ་དང་། སྤྱོད་པ་གསལ་བར་གྱུར་ཏོ། །དེ་ནས་ཁྱིམ་བདག་འབྱོར་པས་འབྱོར་ལེན་ལ་སོགས་པ་བུ་རྣམས་རིམ་བཞིན་དུ་ཁྱིམ་ཕུབ་པ་དང་། དེ་དག་ཆུང་མ་ལ་ལྷག་པར་ཆགས་པས་འཚོ་ནམ་ཡལ་བར་བོར་ཏེ་འཇོ་སྒེག་ལྷུར་ལེན་ཅིང་འཁོད་དོ། །དེ་ནས་ཁྱིམ་བདག་འབྱོར་པ་ལག་པ་ལ་འགྲམ་པ་གཏད་ནས་སེམས་ཁོང་དུ་ཆུད་ཅིང་འདུག་པ་དེ་བུ་རྣམས་ཀྱིས་མཐོང་ནས་དྲིས་པ། ཡབ་ཁྱོད་ཅིའི་སླད་དུ་ཕྱག་ལ་ཞལ་གཏད་ནས་སེམས་ཁོང་དུ་ཆུད་ཅིང་བཞུགས། དེས་སྨྲས་པ། བུ་དག་ང་ནི་ཇི་སྲིད་གསེར་འབུམ་མ་རྙེད་པ་དེ་སྲིད་དུ་ཁྱིམ་མ་ཕུབ་བོ། །ཁྱེད་ཅག་འཚོ་ནམ་ཡལ་བར་བོར་ནས་ཆུང་མ་ལ་ལྷག་པར་ཆགས་པས་འཇོ་སྒེག་ལྷུར་ལེན་ཅིང་འཁོད་དེ། ང་ཤི་ནས་ཁྱིམ་མྱ་ངན་གྱིས་གང་བར་འགྱུར་ན་ཇི་ལྟར་སེམས་ཁོང་དུ་ཆུད་པར་མི་འགྱུར། འབྱོན་ལེན་གྱིས་རིན་པོ་ཆེའི་རྣ་རྒྱན་ཐོགས་པ་བཀྲོལ་ནས་ཤིང་གི་རྣ་རྒྱན་གཅིག་བཏགས་ཏེ་བདག་གིས་ཇི་སྲིད་གསེར་འབུམ་མ་གྲུབ་པ་དེ་སྲིད་དུ་རིན་པོ་ཆེའི་རྣ་རྒྱན་གདགས་པར་མི་བྱའོ་ཞེས་དམ་བཅས་སོ། །གཅིག་གིས་ནི་རྒྱ་སྐེགས་ཀྱི་རྣ་རྒྱན་ནོ། །གཅིག་གིས་ནི་ཞ་ཉེའི་རྣ་རྒྱན་ནོ། །དེ་དག་མིང་འབྱོར་ལེན་དང་། འབྱོར་སྐྱོབ་དང་། འབྱོར་དགའ་ཞེས་བྱ་བ་གང་ཡིན་པ་དེ་དག་ནུབ་པར་གྱུར་ནས་ཤིང་གི་རྣ་རྒྱན་ཅན། རྒྱ་སྐེགས་ཀྱི་རྣ་རྒྱན་ཅན། ཞ་ཉེའི་རྣ་རྒྱན་ཅན་ཞེས་བྱ་བར་མིང་གྲགས་སོ། །དེ་རྣམས་ཟོང་ཐོགས་ཏེ་རྒྱ་མཚོ་ཆེན་པོར་དོང་་བ་དང་། གང་པོས་སྨྲས་པ། ཡབ་བདག་ཀྱང་རྒྱ་མཚོ་ཆེན་པོར་མཆིའོ། །དེས་སྨྲས་པ། བུ་ཁྱོད་བུས་པ་ཡིན་གྱིས་འདི་ཉིད་དུ་འདུག་ལ་ཚོང་ཁང་གི་བྱ་བ་དག་བྱོས་ཤིག་ཅེས་དེ་ཉིད་དུ་འདུག་གོ། །དེ་རྣམས་ཀྱིས་ཀྱང་གྲུ་བ་ཆེ་གྲུབ་ནས་ལྷགས་ཏེ་ལམ་གྱིས་དུབ་པ་དག་ངལ་བསོ་ནས་སྨྲས་པ། ཡབ་བདག་ཅག་གི་ཟོང་འདི་བརྩིར་གསོལ། བརྩིས་ནས་རེ་རེས་ཀྱང་གསེར་འབུམ་འབུམ་རྙེད་པར་གྱུར་ཏོ། །གང་པོས་ཀྱང་དེ་ཉིད་དུ་ཆོས་དང་མཐུན་པས་བསྒྱུར་བས་གསེར་འབུམ་ལྷག་ཅིག་རྙེད་ནས་གང་པོས་ཀྱང་ཕའི་རྐང་པ་གཉིས་ལ་གཏུགས་ནས་སྨྲས་པ། ཡབ་བདག་གི་ཚོང་ཁང་ནས་བསྒྱུར་བའི་རྫས་ཀྱང་བརྩིར་གསོལ། དེས་སྨྲས་པ། བུ་ཁྱོད་འདི་ཉིད་ན་འདུག་འདུག་ན་ཁྱོད་ལ་ཅི་ཞིག་བརྩིར་ཡོད། དེས་སྨྲས་པ། ཡབ་འོན་ཀྱང་བརྩིར་གསོལ། མཁྱེན་པར་འགྱུར་རོ། །བརྩིས་ན་གང་ཡང་རིགས་པས་བསྒྲུབས་པ་གསེར་བཞི་པོ་ཉིད་མ་གཏོགས་པ་གསེར་འབུམ་ལྷག་ཅིག་བྱུང་ངོ་། །ཁྱིམ་བདག་འབྱོར་པ་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ་བསམས་པ། སེམས་ཅན་འདི་ནི་བསོད་ནམས་ཀྱི་མཐུ་ཆེན་པོ་དང་ལྡན་པ་ཞིག་ལྟ་སྟེ། འདིས་འདི་ཉིད་ན་འདུག་ཞབིན་གསེར་འབུམ་རྙེད་ཅིག་གྲུབ་བོ་སྙམ་མོ། །ཇི་ཙམ་དུས་གཞན་ཞིག་ན་ཁྱིམ་བདག་འབྱོར་བ་ནད་ཀྱིས་བཏབ་པར་གྱུར་ནས་དེས་བསམས་པ་བདག་ཤི་བ་དང་འདི་དག་འབྱེ་བར་འགྱུར་གྱིས་ཐབས་ཤིག་བཤམ་པར་བྱའོ་སྙམ་ནས་དེས་དེ་དག་ལ་སྨྲས་པ། བུ་དག་ཤིང་སྐམ་པོ་དག་ལྟ་གོན་གྱིས་ཤིག དེ་རྣམས་ཀྱིས་ཤིང་དག་སྟ་གོན་བྱས་པ་དང་། དེས་སྨྲས་པ། མེ་བུས་ཤིག དེ་རྣམས་ཀྱིས་མེ་བུས་པ་དང་། དེས་སྨྲས་པ། མགལ་པ་རེ་རེ་ནས་ཕྱུང་ཤིག དེ་རྣམས་ཀྱིས་འགལ་པ་རེ་རེ་ནས་ཕྱུང་བ་དང་། མེ་དེ་ཤི་བར་གྱུར་ཏོ། །དེས་སྨྲས་པ། བུ་དག་ཁྱེད་ཀྱིས་མཐོང་ངམ། ཡབ་མཐོང་ལགས་སོ། །དེས་ཚིགས་སུ་བཅད་པ་དག་སྨྲས་པ། མགལ་པ་ཚོགས་པས་མེ་འབར་ལྟར། །སྤུན་ཚོགས་པ་ཡང་དེ་བཞིན་ནོ། །མགལ་པ་ཕྲལ་ན་ཤི་གྱུར་པ། །མི་རྣམས་ཀྱང་ནི་དེ་དང་འདྲ། །བུ་དག་ང་ཤི་ནས་ཁྱེད་ཅག་ཀྱིས་བུད་མེད་ཀྱི་ཚིག་མཉན་པར་མི་བྱའོ། །བུད་མེད་ཀྱིས་ནི་བཟའ་དག་འབྱེད། །སྡར་མ་རྣམས་ནི་ངག་གིས་འབྱེད། །ངན་ལ་སྨྲས་པས་གང་ཚིག་འཕེལ། །འདོད་པ་ཡིས་ནི་མཛའ་བཤེས་འབྱེད། །དེ་དག་གཞན་ནི་དོང་ངོ་། །འབྱོར་ལེན་དེ་ཉིད་ན་འདུག་པ་དང་དེས་དེ་ལ་སྨྲས་པ། བུ་ཁྱོད་ཀྱིས་ཇི་ལྟར་གྱུར་ཀྱང་གང་པོ་གཏང་བར་མི་བྱ་སྟེ། སེམས་ཅན་འདི་ནི་བསོད་ནམས་ཀྱི་མཐུ་ཆེན་པོ་དང་ལྡན་པ་ཡིན་ནོ་ཞེས་བསྒོ་སྟེ། བསགས་པ་ཀུན་གྱི་མཐའ་ཟད་ཅིང་། མཐོན་པོ་རྣམས་ཀྱི་མཐའ་ལྟུང་གྱུར། །ཕྲད་པའི་མཐའ་ནི་འབྲལ་བ་སྟེ། །གསོན་པའི་མཐའ་ནི་འཆི་བ་ཡིན། །ཞེས་སྨྲས་ནས་དུས་ཀྱི་ཆོས་དང་ལྡན་པར་གྱུར་ཏོ། །དེ་རྣམས་ཀྱིས་དེ་རས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམས་ཀྱིས་ཁྱོགས་བརྒྱན་ཏེ་བཀུར་སྟི་ཆེར་བྱས་ནས་དུར་ཁྲོད་དུ་ཁྱེར་ཏེ་བསྲེགས་སོ། །དེ་ནས་མྱ་ངན་བསང་བ་བྱས་ནས་སྨྲས་པ། གང་གི་ཚེ་བདག་ཅག་གི་ཕ་གསོན་པ་དེའི་ཚེ་ནི་སྲོག་དེ་ལ་རག་ལས་ན་ད་དེ་དུས་ལས་འདས་ན། གལ་ཏེ་དེ་འཚོ་ནམ་ཡལ་བར་བོར་ཏེ་འདུག་ན་ཁྱིམ་ཞིག་པར་འགྱར་ཞིང་ཉེ་དུ་རྣམས་ཀྱིས་ཀྱང་དཔྱས་པར་འགྱུར་གྱིས། མ་ལ་བདག་ཅག་ཟོང་ཐོགས་ཏེ་ཡུལ་གཞན་དུ་འདོང་ངོ་། །གང་པོས་སྨྲས་པ། གལ་ཏེ་དེ་ལྟར་ན་བདག་ཀྱང་མཆིའོ། །དེ་རྣམས་ཀྱིས་སྨྲས་པ། ཁྱོད་འདི་ཉིད་དུ་འདུག་ལ་ཚོང་ཁང་གི་བྱ་བ་དག་བྱོས་ཤིག ཁོ་བོ་ཅག་ཁོ་ན་འདོང་ངོ་ཞེས་དེ་རྣམས་ཀྱིས་ཟོང་ཁྱེར་ཏེ་ཡུལ་གཞན་དུ་དོང་ངོ་།། །།

འདུལ་བ་གཞི། བམ་པོ་ཉི་ཤུ་བཞི་པ། གང་པོ་ལ་ནི་དགོས་པ་ཐམས་ཅད་གཏད་ནས་དེ་ཉིད་ན་གནས་སོ། །ཆོས་ཉིད་ཀྱིས་ཕྱུག་པའི་ཁྱིམ་དག་ན་ཉིན་རེ་ཞིང་འགོད་པ་འབོག་པ་ཡིན་པས། དེ་དག་གི་ཆུང་མས་བྲན་མོ་དེ་དག་མངགས་ཏེ་འདོད་པ་ནོད་དུ་བཏང་བ་ལས་གང་པོ་ཚོང་པ་དང་། ཚོང་དཔོན་དང་། དེད་དཔོན་དང་། གཞན་ཡང་རྗེས་སུ་འཚོ་བ་དག་གིས་ཡོངས་སུ་བསྐོར་ཅིང་འདུག་སྟེ་དེ་དག་གིས་སྐབས་མ་རྙེད་དོ། །ཇི་ཙམ་ན་དེ་དག་ལངས་ཏེ་དོང་བར་གྱུར་པ་དེའི་ཚེ་དེ་དག་ལ་ཉིན་བར་གྱི་འགོད་པ་ཕོག་གོ། །བུ་མོ་དེ་དག་རིང་ཞིག་ལོན་ཏེ་འོངས་པ་དང་། ཀྱེ་མ་བུ་མོ་ཁྱེད་ཅག་རིང་ཞིག་ཅི་ཐོགས་ཞེས་སྤྱོད་པས་དེ་དག་གིས་སྨྲས་པ། གང་པོ་ཚོང་པ་དང་། ཚོང་དཔོན་དང་། དེད་དཔོན་དང་། གཞན་ཡང་རྗེས་སུ་འཚོ་བ་དག་གིས་ཡོངས་སུ་བསྐོར་ནས་ཉི་མའི་འོད་ཟེར་ལྟ་བུར་གཟི་བརྗིད་འབར་ཞིང་བཞུགས་ཏེ། གང་གི་ཚེ་དེ་དག་ལངས་ཏེ་མཆིས་པ་དེའི་ཚེ་ཕོག་གོ། །དེ་དག་གིས་སྨྲས་པ། གང་དག་གིས་ཁྱིམ་ན་བྲན་མོའི་བུ་དག་དབང་ཕྱུག་ལ་དབང་བྱེད་པ་དེདག་ལ་ཡོང་ཡང་དེ་ལྟར་འགྱུར་རོ། །འབྱོན་ལེན་གྱི་ཆུང་མས་བྲན་མོ་ལ་སྨྲས་པ། རིང་པོ་ཞིག་ཏུ་ཅིའི་ཕྱིར་ཐོགས། དེས་སྐབས་དེ་རྒྱས་པར་སྨྲས་པ་དང་། དེས་སྨྲས་པ། ཁྱོད་འོར་ཆེའོ། །ཁྱོད་ཀྱིས་དུས་ཤེས་པར་བྱོས་ལ་སོང་ཤིག དེས་དུས་ཤེས་པར་བྱས་ནས་སོང་བ་དང་མྱུར་དུ་ཐོབ་བོ། །གཞན་དག་ནི་རིང་དུ་ཐོགས་པར་གྱུར་ནས་དེ་དག་གིས་དེ་ལ་དྲིས་པ། ཁྱོད་ནི་ཅི་སྟེ་མྱུར་བར་འཁོར། དེས་ཐམས་ཅད་སྨྲས་ནས་དེ་དག་ཀྱང་དེ་དང་ལྷན་ཅིག་འདོང་བར་བརྩམས་སོ། །གང་པོ་ཡང་ཚོང་པ་དང་། ཚོང་དཔོན་དང་། དེད་དཔོན་དང་། གཞན་ཡང་རྗེས་སུ་འཚོ་བ་རྣམས་ཀྱིས་ཡོངས་སུ་བསྐོར་ཅིང་འདུག་པ་ལས་དེ་དག་ཀྱང་དོང་ནས། དེས་དེ་ལ་ཉིན་པར་གྱི་འགོད་པ་ཕོག་གོ། །དེ་དག་གིས་ཀྱང་མྱུར་དུ་ཐོབ་བོ། །དེ་དག་གི་རྗེ་མོ་དག་གིས་སྨྲས་པ། ད་མྱུར་དུ་འཁོར་བ་འདི་ལ་རྒྱུ་ཅི་ཡོད། དེ་དག་གིས་སྨྲས་པ། ཇོ་མོ་ཐུ་མོ་སྙུན་མི་མངའ་བར་གྱུར་ཅིག །དེའི་ཚེ་གང་གི་བྲན་མོ་མཆིས་པ་དེའི་ཚེ་ཕོག་ལགས་ཀྱིས་བདག་ཅག་དེ་དག་དང་འགྲོགས་ཏེ་མཆིའོ། །དེ་དག་མི་བཟོད་པ་སྐྱེས་ནས་སྨྲས་པ། གང་དག་གི་ཁྱིམ་ན་བྲན་མོའི་བུ་དག་དབང་ཕྱུག་ལ་དབང་བྱེད་པ་དེ་དག་ལ་ཡོང་ཡང་དེ་ལྟར་འགྱུར་རོ། །ཇི་ཙམ་དུས་གཞན་ཞིག་ན་འབྱོར་ལེན་དང་། འབྱོར་སྐྱོབ་དང་། འབྱོར་དགའ་རྣམས་ལྷན་ཅིག་ཏུ་དགའ་ཞིང་མཐུན་པས་རྒྱ་མཚོ་ཆེན་པོ་ནས་གྲུ་བོ་ཆེ་གྲུབ་སྟེ་འོངས་སོ། །འབྱོར་ལེན་གྱིས་ཆུང་མ་ལ་དྲིས་པ། བཟང་མོ་གང་པོས་ཁྱོད་ལེགས་པར་བསྐྱངས་སམ། དེས་སྨྲས་པ། ཇི་ལྟར་མིང་པོའམ། བུས་བགྱི་བ་བཞིན་དུ་ལེགས་པར་བགྱིས་སོ། །གཞན་དག་ལ་ཁྱིམ་ཐབ་དག་དག་གིས་སྨྲས་པ་དང་དེ་དག་གིས་སྨྲས་པ། གང་དག་གིས་ཁྱིམ་ན་བྲན་མོའི་བུ་དབང་ཕྱུག་ལ་དབང་བགྱི། དེ་དག་ལ་ཡོང་ཡང་དེ་ལྟར་འགྱུར་ལགས་སོ། །དེ་དག་གིས་བསམས་པ། བུད་མེད་དག་ནི་མཛའ་བཤེས་ཀྱི་དབྱེན་དུ་འགྱུར་རོ་སྙམ་མོ། །ཇི་ཙམ་དུས་གཞན་ཞིག་ན་ཀ་ཤི་ཀའི་རས་ཀྱི་ཚོང་ཁང་གི་སྒོ་ཕྱེ་མ་ཐག་ཏུ་འབྱོར་ལེན་གྱི་བུ་འོངས་ནས་གང་བོས་དེ་ལ་ཀ་ཤི་ཀའི་རས་ཡུག་གཅིག་བསྐོན་ནོ། །མནའ་མ་དག་གིས་མཐོང་ནས་སྨྲས་པ། བུ་འདི་སུས་བྱིན། དེས་སྨྲས་པ། ཁུ་གུས་བྱིན་ནོ། །གཞན་དག་གིས་མཐོང་ནས་ཀྱང་རང་རང་གི་བུ་བཏང་བ་དང་། ཀ་ཤི་ཀའི་རས་ཀྱི་ཚོང་ཁང་གི་སྒོ་ནི་བཅད། རས་སྦོམ་པོ་དག་ཡོད་པའི་ཚོང་ཁང་གི་སྒོ་ཕྱེ་བ་ལ་དེ་དག་ཀྱང་མ་སྟེས་ཏེ། ཕྱིན་ནས་དེ་དག་ལ་གང་པོས་རས་སྦོམ་པོ་དག་བསྐོན་ནོ། །དེ་དག་གིས་མཐོང་ནས་ཁྱིམ་ཐབ་དག་ལ་སྨྲས་པ། ཁྱེད་ཅག་གིས་གཟིགས་སམ། ཁ་ཅིག་ལ་ནི་ཀ་ཤི་ཀའི་རས་ཡུག་སྩལ་ལ། ཁ་ཅིག་ལ་ནི་རས་སྦོམ་པོ་དག་གོ། །དེ་དག་གིས་ལན་བཏབ་པ། ཅིག་གདོན་མི་ཟ་བར་འདི་ལྟར་ཀ་ཤི་ཀའི་ཚོང་ཁང་གི་རས་ཀྱི་སྒོ་ནི་བཅད་ལ། རས་སྦོམ་པོའི་སྒོ་ཕྱེ་བ་ལ་བབ་པ་ཞིག་མ་ཡིན་གྲང་། དེ་དག་གིས་སྨྲས་པ། ད་དུང་ཡང་བརྟག་པར་བགྱིའོ། །ཇི་ཙམ་དུས་གཞན་ཞིག་ན་ཤ་ཁ་རའི་ཚོང་ཁང་གི་སྒོ་ཕྱེ་བ་ན་འབྱོར་ལེན་གྱི་བུ་འོངས་ནས་དེས་ཤ་ཁ་ར་ཕོར་བུ་གང་ཐོབ་སྟེ། དེས་ཁྱེར་ནས་ཁྱིམ་དུ་སོང་བ་དང་མནའ་མ་དག་གིས་མཐོང་ནས་སྨྲས་པ། བུ་འདི་སུས་བྱིན། དེས་སྨྲས་པ། ཁུ་གུས་བྱིན་ནོ། །དེ་དག་གིས་ཀྱང་རང་རང་གི་བུ་བཏང་བ་དང་། ཤ་ཁ་རའི་ཚོང་ཁང་གི་སྒོ་ནི་བཅད། བུ་རམ་གྱི་ཚོང་ཁང་གི་སྒོ་ཕྱེ་བ་དང་། དེ་དག་ཀྱང་མ་སྟེས་ཏེ། བུ་རམ་གྱི་ཚོང་ཁང་གི་སྒོ་བྱེ་བའི་ཁར་འོངས་ནས་དེ་དག་གིས་བུ་རམ་ཞིག་ཐོབ་བོ། །དེ་དག་གིས་སྨྲས་པ། ཁྱེད་ཀྱིས་གཟིགས་སམ། གཅིག་ལ་ནི་ཤ་ཁ་ར་སྩལ་ལ། གཞན་ལ་ནི་བུ་རམ་སྩལ་ལོ། །དེ་དག་གིས་དེ་མཐོང་སྟེ། ཇི་ལྟར་ཁྱིམ་བགོ་བ་བྱེད་པར་སྩོལ་བ་དེ་ལྟ་དེ་ལྟར་ཁྱིམ་ཐབ་དག་བྱེ་ནས་དེ་དག་ཕན་ཚུན་གྲོས་བྱས་པ། བདག་ཅག་གི་ཁྱིམ་གཏན་ཞིག་གིས་བགོ་བར་བྱའོ། །གཅིག་གིས་སྨྲས་པ་ཕུ་བོ་ཆེན་པོ་སྤྲན་པ་སྙམ། གཅིག་གིས་སྨྲས་པ། རེ་ཞིག་ཞི་ལྟར་བགོ་བར་དཔྱད་དོ། །དེ་གཉིས་ཀྱིས་རང་གི་བློས་དཔྱད་པ། གཅིག་གིས་ནི་ཁྱིམ་ན་ཡོད་པ་དང་ཞིང་ན་ཡོད་པའོ། །གཅིག་གིས་ནི་ཚོང་ཁང་ན་ཡོད་པ་དང་ཡུལ་གཞན་ན་ཡོད་པའོ། །གཅིག་གིས་ནི་གང་པོའོ། །གལ་ཏེ་ཕུ་བོ་ཆེན་པོས་ཁྱིམ་ན་ཡོད་པ་དང་ཞིང་ན་ཡོད་པ་བླངས་ན། བདག་ཅག་གིས་ཚོང་ཁང་ན་ཡོད་པ་དང་། ཡུལ་གཞན་ན་ཡོད་པས་རང་འཚོ་བར་ནུས་སོ། །འོན་ཏེ་ཚོང་ཁང་ན་ཡོད་པ་དང་། ཡུལ་གཞན་ན་ཡོད་པ་བླངས་ན། འོན་ཀྱང་བདག་ཅག་གིས་ཁྱིམ་ན་ཡོད་པ་དང་། ཞིང་ན་ཡོད་པ་དང་། འཚོ་བར་བྱ་ཞིང་གང་པོ་ཡང་མནར་བར་ནུས་སོ་སྙམ་ནས། དེ་གཉིས་ཀྱིས་དེ་ལྟར་གྲོས་བྱས་ཏེ་འབྱོར་ལེན་གྱི་དྲུང་དུ་སོང་ནས་སྤུན་ཞིག་བར་འགྱུར་གྱིས་བདག་ཅག་ཁྱིམ་བགོའོ། །དེས་སྨྲས་པ། ཁྱིམ་འཇིགས་པར་བྱེད་པ་ནི་བུད་མེད་དག་ཡིན་པས་ལེགས་པར་བརྟགས་ཏེ་བྱ་བ་སྙམ། དེ་གཉིས་ཀྱིས་སྨྲས་པ། བདག་ཅག་གིས་བརྟགས་ཟིན་གྱིས་བགོའོ། །དེས་སྨྲས་པ། གལ་ཏེ་དེ་ལྟར་ན་གཟུ་བོ་མི་ལྔ་ཞིག་བོས་ཤིག དེ་གཉིས་ཀྱིས་སྨྲས་པ། བདག་ཅག་གིས་སྔ་མོ་ཞིག་ཏུ་བགོས་ཟིན་ན་གཟུ་བོ་མི་ལྔ་ཅི་དགོས་ཀྱིས་གཅིག་གིས་ནི་ཁྱིམ་ན་ཡོད་པ་དང་ཞིང་ན་ཡོད་པ་དག་གོ། །གཅིག་གིས་ནི་ཚོང་ཁང་ན་ཡོད་པ་དང་ཡུལ་གྱི་མཐའ་ན་ཡོད་པའོ། །གཅིག་གིས་ནི་གང་པོའོ། །དེས་སྨྲས་པ། ཅི་གང་པོའི་སྐལ་བ་མི་སྦྱིན་ནམ། དེ་གཉིས་ཀྱིས་སྨྲས་པ། བྲན་མོའི་བུ་དེ་ལ་བགོ་སྐལ་སུས་སྦྱིན། དེར་མ་བས་ཀྱིས་དེ་ཉིད་བག་ཅག་གིས་བགོའོ། །གལ་ཏེ་ཁྱོད་བཞེད་ན་ཁྱོད་ཉིད་སྣོམས་ཤིག དེས་བསམས་པ། ཕ་ན་རེ་བདག་ལ་ཁྱོད་ཀྱིས་བདོག་པ་ཐམས་ཅད་ཡོངས་སུ་བཏང་ཡང་གང་པོ་གཏང་པར་མི་བྱའོ་ཞེས་བསྒོ་བས་གང་པོ་བླང་བར་བྱའོ་སྙམ་དུ་བསམས་ནས་སྨྲས་པ། གལ་ཏེ་དེ་ལྟ་ན་གང་པོ་ནི་ཁོ་བོས་བཀུར་རོ། །ཁྱིམ་ན་ཡོད་པ་དང་། ཞིང་ན་ཡོད་པ་དབང་བ་གང་ཡིན་པ་དེ་ནི་རིངས་པར་ཁྱིམ་དུ་སོང་ནས་སྨྲས་པ། མནའ་མ་ཐུ་མོ་ཕྱུང་ཤིག དེ་ཕྱིར་བྱུང་བ་དང་སླར་ཡང་མ་འཇུག་ཤིག ཅིའི་ཕྱིར། བདག་ཅག་གིས་ཁྱིམ་དུ་གཏོགས་པ་བགོས་ཟིན་ཏོ། །ཚོང་ཁང་ན་ཡོད་པ་དང་། ཡུལ་གཞན་ན་ཡོད་པ་དབང་བ་གང་ཡིན་པ་དེ་ཡང་དེ་མ་ཐག་ཏུ་ཚོང་ཁང་དུ་སོང་ནས་སྨྲས་པ། གང་པོ་མར་བོབས་ཤིག དེས་བབས་པ་དང་། ད་ཕན་ཆད་མ་འཛེག་ཤིག ཅིའི་ཕྱིར། བདག་ཅག་གིས་ཁྱིམ་བགོས་ཏེ། ཡུལ་གཞན་ན་ཡོད་པ་དང་ཚོང་ཁང་ན་ཡོད་པ་ནི་བདག་གི་ཡིན་ནནོ། །དེས་སྨྲས་པ། བདག་གི་བགོ་སྐལ་བྱིན་ཅིག དེས་སྨྲས་པ། ཁྱོད་བྲན་མོའི་བུ་ཡིན་ན་ཁྱོད་ལ་ཅིིའི་ཕྱིར་བགོ་སྐལ་བྱིན། དེར་མ་ཟད་ཁྱོད་ཉིད་ཁོ་བོ་ཅག་གིས་བགོས་ཏེ་ཕུ་བོ་ཆེན་པོས་ཐོབ་བོ། །འབྱོར་ལེན་གྱི་ཆུང་མ་གང་པོ་དང་ལྷན་ཅིག་འགྲོགས་ཏེ་གཉེན་ཞིག་གི་ཁྱིམ་དུ་དོང་བ་ན་བུས་པ་བཀྲེས་ནས་དུ་བར་བརྩམས་སོ། །དེས་སྨྲས་པ། གང་པོ་བུས་པ་དག་ལ་གཡར་སུས་སྩོལ་ཅིག དེས་སྨྲས་པ། ཀཱར་ཥཱ་པ་ཎ་ཕོག་ཤིག དེས་སྨྲས་པ། ཁྱོད་ཀྱིས་གསེར་འབུམ་སྙེད་ཀྱི་སྦོགས་བྱས་ན་བུས་པ་དག་གི་གཡར་སྩལ་མ་མཆིས་པ་ལྟ་ཅི་ཁོ་བོས་ཁྱེད་ཅག་གི་ཁྱིམ་འདི་འདྲ་བ་མ་ཁོས་སུ་འབེབས་པར་འགྱུར་བར་ཤེས་སམ། གལ་ཏེ་ཁོ་བོས་ཤེས་པར་གྱུར་ན་གསེར་འབུམ་ཕྲག་དུ་མ་སྤགས་པ་ཞིག བུད་མེད་ཀྱི་གོས་ཀྱི་མཐར་མ་ཤ་ཀ་སྒྱུ་མ་ཅན་དག་ཐུམ་པ་བྱེད་པ་དེ་ནི་ཆོས་ཉིད་ཡིན་ཏེ། དེས་མ་ཤ་ཀ་སྒྱུ་མ་ཅན་ཅིག་ཕོག་སྟེ་གཡས་སྩུས་སྣོམས་ཏེ་བྱོན་ཅིག དེས་དེ་ཁྱེར་ཏེ་ཚོང་དུས་སུ་སོང་བ་ལས་མི་ཞིག་གིས་རྒྱ་མཚོའི་རླབས་ཀྱིས་བདས་པའི་ཤིང་ལས་ཁུར་ཅིག་ཁྱེར་ཏེ་གྲང་བས་སྤྲེ་བས་ནས་འདར་ཞིང་འོང་བ་དེ་དེས་མཐོང་ནས་དྲིས་པ། ཀྱེ་ནང་རྗེ་ཅིའི་ཕྱིར་དེ་ལྟར་འདར། དེས་སྨྲས་པ། བདག་གིས་ཀྱང་མ་འཚལ་ཏེ། ཅུང་ཟད་དུ་ན་ཤིང་ཁུར་འདི་ཐོགས་ནས་བདག་འདི་འདྲ་བར་གྲང་བར་གྱུར་ཏོ། །དེ་ཤིང་བརྟགས་པ་ལ་མཁས་པས་དེས་ཤིང་དེ་བརྟག་པར་བརྩམས་པ་དང་། དེ་ན་ཙན་དན་ས་མཆོག་ཡོད་པར་མཐོང་ནས་དེས་དེ་ལ་སྨྲས་པ། ཀྱེ་ནང་རྗེ་རིན་ཇི་ཙམ་དུ་བཙོང་། ཀཱར་ཥཱ་པ་ཎ་ལྔ་བརྒྱར་རོ། །དེས་ཤིང་ཁུར་དེ་བླངས་ནས་ཙན་དན་ས་མཆོག་དེ་ཕྱུང་སྟེ། ཚོང་དུས་སུ་སོང་ནས་སོག་ལེན་དུམ་བུ་བཞིར་གཤེགས་ཏེ། བུ་རམ་དེ་རྣམས་ཀཱར་ཥཱ་པ་ཎ་སྟོང་དུ་བཙོངས་ནས་དེ་ནས་དེ་ལ་ཀཱར་ཥཱ་པ་ཎ་ལྔ་བརྒྱ་བྱིན་ཏེ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་ག་གེ་མོ་ཞེས་བྱ་བ་ན་འབྱོར་ལེན་གྱི་ཆུང་མ་འདུག་གིས། དེར་ཤིང་ཁུར་འདི་ཁྱེར་ལ་གང་པོས་བསྐུར་པ་ཡིན་ནོ་ཞེས་བྱོས་ཤིག དེས་དེ་ཁྱེར་ནས་ཇི་ལྟར་གྱུར་པ་དག་སྨྲས་པ་དང་། དེས་བྲང་བརྡུངས་ནས་སྨྲས་པ། འདི་ལྟར་དེ་ནོར་འཁྱམས་ན་ཤེས་རབ་ཀྱང་འཁྱམས་སམ། ཅི་བཙོ་བ་ཚོག་དུ་བཏང་ན་བཙོ་རྒྱུ་གང་ཡིན་པ་དེ་ཉིད་མེད་པར་བུད་པ་བསྐུར་ཏོ། །ཅི་ཙམ་དུས་གཞན་ཞིག་ན་གྲོང་ཁྱེར་སློ་མ་ལྟ་བུའི་རྒྱལ་པོ་ཚ་བའི་རིམས་ཆེན་པོས་ཐེབས་ནས་མྱོག་མཡོག་པོར་གཡུར་པ་དེ་ལ་སྨན་པས་ཙན་དན་ས་མཆོག་བསྟན་ཏོ། །དེ་ནས་བློན་པོ་རྣམས་ཀྱི་ཙན་དན་ས་མཆོག་བཙལ་བར་བརྩམས་པ་དང་། དེ་རྣམས་ཀྱིས་ཚོང་དུས་སུ་བརྒྱུད་པ་ལས་ཐོས་ནས་དེ་རྣམས་གང་པོའི་དྲུང་དུ་སོང་སྟེ། ཙན་དན་ས་མཆོག་ཡོད་དམ། ཡོད་དོ། རིན་ཇི་ཙམ་དུ་བཙོང་། ཀཱར་ཥཱ་པ་ཎ་སྟོང་ངོ་། །དེ་རྣམས་ཀཱར་ཥཱ་པ་ཎ་སྟོང་གིས་ཉོས་ནས་རྒྱལ་པོ་བྱུགས་པ་དང་སོས་པར་གྱུར་ཏོ། །རྒྱལ་པོས་བསམས་པ། གང་གི་ཁྱིམ་ན་ཙན་དན་ས་མཆོག་ཡོད་པའི་ཁྱིམ་དེ་ཅི་འདྲ་བ་ཞིག་ཡིན་སྙམ་ནས། རྒྱལ་པོས་བློན་པོ་རྣམས་ལ་སྨྲས་པ། འདི་ག་ལས་འོངས། བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་གང་པོ་ལས་སོ། །གང་པོ་འདིར་ཁུག་ཤིག དེར་ཕོ་ཉ་སོང་ནས་སྨྲས་པ། གང་པོ་ལྷས་བཀའ་སྩལ་ཏོ། །དེས་དཔྱད་པར་བརྩམས་པ། རྒྱལ་པོ་བདག་ལ་ཅིའི་ཕྱིར་བཀའ་སྩོལ། དེས་ཡང་བསམས་པ། དེས་ཙན་དན་ས་མཆོག་གིས་སྙུན་གདངས་པར་གྱུར་པས་དེའི་ཕྱིར་བདག་ལ་བཀའ་སྩལ་གྱིས་ཙན་དན་ས་མཆོག་ཐམས་ཅད་ཁྱེར་ཏེ་འགྲོའོ་སྙམ་ནས། དེས་ཙན་དན་ས་མཆོག་གི་དུམ་བུ་གསུམ་རས་ཀྱིས་ཁུད་དུ་དཀྲིས་ཏེ། གཅིག་ལག་ཏུ་ཐོགས་ནས་རྒྱལ་པོའི་དྲུང་དུ་སོང་བ་དང་། རྒྱལ་པོས་སྨྲས་པ། གང་པོ་ཙན་དན་ས་མཆོག་ཅུང་ཟད་ཡོད་དམ། དེས་སྨྲས་པ། ལྷ་འདིར་མཆིས་སོ། །འདི་ལ་རིན་ཇི་ཙམ། གསེར་འབུམ་མོ། །གཞན་ཡང་ཡོད་དམ། ལྷ་མཆིས་སོ་ཞེས་དེས་དུམ་བུ་སུམ་ཅར་བསྟན་པ་དང་རྒྱལ་པོས་བློན་པོ་རྣམས་ལ་བསྒོ་བ། གང་པོ་ལ་གསེར་བཞི་འབུམ་བྱིན་ཅིག གང་པོས་སྨྲས་པ། ལྷ་གསུམ་གྱིས་ནི་སྩོལ་ཅིག གཅིག་ནི་ལྷ་ལ་སྐྱེས་སུ་འབུལ་ལོ། །གསུམ་གྱིས་བྱིན་ནས་རྒྱལ་པོས་སྨྲས་པ། གང་པོ་ཁྱོད་པའི་ཐུགས་སུ་འཐད་ཀྱིས་མཆོག་ཅིག་འདོད་པ་གསོལ་ཅིག་དང་སྦྱིན་ནོ། །ལྷ་གལ་ཏེ་ཐུགས་དང་འཐད་པར་གྱུར་ན་ལྷའི་ཡུལ་དུ་སུས་ཀྱང་མི་གཙོ་བར་མཆིས་པར་གསོལ། རྒྱལ་པོས་བློན་པོ་རྣམས་ལ་བསྒོ་བ་ཤེས་ལྡན་དག་དེང་ཕྱིན་ཆད་ཁྱེད་ཀྱིས་གཞོན་ནུ་རྣམས་ལ་བསྒོ་བར་བྱའི། གང་པོ་ལ་ནི་མ་ཡིན་ནོ། །ཇི་ཙམ་ན་ཚོང་པ་ལྔ་བརྒྱ་ཙམ་པ་རྒྱ་མཚོ་ཆེན་པོའི་གྲུ་བོ་ཆེ་གྲུབ་ནས་གྲོང་ཁྱེར་སློ་མ་ལྟ་བུར་ལྷགས་སོ། །ཚོང་པའི་ཚོགས་ཀྱིས་ནང་ཁྲིམས་སུ་བཅས་པ། བདག་ཅག་སུས་ཀྱང་གཅིག་པོ་ཚོགས་ལས་གར་ཏེ་ཚོང་པའི་དྲུང་དུ་འགྲོ་བར་མི་བྱའོ། །གལ་ཏེ་སོང་ན་དེ་ལ་ཀཱར་ཥཱ་པ་ཎ་དྲུག་བཅུ་དབབ་བོ། །བྲུངས་ཀྱང་ཚོགས་ཏེ་བླང་བར་བྱའོ་ཞེས་བཅས་སོ། །ཁ་ཅིག་གིས་སྨྲས་པ། གང་པོ་ཡང་སྦྲན་པ་སྙམ། ཁ་ཅིག་གིས་སྨྲས་པ། བཀྲེན་པ་དེ་ལ་སྤྲན་ན་ཅི་ཡོད། དེའི་ཚེ་གང་པོ་ཕྱིར་བྱུང་བ་ན། དེས་ཚོང་པ་ལྔ་བརྒྱ་ཙམ་རྒྱ་མཚོ་ཆེན་པོ་ནས་གྲ་བོ་ཆེ་གྲུབ་ནས་གྲོང་ཁྱེར་སློ་མ་ལྟ་བུར་ཕྱིན་ནོ་ཞེས་ཐོས་ནས། དེ་གྲོང་ཁྱེར་དུ་ཞུགས་པ་ཉིད་དུ་དེ་དག་གི་དྲུང་དུ་སོང་སྟེ་དྲིས་པ། ཤེས་ལྡན་དག་རྫས་འདི་དག་ཅི་ཡིན། དེ་རྣམས་ཀྱིས་སྨྲས་པ། འདི་དང་འདི་དག་ཡིན་ནོ། །རིན་ཇི་ཙམ། དེད་དཔོན་གར་ཕྱིན་ཡང་ཁྱོད་ཁོ་ན་དྲི་བར་བས་སོ། །དེས་སྨྲས་པ། གལ་ཏེ་དེ་ལྟ་ཡིན་ཡང་འོན་ཀྱང་རིན་ཐང་སྨོས་ཤིག དེ་དག་གིས་གསེར་ས་ཡ་དང་བརྒྱད་འདུམ་དུ་རིན་བཏབ་བོ། །དེས་སྨྲས་པ། ཤེས་ལྡན་དག་ཐག་བཅད་པའི་གསེར་སུམ་འབུམ་ཁྱེར་ཅིག ཟོང་འདི་དག་ནི་ཁོ་བོའི་ཡིན་ནོ། །ལྷག་མ་ནི་ནང་དུ་ཕྱིན་ནས་སྦྱིན་ནོ། །དེ་བཞིན་དུ་བགྱིའོ་ཞེས་པ་དང་། དེས་གསེར་སུམ་འབུམ་ཡང་བླངས་ནས་ཐག་གཅད་པའི་ཕྱིར་བྱིན། རང་གིས་རྒྱས་ཀྱང་བཏབ་སྟེ་སོང་ངོ་། །དེ་ནས་ཚོང་པའི་ཚོགས་ཀྱིས་ཚོང་པའི་གཡོག་གིས་མི་དག་རྫས་ཅི་ཡོད་ལྟོས་ཤིག་ཅེས་མངགས་ནས་དེ་དག་སོང་སྟེ་དྲིས་པ། རྫས་འདི་དག་ཅི་ཡིན། འདི་དང་འདི་དག་ཡིན་ནོ། །བདག་ཅག་ལ་འདི་འདྲ་བས་ནི་མཛོད་དང་བང་བ་གང་བར་འདུག་གོ། །དེ་རྣམས་ཀྱིས་སྨྲས་པ། གང་ཡང་རུང་མ་གང་ཡང་རུང་སྟེ། འོན་ཀྱང་འདི་བཙོངས་ཟིན་ཏོ། །སུ་ཞིག་ལ། གང་པོ་ལའོ། །གང་པོ་ལ་བཙོངས་ན་ཆེན་མོ་ཞིག་ཁུགས་མོད། དེ་རྣམས་ཀྱིས་སྨྲས་པ། དེས་ཐག་བཅད་པར་བྱིན་པ་གང་ཡིན་པ་དེ་ཁྱོད་ཀྱིས་རིན་དུ་ཡ་ང་མི་བྱིན་ནོ། །དེས་ཐག་བཅད་པར་ཅི་བྱིན་གསེར་སུམ་འབུམ་མོ། །དེས་ཕུ་བོ་དེ་དག་ལས་བརྐུས་ཡང་དག་གོ། །དེ་རྣམས་སླར་ལོག་སྟེ་ཚོང་པའི་ཚོགས་ལ་སྨྲས་པ། རྫས་དེ་དག་ནི་བཙོངས་ཟིན་ཏོ། །སུ་ཞིག་ལ། གང་པོ་ལའོ། །གང་པོ་ལ་ཚོངས་ན་ཆེན་པོ་ཞིག་ཁུགས་མོད། དེས་ཐག་བཅད་པར་བྱིན་པ་གང་ཡིན་པ་དེ་ཁྱོད་ཀྱིས་རིན་དུ་ཡང་མི་བྱིན་ནོ། །དེས་ཐག་བཅད་པར་ཅི་བྱིན། སྲང་སུམ་འབུམ་མོ། །དེས་སྤུན་དེ་དག་ལས་བརྐུས་ཡང་དག་གོ། །དེ་རྣམས་ཀྱིས་དེ་བོས་ནས་སྨྲས་པ། གང་པོ་ཚོང་པའི་ཚོགས་ཀྱིས་ཁྲིམས་སུ་བཅད་པ། སུས་ཀྱང་གཅིག་པུས་ཟོང་མི་བླང་གིས་ཚོང་པའི་ཚོགས་ཁོ་ནས་བླང་བར་བྱའོ་ཞེས་བཅས་ན་ཁྱོད་ཀྱིས་ཅིའི་ཕྱིར་བླང་། དེས་སྨྲས་པ། ཤེས་ལྡན་དག་གང་གི་ཚེ་ཁྱོད་ཀྱིས་ཁྲིམས་སུ་བཅའ་བ་བྱས་པ་དེའི་ཚེ་ཟི་ཁོ་བོའམ། ཁོ་བོའི་ཕུ་ནུ་བོ་དག་ལ་བསྒོའམ། ཁྱོད་ཁོ་བོ་ནས་ཁྲིམས་སུ་བཅའ་བ་བྱས། ཁྱེད་ཅག་ཉིད་སྲུངས་ཤིག དེ་ནས་ཚོང་པའི་ཚོགས་ཁྲོས་ནས་ཀཱར་ཥཱ་པ་ཎ་དྲུག་བཅུའི་ཕྱིར་བཟུང་སྟེ་ཉི་མ་ལ་བཞག་པ་རྒྱལ་པོའི་མི་གང་གིས་མཐོང་བ་དེ་དག་གིས་རྒྱལ་པོ་ལ་སྨྲས་པ་དང་། རྒྱལ་པོས་བསྒོ་བ། ཤེས་ལྡན་དག་དེ་རྣམས་ཁུག་ཤིག དེ་དག་གིས་དེ་རྣམས་བཀུག་པ་དང་། རྒྱལ་པོས་སྨྲས་པ། ཤེས་ལྡན་དག་ཁྱེད་ཅག་གིས་ཅིའི་ཕྱིར་གང་པོ་བཟུང་སྟེ་ཉི་མ་ལ་བཞག ལྷ་ཚོང་པ་རྣམས་ཀྱིས་ཁྲིམས་སུ་བཅས་པ། སུས་ཀྱང་གཅིག་པུས་ཟོང་འཇལ་ཚོང་མི་བགྱིའོ་ཞེས་བཅས་པ་ལས། འདི་གཅིག་པུས་འཇལ་ཚོང་བགྱིས་པས་སོ། །དེས་སྨྲས་པ། ལྷ་གང་གི་ཚེ་འདི་དག་གིས་ཁྲིམས་སུ་བཅའ་བ་བགྱིས་པ་དེའི་ཚེ་འདི་དག་གིས་ཅི་བདག་གམ་བདག་གི་ཕུ་ནུ་པོ་དག་ལ་བསྒོའམ་ཞེས་རྨར་གསོལ། རྒྱལ་པོས་སྨྲས་པ། ཤེས་ལྡན་དག་གང་པོའི་ཤགས་བཟང་ངོ་། །དེ་རྣམས་སྐྱེངས་ནས་དེ་བཏང་ངོ་། །ཇི་ཙམ་དུས་གཞན་ཞིག་ན་རྒྱལ་པོ་ལ་རྫས་ཤིག་གི་དགོས་པ་བྱུང་ནས་དེས་ཚོང་པའི་ཚོགས་བཀུག་སྟེ་བསྒོ་བ། ཤེས་ལྡན་དག་ང་ལ་རྫས་ཆེ་གེ་མོ་ཞེས་བྱ་བ་ཞིག་དགོས་ཀྱིས་དེ་ང་ལ་ཕུལ་ཅིག དེ་རྣམས་ཀྱིས་སྨྲས་པ། ལྷ་གང་པོ་ལ་མཆིས་སོ། །དེས་སྨྲས་པ། ང་དེ་ལ་བཀའ་མི་སྩོལ་གྱིས། ཁྱེད་ཉིད་ཀྱིས་དེ་ལས་ཉོས་ལ་ང་ལ་ཕུལ་ཅིག དེ་དག་གིས་གང་པོ་ལ་ཕོ་ཉ་བཏང་སྟེ་ཚོང་པའི་ཚོགས་འབོད་དོ་ཞེས་བྱས་སོ། །དེས་སྨྲས་པ། ཁོ་བོའི་མི་འོང་ངོ་། །དེ་ནས་ཚོང་པའི་ཚོགས་ཐམས་ཅད་འདུས་ཏེ་དེའི་ཁྱིམ་དུ་སོང་ནས་སྒོར་བསྡད་དེ་དེ་ལ་ཕྲིན་བཏང་ནས་གང་པོ་ཚོང་པའི་ཚོགས་སྒོ་ན་སྡོད་ཀྱིས་བྱུང་ཞིག་ཅེས་སྤྲིང་ངོ་། །དེ་ང་རྒྱལ་དང་ཉམ་དུ་ཤེད་དང་བཅས་པའི་དྲེགས་པས་བྱུང་བ་དང་། ཚོང་པའི་ཚོགས་ཀྱིས་སྨྲས་པ། དེད་དཔོན་ཇི་ལྟར་ཉོས་པ་བཞིན་དུ་ཟོང་བྱིན་ཅིག དེས་སྨྲས་པ། གལ་ཏེ་ཇི་ལྟར་ཉོས་པ་བཞིན་ཟོང་བྱིན་ན་ཁོ་བོ་ཚོང་པ་ཆེན་པོ་ཡིན་མོད། དེ་དག་གིས་སྨྲས་པ། རིན་ཉིས་འགྱུར་གྱིས་བྱིན་ཅིག་དང་ཚོང་པའི་ཚོགས་མཆོད་པར་འགྱུར་རོ། །དེས་བསམས་པ། ཚོང་པའི་ཚོགས་ནི་མཆོད་པར་བྱ་བ་ཡིན་ནོ་སྙམ་ནས། དེས་ས་ཡ་དང་ལྔ་འབུམ་ཉིས་འགྱུར་དུ་བྱིན་ནོ། །ལྷག་མ་ནི་ཁྱིམ་དུ་སྦས་ནས་དེས་བསམས་པ། ཇི་ག་ཟིལ་པའི་ཐིགས་པས་བུམ་པ་དགང་བར་ནུས་སམ། རྒྱ་མཚོ་ཆེན་པོར་འཇུག་པར་བྱའོ་སྙམ་ནས། རྒྱ་མཚོ་ཆེན་པོར་འཇུག་པར་བྱ་བའི་ཕྱིར་དེས་གྲོང་ཁྱེར་སློ་མ་ལྟ་བུར་དྲིལ་སྒྲོགས་སུ་བཅུག་པ། ཤེས་ལྡན་གྲོང་ཁྱེར་སློ་མ་ལྟ་བུ་ན་གནས་པའི་ཚོང་པ་དག་ཉོན་ཅིག དེད་དཔོན་གང་པོ་རྒྱ་མཚོ་ཆེན་པོར་འཇུག་པར་འགྱུར་གྱིས། ཁྱེད་ཅག་ལས་གང་དེད་དཔོན་གང་པོ་དང་ལྷན་ཅིག་ཤོ་གམ་མེད་པ་དང་། ལག་ཅན་པའི་གླ་མེད་པ་དང་། གྲུ་བཙས་མེད་པར་རྒྱ་མཚོ་ཆེན་པོར་འཇུག་པར་སྤྲོ་བ་དེ་དག་གིས་རྒྱ་མཚོ་ཆེན་པོར་འདོང་འབི་ཟོང་སྟ་གོན་བྱོས་ཤིག ཚོང་པ་ལྔ་བརྒྱ་ཙམ་གྱིས་རྒྱ་མཚོ་ཆེན་པོར་འདོང་བའི་ཟོང་སྟ་གོན་བྱས་སོ། །དེ་ནས་དེད་དཔོན་གང་པོ་དགེ་མཚན་དང་། བཀྲ་ཤིས་དང་། བདེ་ལེགས་སུ་འགྱུར་བ་དག་བྱས་ཏེ་འཁོར་ཚོང་པ་ལྔ་བརྒྱ་དང་རྒྱ་མཚོ་ཆེན་པོར་ཞུགས་པ་ལས། གྲུ་བོ་ཆེ་གྲུབ་ནས། གྲོང་ཁྱེར་སློ་མ་ལྟ་བུར་འཁོར་ཏོ། །དེ་ལྟ་བུར་ལན་དྲུག་གི་བར་དུ་རྒྱ་མཚོ་ཆེན་པོར་ཞུགས་པ་ལས་གྲུ་བོ་ཆེ་གྲུབ་ནས་སླར་འཁོར་ཏེ། ཕྱོགས་ཀུན་ཏུ་གང་པོས་ལན་དྲུག་གི་བར་དུ་རྒྱ་མཚོ་ཆེན་པོར་ཞུགས་པ་ལས་གྲུ་བོ་ཆེ་གྲུབ་ནས་སླར་འཁོར་ཏོ་ཞེས་སྒྲ་གྲགས་པ་དང་། མཉན་ཡོད་པའི་ཚོང་པ་དག་ཟོང་ཐོགས་ཏེ་གྲོང་ཁྱེར་སློ་མ་ལྟ་བུར་དོང་ནས། དེ་དག་ལམ་གྱིས་དུབ་པ་ལས་སོས་ནས། དེད་དཔོན་གང་པོ་གང་ན་བ་དེར་དོང་སྟེ་ལྷགས་ནས་སྨྲས་པ། དེད་དཔོན་རྒྱ་མཚོ་ཆེན་པོར་བཞུད་དོ། །དེས་སྨྲས་པ། ཤེས་ལྡན་དག་ལན་དྲུག་གི་བར་དུ་རྒྱ་མཚོ་ཆེན་པོ་ནས་གྲུ་བོ་ཆེ་གྲུབ་སྟེ། སླར་འཁོར་བ་ལས་བདུན་པར་འཇུག་པ་ཁྱེད་ཅག་གིས་མཐོང་བའམ་ཐོས་པ་འགའ་ཡོད་དམ། དེ་དག་གིས་སྨྲས་པ། གང་པོ་བདག་ཅག་ཤུལ་རིང་པོ་ནས་ཁྱོད་ཀྱི་ཆེད་དུ་ལྷགས་ཏེ་གལ་ཏེ་མི་འཇུག་ན་ཁྱོད་ཉིད་ཚད་མ་ཡིན་ནོ། །དེས་བསམས་པ། བདག་ལ་ནི་ནོར་གྱིས་ཅུང་ཟད་ཀྱང་མི་ཆོག་པ་མེད་ན་འདི་དག་གིས་དོན་དུ་འགྲོ་བར་བྱའོ་སྙམ་ནས། དེ་དེ་རྣམས་དང་ལྷན་ཅིག་ཏུ་རྒྱ་མཚོ་ཆེན་པོར་ཆས་སོ། །དེ་དག་གིས་ནམ་ཐོ་རངས་ཀྱི་དུས་སུ་ཆེད་དུ་བརྗོད་པ་དང་། ཕ་རོལ་འགྲོ་བྱེད་དང་། བདེན་པ་མཐོང་བ་དང་། གནས་བརྟན་པའི་ཚིགས་སུ་བཅད་པ་དང་། གནས་བརྟན་མའི་ཚིགས་སུ་བཅད་པ་དང་། རི་གནས་པའི་ཚིགས་སུ་བཅད་པ་དང་། ཐུབ་པའི་ཚིགས་སུ་བཅད་པ་དང་། དོན་གྱི་ཚོམས་ཀྱི་མདོ་དག་གསང་བསྟོད་དེ་བཏོན་པ་དང་། དེས་དེ་དག་ཐོས་ནས་སྨྲས་པ། ཤེས་ལྡན་དག་གྲུ་བཟང་པོ་ཞིག་ལོང་ཤིག དེ་རྣམས་ཀྱིས་སྨྲས་པ། དེད་དཔོན་དེ་དག་ནི་གླུ་མ་ལགས་སོ། །འོ་ན་ཅི། དེ་ནི་སངས་རྒྱས་ཀྱིས་བཀའོ། །དེས་སངས་རྒྱས་ཞེས་བྱ་བའི་སྒྲ་སྔོན་མ་ཐོས་པ་ཐོས་ནས་བ་སྤུའི་ཁུང་བུ་ཐམས་ཅད་ནས་སྤུ་ཟིང་ཞེས་བྱེད་ནས་གུས་པ་དང་བཅས་པས་དྲིས་པ། ཤེས་ལྡན་དག་སངས་རྒྱས་ཞེས་བྱ་བ་དེ་སུ་ཞིག་ཡིན། དེ་རྣམས་ཀྱིས་སྨྲས་པ། ཤཱཀྱའི་སྲས་དགེ་སློང་གཽཏམ་ཤཱཀྱའི་རིགས་ལས་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ་ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ཞིག་ཡོད་དེ། དེད་དཔོན་དེ་ནི་སངས་རྒྱས་ཞེས་བགྱིའོ། །ཤེས་ལྡན་དག་བཅོམ་ལྡན་འདས་དེ་ད་ལྟ་གང་ན་བཞུགས། དེད་དཔོན་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེས་དེ་སྙིང་ལ་བཟུང་ནས་དེ་རྣམས་དང་ལྷན་ཅིག་རྒྱ་མཚོ་ཆེན་པོར་ཞུགས་ཏེ་གྲུ་བོ་ཆེ་གྲུབ་ནས་སླར་ལྷགས་སོ། །དེའི་ཕུ་བོ་འབྱོར་ལེན་གྱིས་བསམས་པ་འདི་རྒྱ་མཚོ་ཆེན་པོར་འགྲོ་འགྲོ་བས་དུབ་པར་གྱུར་གྱིས་འདི་ཁྱིམ་དབུབ་པར་བྱའོ་སྙམ་ནས་དེས་དེ་ལ་སྨྲས་པ། ཁྱོད་ཀྱི་དོན་དུ་ཚོང་པ་དང་། ཚོང་དཔོན་དང་། དེད་དཔོན་གང་གིས་བུ་མོ་བསླང་བ་ཕུ་བོ་ལ་སྨྲོས་ཤིག དེས་སྨྲས་པ། བདག་འདོད་པ་ནི་མ་འཚལ་གྱིས་གལ་ཏེ་གནང་ན་རབ་ཏུ་འབྱུང་ངོ་། །དེས་སྨྲས་པ། གང་གི་ཚེ་བདག་ཅག་ཁྱིམ་གྱི་འཚོ་ནམ་ལ་མ་ཞུགས་པ་དེའི་ཚེ་རབ་ཏུ་མི་འབྱུང་བར་ད་ཅིའི་ཕྱིར་རབ་ཏུ་འབྱུང་། དེས་སྨྲས་པ། དེའི་ཚེ་ནི་མི་རིགས་ལགས་སོ། །དེ་ནི་རིགས་པ་ལགས་སོ། །དེས་དེ་གདོན་མི་ཟ་བར་གལ་གྱིས་འཆུ་བར་ཤེས་ནས་གནང་ངོ་། །དེས་སྨྲས་པ། ཕུ་བོ་རྒྱ་མཚོ་ཆེན་པོ་ན་ཉེས་དམིགས་ནི་མང་ལ་མནོག་ནི་ཆུང་ངོ་། །དེར་འཇུག་པ་ནི་མང་ལ་སླར་འཁོར་བ་ཉུང་བས་ཁྱོད་ཀྱིས་རྣམ་པ་ཐམས་ཅད་དུ་རྒྱ་མཚོ་ཆེན་པོར་འཇུག་པར་མི་བྱའོ། །ཁྱོ་ལ་རིགས་པས་བསྒྲུབ་པའི་ནོར་ཕལ་པོ་ཆེ་ཡོད་ལ་ཁྱོད་ཀྱི་ནུ་བོ་དག་ལ་རིགས་པ་མ་ཡིན་པས་བསྒྲུབས་པ་ཡིན་པས་གལ་ཏེ་དེ་དག་ན་རེ་ལྷན་ཅིག་འཁོད་པར་བྱའོ་ཞེས་ཟེར་ན་འདུག་པར་མི་བྱའོ་ཞེས་སྨྲས་ནས་རིམ་གྲོ་བ་གཅིག་ཁྲིད་དེ་མཉན་ཡོད་དུ་སོང་སྟེ། མཉན་ཡོད་ཀྱི་སྐྱེད་མོས་ཚལ་དུ་འདུག་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་ཕྲིན་པ་བཏང་སྟེ། ཁྱིམ་བདག་དེད་དཔོན་གང་པོ་ཁྱིམ་བདག་བལྟ་བར་འདོད་ནས་སྐྱེས་མོས་ཚལ་ན་སྡོད་དོ་ཞེས་སྤྲིང་པ་དང་། མགོན་མེད་ཟས་སྦྱིན་གྱིས་བསམས་པ། གདོན་མི་ཟ་བར་ཆུའི་བཞོན་པས་དུབ་ནས། ད་ནི་ཐང་གི་བཞོན་པས་འོངས་སོ་སྙམ་མོ། །དེ་ནས་དྲིས་པ། ཀྱེ་ནང་རྗེ་ཟོང་ཇི་སྙེད་ཅིག་ཁྱེར་ཏེ་འོངས། དེ་ལ་ཟོང་ག་ལ་ཡོད། རིམ་གྲོ་པ་དང་གཉིས་པུ་སྟེ་དེ་དང་བདག་ཏུ་བས་སོ། །མགོན་མེད་ཟས་སྦྱིན་གྱིས་བསམས་པ། གང་བདག་གིས་སྐྱེས་བུ་དམ་པ་དེ་ལ་བཀུར་སྟིར་མ་བྱས་པར་ཁྱིམ་དུ་བོད་པ་ནི་བདག་རིགས་པ་དང་ལྡན་པ་མ་ཡིན་ནོ་སྙམ་ནས། དེས་དེ་བཀུར་སྟི་ཆེན་པོས་ཁྱིམ་དུ་བོས་ནས་སྐུ་མཉེ་བྱས་ཏེ་ཁྲུས་བྱས་ནས་ཟན་བྱིན་ཏེ་དགའ་བའི་གཏམ་བྱས་ཏེ་འདུག་ནས། མགོན་མེད་ཟས་སྦྱིན་གྱིས་དྲིས་པ། དེད་དཔོན་དགོས་པ་ཅི་ཞིག་ལ་འོངས། ཁྱིམ་བདག་བདག་ནི་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་འཚལ་ལོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་རོ་སྟོད་བསྟོད་ནས་ལག་པ་གཡས་པ་བརྐྱང་སྟེ་ཆེད་དུ་བརྗོད་པས་ཆེད་དུ་བརྗོད་པ། ཀྱེ་མ་འོ་སངས་རྒྱས། ཀྱེ་མ་འོ་ཆོས། ཀྱེ་མ་འོ་དགེ་འདུན། ཀྱེ་མ་འོ་ཆོས་ལེགས་པར་གསུངས་པ་ཉིད། དེ་ལ་ནི་ད་སྐྱེས་བུ་གཅོ་བོ་འདི་ལྟ་བུ་ཡང་རང་གི་སྐྱེ་བོ་དང་གཉེན་བཤེས་ཀྱི་ཚགས་རྒྱ་ཆེན་པོ་དང་། མཛོད་དང་བང་མཛོད་རྒྱས་པ་རྣམས་ཀྱང་སྤངས་ནས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་འདོད་པར་གྱུར་ཏོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་དེད་དཔོན་གང་པོ་ཁྲིད་དེ་བཅོམ་ལྡན་འདས་གང་ན་བ་དེར་སོང་ངོ་། །དེའི་ཚེ་བཅོམ་ལྡན་འདས་དགེ་སློང་གི་འཁོར་བརྒྱ་ཕྲག་དུ་མའི་གུང་ལ་བཞུགས་ནས་ཆོས་འཆད་དོ། །བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་སྐྱེས་དང་ཆས་ཏེ་འོང་བ་གཟིགས་སོ། །གཟིགས་ནས་ཀྱང་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱིམ་བདག་མགོན་མེད་ཟས་སྦྱིན་སྐྱེས་དང་ཆས་ཏེ་ད་ལྟར་འོང་ངོ་། །དེ་བཞིན་གཤེགས་པའི་སྐྱེས་ནི་འདི་ལྟ་བུ་མེད་དེ། འདི་ལྟ་སྟེ་གདུལ་བའི་སྐྱེས་བུའོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་བྱས་ཏེ། དེད་དཔོན་གང་པོ་དང་ལྷན་ཅིག་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་དེད་དཔོན་གང་པོ་འདི་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་འཚལ་ན། དེ་བཅོམ་ལྡན་འདས་ཀྱིས་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་དེད་དཔོན་གང་པོ་ལ་བཀའ་སྩལ་པ། དགེ་སློང་ཚུར་ཤོག་ཚངས་པར་སྤྱད་པ་སྤྱོད་ཅིག་ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་མོད་ཁོ་ན་དེ་སྐྲ་བྱི་བ་དང་། སྣམ་སྦྱར་གོན་པར་གྱུར་ཏེ། སྐྲ་དང་ཁ་སྤུ་ཞག་བདུན་སྐྱེས་པ་ཙམ་དང་། ལག་ན་ལྷུང་བཟེད་དང་བྱ་མ་བུམ་ཐོགས་པ་དང་། དགེ་སློང་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་སྤྱོད་ལམ་ལྟ་བུར་གནས་པར་གྱུར་ཏོ། །དེ་བཞིན་གཤེགས་པས་ཚུར་ཤོག་གསུངས་པས་དེ། །སྐྲ་བྱི་སྣང་སྦྱར་གོན་པའི་ལུས་ལྡན་ཞིང་། །མོད་ལ་དབང་པོར་བཞིར་གནས་གྱུར་ཏེ། །སངས་རྒྱས་དགོངས་པ་ལུས་གཟུགས་བཀབ་པར་གྱུར། །

དེ་ནས་དུས་གཞན་ཞིག་ན་ཚེ་དང་ལྡན་པ་གང་པོ་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་གང་པོ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་ལས་བདག་གིས་མདོར་བསྡུས་པའི་ཆོས་ཐོས་པ་ཇི་ལྟ་བུས་གཅིག་པུས་དབེན་པ་བག་ཡོད་པ་དང་རྟུན་པ་དང་ལྡན་ལ་བདག་ཉིད་ལ་བདག་ཉིད་གཏོད་ཅིང་གནས་པར་འགྱུར་བ་དེ་ལྟ་བུའི་ཆོས་མདོར་བསྡུས་པ་ལེགས་པར་བཤད་དུ་གསོལ། གཅིག་པུ་དབེན་པ་བག་ཡོད་པ་དང་རྟུན་པ་དང་ལྡན་པ་བདག་ཉིད་གཏོད་ཅིང་གནས་ན། རིགས་ཀྱི་བུ་དག་གང་གི་ཕྱིར་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ་ཡང་དག་པའི་དད་པས་ཁྱིམ་ནས་ཁྱིམ་མ་མཆིས་པར་རབ་ཏུ་བྱུང་བར་བགྱིད་པ་ཚངས་པར་སྤྱོད་པའི་མཐའ་བླ་ན་མ་མཆིས་པ་དེ་མཐོང་བའི་ཆོས་དེ་ཉིད་ལ་རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བགྱིས་ཏེ་བསྒྲུབས་ནས་བདག་གི་སྐྱེ་བ་ནི་ཟད་དོ། །ཚངས་པར་སྤྱོད་པ་ནི་སྤྱད་དོ། །བྱ་བ་ནི་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་གོ་བར་བགྱིའོ། །དེ་སླད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་གང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གང་པོ་ལེགས་སོ། །ལེགས་སོ། །གང་པོ་གང་ཁྱོད་འདི་སྐད་དུ་སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་བྱ་བ་ནས་དེ་ལྟ་བུའི་ཆོས་མདོར་བསྡུས་པ་ལེགས་པར་བཤད་དུ་གསོལ་ཞེས་བྱ་བའི་བར་སྨྲ་བ་ནི་ཡང་ལེགས་སོ་ཞེས་བྱ་བ་སྔ་མ་བཞིན་ཏེ། དེའི་ཕྱིར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ། །གང་པོ་མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་སྡུག་པ་དང་། ཆགས་པ་དང་། དགའ་བ་དང་། ཡིད་དུ་འོང་བ་དང་། འདོད་པ་དང་ལྡན་པ་དང་། ཀུན་ཏུ་ཆགས་པར་འགྱུར་བ་ཡོད་ལ། དེ་དག་གལ་ཏེ་དགེ་སློང་གིས་མཐོང་ནས་མངོན་པར་དགའ་བ་དང་། མངོན་པར་བསྟོད་པ་དང་། ལྷག་པར་ཆགས་པ་དང་། ལྷག་པར་ཞེན་ཅིང་གནས་ནས་དེ་དག་ལ་མངོན་པར་དགའ་བ་དང་། མངོན་པར་བསྟོད་པ་དང་། ལྷག་པར་ཆགས་པ་དང་། ལྷག་པར་ཞེན་ཅིང་གནས་པ་དེ་ལ་ཀུན་ཏུ་དགའ་བ་འབྱུང་ངོ་། །ཀུན་ཏུ་དགའ་བ་ཡོད་ན་དགའ་བ་དང་། ཡིད་བདེ་བར་འགྱུར་རོ། །དགའ་བ་དང་ཡིད་བདེ་བ་ཡོད་ན་ཀུན་དུ་ཆགས་པར་འགྱུར་རོ། །ཀུན་དུ་ཆགས་པ་ཡོད་ན་ཀུན་དུ་སྦྱོར་བར་འགྱུར་ཏེ། དགའ་བ་དང་། ཀུན་དུ་ཆགས་པ་དང་། ཀུ་དུ་སྦྱར་བ་དང་ལྡན་པར་གྱུར་པའི་དགེ་སློང་ནི་གང་པོ་མྱ་ངན་ལས་འདས་པ་ལས་རིང་དུ་གྱུར་པ་ཞེས་བྱའོ། །གང་པོ་རྣ་བས་རྣམ་པར་ཤེས་པར་བྱ་བའི་སྒྲ་དང་། སྣས་རྣམ་པར་ཤེས་པར་བྱ་བའི་དྲི་དང་། ལྕེས་རྣམ་པར་ཤེས་པར་བྱ་བའི་རོ་དང་། ལུས་ཀྱིས་རྣམ་པར་ཤེས་པར་བྱ་བའི་རེག་བྱ་དང་། ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའིི་ཆོས་སྡུག་པ་དང་། ཆགས་པ་དང་། དགའ་བ་དང་། ཡིད་དུ་འོང་བ་དང་། འདོད་པ་དང་། ལྡན་པ་དང་ཀུན་དུ་ཆགས་པར་འགྱུར་བ་རྣམས་ཡོད་ལ། དེ་དག་གལ་ཏེ་དགེ་སློང་གིས་ཤེས་ནས་ཞེས་བྱ་བ་ནས། མྱ་ངན་ལས་འདས་པ་ལས་རིང་དུ་གྱུར་པ་ཞེས་བྱའོ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །གང་པོ་མིག་གིས་རྣམ་པར་ཤེས་པ་བྱ་བའི་གཟུགས་སྡུག་པ་དང་། ཆགས་པ་དང་། དགའ་བ་དང་། ཡིད་དུ་འོང་བ་དང་། འདོད་པ་དང་ལྡན་པ་དང་། ཀུན་དུ་ཆགས་པར་འགྱུར་བ་ཡོད་ལ། དེ་དག་གལ་ཏེ་དགེ་སློང་གིས་མཐོང་ནས་མངོན་པར་མི་དགའ་བ་དང་། མངོན་པར་མི་སྟོད་པ་དང་། ལྷག་པར་མ་ཆགས་པ་དང་། ལྷག་པར་མི་ཞེན་ཅིང་གནས་ན་དེ་དག་ལ་མངོན་པར་མི་དགའ་བ་དང་། མངོན་པར་མི་སྟོད་པ་དང་། ལྷག་པར་མ་ཆགས་པ་དང་། ལྷག་པར་མ་ཞེན་པར་གནས་པ་དེ་ལ་ཀུན་དུ་དགའ་བ་མི་འབྱུང་ངོ་། །ཀུན་དུ་དགའ་བ་མེད་ན་དགའ་བ་དང་ཡིད་བདེ་བ་མེད་པར་འགྱུར་རོ། །དགའ་བ་དང་ཡིད་བདེ་བ་མེད་ན་ཀུན་དུ་ཆགས་པར་འགྱུར་རོ། །ཀུན་དུ་ཆགས་པ་མེད་ན་ཀུན་དུ་སྦྱོར་བ་མེད་པར་འགྱུར་རོ། །ཀུན་དུ་སྦྱོར་བ་མེད་ན་དགའ་བ་དང་། ཀུན་དུ་ཆགས་པ་དང་། ཀུན་དུ་སྦྱོར་བ་དང་མི་ལྡན་པའི་དགེ་སློང་ནི་གང་པོ་མྱ་ངན་ལས་འདས་པ་ལ་ཉེ་བར་གྱུར་པ་ཞེས་བྱའོ། །གང་པོ་རྣ་བས་རྣམ་པར་ཤེས་པར་བྱ་བའི་སྒྲ་དང་། སྣས་རྣམ་པར་ཤེས་པར་བྱ་བའི་དྲི་དང་། ལྕེས་རྣམ་པར་ཤེས་པར་བྱ་བའི་རོ་དང་། ལུས་ཀྱིས་རྣམ་པར་ཤེས་པར་བྱ་བའི་རེག་བྱ་དང་། ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་སྡུག་པ་དང་། ཆགས་པ་དང་། དགའ་བ་དང་། ཡིད་དུ་འོང་བ་དང་། འདོད་པ་དང་ལྡན་པ་དང་། ཀུན་དུ་ཆགས་པར་འགྱུར་བ་ཡོད་ལ། དེ་དག་གལ་ཏེ་དགེ་སློང་གིས་ཤེས་ནས་ཞེས་བྱ་བ་ནས། དེ་ནི་མྱ་ངན་ལས་འདས་པ་ལ་ཉེ་བར་གྱུར་པ་ཞེས་བྱའོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །གང་པོ་ངས་མདོར་བསྡུས་པའི་གདམས་ངག་འདིས་ཁྱོད་ལ་གཏམས་ན་གང་དུ་གནས་པར་འདོད། གང་དུ་གནས་བཅའ་བར་འདོད། བཙུན་པ་བཅོམ་ལྡན་འདས་ཀྱིས་མདོར་བསྡུས་པའི་གདམས་ངག་འདིས་བདག་ལ་གཏམས་ལགས་པས་གྲོ་བཞིན་སྐྱེས་གནས་པའི་ཡུལ་གྱི་མཐར་མཆིས་པར་འཚལ་ལགས་སོ། །གང་པོ་གྲོ་བཞིན་སྐྱེས་གནས་པའི་ཡུལ་གྱི་མཐའི་རྣམས་ནི་གཏུམ་པ། གཟུ་ལུགས་ཅན། རྩུབ་པ། གཤེ་བ། སྤྲོ་ཐུང་བ། འཕྱ་བ་ཡིན་ཏེ། གང་པོ་གལ་ཏེ་ཁྱོད་ལ་གྲོ་བཞིན་སྐྱེས་གནས་པའི་མཐའི་མི་རྣམས་མངོན་སུམ་དུ། སྡིག་པ་ཚོགས་པར་མི་དབྱུང་བའི་ཚིག་རྩུབ་པོས་གཤེ་བར་བྱེད། ཞེར་འདེབས་པར་བྱེད། འཕྱ་བར་བྱེད། དེ་ལ་ཁྱོད་ཇི་སྙམ་བྱེད། བཙུན་པ་གལ་ཏེ་གྲོ་བཞིན་སྐྱེས་གནས་པའི་མཐའི་མི་རྣམས་བདག་ལ་མངོན་དུམ་དུ་སྡིག་པ་ཚོགས་པར་མི་དབྱུང་བའི་ཚིག་རྩུབ་པོས་གཤེ་བར་བགྱིད། ཞེས་འདེབས་པར་བགྱིད། འཕྱ་བར་བགྱིད་ན་དེ་ལ་བདག་གིས་འདི་སྙམ་དུ་སེམས་ཏེ། ཨེ་མའོ་གྲོ་བཞིན་སྐྱེས་གནས་པའི་མཐའི་མི་རྣམས་ནི་རུང་བ་དག་ཡིན་ནོ། །ཨེ་མའོ་གྲོ་བཞིན་སྐྱེས་གནས་པའི་མཐའི་མི་རྣམས་ནི་བློ་དང་ལྡན་པ་ཡིན་ཏེ། དེ་དག་བདག་ལ་སྡིག་པ་ཚོགས་པར་མི་དབྱུང་བའི་ཚིག་རྩུབ་པོས་གཤེ་བར་བྱེད། ཞེར་འདེབས་པར་བྱེད། འཕྱ་བར་བྱེད་ཀྱང་ལག་པའམ་བོང་བས་མ་བརྒྱབ་སྙམ་མོ། །གང་པོ་གྲོ་བཞིན་སྐྱེས་གནས་པའི་མཐའི་མི་རྣམས་ནི་གཏུམ་པ་ཞེས་བྱ་བ་ནས་འཕྱ་བར་བྱེད་པ་ཡིན་ནོ། །ཞེས་བྱ་བའི་བར་གོང་མ་བཞིན་ཏེ། གང་པོ་གལ་ཏེ་གྲོ་བཞིན་སྐྱེས་གནས་པའི་མཐའི་མི་རྣམས་ཀྱིས་དབྱུག་པའམ་མཚོན་གྱིས་བརྒྱབ་ན་དེ་ལ་ཁྱོད་ཇི་སྙམ་བྱེད། བཙུན་པ་གལ་ཏེ་བདག་ལ་གྲོ་བཞིན་སྐྱེས་གནས་པའི་མཐའི་མི་རྣམས་ཀྱིས་དབྱུག་པའམ་མཚོན་གྱིས་བརྒྱབ་པར་གྱུར་ན། དེ་ལ་བདག་གིས་འདི་སྙམ་སེམས་ཏེ། ཀྱེ་མའོ་གྲོ་བཞིན་སྐྱེས་གནས་པའི་མཐའི་མི་རྣམས་ནི་རུང་བ་དག་ཡིན་ནོ། །ཀྱེ་མའོ་གྲོ་བཞིན་སྐྱེས་གནས་པའི་མཐའི་མི་རྣམས་ནི་བློ་དང་ལྡན་པ་ཡིན་ཏེ། དེ་དག་བདག་ལ་དབྱུག་པའམ་མཚོན་གྱིས་བརྒྱབ་ཀྱང་ཐམས་ཅད་ཀྱིས་ཐམས་ཅད་དུ་སྲོག་དང་བྲལ་བར་མི་བྱེད་དོ་སྙམ་མོ། །གང་པོ་གྲོ་བཞིན་སྐྱེས་གནས་པའི་མཐའི་མི་རྣམས་ནི་གཏུམ་པ་ཞེས་བྱ་བ་ནས་འཕྱ་བར་བྱེད་པ་ཡིན་ནོ་ཞེས་བྱ་བའི་བར་དུ་སྟེ། གལ་ཏེ་གང་པོ་གྲོ་བཞིན་སྐྱེས་གནས་པའི་མཐའི་མི་རྣམས་ཀྱིས་ཁྱོད་ཐམས་ཅད་ཀྱིས་ཐམས་ཅད་དུ་སྲོག་དང་འབྲལ་བར་བྱེད་ན་དེ་ལ་ཁྱོད་ཇི་སྙམ་བྱེད། བཙུན་པ་གལ་ཏེ་བདག་ལ་གྲོ་བཞིན་སྐྱེས་གནས་པའི་མཐའི་མི་རྣམས་ཀྱིས་ཐམས་ཅད་ཀྱིས་ཐམས་ཅད་དུ་སྲོག་དང་འབྲལ་བར་བགྱིད་ན། དེ་ལ་བདག་ཉིད་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་ཀྱིས་ཉན་ཐོས་ལུས་རྣག་ཅན་འདིས། སྐྱེ་བ་དང་། ངོ་ཚ་བ་དང་། རྣམ་པར་སྨོད་པ་གང་དག་མཚོན་གྱིས་ཁྱང་འདེབས་པར་བྱེད། དུག་ཀྱང་ཟ་བར་བྱེད། ཐག་པས་ཀྱང་འགེགས་ཏེ་འཆི་བར་བྱེད། གཡང་ས་ནས་ཀྱང་མཆོངས་ཏེ་འཆི་བ་ཡོད་ན། ཀྱེ་མའོ་གྲོ་བཞིན་སྐྱེས་གནས་པའི་མཐའི་མི་རྣམས་ནི་རུང་བ་དག་ཡིན་ནོ། །ཀྱེ་མའོ་གྲོ་བཞིན་སྐྱེས་གནས་པའི་མཐའི་མི་རྣམས་ནི་བློ་དང་ལྡན་པ་ཡིན་ཏེ། དེ་དག་བདག་གི་ལུས་རྣག་ཅན་འདི་ལས་ཚེགས་ཆུང་ངུས་གྲོལ་བར་བྱེད་དོ་སྙམ་བསམ་པར་བགྱིའོ། །གང་པོ་ལེགས་སོ་ལེགས་སོ། །གང་པོ་ཁྱོད་བཟོད་པ་དང་ངེས་པ་འདི་དང་ལྡན་པར་གྲོ་བཞིན་སྐྱེས་གནས་པའི་ཡུལ་གྱི་མཐའ་གནས་པར་ནུས་པ་ནི་ཁྱོད་ཡང་ལེགས་སོ། །གང་པོ་སོང་ལ་མ་བསྒྲལ་བ་རྣམས་ནི་སྒྲོལ་ཅིག མ་གྲོལ་བ་རྣམས་ནི་ཁྲོལ་ཅིག དབུགས་མ་ཕྱིན་པ་རྣམས་ནི་དབུགས་ཕྱུང་ཤིག ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ནི་ཡོངས་སུ་མྱ་ངན་ལས་ཟློས་ཤིག དེ་ནས་ཚེ་དང་ལྡན་པ་གང་པོས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་ཅིང་རྗེས་སུ་ཡི་རངས་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །དེ་ནས་ཚེ་དང་ལྡན་པ་གང་པོ་དེ་ཉིད་ཀྱི་མཚན་མོ་འདས་ནས་སྔ་དྲོ་ཤམ་ཐབས་བགོས་ཏེ་ལྷུང་བཟེད་དང་ཆོས་གོས་ཐོགས་ནས་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ཏེ། མཉན་ཡོད་དུ་བསོད་སྙོམས་ཀྱི་ཟས་ཀྱི་བྱ་བ་བྱས་ནས་ཟས་ཕྱི་མའི་བསོད་སྙོམས་ལས་སླར་ལོག་སྟེ། གནས་མལ་ཇི་ལྟར་ལོངས་སྤྱད་པ་མཁོས་སུ་ཕབ་ནས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། གྲོ་བཞིན་སྐྱེས་གནས་པའི་ཡུལ་གྱི་མཐའ་གང་ན་བ་དེར་ཆས་ཏེ། རིམ་གྱིས་རྒྱུ་ཞིང་སོང་བ་ན་གྲོ་བཞིན་སྐྱེས་གནས་པའི་ཡུལ་གྱི་མཐར་ཕྱིན་ཏོ། །དེ་ནས་ཚེ་དང་ལྡན་པ་གང་པོ་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། གྲོ་བཞིན་སྐྱེས་གནས་པའི་མཐར་བསོད་སྙོམས་ལ་ཞུགས་པ་རྔོན་པ་ཞིག་མདའ་གཞུ་ལག་ན་ཐོགས་ཏེ་རི་དྭགས་གཤོར་དུ་འགྲོ་བ་དེས་མཐོང་ནས་དེས་བསམས་པ། དགེ་སྦྱོང་མགོ་རེག་འདི་མཐོང་བ་ནི་ཁ་རྗེ་མ་རུང་བར་བྱས་སོ་སྙམ་དུ་བསམས་ནས་གཞུ་རྣ་དྲུང་དུ་བཀང་སྟེ། ཚེ་དང་ལྡན་པ་གང་ཕོ་གང་ན་བ་དེར་བརྒྱུགས་པ་དང་། དེ་ནས་ཚེ་དང་ལྡན་པ་གང་པོས་དེ་མཐོང་ངོ་། །མཐོང་ནས་ཀྱང་བླ་གོས་བསྙིལ་ཏེ་སྨྲས་པ། བཞིན་བཟངས་དགང་དཀའ་བ་འདིའི་དོན་དུ་ཞུགས་པས་འདི་ལ་སྣུན་ཅིག ཚིགས་སུ་བཅད་དེ་སྨྲས་པ། གང་གི་དོན་དུ་མཁའ་ལ་བྱ་རྒྱུ་རི་དྭགས་རྙིས་ཟིན་གྱུར། །གཡུལ་ངོར་མདའ་མདུང་མདའ་བོ་ཆེ་ཐོགས་མི་རྣམས་འཆི་འགྱུར་ལ། །བཀྲེན་པ་ཉོན་མོངས་ཡུལ་ངན་རྒྱུ་ཞིང་མཆིལ་པས་ཉ་ཟིན་པ། །སྡིག་པ་རབ་མང་ལྟོ་འདིར་ཁྱོད་ཀྱིས་འཚམ་རིམས་མདའ་འཕོངས་ཤིག །དེས་བསམས་པ། རབ་ཏུ་བྱུང་བ་འདི་ནི་འདི་ལྟ་བུའི་བཟོད་པ་དང་དེས་པ་དང་ལྡན་པ་ཡིན་ན། ཅིའི་ཕྱིར་འདི་ལ་མདའ་འཕང་སྙམ་དུ་བསམས་ནས་དེ་སེམས་མངོན་པར་དད་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་གང་པོས་དེ་ལ་ཆོས་བཤད་དེ། སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་རྣམས་ལ་བཞག་པ་དང་། དེས་རི་ཁྲོད་པ་གཞན་ལྔ་བརྒྱ་ནི་དགེ་བསྙེན་བྱས། ལྔ་བརྒྱ་ནི་དགེ་བསྙེན་མར་བྱས་ནས་གཙུག་ལག་ལྔ་བརྒྱ་རྩིག་ཏུ་བཅུག་སྟེ། ཁྲི་དང་། ཁྲིའུ་དང་། སྟན་ནང་ཚངས་ཅན་དང་། སྔས་ནང་ཚངས་ཅན་དང་། གོར་ཐབས་བརྒྱ་ཕྲག་དུ་མ་འབུལ་དུ་བཅུག་གོ། །ཟླ་བ་གསུམ་པོ་དེ་འདས་པ་དང་དེས་རིག་པ་གསུམ་ལུས་ཀྱིས་མངོན་སུམ་དུབྱས་ནས་དགྲ་བཅོམ་པར་གྱུར་ཏེ། ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ནས། དབང་པོ་དང་ཉེ་དབང་པོའི་ལྷ་དང་བཅས་པ་རྣམས་ཀྱིས་ཆོད་པར་བྱ་བ་དང་། རྗེད་པར་བྱ་བ་དང་། མངོན་སུམ་དུ་སྨྲ་བར་བྱ་བ་གྱུར་ཏོ་ཞེས་བྱ་བའི་བར་དུའོ། །ཇི་ཙམ་དུས་གཞན་ཞིག་ན་ཤིང་གི་རྣ་ཆ་ཅན་གྱི་ནུ་བོ་གཉིས་ལོངས་སྤྱོད་སྲབས་ཤིང་ཡོངས་སུ་ཟད་པས་གཏུགས་པར་གྱུར་ནས་དེ་གཉིས་ཀྱིས་སྨྲས་པ། བྱུར་ལྟ་བུ་དེ་བདག་ཅག་གི་ཁྱིམ་ནས་སོང་གིས་ཚུར་ཤོག་ལྷན་ཅིག་གནས་པར་བྱའོ། །དེས་སྨྲས་པ། བྱུར་ལྟ་བུ་དེ་གང་ཞིག་ཡིན། གང་པོ་ཡིན་མོད། དེ་ནི་ཁོ་བོའི་ཁྱིམ་ནས་དཔལ་བྱུང་བ་ཡིན་གྱི་བྱུར་ལྟ་བུ་ནི་མ་ཡིན་ནོ། །དེ་གཉིས་ཀྱིས་སྨྲས་པ། དཔལ་ཡང་རུང་བྱུར་ཡང་རུང་ཚུར་ཤོག་ལྷན་ཅིག་ཏུ་གནས་པར་བྱའོ། །དེས་སྨྲས་པ། ཁྱེད་ཅག་གི་ནོར་ནི་རིགས་པར་བསྒྲུབས་པ་མ་ཡིན་ལ། ཁོ་བོའི་ནི་རིགས་པར་བསྒྲུབས་པ་ཡིན་པས་ཁྱེད་ཅག་དང་ཁོ་བརོ་ལྷན་ཅིག་གནས་པར་མི་བྱའོ། །དེ་གཉིས་ཀྱིས་སྨྲས་པ། བྲན་མོའི་བུ་དེས་རྒྱ་མཚོ་ཆེན་པོར་ཡང་སོང་ཡང་སོང་ནས་ཁྱོད་ཀྱི་ལོངས་སྤྱོད་དག་བསྒྲུབས་པས་ཁྱོད་དེ་ལ་སྤྱོད་པས་རྒྱགས་སུ་ཟད། ཁྱོད་ཀྱིས་ནི་རྒྱ་མཚོ་ཆེན་པོར་འཇུག་པར་་ག་ལ་ནུས། དེ་དེ་གཉིས་ལས་ང་རྒྱལ་བཟུང་ནས་དེས་བསམས་པ། བདག་ཀྱང་རྒྱ་མཚོ་ཆེན་པོར་འཇུག་པར་བྱའོ་སྙམ་ནས་ཞེས་བྱ་བ་ནས་རྒྱ་མཚོ་ཆེ་པོར་ཞུགས་སོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །ཇི་ཙམ་ན་གྲུ་བོ་ཆེ་དེ་རྗེས་སུ་མཐུན་པའི་རླུང་གིས་ཙན་དན་ས་མཆོག་གི་ཚལ་དུ་བདས་སོ། །ས་མཁན་གྱིས་སྨྲས་པ། ཤེས་ལྡན་དག་ཙན་དན་ས་མཆོག་གི་ཚལ་ཞེས་གྲགས་པ་གང་ཡིན་པ་དེ་ནི་འདི་ཡིན་གྱིས་འདི་ལས་འདོམས་ལ་ལོང་ཤིག དེའི་ཚེ་ན་ཙན་དན་ས་མཆོག་གི་ཚལ་གྱི་དཔང་པོ་གནོད་སྦྱིན་དབང་ཕྱུག་ཆེན་པོ་ཞེས་བྱ་བ་ཡིན་ཏེ། དེ་ཡང་གནོད་སྦྱིན་རྣམས་ཀྱི་གནོད་སྦྱིན་གྱི་མདུན་སར་སོང་ངོ་། །དེ་ནས་ཙན་དན་ས་མཆོག་གི་ཚལ་སྟ་རེ་ལྔ་བརྒྱ་ཙམ་གྱིས་བཅད་པར་བརྩམས་སོ། །གནོད་སྦྱིན་མི་དགའ་བ་ཞེས་བྱ་བས་ཙན་དན་ས་མཆོག་གི་ཚལ་སྟ་རེ་ལྔ་བརྒྱ་ཙམ་གྱིས་གཅོད་པར་མཐོང་ངོ་། །མཐོང་ནས་ཀྱང་གནོད་སྦྱིན་དབང་ཕྱུག་ཆེན་པོ་གང་ན་བ་དེར་སོང་སྟེ་ཕྱིན་ནས་གནོད་སྦྱིན་དབང་ཕྱུག་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །དཔོན་པོ་མཁྱེན་པར་མཛོད་ཅིག། ཙན་དན་ས་མཆོག་གི་ཚལ་སྟ་རེ་ལྔ་བརྒྱ་ཙམ་གྱིས་འགུམས་ན་ཁྱོད་ཀྱི་ཕྲིན་ལས་སམ་བགྱི་བ་གང་ལགས་པ་དེ་མཛོད་ཅིག དེ་ནས་གནོད་སྦྱིན་དབང་ཕྱུག་ཆེན་པོ་གནོད་སྦྱིན་རྣམས་ཀྱི་གནོད་སྦྱིན་གྱི་འདུན་མ་བྱས་ནས་མི་བཟོད་པ་སྐྱེས་ཏེ། རླུང་ནག་པོ་ཆེན་པོ་འཇིགས་སུ་རུང་བ་བསླངས་ནས་ཙན་དན་ས་མཆོག་གི་ཚལ་གང་ན་བ་དེར་ཆས་སོ། །ས་མཁན་གྱིས་སྨྲས་པ། ཤེས་ལྡན་འཛམ་བུའི་གླིང་གི་ཚོང་པ་དག་ཉོན་ཅིག རླུང་ནག་པོ་ཆེན་པོའི་འཇིགས་པ་ཞིག་ཡོད་དོ་ཞེས་གྲག་པ་གང་ཡིན་པ་དེ་ནི་འདི་ཡིན་གྱིས་ངོ་ལོན་སོམ་ཤིག དེ་ནས་ཚོང་པའི་ཚོགས་དེ་རྣམས་འཇིགས་སྐྲག་ཕོངས་ཏེ་བ་སྤུའི་ཁུང་བུ་ཐམས་ཅད་ནས་སྤུ་ཟིང་ཞེས་བྱེད་ནས། ལྷ་རྣམས་ལ་གསོལ་བ་བྱེད་པར་རྩོམ་སྟེ། ཞི་བ་དང་ནི་ཆུ་ལྷ་ལུས་ངན་ནོར་ལྷ་སོགས། །ལྷ་མི་ལྟོ་འཕྱེ་གནོད་སྦྱིན་ལྷ་མི་དབང་པོ་རྣམས། །བདག་ཅག་ཤིན་ཏུ་ཉམ་ཐག་འཇིགས་པར་གྱུར་ལགས་ཀྱིས། །བསྙེངས་བྲལ་དེ་རིང་བདག་ཅག་རྣམས་ཀྱི་མགོན་མཛོད་ཅིག མི་རྣམས་ཁ་ཅིག་བདེ་སོགས་ཁྱོད་ལ་འབུང་། གཞན་དག་ཚངས་དང་ཁྱབ་འཇུག་ལྷ་ཆེན་དང་། །སར་རྟེན་ཤིང་དང་ཚལ་ལ་བརྟེན་པ་ལ། །ཤ་ཟའི་རླུང་གིས་ཟིན་པས་སྐྱབས་ཚོལ་འདུད། །ཤིང་གི་རྣ་ཆ་ཅན་སེམས་ལས་ཆུང་ངུར་འདུག་པ་དང་། ཚོང་པ་རྣམས་ཀྱིས་སྨྲས་པ། དེད་དཔོན་བདག་ཅག་ནི་སྡུག་བསྔལ་མི་བཟད་པ་ཉམ་ང་བར་གྱུར་ན། ཁྱོད་ཅིིའི་ཕྱིར་སེམས་ལས་ཆུང་ངུར་འདུག དེས་སྨྲས་པ། ཤེས་ལྡན་དག་ཁོ་བོ་ལ་ནུ་བོས་བསྒོ་བ། ཕུ་བོ་རྒྱ་མཚོ་ཆེན་པོར་འཇུག་པ་ནི་མནོག་ཆུང་ལ་ཉེས་དམིགས་མང་སྟེ། སྲེད་པས་ལྡོངས་པ་ཕལ་ཆེར་འཇུག་ཀྱང་སླར་འཁོར་བ་ཉུང་བས་ཁྱོད་ཀྱིས་རྣམ་པ་གང་གིས་ཀྱང་རྒྱ་མཚོ་ཆེན་པོར་འཇུག་པར་མི་བྱའོ་ཞེས་བསྒོ་བ་ལས། ཁོ་བོས་དེའི་ཚིག་མ་མཉན་ཏེ་རྒྱ་མཚོ་ཆེན་པོར་ཞུགས་པས་ད་ཅི་བྱར་ཡང་མེད་དོ། །ཁྱོད་ཀྱི་ནུ་བོ་གང་ཡིན། གང་པོ་ཡིན་ནོ། །ཚོང་པའི་ཚོགས་རྣམས་ཀྱིས་སྨྲས་པ། ཤེས་ལྡན་དག་འཕགས་པ་གང་པོ་དེ་ནི་བསོད་ནམས་ཀྱི་མཐུ་ཆེན་པོ་དང་ལྡན་པ་ཡིན་གྱིས། དེ་ཉིད་ལ་བདག་ཅག་སྐྱབས་སུ་འགྲོ་བར་བྱའོ་ཞེས་དེ་ཐམས་ཅད་ཀྱིས་ཚིག་མཐུན་པར་འདི་སྐད་ཅེས་འཕགས་པ་གང་པོ་དེ་ལ་ཕྱག་འཚལ་ལོ། །འཕགས་པ་གང་པོ་དེ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ལོ་ཞེས་སྨྲས་སོ། །དེ་ནས་ཚེ་དང་ལྡན་པ་གང་པོ་ལ་མངོན་པར་དགའ་བའི་ལྷ་གང་ཡིན་པ་དེ་དག་ཚེ་དང་ལྡན་པ་གང་པོ་གང་ན་བ་དེར་སོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་གང་པོ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་ཁྱོད་ཀྱིས་གཅན་ནི་སྡུག་བསྔལ་མི་བཟད་པ་ཉམ་ང་བར་གྱུར་གྱིས་དགོངས་སུ་གསོལ། །དེས་བསམས་ཏེ། དེ་ནས་སེམས་ཇི་ལྟར་མཉམ་པར་བཞག་ན་གྲོ་བཞིན་སྐྱེས་གནས་པའི་མཐའ་ནས་མི་སྣང་བར་གྱུར་ཏེ། རྒྱ་མཚོ་ཆེན་པོ་གྲུའི་དངོར་སྐྱིལ་མོ་ཀྲུང་བཅས་ནས་འདུག་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་རླུང་ནག་པོ་དེ་རི་རབ་ལ་ཕོག་སྟེ་རྡུགས་པ་བཞིན་དུ་སླར་ལོག་པར་གྱུར་ཏོ། །གནོད་སྦྱིན་དབང་ཕྱུག་ཆེན་པོས་བསམས་པ། སྔོན་ཆད་ནི་རླུང་ནག་པོས་གྲུ་གང་ལ་རེག་པ་དེ་ཤིང་བལ་གྱི་འདའ་བུ་བཞིན་འཕངས་པ་དང་འཇིག་པར་འགྱུར་ན་ད་རླུང་ནག་པོ་དེ་རི་རབ་ལ་ཕོག་སྟེ། རྡུགས་པ་བཞིན་དུ་སླར་ལོག་པར་གྱུར་བའི་རྒྱུ་གང་ཡིན་སྙམ་ནས། ཕན་ཚུན་དུ་བརྟག་པར་བརྩམས་པ་ལས། ཇི་ཙམ་ན་ཚེ་དང་ལྡན་པ་གང་པོ་གྲུའི་དངོར་སྐྱིལ་མོ་ཀྲུང་བཅས་ནས་འདུག་པ་མཐོང་ངོ་། །མཐོང་ནས་ཀྱང་དེས་སྨྲས་པ། འཕགས་པ་གང་པོ་ཐོ་བཙམས་ཏེ་ཅི་བགྱི། གང་པོས་སྨྲས་པ། རྒ་བའི་ཆས་ཅན་ཁྱོད་ཉིད་ཀྱིས་ང་ལ་ཐོ་འཚམ་མམ། གལ་ཏེ་ངས་འདི་ལྟ་བུའི་ཡོན་ཏན་གྱི་ཚོགས་མ་ཐོབ་པར་གྱུར་ན། ཁྱོད་ཀྱིས་ངའི་ཕུ་པོ་མིང་ལུས་པར་བྱས་པར་འགྱུར་རོ། །དབང་ཕྱུག་ཆེན་པོས་སྨྲས་པ། འཕགས་པ་ཙནྡན་ས་མཆོག་འདི་ནི་འཁོར་ལོས་སྒྱུར་བའི་དོན་དུ་སྲུང་ལགས་སོ། །གང་པོས་སྨྲས་པ། དཔོན་པོ་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། འཁོར་ལོས་སྒྱུར་བའི་རྒྱལ་པོ་གང་ཆེ། འཕགས་པ་ཅི་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངམ། བྱུང་ངོ་། གལ་ཏེ་དེ་ལྟ་ན་ད་གང་མ་གང་བ་དེ་ཁོང་ཤིག དེ་ནས་ཚོང་པའི་ཚོགས་དེ་རྣམས་སྲོག་བྱིན་ཏེ། ཚེ་དང་ལྡན་པ་གང་པོ་ལ་སེམས་མངོན་པར་དད་ནས་གྲུ་དེ་ཙན་དན་ས་མཆོག་གིས་བཀང་སྟེ་ཆད་པ་དང་རིམ་གྱིས་གྲོང་ཁྱེར་སློ་མ་ལྟ་བུར་ཕྱིན་ཏོ། །དེ་ནས་གང་པོས་ཕུ་བོ་ལ་སྨྲས་པ། གང་གི་མིང་གིས་གྲུ་བོ་ཆེ་གྲུབ་སྟེ་འོངས་པ་དེ་ནི་དེ་དབང་བས་ཁྱོད་ཀྱིས་རིན་པོ་ཆེ་ནི་ཚོང་པ་འདི་རྣམས་ལ་གོས་ཤིག བདག་གིས་ནི་ཙན་དན་ས་མཆོག་འདི་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་ཕྱིར་ཙན་དན་གྱི་ཕྲེང་བའི་ཁང་བཟངས་བརྩིག་གོ། །དེས་ཚོང་པ་དེ་རྣམས་ལ་རིན་པོ་ཆེ་རྣམས་བགོས་སོ། །དེ་ནས་གང་པོས་ཙན་དན་ས་མཆོག་གི་ཁང་བཟངས་ཞིག་བརྩིགས་པར་བརྩམས་ཏེ། དེས་བཟོ་བོ་དག་བཀུག་ནས་སྨྲས་པ། ཤེས་ལྡན་དག་ཅི་ཉི་མ་རེ་རེ་ཞིང་ཀཱར་ཤཱ་པ་ཎ་ལྔ་བརྒྱ་ལེན་ནམ་འོན་ཏེ་ཙན་དན་ས་མཆོག་གི་ཕྱེ་མ་ཕོ་སུམ་གང་ལེན། དེ་དག་གིས་སྨྲས་པ། འཕགས་པ་ཙན་དན་ས་མཆོག་གི་ཕྱེ་མ་ཕོ་སུམ་གང་འཚལ་ལོ། །ཇི་ཙམ་ན་རིང་པོ་མ་ཐོགས་པར་ཙན་དན་གྱི་ཕྲེང་བའི་ཁང་བཟངས་བརྩིགས་ཏེ་བྱི་དོར་ཐམས་ཅད་ཟིན་པར་གྱུར་ཏོ། །དེ་ན་ཞོགས་པ་དང་ཕྱེ་མའི་ལྷག་མ་གང་ཡིན་པ་དེ་དག་ཀྱང་བཏགས་ནས་དེ་ཉིད་ལ་ཞལ་ཞལ་དུ་བྱུགས་སོ། །དེས་སྤུན་དེ་རྣམས་ཕན་ཚུན་དུ་ཐམས་ཅད་བཟོད་པ་གསོལ་དུ་བཅུག་ནས་སྨྲས་པ། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་སྤྱན་དྲངས་ལ་ཞལ་ཟས་གསོལ་ཅིག འཕགས་པ་གང་པོ་བཅོམ་ལྡན་འདས་གང་ན་བཞུགས། མཉན་ཡོད་ནའོ། །ལམ་ཇི་སྲིད་མཆིས། མཉན་ཡོད་ན་དཔག་ཚད་བརྒྱ་ལྷག་ཙམ་མོ། །རེ་ཞིག་རྒྱལ་པོ་ལ་བརྟག་པར་བགྱིའོ། །དེ་བཞིན་དུ་གྱིས་ཤིག དེ་དག་རྒྱལ་པོའི་དྲུང་དུ་དོང་ནས་ལྷ་བདག་ཅག་ནི་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སྤྱན་དྲངས་ཏེ་ཞལ་ཟས་གསོལ་པར་འཚལ་ན། ལྷས་བདག་ཅག་ལ་བསྟང་དུ་གསོལ། རུང་གིས་དེ་བཞིན་དུ་བྱའོ། །དེ་ནས་ཚེ་དང་ལྡན་པ་གང་པོ་ཁང་སྟེང་དུ་འཛེགས་ནས་རྒྱལ་བྱེད་ཀྱི་ཚལ་ལོགས་སུ་ཁ་བལྟས་ཏེ། པུས་པོ་ལྷ་ང་གཉིས་ས་ལ་བཙུགས་ཏེ་འདུག་ནས་མེ་ཏོག་གིས་གཏོར། བདུག་པས་བདུགས་ནས་ཁྱིམ་པ་ཞིག་གསེར་གྱི་བྱ་མ་བུམ་འཛིན་དུ་བཅུག་སྟེ་གསོལ་བ་འདེབས་པ་ལ་ཞུགས་པ། ཚུལ་ཁྲིམས་རྣམ་དག་ཤིན་ཏུ་རྣམ་དག་བློ། །ཞལ་ཟས་དུས་སུ་རྟག་ཏུ་དོན་གཟིགས་པ། །མགོན་མེད་གྱུར་པ་རབ་ཏུ་གཟིགས་ནས་ནི། །ཤིན་ཏུ་ཐུགས་བརྩེར་མཛད་དེ་གཤེགས་པར་གསོལ། །དེ་ནས་མེ་ཏོག་དེ་རྣམས་སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་མཐུ་དང་ལྷ་རྣམས་ཀྱི་ལྷའི་མཐུས་མེ་ཏོག་གི་ཁང་བཟངས་སུ་བྱས་ཏེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་རྒན་རིམས་བཞིན་གནས་པར་གྱུར་ཏོ། །བདུག་པ་ནི་སྤྲིན་ལྟར་སྤུངས་སོ། །ཆུ་ནི་བཻཌཱུརྱའི་ཕུར་མ་ལྟ་བུར་གྱུར་ཏོ། །ཚེ་དང་ལྡན་པ་ཀུན་དགའ་བོ་མཚན་མ་ལ་མཁས་པ་ཡིན་པས་ཐལ་མོ་སྦྱར་བ་བྱས་ཏེ་བཅོམ་ལྡན་འདས་ལ་ཞུས་པ་བཙུན་པ་སྤྱན་འདྲེན་པ་གང་ནས་མཆིས། ཀུན་དགའ་བོ་གྲོང་ཁྱེར་སློ་མ་ལྟ་བུ་ནས་སོ། །བཙུན་པ་གྲོང་ཁྱེར་སློ་མ་ལྟ་བུར་ཇི་སྲིད་ཅིག་མཆིས། ཀུན་དགའ་བོ་དཔག་ཚད་བརྒྱ་ལྷག་ཙམ་ཡོད་ཀྱིས་སོང་ལ་དགེ་སློང་རྣམས་ལ་ཁྱེད་ཅག་ལས། གང་དང་གང་སང་གྲོང་ཁྱེར་སློ་མ་ལྟ་བུར་སོང་ནས་ཟས་ཟ་བར་སྤྲོ་བས་ཚུལ་ཤིང་ལོང་ཤིག་ཅེས་བསྒོ་ཤིག བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལས་མཉན་ནས་ཚུལ་ཤིང་བླངས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་པ་དང་། བཅོམ་ལྡན་འདས་དང་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱིས་ཚུལ་ཤིང་བླངས་སོ། །དེའི་ཚེ་ཡུལ་ཆུ་མིག་ཅན་ན་གནས་པའི་གནས་བརྟན་ཚེ་དང་ལྡན་པ་གང་པོ་ཤེས་རབ་ཀྱིས་རྣམ་པར་གྲོལ་བ་འཁོར་དེ་ཉིད་དུ་འདུས་ཏེ་འདུག་པར་གྱུར་པ་དེས་ཀྱང་ཚུལ་ཤིང་བླང་བར་བརྩམས་པ་དང་། དེ་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་སླར་ཚིགས་སུ་བཅད་དེ་སྨྲས་པ། ཚེ་དང་ལྡན་པ་ཟན་འདི་ནི། ཀོ་སལ་བདག་པོའི་ཕོ་བྲང་ངམ། རབ་སྦྱིན་ཁྱིམ་དང་རི་དགས་ཀྱི། །ཁྱིམ་གྱི་ཟས་ཀྱང་མ་ལགས་སོ། །གྲོང་ཁྱེར་སློ་མ་ཞེས་བྱ་བ། །དཔག་ཚད་བརྒྱ་ལྷག་མཆིས་པ་དེར། །རྫུ་འཕྲུལ་གྱིས་ནི་བཞུད་འཚལ་བས། །གང་པོ་ཁྱོད་ནི་མ་གསུང་བཞུགས། །དེ་ཤེས་རབ་ཀྱིས་རྣམ་པར་གྲོལ་བ་ཡིན་གྱི། དེས་རྫུ་འཕྲུལ་མ་བསྐྱེད་པས་དེ་འདི་སྙམ་དུ་སེམས་ཏེ་གང་གི་ཕྱིར་བདག་གིས་ཉོན་མོངས་པའི་ཚོགས་མཐའ་དག་བཙལ་ཅིང་བོར་ལ་སྤངས་ཤིང་སོ་སོར་སྤངས་ན། བདག་མུ་སྟེགས་ཅན་དང་ཐུན་མོང་བའི་རྫུ་འཕྲུལ་ལ་སྒྱིད་ལུག་གམ་སྙམ་ནས་དེས་བརྩོན་འགྲུས་ལ་གནས་ཏེ་རྫུ་འཕྲུལ་བསྐྱེད་པས་ཇི་སྲིད་ཚེ་དང་ལྡན་པ་ཀུན་དགའ་བོས་གནས་བརྟན་གསུམ་པ་ལ་ཚུལ་ཤིང་མ་བྱིན་པ་དེའི་བར་དུ་དེས་ལག་པ་གླང་པོ་ཆེའི་སྣ་ལྟ་བུ་བརྐྱང་ནས་ཚུལ་ཤིང་བླངས་ཏེ། དེ་ནས་ཚིགས་སུ་བཅད་དེ་སྨྲས་པ། གཽ་ཏམ་འདི་ན་མངོན་ཤེས་དྲུག་པོ་ཉིད། །གྲགས་པ་དང་ནི་ཐོས་པས་འཐོབ་མིན་ལ། །ཚན་གྱི་ཡོན་ཏན་རྣམས་དང་ངག་དང་ནི། །ཡིད་སྨོན་ཆེན་པོས་ཀྱང་ནི་མ་ཡིན་གྱི། །བདག་འདྲ་ཡོངས་སུ་རྟོག་པར་བྱེད་པ་རྣམས། །རྒ་བས་དར་ཡལ་གྱུར་ཀྱང་ཞི་བ་དང་། །ཚུལ་ཁྲིམས་ལྷག་མཐོང་སྟོབས་དང་བསམ་གཏན་སྟོབས། །རྣམ་པ་དུ་མས་མངོན་ཤེས་དྲུག་ལྡན་འགྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་བ། དགེ་སློང་དག་འདི་ནི་ངའི་དགེ་སློང་རྣམས་ཀྱི་མཆོག་ཡིན་ཏེ། ངའི་ཉན་ཐོས་མཆོད་པའི་ཚུལ་ཤིང་བླང་པ་ལ་དང་པོ་ཚུལ་ཤིང་ལེན་པ་རྣམས་ཀྱི་ནང་ན་འདི་ལྟ་སྟེ་ཡུལ་ཆུ་མིག་ཅན་ན་གནས་པའི་གནས་བརྟན་གང་པོ་མཆོག་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་དགེ་སློང་རྣམས་ལ་ངས་དགེ་སློང་དག་ཁྱེད་ཀྱིས་དགེ་བ་མི་སྤྱོམས་པ་དང་། སྡིག་པ་མི་བཅབ་པར་གནས་པར་བྱའོ་ཞེས་བཤད་མོད་ཀྱི། འོན་ཀྱང་གྲོང་ཁྱེར་དེ་ན་མུ་སྟེགས་པ་རྣམས་གནས་པས་ཁྱེད་ལས་གང་གིས་རྫུ་འཕྲུལ་གང་ཐོབ་པ་དེ་དེས་གྲོང་ཁྱེར་སློ་མ་ལྟ་བུར་སོང་ལ་ཟན་བཟའ་བར་བྱའོ་ཞེས་སྒོ་ཤིག བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལས་མཉན་ནས་དགེ་སློང་རྣམས་ལ་སྨྲས་པ། ཚེ་དང་ལྡན་པ་དག་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་ངས་དགེ་སློང་རྣམས་ཀྱིས་དགེ་བ་མི་སྤྱོམས་པ་དང་། སྡིག་པ་མི་བཅབ་པར་གནས་པར་བྱའོ། །ཞེས་བཤད་མོད་ཀྱི་ཞེས་བྱ་བ་ནས་སོང་ལ་ཟན་བཟའ་བར་བྱའོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །རྒྱལ་པོས་གྲོང་ཁྱེར་སློ་མ་ྟ་བུ་རྡོ་བ་དང་གསེག་མ་དང་གྱོ་མོ་རྣམས་སེལ་དུ་བཅུག་སྟེ། ཙན་དན་གྱི་ཆུས་ཆགས་ཆག་བཏབ་དྲི་ཞིམ་པོའི་པོག་ཕོར་སྣ་ཚོགས་བཤམས། དར་གྱི་ཆུན་འཕྱང་མང་པོ་དཔྱངས། མེ་ཏོག་སྣ་ཚོགས་ཆལ་བར་བཀྲམ་སྟེ་དགའ་དགའ་ལྟར་བྱས་ཏེ་གྲོང་ཁྱེར་སློ་མ་ལྟ་བུ་ལ་སྒོ་བཅོ་བརྒྱད་ཡོད་ལ་རྒྱལ་པོ་དེ་ལ་ཡང་བུ་བཅུ་བདུན་ཡོད་དེ། གྲོང་ཁྱེར་གྱི་སྒོ་རེར་སོ་སོར་རྒྱལ་པོའི་བུ་རྣམས་འབྱོར་པ་མཆོག་དང་བཀོད་དོ། །སྒོ་ཆེན་པོར་ནི་སློ་མ་ལྟ་བུའི་བདག་པོའི་རྒྱལ་པོ་རྒྱལ་པོའི་འབྱོར་བ་ཆེན་པོ་དང་ཚེ་དང་ལྡན་པ་གང་པོ་དང་ཤིང་གི་རྣ་ཆ་ཅན་དང་རྒྱ་སྐྱེགས་ཀྱི་རྣ་ཆ་ཅན་དང་ཞ་ཉེའི་རྣ་ཆ་ཅན་འདུག་གོ། །ཇི་ཙམ་ན་ལོ་མ་འདྲིམ་པ་དང་། ཤང་ཙེ་འདྲིམ་པ་དང་སྣོད་སྤྱད་འདྲིམ་པ་དག་རྫུ་འཕྲུལ་གྱིས་ལྷགས་པ་རྒྱལ་པོས་མཐོང་ནས་སྨྲས་པ། ཅི་བཙུན་པ་གང་པོ་བཅོམ་ལྡན་འདས་གཤེགས་སམ་དེས་སྨྲས་པ། འདི་དག་ནི་ལོ་མ་འདྲིམ་པ་དང་། ཤང་ཙེ་འདྲིམ་པ་དང་། སྣོད་སྤྱད་འདྲིམ་པ་ལགས་ཏེ། བཅོམ་ལྡན་འདས་མ་ལགས་སོ། །ཇི་ཙམ་ན་དགེ་སློང་གནས་བརྟན་གནས་བརྟན་རྣམས་བསམ་གཏན་ལ་སྙོམས་པར་ཞུགས་པ་རྣམ་པ་དུ་མས་ལྷགས་པ་དང་རྒྱལ་པོས་ཡང་དྲིས་པ། ཅི་བཙན་པ་གང་པོ་བཅོམ་ལྡན་འདས་གཤེགས་སམ། དེས་སྨྲས་པ། མ་ལགས་ཏེ་འདི་ནི་དགེ་སློང་གནས་བརྟན་གནས་བརྟན་རྣམས་བསམ་གཏན་ལ་སྙོམས་པར་ཞུགས་པ་རྣམ་པ་དུ་མས་ལྷགས་པ་ལགས་སོ། །དེ་ནས་དགེ་བསྙེན་ཞིག་གིས་ཚིགས་སུ་བཅད་དེ་སྨྲས་པ། ཁ་ཅིག་སེང་གེ་སྟག་དང་གླང་པོ་ཆེ་རྟ་ཀླུ་དང་ཁྱུ་མཆོག་བཟང་པོ་བཅིབས། ཁ་ཅིག་རིན་ཆེན་གཞལ་མེད་ཁང་དང་རི་དང་ཤིང་མཛེས་ཤིང་རྟ་འབར་ལ་རྟེན། གཞན་དག་ནམ་མཁའི་ངོས་ལས་ཆུ་འཛིན་གློག་གི་ཕྲེང་བས་བརྒྱན་པ་ལྟ་བུར་ནི། རབ་ཏུ་དགྱེས་བཞིན་ལྷ་ཡི་ཕོ་བྲང་ལྟ་བུར་རྫ་འཕྲུལ་དག་གིས་གཤེགས་པར་བརྩོན། ཁ་ཅིག་ས་བརྟོལ་གྱེན་དུ་འབྱུང་། ཁ་ཅིག་ནམ་མཁའི་དཀྱིལ་ནས་འབབ། ཁ་ཅིག་སྟན་ལས་སྤྲུལ་བར་བྱེད། རྫུ་འཕྲུལ་ལྡན་པའི་མཐུ་ལ་ལྟོས། དེ་ནས་བཅོམ་ལྡན་འདས་ཀྱིས་གཙུག་ལག་ཁང་གི་ཕྱི་རོལ་དུ་ཞབས་གཉིས་བཀྲུས་ཏེ། གཙུག་ལག་ཁང་དུ་ཞུགས་ནས་གང་ན་བཤམས་པ་ཉིད་ལ་བཞུགས་ཏེ། སྐུ་དྲང་པོར་བསྲང་ནས་དགོངས་པ་མངོན་དུ་ཕྱོགས་པར་བཞག་གོ། ཇི་ཙམ་ན་བཅོམ་ལྡན་འདས་ཀྱིས་མངོན་པར་འདུ་བྱེད་པ་དང་བཅས་པའི་ཞབས་ཀྱིས་དྲི་གཙང་ཁང་དུ་བཞག་པ་ནས་རྣམ་པ་དྲུག་ཏུ་གཡོས་པར་གྱུར་ཏེ། ས་ཆེན་པོ་འདི་དག་ཡོས། རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས་སོ། །ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་ཆེམ་སྟེ། ཤར་ཕྱོགས་མཐོ་ན་ནུབ་ཕྱོགས་དམའ། ནུབ་ཕྱོགས་མཐོ་ན་ཤར་ཕྱོགས་དམའ། ལྷོ་ཕྱོགས་མཐོ་ན་བྱང་ཕྱོགས་དམའ། བྱང་ཕྱོགས་མཐོ་ན་ལྷོ་ཕྱོགས་དམའ། མཐའ་མཐོ་ན་དབུས་དམའ། དབུས་མཐོ་ན་མཐའ་དམའོ། །རྒྱལ་པོས་ཚེ་དང་ལྡན་པ་གང་པོ་ལ་དྲིས་པ། འཕགས་པ་གང་པོ་འདི་ཅི་ལགས། དེས་སྨྲས་པ། བཅོམ་ལྡན་འདས་ཀྱིས་མངོན་པར་འདུ་བྱེད་པ་དང་བཅས་པའི་ཞབས་ཀྱིས་དྲི་གཙང་ཁང་དུ་བཞག་པ་དེས་ནས་རྣམ་པ་དྲུག་ཏུ་གཡོས་པར་གྱུར་པ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གསེར་གྱི་འོད་ཟེར་གྱི་ཁ་དོག་ལྟ་བུའི་འོད་བཀྱེ་སྟེ། དེས་འཛམ་བུའི་གླིང་གསེར་ཞུན་མ་ལྟ་བུར་སྣང་བར་གྱུར་ཏོ། །ཡང་རྒྱལ་པོ་ངོ་མཚར་དུ་གྱུར་བའི་མིག་ཕྱེ་ནས་དྲིས་པ། འཕགས་པ་གང་པོ་འདི་ཅི་ལགས། དེས་སྨྲས་པ། རྒྱལ་པོ་ཆེན་པོ་བཅོམ་ལྡན་འདས་ཀྱིས་གསེར་གྱི་ཁ་དོག་ལྟ་བུའི་འོད་ཟེར་བཀྱེ་བ་ལགས་སོ།། །།

 

( མུ་མཐུད་རྒྱུ། )



 

 

 

མཐའ་མའི་འདོན་ཐེངས་།: 10.04.2023 ཉིན། 10:50 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།