སྨན་རྩིས་དྲ་བ། - མདུན་ངོས།

འདི་ལོ་ཞབས་ལོ་ ༣༠ དང་ ༢༠ སོན་པ་ཁག་གི་ངོ་སྤྲོད།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 22.10.2020
མདུན་ངོས། >>


འདི་ལོ་ཞབས་ལོ་ ༣༠ དང་ ༢༠ སོན་པ་ཁག་གི་ངོ་སྤྲོད། 

ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༧ ཉིན་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོའི་སྟེང་། ད་ལོ་སྨན་རྩིས་ཁང་གི་སྒྲིག་འཛུགས་འདི་ཉིད་ཀྱི་ལས་གནས་འདྲ་མིན་ཐོག་ལས་ཁུར་སྣ་མང་གི་ཞབས་འདེགས་ཞུས་ཏེ་གཟི་བརྗིད་དང་ལྡན་པའི་ཞབས་ལོ་ ༣༠ སོན་པ་དགུ་དང་། ཞབས་ལོ་ ༢༠ སོན་པ་བཅུ་དྲུག་བྱུང་ཡོད་པའི་ལས་བྱེད་རྣམས་ཀྱི་རླབས་ཆེན་གྱི་སྲི་ཞུ་ལ་ཡི་རངས་བསྔགས་བརྗོད་དང་སྦྲགས་ངོ་སྤྲོད་སྙིང་བསྡུས་རེ་ཞུ་རྒྱུ།

 

དང་པོ། འདི་ལོ་སྨན་རྩིས་ཁང་དུ་ཞབས་འདེགས་ཞུས་ནས་ལོ་ངོ་ ༣༠ སོན་པ་རྣམས། 

 

༄༅། །ཚེ་རིང་བདེ་སྐྱིད་ལགས། སྦེལ་སྐོབ་སེ་ར་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་བ། ཊི་ ༧༢
            སྨན་རྩིས་ལས་སྣེ་བ་ཚེ་རིང་བདེ་སྐྱིད་ལགས་ཕྱི་ལོ་ ༡༩༨༦ ཟླ་ ༡༡ ཚེས་ ༡༡ ཉིན་སྨན་རྩིས་ཁང་དུ་ལས་ཞུགས་ཀྱིས་ཐོག་མར་ཧོན་སུར་ཡན་ལག་སྨན་ཁང་གི་སྨན་སྤྲོད་རྩིས་པ་གཅིག་ལྕོགས་ཀྱི་ལས་འཁུར་ཞུས། ཕྱི་ལོ་ ༡༩༩༢ ཟླ་ ༠༢ ཚེས་ ༠༡ ཉིན་སྦེལ་སྐོབ་ཡན་ལག་སྨན་ཁང་དུ་སྨན་སྤྲོད་དང་། ཟླ་ ༡༠ ཚེས་ ༠༡ ནས་བཟུང་རྩིས་པར་བསྐོ་བཞག་བསྩལ། ཕྱི་ལོ་ ༡༩༩༦ ཟླ་ ༠༥ ཚེས་ ༠༡ ཉིན་ཧོན་སུར་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་བའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༡༩༩༨ ཟླ་ ༡༢ ཚེས་ ༡༥ ཉིན་སྦེལ་སྐོབ་ཡན་ལག་ཏུ་ཕྲལ་སེལ་རིང་ལས་བཀོད་རྗེས་ཕྱི་ལོ་ ༡༩༩༩ ཟླ་ ༠༥ ཚེས་ ༡༢ ཉིན་སྦེལ་སྐོབ་ཡན་ལག་གི་སྨན་རྩིས་ལས་སྣེ་བའི་ལས་བཀོད་བསྩལ། ཕྱི་ལོ་ ༢༠༠༠ ཟླ་ ༠༡ ཚེས་ ༡༠ ཉིན་སྦེང་ལོར་ཡན་ལག་ཏུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༠༥ ཟླ་ ༠༦ ཚེས་ ༠༡ ཉིན་སེ་ར་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་དང་། ཕྱི་ལོ་ ༢༠༡༠ ཟླ་ ༠༥ ཚེས་ ༠༥ ཉིན་སྦེང་ལོར་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་བའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༣ ཟླ་ ༠༧ ཚེས་ ༡༡ ཉིན་ཧོན་སུར་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་བའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༠༡ ནས་སྦེལ་སྐོབ་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་བའི་ལས་འགན་དུ་གནས་སྤོས་བསྩལ་བ་བཅས་ད་བར་མི་ལོ་ཧྲིལ་པོ་ ༣༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།

 

༄༅། །སྨན་རམས་པ་རྡོ་རྗེ་རབ་བརྟན་ལགས། སྦེང་ལོར་ཡན་ལག་སྨན་པ་འགན་འཛིན། ཌི་ ༤།

            སྨན་རམས་པ་རྡོ་རྗེ་རབ་བརྟན་ལགས་སྨན་རྩིས་ཁང་དུ་བོད་ཀྱི་གསོ་རིག་སྨན་དཔྱད་ཀྱི་གཞུང་ལུགས་ལ་སྦྱངས་པ་མཐར་སོན་ཏེ་ཕྱི་ལོ་ ༡༩༨༨ ཟླ་ ༠༣ ཚེས་ ༠༡ ཉིན་སྦེལ་སྐོབ་ཡན་ལག་སྨན་ཁང་དུ་སྨན་པའི་ལས་འཁུར་ཞུས། སྐབས་དེར་བོད་སྨན་གྱིས་འབྲས་ནད་ལ་ཕན་བསྐྱེད་ཇི་འདྲ་ཡོད་མེད་ཐད་ཉམས་ཞིབ་ཀྱང་གནང་འགོ་ཚུགས་པར་བརྟེན་ཉམས་ཞིབ་སྨན་པའི་ལས་འགན་ཡང་གཅིག་ལྩོགས་ཞུས། ཕྱི་ལོ་ ༡༩༩༡ ཟླ་ ༠༦ ཚེས་ ༠༡ ཉིན་སྦེང་ལོར་ཡན་ལག་སྨན་པ་འགན་འཛིན་གྱི་ལས་འགན་དུ་གནས་སྤོས་བསྩལ། ཡན་ལག་དེར་འབྲས་ནད་ཉམས་ཞིབ་ཀྱི་ལས་གཞི་མཇུག་སྐྱོང་གནང་མུས་ཐོག་སྨན་རྩིས་ཁང་གི་སྤྱི་ཡོངས་ནད་བཅོས་ཉམས་ཞིབ་ཐད་དམིགས་བསལ་དོ་འཁུར་གྱིས་ད་བར་སྨན་རྩིས་ཁང་དང་། ལྡི་ལི་རྒྱལ་ཡོངས་སྨན་གྱི་མཐོ་སློབ་AIIMS དང་། མཉམ་འབྲེལ་ཐོག་གཅིན་སྙི་མངར་ནད་གསར་པ་དང་། འབྲས་ནད་གཉིས་ལ་བོད་སྨན་གྱི་ཕན་ནུས་ཇི་ཐོན་སྐོར་ཉམས་ཞིབ་ཀྱི་གྲུབ་འབྲས་ལེགས་སོན་བྱུང་ཡོད། སྦེང་ལོར་ཉེ་ཁུལ་གྱི་གྲོང་ཁྱེར་ཅེན་ནའི། ཧེ་རྡ་ར་སྦཏ། ཀོ་ཅི་བཅས་སུ་ཟླ་རེར་སྨན་སྐོར་བསྐྱོད་པར་ཅེན་ནའི་དང་། ཧེ་རྡ་ར་སྦཏ་རུ་ཡན་ལག་སྨན་ཁང་གསར་འཛུགས་བྱུང་ཡོད། ཕྱི་ལོ་ ༢༠༠༧ ནས་ ༢༠༡༠ བར་ལོ་གསུམ་རིང་བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོའི་ཐུགས་འགན་བཞེས། རང་ཉིད་ནས་གསོ་རིག་སྨན་དཔྱད་ཀྱི་གཞུང་ལུགས་ཐོག་ལག་ལེན་དང་སྦྱངས་པའི་གྲུབ་འབྲས་སུ་ཕྱི་ལོ་ ༡༩༩༩ ཟླ་ ༠༤ ཚེས་ ༠༡ ཉིན་སྨན་རམས་པ་ཆུང་བའི་མཚན་གནས་བསྩལ། ལས་ཡུན་རིང་སྨན་རྩིས་ཁང་གི་སྐུ་ཚབ་ཏུ་རྒྱལ་སྤྱིའི་སྨན་གྱི་ཚོགས་འདུ་ཁག་ལ་མཉམ་ཞུགས་དང་། ཕྱི་རྒྱལ་ཡུལ་གྲུ་ཕ་རཱན་སི། France འཇར་མན། Germany སུད་སི། Swiss ཧོ་ལེནྜ། Holland ལྷོ་ཀི་རི་ཡ། South Korea ཕི་ལི་པིན། Phillipines བཅས་སུ་བསྐྱོད་དེ་བརྟག་དབྱད་སྨན་བཅོས་དང་། བོད་སྨན་སྐོར་གཏམ་བཤད་གནང་། སྨན་རྩིས་ཁང་གི་སློབ་མ་མི་ཉུང་བར་ཉམས་གསོག་རིང་ལག་ལེན་དམར་འཁྲིད་ཐོག་ཁྱད་ལས་མི་སྣ་གསོ་སྐྱོང་གནང་ཡོད། བོད་ཀྱི་གསོ་རིག་གཞུང་ལུགས་ལ་སྦྱངས་པ་དང་ལག་ལེན་རྒྱུད་འཛིན་བགྱིས་པའི་ངོས་ལེན་དུ་རྒྱ་གར་ Indian Board of Alternative Medicine དང་། American Institute of Intellectuals and Excellent Service ཞེས་པའི་ཚོགས་པ་ཁག་ནས་གཟེངས་རྟགས་དང་ཕྱག་ཁྱེར་བསྩལ་གནང་ཡོད་པ་བཅས་ད་བར་མི་ལོ་ཧྲིལ་པོ་ ༣༠ རིང་སྨན་རྩིས་ཁང་དུ་བོད་ཀྱི་གསོ་རིག་བསྟན་པའི་ཞབས་འདེགས་བསྒྲུབས་ཡོད།

 

༄༅། །སྨན་རམས་པ་བསྟན་པ་ཆོས་འཕེལ་ལགས། སྨན་རྩིས་མཐོ་སློབ་ཁང་གི་སློབ་སྤྱི། ཊི་ ༢༥།

            སྨན་རམས་པ་བསྟན་པ་ཆོས་འཕེལ་ལགས་སྨན་རྩིས་ཁང་དུ་བོད་ཀྱི་གསོ་རིག་སྨན་དཔྱད་གཞུང་ལུགས་ལ་སྦྱངས་པ་མཐར་སོན་ཏེ་ཕྱི་ལོ་ ༡༩༨༨ ཟླ་ ༠༣ ཚེས་ ༠༡ ནས་སྨན་རྩིས་མཐོ་སློབ་ཁང་གི་སྨན་དགེའི་ལས་འཁུར་ཞུས། ཕྱི་ལོ་ ༡༩༩༤ ལོར་སློབ་སྤྱི་གཞོན་པའི་ལས་གནས་ཐོག་བསྐོ་བཞག་བསྩལ། ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༠༡ ནས་སློབ་སྤྱིའི་ལས་གནས་སུ་བསྐོ་བཞག་བསྩལ། སྨན་རྩིས་ཁང་གི་སྐུ་ཚབ་ཏུ་ཕྱི་རྒྱལ་ཡུལ་གྲུ་ཧོ་ལེནྜ།Holland འཇར་མན། Germany ཨ་རི། USA ཨིན་ཡུལ། England ཕ་རཱན་སི། France ཨོ་སི་ཀྲེ་རི་ཡ། Austria བཅས་སུ་སྨན་སྐོར་དང་། བགྲོ་གླེང་ཁག་ལ་གཏམ་བཤད་གནང་བ་དང་། དཔྱད་རྩོམ་སྤེལ། ཕྱི་མི་དོན་གཉེར་ཅན་རྣམས་ལ་བོད་སྨན་སྐོར་ཟབ་སྦྱོང་གོ་སྒྲིག་དང་། སྨན་སློབ་རྣམས་ཀྱི་སློབ་ཚན་ཆ་བགོས་རྩོམ་སྒྲིག་དང་། ཕྱི་ལོ་ ༡༩༩༤ ལོར་ཆེས་མཐོའི་སྨན་རྩིས་རིག་གཞུང་ལྷན་ཚོགས་ཀྱི་ཚོགས་མི་གནང་། ཕྱོགས་མཚུངས་སྨན་པའི་ལྷན་ཚོགས་ཀྱི་བཀའ་ཁྱབ་འོག་སྨན་པ་བསྡུས་ར་བ་དང་། ལས་ཡུན་རིང་སྨན་རྩིས་སློབ་འཁྲིད་རྩ་འཛིན་བསྐྱར་བཅོས་ཐོག་དྲི་མེད་གསེར་འཁོར་གྱི་མ་དེབ་གཏན་འབེབས་འཐུས་ཚང་ཞུས་པ་དང་། སྨན་པ་དཀའ་བཅུ་པའི་སློབ་ཚན་སྒྲོམ་གཞིའི་ཚོགས་མི་གནང་། དཔེ་མཛོད་ཆེད་སྨན་རྩིས་དང་ནང་ཆོས་སོགས་ཀྱི་དཔེ་དེབ་ཐབས་ཚོལ། སྐུའི་བླ་སྨན་ཟུར་པ་ཡེ་ཤེས་དོན་ལྡན་མཆོག་དང་སྐུ་ཞབས་བློ་བཟང་རྣམས་ལ་རེ་བསྐུལ་ཞུས་དོན་ལྟར་མཐོ་སློབ་ཚོགས་ཁང་གི་རྟེན་གཞི་སངས་རྒྱས་སྨན་བླ་བདེ་གཤེགས་བརྒྱད་དང་། ༧རྒྱལ་མཆོག་ལྔ་པ་ཆེན་པོ། བླ་སྨན་མཁྱེན་རབ་ནོར་བུ་བཅས་ཀྱི་སྐུ་བརྙན་སེར་ཟངས་ལས་གྲུབ་པའི་སྦྱིན་བདག་ཐབས་ཚོལ། སྨན་ཐོག་ཏུ་ཐེངས་བཅུ་བདུན་བསྐྱོད་དེ་སྨན་སློབ་པར་སྔོ་སྨན་ངོ་སྤྲོད་ཀྱི་ཟབ་ཁྲིད་དང་། སྨན་པ་རྒན་གྲས་རྣམས་ལ་སྨན་རམས་པ་ཆུང་བ་དང་འབྲིང་བའི་ཞལ་ཁྲིད་ཀྱི་འགན་འཁུར་ཞུས་ཡོད། རང་ཉིད་ནས་བོད་ཀྱི་གསོ་རིག་གཞུང་ལུགས་ཐོག་ལག་ལེན་དང་སྦྱངས་པའི་གྲུབ་འབྲས་སུ་ཕྱི་ལོ་ ༡༩༩༩ ཟླ་ ༠༤ ཚེས་ ༠༡ ནས་སྨན་རམས་པ་ཆུང་བ་དང་། ཕྱི་ལོ་ ༢༠༠༩ ཟླ་ ༠༤ ཚེས་ ༠༡ ནས་སྨན་རམས་པ་འབྲིང་བའི་མཚན་གནས་བསྩལ་བ་བཅས་མི་ལོ་ཧྲིལ་པོ་ ༣༠ རིང་སྨན་རྩིས་ཁང་ཏུ་གསོ་རིག་བསྟན་པའི་ཞབས་འདེགས་བསྒྲུབས་ཡོད།

 

༄༅། །རྩིས་རམས་པ་ལྷ་དབང་ཚེ་རིང་ལགས། དཔེ་ཐོག་ཞིབ་འཇུག་དང་པར་སྐྲུན་སྡེ་ཚན་གྱི་འགན་འཛིན། ཨེལ་ ༡༥།

            རྩིས་རམས་པ་ལྷ་དབང་ཚེ་རིང་ལགས་སྨན་རྩིས་ཁང་དུ་བོད་ཀྱི་སྐར་དཔྱད་རྩིས་ཀྱི་གཞུང་ལུགས་ལ་སྦྱངས་པ་མཐར་སོན་ཏེ་ཕྱི་ལོ་ ༡༩༨༨ ཟླ་ ༠༣ ཚེས་ ༠༡ ཉིན་སྐར་རྩིས་པའི་ལས་འཁུར་ཞུས། ཕྱི་ལོ་ ༡༩༩༧ ཟླ་ ༠༦ ཚེས་ ༠༡ ཉིན་གནས་ཚུལ་ཕྱོགས་སྒྲིག་དང་། དཔར་བསྐྲུན་སྡེ་ཚན་གྱི་སྐར་རྩིས་པའི་ལས་འགན་དུ་གནས་སྤོས་བསྩལ། སྡེ་ཚན་དུ་སྨན་རྩིས་སློབ་དེབ་དཔར་བསྐྲུན་དང་། དཔེ་རྙིང་མཁོ་གྲུབ། སྨན་རྩིས་དུས་དེབ་རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་མི་གནང་། ཕྱི་ལོ་ ༢༠༠༤ ཟླ་ ༠༥ ཚེས་ ༠༡ ཉིན་སྐར་རྩིས་སྡེ་ཚན་ཁོངས་ཀྱི་སྐར་རྩིས་ཉམས་ཞིབ་པའི་ལས་འཁུར་ཞུས། ཕྱི་ལོ་ ༢༠༡༡ ཟླ་ ༠༥ ཚེས་ ༠༡ ཉིན་དཔེ་དེབ་ཞིབ་འཇུག་དང་། དཔར་བསྐྲུན་སྡེ་ཚན་གྱི་སྐར་རྩིས་པའི་ལས་འགན་དུ་གནས་སྤོས་བསྩལ། སྡེ་ཚན་དུ་སྐར་རྩིས་གཙོས་པའི་ཕྱག་དཔེ་དཀོན་རིགས་མཁོ་སྒྲུབ་དང་ཞིབ་འཇུག་ལས་འགན་སྒྲུབ་བཞིན་ཡིན། རང་ཉིད་ནས་བོད་ཀྱི་སྐར་དཔྱད་རྩིས་རིག་ཀྱི་གཞུང་ལུགས་ཐད་ལག་ལེན་དང་སྦྱངས་བརྩོན་རྒྱུད་འཛིན་གྱིས་པའི་གྲུབ་འབྲས་སུ་ཕྱི་ལོ་ ༢༠༠༠ ཟླ་ ༠༤ ཚེས་ ༠༡ ནས་རྩིས་རམས་པ་ཆུང་བའི་མཚན་གནས་བསྩལ། ཕྱི་ལོ་ ༢༠༡༣ ཟླ་ ༠༦ ཚེས་ ༡༧ ཉིན་དཔེ་དེབ་ཞིབ་འཇུག་དང་པར་སྐྲུན་སྡེ་ཚན་གྱི་འགན་འཛིན་གཞོན་པ་དང་། ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༠༡ ཉིན་དེ་གའི་སྡེ་ཚན་གྱི་འགན་འཛིན་དུ་བསྐོ་བཞག་བསྩལ་བ་བཅས་ད་བར་མི་ལོ་ཧྲིལ་པོ་ ༣༠ རིང་སྨན་རྩིས་ཁང་དུ་སྐར་དཔྱད་རྩིས་རིག་བསྟན་པའི་ཞབས་འདེགས་བསྒྲུབས་ཡོད།

 

༄༅། །ཕུར་བུ་སྒྲོལ་མ་ལགས། སྦེལ་སྐོབ་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་བ། པི་ ༡༦
            སྨན་རྩིས་ལས་སྣེ་བ་ཕུར་བུ་སྒྲོལ་མ་ལགས་ཕྱི་ལོ་ ༡༩༨༩ ཟླ་ ༠༥ ཚེས་ ༡༦ ནས་ཀོ་ལི་གྷལ་ཡན་ལག་སྨན་ཁང་དུ་སྨན་རྩིས་ལས་སྣེ་བའི་ལས་འཁུར་ཞུས། ཕྱི་ལོ་ ༡༩༩༢ ཟླ་ ༡༡ ཚེས་ ༡༠ ཉིན་སྦེལ་སྐོབ་ཡན་ལག་སྨན་ཁང་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༡ ཟླ་ ༠༡ ཚེས་ ༠༣ ཉིན་ཧོན་སུར་ཡན་ལག་སྨན་ཁང་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༠༡ ཉིན་སྦེལ་སྐོབ་ཏུ་སྨན་རྩིས་ལས་སྣེ་བའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༩ ཟླ་ ༠༧ ཚེས་ ༠༡ ནས་བགྲེས་ཡོལ་དུ་ཕེབས་པ་བཅས་མི་ལོ་ཧྲིལ་པོ་ ༣༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།

 

༄༅། །བསོད་ནམས་གཡང་སྒྲོལ་ལགས། མོན་གྷོ་སྨན་རྩིས་ཁང་གི་སྨན་རྩིས་ལས་སྣེ་བ། ཨེས་ ༢༡།
            སྨན་རྩིས་ལས་སྣེ་བ་བསོད་ནམས་གཡང་སྒྲོལ་ལགས་ཕྱི་ལོ་ ༡༩༨༩ ཟླ་ ༠༩ ཚེས་ ༠༡ ཉིན་སྨན་རྩིས་ཁང་དུ་ལས་ཞུགས་ཀྱིས་ཐོག་མར་ཀོ་ལི་གྷལ་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་བའི་ལས་འཁུར་ཞུས། ཕྱི་ལོ་ ༡༩༩༣ ཟླ་ ༠༢ ཚེས་ ༠༡ ནས་སྦེལ་སྐོབ་ཡན་ལག་སྨན་ཁང་དུ་གནས་སྤོས་བསྩལ། དེ་ནས་ཕྱི་ལོ་ ༡༩༩༩ ཟླ་ ༠༥ ཚེས་ ༡༥ ནས་མོན་གྷོ་གཞིས་གྲོང་ ༦ ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་བར་གནས་སྤོས་བསྩལ་བ་བཅས་ད་བར་མི་ལོ་ཧྲིལ་པོ་ ༣༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།

 

༄༅། །ཚེ་བརྟན་རྡོ་རྗེ་ལགས། འགན་འཛིན་གྱི་ཨིན་དྲུང་། ཊི་ ༢༧།
            ཨིན་དྲུང་ཚེ་བརྟན་རྡོ་རྗེ་ལགས་ཕྱི་ལོ་ ༡༩༨༩ ཟླ་ ༡༡ ཚེས་ ༠༡ ཉིན་སྨན་རྩིས་ཁང་དུ་ལས་ཞུགས་ཀྱིས་ཐོག་མར་ཕྱི་རྒྱལ་ནད་པ་དང་། སྨན་རྩིས་ཁང་དབར་སྨན་བཅོས་ཡིག་འཕྲིན་གཏོང་མི་ཨིན་དྲུང་ཀྱི་ལས་འཁུར་ཞུས། ཕྱི་ལོ་ ༡༩༩༢ ཟླ་ ༠༧ ཚེས་ ༠༡ ནས་སྨན་རྩིས་ཁང་གི་འགན་འཛིན་གྱི་ཨིན་དྲུང་དུ་བསྐོ་བཞག་བསྩལ་བ་ནས་ད་བར་འགན་འཛིན་རིམ་བྱོན་གྱི་ཨིན་དྲུང་གནང་མུས་ཡིན། ལས་ཡུན་རིང་སྨན་རྩིས་ཁང་གི་སྐུ་ཚབ་ཏུ་ཕྱི་ལོ་ ༡༩༩༥ ལོར་ཡུ་རོབ་ཁུལ་རྒྱལ་ཁབ་འཇར་མན། Germany སུད་སི། Swiss ཕ་རཱན་སི། France ཨིཊ་ལི། Italy ཧོ་ལེནྜ། Holland ཨིན་ཡུལ། England སུའི་ཌེན། Sweden ཨོ་སི་ཀྲེ་རི་ཡ། Austria བཅས་སུ་སྨན་སྐོར་བསྐྱོད་པ་དང་། ཕྱི་ལོ་ ༢༠༡༣ ལོར་ལྷོ་ཨ་མེ་རི་ཀའི་ཨར་ཇན་ཀྲི་ན། Argentina ཅི་ལི། Chile ཀོ་ལོམ་སྦི་ཡ། Colombia དང་། ཕྱི་ལོ་ ༢༠༡༩ ལོར་ཡུ་རོབ་རྒྱལ་ཁབ་འཇར་མན། Germany ཕཱ་རཱན་སི། France སུད་སི་ Swiss བཅས་སུ་སྨན་སྐོར་རུ་བསྐྱོད་པ་བཅས་ད་བར་མི་ལོ་ཧྲིལ་པོ་ ༣༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།

 

༄༅། །ཀུན་བཟང་ལྷུན་གྲུབ་ལགས། སྒང་ཏོག་ཡན་ལག་སྨན་རྩིས་ལས་སྣེ་བ། ཀེ་ ༩།

            སྨན་རྩིས་ལས་སྣེ་བ་ཀུན་བཟང་ལྷུན་གྲུབ་ལགས་ཕྱི་ལོ་ ༡༩༩༠ ཟླ་ ༠༢ ཚེས་ ༢༠ ཉིན་སྨན་རྩིས་ཁང་དུ་ལས་ཞུགས་ཀྱིས་ཐོག་མར་སྒང་ཏོག་ཡན་ལག་སྨན་ཁང་གི་རྩིས་པའི་ལས་འཁུར་ཞུས། ཕྱི་ལོ་ ༡༩༩༢ ཟླ་ ༡༢ ཚེས་ ༢༠ ཉིན་ལྡི་ལི་བོད་སྒར་ཡན་ལག་སྨན་ཁང་གི་རྩིས་པའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༡༩༩༦ ཟླ་ ༡༠ ཚེས་ ༢༠ ཉིན་སླར་སྒང་ཐོག་ཡན་ལག་སྨན་ཁང་གི་རྩིས་པ་དང་སྨན་སྤྲོད་གཅིག་ལྩོགས་ཀྱི་ལས་འགན་དུ་གནས་སྤོས་བསྩལ། ཡན་ལག་དེའི་རྩིས་པ་དང་། སྨན་སྤྲོད་ཀྱི་ལས་འགན་གར་བཀོད་ལྟར་ཞུ་མུས་བཅས་མི་ལོ་ཧྲིལ་པོ་ ༣༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།

 

༄༅། །བཀྲ་ཤིས་དབང་འདུས་ལགས། འབྲེལ་ཡོད་ཡན་ལག་ཁག་གི་འབྲེལ་མཐུད་པ། ཊི་ ༧༥།

            བཀྲ་ཤིས་དབང་འདུས་ལགས་ཕྱི་ལོ་ ༡༩༩༠ ཟླ་ ༠༤ ཚེས་ ༠༡ ཉིན་སྨན་རྩིས་ཁང་དུ་ལས་ཞུགས་ཀྱིས་ཐོག་མར་ཀོལ་ཀ་ཏ་ཡན་ལག་སྨན་ཁང་གི་རྩིས་པ་དང་། རྗེས་སུ་ལས་དྲུང་གི་ལས་འཁུར་ཞུས། ཕྱི་ལོ་ ༡༩༩༦ ཟླ་ ༠༢ ཚེས་ ༠༡ ཉིན་དབུས་ཡན་ལག་སྤྱི་ཁྱབ་ལས་ཁུངས་ཀྱི་ལས་དྲུང་དུ་བསྐོ་བཞག་བསྩལ། ཕྱི་ལོ་ ༢༠༠༢ ཟླ་ ༠༨ ཚེས་ ༡༥ ཉིན་མོམ་སྦེ་ཡན་ལག་སྨན་ཁང་གསར་པ་དབུ་འབྱེད་དང་བསྟུན་དེ་གའི་ལས་དྲུང་དུ་བསྐོ་བཞག་བསྩལ། ཕྱི་ལོ་ ༢༠༠༤ ཟླ་ ༡༡ ཚེས་ ༡༠ ཉིན་ལྡི་ལི་ནེ་ཛམྨུ་ཏིན་ཡན་ལག་སྨན་ཁང་གི་ལས་དྲུང་དུ་གནས་སྤོས་བསྩལ། ལྡི་ལིར་སྨན་རྩིས་ཁང་གི་དྲུང་ཆེའི་ལས་ཚབ་ཏུ་ཁྲིམས་ཁང་དུ་བཅར་རྒྱུ་དང་། ཞུ་ཡིག་འབུལ་རྒྱུ། ཁ་མཆུ་རྩོད་གཞིར་ལན་འདེབས་ཞུ་རྒྱུ། ལྡི་ལི་ནེ་ཛམྨུ་ཏིན་ཡན་ལག་སྨན་ཁང་གི་ས་ཁང་བདག་དབང་སྨན་རྩིས་ཁང་གི་མིང་ཐོག་བསྒྱུར་རྒྱུའི་ལས་དོན་ཐད་ལ་ཕྱག་རོགས་གནང་བ་དང་། དེ་བཞིན་ཀོལ་ཀ་ཏ་ཡན་ལག་སྨན་ཁང་གི་ས་ཁང་ཉོ་བསྒྲུབས་དང་མིང་བསྒྱུར། ནཱག་པུར་སྐོར་བསྐྱོད་སྨན་ཁང་གི་ཁང་པ་སྨན་རྩིས་ཁང་གི་མིང་ཐོག་བསྒྱུར་རྒྱུའི་ལས་དོན་རྣམས་བསྒྲུབས་ཡོད། ཕྱི་ལོ་ ༢༠༠༡ ལོར་རྡོ་གདན་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་རིང་སྨན་སྐོར་ཆེད་མེ་འཁོར་བརྒྱུད་བཏང་བའི་སྨན་དོ་གྲངས་བཞི་ལམ་བར་འབོར་བརླགས་ཤོར་བར་འཚོལ་ཞིབ་ཆེད་བསྐྱོད་དེ་མོ་རཱ་རྡ་སྦཏ་མེ་འཁོར་འབབ་ཚུགས་སུ་ Railway Protection Force སྐོར་སྲུང་གིས་རྐུན་མ་འཛིན་བཟུང་བྱས་པ་དེ་ལས་སྨན་དོ་རྣམས་ས་གནས་ཁྲིམས་ཁང་བརྒྱུད་ཁྲིམས་གཏུགས་ལམ་ནས་རྩིས་ལེན་ཞུས། ཕྱི་ལོ་ ༢༠༡༧ ཟླ་ ༠༧ ཚེས་ ༠༡ ནས་སྨན་མཛོད་དང་སྨན་ཚོང་སྡེ་ཚན་གྱི་རྩིས་པའི་ལས་འགན་བཞེས། ཕྱི་ལོ་ ༢༠༡༨ ཟླ་ ༠༤ ཚེས་ ༠༡ ནས་འབྲེལ་ཡོད་ཡན་ལག་ཁག་གི་འགན་འཛིན་ལས་འགན་དུ་གནས་སྤོས་བསྩལ། ལས་ཡུན་རིང་སྨན་རྩིས་ཁང་གི་ལས་བྱེད་བདེ་དོན་ཚོགས་ཆུང་སྐབས་དང་པོའི་ཚོགས་དྲུང་ལོ་གཉིས་དང་། སྐབས་གཉིས་པའི་ཚོགས་གཙོའི་ལས་འགན་ལོ་གཉིས་གནང་ཡོད་པ་བཅས་ད་བར་མི་ལོ་ཧྲིལ་པོ་ ༣༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།

 

 

གཉིས་པ། འདི་ལོ་སྨན་རྩིས་ཁང་དུ་ཞབས་འདེགས་ཞུས་ནས་ལོ་ངོ་ ༢༠ སོན་པ་རྣམས། 

 

༄༅། །བློ་བཟང་ཚེ་བརྟན་ལགས། ར་ཇི་པུར་ཡན་ལག་སྨན་རྩིས་ལས་སྣེ་བ། ཨེལ་ ༣༦།
            སྨན་རྩིས་ལས་སྣེ་བ་བློ་བཟང་ཚེ་བརྟན་ལགས་ཕྱི་ལོ་ ༡༩༩༧ ཟླ་ ༡༠ ཚེས་ ༠༡ ཉིན་སྨན་རྩིས་ཁང་དུ་ལས་ཞུགས་ཀྱིས་ཐོག་མར་ཆ་ཏ་པ་ཀྲི་ཡན་ལག་སྨན་ཁང་གི་རྩིས་པའི་ལས་འཁུར་ཞུས། ཕྱི་ལོ་ ༡༩༩༨ ཟླ་ ༠༥ ཚེས་ ༢༡ ཉིན་སྨན་སྤྲོད་པའི་ལས་འགན་བཞེས། ཕྱི་ལོ་ ༡༩༩༩ ཟླ་ ༠༨ ཚེས་ ༢༥ ཉིན་མེའོ་ཡན་ལག་སྨན་ཁང་གི་སྨན་སྤྲོད་རྩིས་པ་གཅིག་ལྕོགས་ཀྱི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༠༢  ཟླ་ ༠༩ ཚེས་ ༡༣ ཉིན་མི་རེ་ཀྲི་ཡན་ལག་སྨན་ཁང་གི་རྩིས་པའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༠༨ ཟླ་ ༠༤ ཚེས་ ༠༡ ཉིན་སིམ་ལ་ཡན་ལག་སྨན་ཁང་གི་སྨན་སྤྲོད་པའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༢ ཟླ་ ༠༣ ཚེས་ ༡༢ ཉིན་ར་ཇི་པུར་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་བའི་འགན་དུ་གནས་སྤོས་བསྩལ་བ་བཅས་ད་བར་མི་ལོ་ཧྲིལ་པོ་ ༢༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།

 

༄༅། །སྨན་རམས་པ་པ་སངས་དོན་གྲུབ་ལགས། སྦེལ་སྐོབ་ཡན་ལག་སྨན་ཁང་འགན་འཛིན། པི་ ༣༥།
            སྨན་རམས་པ་པ་སངས་དོན་གྲུབ་ལགས་སྨན་རྩིས་ཁང་དུ་བོད་ཀྱི་གསོ་རིག་སྨན་དཔྱད་ཀྱི་གཞུང་ལུགས་ལ་སྦྱངས་པ་མཐར་སོན་ཏེ་ཕྱི་ལོ་ ༡༩༩༨ ཟླ་ ༠༢ ཚེས་ ༠༡ ཉིན་མོན་གྷོ་ཡན་ལག་སྨན་ཁང་དུ་གཅིན་སྙི་ཉམས་ཞིབ་པའི་སྨན་པའི་ལས་འཁུར་ཞུས། ཕྱི་ལོ་ ༡༩༩༨ ཟླ་ ༡༠ ཚེས་ ༠༡ ཉིན་སྦེང་ལོར་ཡན་ལག་ཏུ་གནས་སྤོས་བསྩལ་བ་དང་། གཅིན་སྙི་ཉམས་ཞིབ་ཀྱི་ལས་དོན་རྒྱུད་འཛིན་དང་། འབྲས་ནད་ཉམས་ཞིབ་ཀྱི་ལས་དོན་ཡང་བསྒྲུབས། ཕྱི་ལོ་ ༢༠༠༢ ཟླ་ ༠༢ ཚེས་ ༢༥ ཉིན་ཨོ་རི་ས་ཕུན་ཚོགས་གླིང་ཡན་ལག་སྨན་ཁང་གི་སྨན་པའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༠༣ ཟླ་ ༡༡ ཚེས་ ༠༡ ཉིན་སྦུབ་ནེ་ཤི་བར་ཡན་ལག་སྨན་ཁང་གི་སྨན་པ་འགན་འཛིན་གྱི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༠༨ ཟླ་ ༠༥ ཚེས་ ༢༥ ཉིན་སྦེལ་སྐོབ་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༢༥ ཉིན་སྦེང་ལོར་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༠ ཟླ་ ༠༥ ཚེས་ ༠༡ ཉིན་སྦེལ་སྐོབ་ཡན་ལག་སྨན་ཁང་གི་སྨན་པར་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༡ ཟླ་ ༠༤ ཚེས་ ༠༡ ནས་སྦེལ་སྐོབ་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པའི་ཐུགས་འགན་བཞེས། རང་ཉིད་ནས་བོད་ཀྱི་གསོ་རིག་སྨན་དཔྱད་ཀྱི་གཞུང་ཐོག་སྦྱངས་པ་དང་ལག་ལེན་རྒྱུད་འཛིན་གྱི་གྲུབ་འབྲས་སུ་ཕྱི་ལོ་ ༢༠༠༩ ཟླ་ ༠༤ ཚེས་ ༠༡ ནས་སྨན་རམས་པ་ཆུང་བའི་མཚན་གནས་བསྩལ། ལས་ཡུན་རིང་ཉམས་གསོག་སྨན་པ་མི་ཉུང་བར་ལག་ལེན་དམར་འཁྲིད་ཐོག་ཁྱད་ལས་མི་སྣ་གསོ་སྐྱོང་བྱས་ཡོད་པ་བཅས་ད་བར་མི་ལོ་ཧྲིལ་པོ་ ༢༠ རིང་སྨན་རྩིས་ཁང་དུ་གསོ་རིག་བསྟན་པའི་ཞབས་འདེགས་བསྒྲུབས་ཡོད།

 

༄༅། །སྨན་རམས་པ་པ་སངས་དབང་འདུས་ལགས། མཐོ་སློབ་སྨན་དགེ། པི་ ༣༤།
            སྨན་རམས་པ་པ་སངས་དབང་འདུས་ལགས་སྨན་རྩིས་ཁང་དུ་བོད་ཀྱི་གསོ་རིག་སྨན་དཔྱད་ཀྱི་གཞུང་ལུགས་ལ་སྦྱངས་པ་ཐར་སོན་ཏེ་ཕྱི་ལོ་ ༡༩༩༨ ཟླ་ ༠༢ ཚེས་ ༠༡ ཉིན་སྨན་སྦྱོར་ཁང་གི་སྨན་པའི་ལས་འཁུར་ཞུས། ཕྱི་ལོ་ ༡༩༩༨ ཟླ་ ༠༥ ཚེས་ ༡༥ ཉིན་སྒང་ཏོག་ཡན་ལག་སྨན་ཁང་གི་སྨན་པ་དང་སྨན་རྒྱུ་འཚོལ་གྲུབ་ཀྱི་ལས་འགན་ཐོག་གནས་སྤོས་བསྩལ། ཕྱི་ལོ་ ༡༩༩༩ ཟླ་ ༡༠ ནང་དབུས་སྨན་སྦྱོར་ཁང་གི་སྨན་པའི་ཁོངས་སུ་བལ་ཡུལ་ནས་སྨན་རྒྱུ་མཁོ་སྒྲུབ་ཀྱི་ལས་འགན་དུ་བསྐོ་བཞག་བསྩལ།  ཕྱི་ལོ་ ༢༠༠༡ ཟླ་ ༠༥ ཚེས་ ༠༡ ཉིན་རྒྱུད་བཞི་ཕབ་སྒྱུར་སྡེ་ཚན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༠༢ ཟླ་ ༠༩ ཚེས་ ༠༡ ཉིན་སིམ་ལ་ཡན་ལག་སྨན་ཁང་གི་སྨན་པ་འགན་འཛིན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༠༥ ཟླ་ ༡༠ ཚེས་ ༢༥ ཉིན་རྒྱུད་བཞི་ཕབ་སྒྱུར་སྡེ་ཚན་གྱི་སྨན་པར་གནས་སྤོས་བསྩལ། ཕྱི་ལོ་ ༢༠༠༦ ཟླ་ ༠༨ ཚེས་ ༠༣ ཉིན་སྨན་སྦྱོར་ཁང་གི་སྨན་པར་གནས་སྤོས་བསྩལ། ཕྱི་ལོ་ ༢༠༠༩ ཟླ་ ༠༨ ཚེས་ ༢༠ ཉིན་ཕབ་སྒྱུར་སྡེ་ཚན་གྱི་སྨན་པར་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༡ ཟླ་ ༠༥ ཚེས་ ༠༡ ཉིན་སྨན་རྩིས་མཐོ་སློབ་ཁང་གི་སྨན་དགེའི་ལས་འགན་དུ་གནས་སྤོས་བསྩལ། རང་ཉིད་ནས་བོད་ཀྱི་གསོ་རིག་སྨན་གཞུང་ཐོག་ལག་ལེན་དང་སྦྱངས་པ་རྒྱུད་འཛིན་གྱི་གྲུབ་འབྲས་སུ་ཕྱི་ལོ་ ༢༠༠༩ ཟླ་ ༠༤ ཚེས་ ༠༡ ནས་སྨན་རམས་པ་ཆུང་བའི་མཚན་གནས་བསྩལ། ལས་ཡུན་རིང་སྨན་རྩིས་མཐོ་སློབ་ཁང་གི་སློབ་སྤྱི་གཞོན་པའི་ཐུགས་འགན་ཡང་བཞེས་ཡོད་པ་བཅས་ད་བར་མི་ལོ་ཧྲིལ་པོ་ ༢༠ རིང་སྨན་རྩིས་ཁང་དུ་གསོ་རིག་བསྟན་པའི་ཞབས་འདེགས་བསྒྲུབས་ཡོད།

 

༄༅། །སྨན་རམས་པ་པ་སངས་ཚེ་རིང་ལགས། བདེ་སྐྱིད་གླིང་ཡན་ལག་སྨན་ཁང་འགན་འཛིན། པི་ ༣༨།
            སྨན་རམས་པ་པ་སངས་ཚེ་རིང་ལགས་སྨན་རྩིས་ཁང་དུ་བོད་ཀྱི་གསོ་རིག་སྨན་དཔྱད་ཀྱི་གཞུང་ལུགས་ལ་སྦྱངས་པ་མཐར་སོན་ཏེ་ཕྱི་ལོ་ ༡༩༩༩ ཟླ་ ༠༡ ཚེས་ ༡༥ ཉིན་བྷན་རྡ་ར་ཡན་ལག་སྨན་ཁང་གི་སྨན་པའི་ལས་འཁུར་ཞུས། ཕྱི་ལོ་ ༢༠༠༣ ཟླ་ ༠༩ ཚེས་ ༡༠ ཉིན་ཨོ་རི་ས་ཕུན་ཚོགས་གླིང་ཡན་ལག་སྨན་ཁང་གི་སྨན་པ་འགན་འཛིན་གྱི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༠༦ ཟླ་ ༠༤ ཚེས་ ༡༠ ཉིན་བདེ་སྐྱིད་གླིང་ཡན་ལག་སྨན་ཁང་གི་སྨན་པའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༠༡ ནས་བདེ་སྐྱིད་གླིང་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པར་བསྐོ་བཞག་བསྩལ། རང་ཉིད་ནས་བོད་ཀྱི་གསོ་རིག་སྨན་དཔྱད་གྱི་ལག་ལེན་རྒྱུད་འཛིན་དང་སྦྱངས་པའི་གྲུབ་འབྲས་སུ་ཕྱི་ལོ་ ༢༠༡༠ ཟླ་ ༠༤ ཚེས་ ༠༡ ནས་སྨན་རམས་པ་ཆུང་བའི་མཚན་གནས་བསྩལ་བ་དང་། ལས་ཡུན་རིང་ཉམས་གསོག་སྨན་པ་མི་ཉུང་བར་ལག་ལེན་དམར་འཁྲིད་ཐོག་ཁྱད་ལས་མི་སྣ་གསོ་སྐྱོང་གནང་ཡོད་པ་བཅས་ད་བར་མི་ལོ་ཧྲིལ་པོ་ ༢༠ རིང་སྨན་རྩིས་ཁང་དུ་བོད་ཀྱི་གསོ་རིག་བསྟན་པའི་ཞབས་འདེགས་བསྒྲུབས་ཡོད།

 

༄༅། །སྨན་རམས་པ་བསོད་ནམས་དབང་མོ་ལགས། གངས་སྐྱིད་ཡན་ལག་སྨན་ཁང་གི་སྨན་པ། ཨེས་ ༣༦།
            སྨན་རམས་པ་བསོད་ནམས་དབང་ལོ་ལགས་སྨན་རྩིས་ཁང་དུ་བོད་ཀྱི་གསོ་རིག་སྨན་དཔྱད་ཀྱི་གཞུང་ལུགས་ལ་སྦྱངས་པ་མཐར་སོན་ཏེ་ཕྱི་ལོ་ ༡༩༩༩ ཟླ་ ༠༡ ཚེས་ ༡༥ ཉིན་སྒང་ཏོག་ཡན་ལག་སྨན་ཁང་གི་སྨན་པའི་ལས་འཁུར་ཞུས། ཕྱི་ལོ་ ༡༩༩༩ ཟླ་ ༠༨ ཚེས་ ༡༥ ཉིན་གངས་སྐྱིད་ཡན་ལག་སྨན་ཁང་གི་སྨན་པའི་ལས་འགན་དུ་གནས་སྤོས་བསྩལ། རང་ཉིད་ནས་བོད་ཀྱི་གསོ་རིག་གཞུང་ལུགས་ཐོག་ལག་ལེན་དང་སྦྱངས་པའི་གྲུབ་འབྲས་སུ་ཕྱི་ལོ་ ༢༠༡༠ ཟླ་ ༠༤ ཚེས་ ༠༡ ཉིན་སྨན་རམས་པ་ཆུང་བའི་མཚན་གནས་བསྩལ། ལས་ཡུན་རིང་ཉམས་གསོག་སྨན་པ་མི་ཉུང་བར་ལག་ལེན་དམར་འཁྲིད་ཀྱི་ཐོག་ནས་ཁྱད་ལས་མི་སྣ་གསོ་སྐྱོང་གནང་ཡོད་པ་བཅས་ད་བར་མི་ལོ་ཧྲིལ་པོ་ ༢༠ རིང་སྨན་རྩིས་ཁང་དུ་གསོ་རིག་བསྟན་པའི་ཞབས་འདེགས་བསྒྲུབས་ཡོད།

 

༄༅། །སྨན་རམས་པ་ངག་དབང་སྦྱིན་པ་བསུ་སྣང་ལགས། དཔེ་ཐོག་ཞིབ་འཇུག་དང་པར་སྐྲུན་སྡེ་ཚན། ཨེན་ ༣༢།
            སྨན་རམས་པ་ངག་དབང་སྦྱིན་པ་བསུ་སྣང་ལགས་སྨན་རྩིས་ཁང་དུ་བོད་ཀྱི་གསོ་རིག་སྨན་དཔྱད་ཀྱི་གཞུང་ལུགས་ལ་སྦྱངས་པ་མཐར་སོན་ཏེ་ཕྱི་ལོ་ ༡༩༩༩ ཟླ་ ༠༡ ཚེས་ ༡༥ ཉིན་མེའོ་ཡན་ལག་སྨན་ཁང་གི་སྨན་པ་འགན་འཛིན་དང་། ཕྱི་ལོ་ ༢༠༠༣ ཟླ་ ༠༤ ཚེས་ ༡༥ ཉིན་དྭང་སློབ་ཡན་ལག་སྨན་ཁང་གི་སྨན་པ་འགན་འཛིན། ཕྱི་ལོ་ ༢༠༠༣ ཟླ་ ༡༡ ཚེས་ ༠༡ ཉིན་སྦེང་ལོར་ཡན་ལག་སྨན་ཁང་གི་སྨན་པ། ཕྱི་ལོ་ ༢༠༠༨ ཟླ་ ༠༥ ཚེས་ ༡༠ ཉིན་ཧོན་སུར་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པ་བཅས་ཀྱི་ལས་འཁུར་ཞུས། བརྟག་དཔྱད་སྨན་པའི་ལས་འཁུར་ཞུས་རིང་ནད་གཞི་ཁ་ཤས་ལ་སྨན་སྣ་ག་གཅིག་ཉིན་རེར་དུས་ ༣ ནས་ ༦ ལ་བཏང་ནས་ཕན་ནུས་ཇི་ཙམ་འོང་མིན་བརྟག་པའི་ཕྱིར་སྨན་སྣ་གྲངས་ ༡༡ ལ་ཚོད་ལྟ་བྱས། གཞང་འབྲུམ་ནད་ལ་དྲག་སྐྱེད་མྱུར་སོན་ཆེད་སྨན་རྩིས་ཁང་གིས་བཟོས་པའི་རྨ་སྨན་རབ་འབྱོར་དང་ཟབ་ལག་བརྒྱད་པ་སོ་སོར་ཁྱུང་ལྔ་དང་ཀླུ་བདུད་ ༡༨ སོགས་མཉམ་བསྲེས་ཀྱིས་གཞང་སྦུབས་སུ་འབྱུག་པའི་ཚོད་ལྟ་བྱས་པས་ཕན་འབྲས་གང་ལེགས་བྱུང་བར་བརྟེན། ཕྱི་ལོ་ ༢༠༡༢ ལོར་ཆེས་མཐོའི་སྨན་རྩིས་རིག་གཞུང་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་ལ་གཞང་འབྲུམ་འབྱུག་སྨན་ཞིག་གསར་བཟོ་ཐུབ་ན་ཞེས་བསམ་ཚུལ་ཡིག་ཐོག་ཏུ་ཕུལ། དེ་ནས་ཁོང་གི་ལམ་སྟོན་འོག་སྨན་སྦྱོར་ཁང་འགན་འཛིན་མཆོག་གིས་སླར་ཡང་ཁ་ཚར་འགའ་བསྣན་པའི་སྨན་ཕྱེ་ཀི་ལོ་ཕྱེད་ཀ་བསྐུར་གནང་བ་དེས་ཚོད་ལྟ་བྱས་པས་ཕན་འབྲས་ཡག་པོ་བྱུང་བས་གྲུབ་ཐོའང་ཕུལ། ཕྱི་ལོ་ ༢༠༡༣ ཟླ་ ༠༧ ཚེས་ ༠༡ ཉིན་དབུས་ཀྱི་ལུས་སེམས་སྲོག་གི་སྡེ་ཚན་དུ་སྨན་པའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༠༡ ཉིན་ཅོན་ཏ་ར་གསོ་རིག་སློབ་གཉེར་དང་ཉམས་ཞིབ་ཁོངས་ཀྱི་སྨན་པའི་ལས་འགན་དུ་གནས་སྤོས་བསྩལ་བ་དང་། སྐབས་ཐོག་དཔེ་ཐོག་ཞིབ་འཇུག་དང་དཔར་སྐྲུན་སྡེ་ཚན་དུ་ཕྱག་ལས་གནང་མུས་ཡིན། རང་ཉིད་ནས་བོད་ཀྱི་གསོ་རིག་སྨན་གཞུང་ཐོག་ལག་ལེན་དང་སྦྱངས་པ་རྒྱུད་འཛིན་གྱི་གྲུབ་འབྲས་སུ་ཕྱི་ལོ་ ༢༠༡༠ ཟླ་ ༠༤ ཚེས་ ༠༡ ནས་སྨན་རམས་པ་ཆུང་བའི་མཚན་གནས་བསྩལ། ལས་ཡུན་རིང་སྨན་རྩིས་ཁང་གིས་ཐུགས་དམ་ཚོགས་ཆུང་ཁོངས་སུ་ལྷོ་ཕྱོགས་ས་གནས་འབྲེལ་མཐུད་པར་བསྐོས་པ་ནས་བཟུང་ཐུགས་དམ་ཐོག་ལ་ལས་འཁུར་ཞུ་བཞིན་པའི་ཐོག་ཐུགས་དམ་ཞེས་པའི་ཐ་སྙད་དེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་ཡོད་དམ་མེད། སྔགས་དང་རྩིས་གཞུང་གི་བསྟན་བཅོས་གང་དུ་གསུངས་ཡོད་མེད་སོགས་ལ་མདོ་སྔགས་ཀྱི་གཞུང་དག་ཏུ་འཚོལ་ཞིབ་བྱས་པ་དང་། དེའི་སྟེང་དུ་རང་གིས་དངོས་མཐོང་ཉམས་མྱོང་གཞིར་བཞག་ {བོད་ཀྱི་གསོ་བ་རིག་པར་གསུངས་པའི་ལུས་ཆགས་ཚུལ་དང་འཇིག་ཚུལ། སྔགས་ནས་བསྟན་པའི་ཐུགས་དམ་ལ་དཔྱད་པ།} ཞེས་པའི་དཔྱད་རྩོམ་ཞིག་བྲིས་ཏེ་ཆེས་མཐོའི་སྨན་རྩིས་རིག་གཞུང་ལྷན་ཚོགས་སུ་ཕུལ་བ་དང་། ཚོགས་མི་གསུམ་ལས་གྲུབ་པའི་ཚོགས་ཆུང་གིས་པར་སྐྲུན་འོས་མིན་ཞིབ་འཇུག་བྱེད་བཞིན་ཡོད། བོད་ཀྱི་གསོ་བ་རིག་པའི་ལྟ་གྲུབ་ཐོག་ནས་སྲོག་གི་སྐོར་ལ་ཉམས་ཞིབ་བྱས་ཏེ་བོད་ཀྱི་གསོ་བ་རིག་པར་གསུངས་པའི་སྲོག་ལ་དཔྱད་པ། ཞེས་པའི་དཔྱད་དེབ་གཅིག་བྲིས། དུས་དེའི་ཚེ་ལོ་རེའི་ཕྱི་མི་དོན་གཉེར་བར་སེམས་ཁམས་འཕྲོད་སྟེན་གྱི་སློབ་འཁྲིད་དང་། ༢༠༡༧ ལོར་བོད་ཀྱི་སྨན་རྩིས་ཁང་གི་ལུས་སེམས་སྲོག་གི་བགྲོ་གླེང་འཚོགས་ཆེན་ཐེངས་ལྔ་པར་སེམས་ནད་སྔོན་འགོག་ཅེས་པའི་བརྗོད་གཞི་ཐོག་གཏམ་བཤད་བྱས། ཕྱི་ལོ་ ༢༠༡༥ ལོར་སྨན་རྩིས་ཁང་གི་ནད་རིགས་སྔོན་འགོག་ཚོགས་ཆུང་དུ་བསྐོ་འཛུགས་སྩལ་བ་ལྟར་ཕོ་འབྲས་ནད་ཀྱི་སྔོན་འགོག་དང་གཞང་འབྲུམ་ནད་ཀྱི་སྔོན་འགོག་ཅེས་པའི་དེབ་ཆུང་གཉིས་རྩོམ་སྒྲིག་བྱས། བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་སྒྲ་བརྙན་གླེང་སྟེགས་( Tibet TV ) ཐོག་ལའང་བོད་ཀྱི་གསོ་རིག་ལམ་ནས་ནད་རིགས་འདྲ་མིན་གྱི་སྔོན་འགོག་གཏམ་བཤད་ལན་མང་བྱས། ༢༠༡༩།༩།༡༡ ཉིན་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་སྐབས་དྲུག་པའི་ཚོགས་མིར་མང་མོས་འོས་འདེམས་བྱུང་སྟེ་དྲུང་ཆེའི་ལས་འཁུར་ཞུ་བཞིན་པ་དང་། ༢༠༢༠།༢།༡ ཉིན་ཆེས་མཐོའི་སྨན་རྩིས་རིག་གཞུང་ལྷན་ཚོགས་ཀྱིས་སྨན་རྩིས་དུས་དེབ་རྩོམ་སྒྲིག་ཚོགས་ཆུང་དུ་བསྐོ་འཛུགས་བྱས་པ་ལྟར་རྩོམ་སྒྲིག་ཚོགས་མིའི་ལས་འཁུར་ཞུས་པ་དང་། ཉམས་གསོག་སྨན་པར་ལག་ལེན་དམར་འཁྲིད་ཐོག་ཁྱད་ལས་མི་སྣ་གསོ་སྐྱོང་ཡང་གནང་ཡོད་པ་བཅས་ད་བར་མི་ལོ་ཧྲིལ་པོ་ ༢༠ རིང་སྨན་རྩིས་ཁང་དུ་གསོ་རིག་བསྟན་པའི་ཞབས་འདེགས་བསྒྲུབས་ཡོད།

 

༄༅། །དཀོན་མཆོག་ཆོས་སྐྱིད་ལགས། ཅ་སྦེལ་ཡན་ལག་སྨན་རྩིས་ལས་སྣེ་བ། ཀེ་ ༣༡།
            སྨན་རྩིས་ལས་སྣེ་བ་དཀོན་མཆོག་ཆོས་སྐྱིད་ལགས་ཕྱི་ལོ་ ༡༩༩༩ ཟླ་ ༠༢ ཚེས་ ༠༡ ཉིན་སྨན་རྩིས་ཁང་དུ་ལས་ཞུགས་ཀྱིས་ཐོག་མར་ཅ་སྦེལ་ཡན་ལག་སྨན་ཁང་གི་སྨན་སྤྲོད་པའི་ལས་འཁུར་ཞུས། ཕྱི་ལོ་ ༢༠༠༣  ཟླ་ ༡༡ ཚེས་ ༡༣ ནས་དེ་གའི་ཡན་ལག་གི་རྩིས་པའི་ལས་འགན་དུ་བསྐོ་བཞག་བསྩལ། ཡན་ལག་དེ་གར་སྨན་སྤྲོད་དང་རྩིས་པའི་ལས་འགན་གར་དགོས་ལྟར་དང་ལེན་ཞུས་ཏེ་ད་བར་མི་ལོ་ཧྲིལ་པོ་ ༢༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།

 

༄༅། །བློ་བཟང་སྒྲོལ་མ་ལགས། ལྡི་ལི་རོ་ཧི་ནི་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་བ། ཨེལ་ ༤༥།
            སྨན་རྩིས་ལས་སྣེ་བ་བློ་བཟང་སྒྲོལ་མ་ལགས་ཕྱི་ལོ་ ༡༩༩༩ ཟླ་ ༠༤ ཚེས་ ༠༡ ཉིན་ཀ་ཏ་ཡན་ལག་སྨན་ཁང་གི་སྣེ་ལེན་མའི་ལས་འཁུར་ཞུས། ཕྱི་ལོ་ ༡༩༩༩ ཟླ་ ༠༤ ཚེས་ ༡༦ ཉིན་ཀོ་ལི་གྷལ་ཡན་ལག་སྨན་ཁང་གི་སྨན་སྤྲོད་པའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༠༢ ཟླ་ ༠༦ ཚེས་ ༢༥ ཉིན་ས་ལུ་སྒ་ར་ཡན་ལག་སྨན་ཁང་གི་སྨན་སྤྲོད་པའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༤ ཟླ་ ༠༤ ཚེས་ ༠༡ ཉིན་ལྡི་ལི་རོ་ཧི་ནི་ཡན་ལག་སྨན་ཁང་གསར་འབྱེད་དང་འབྲེལ་དེ་གའི་སྨན་རྩིས་ལས་སྣེ་བའི་ལས་འགན་དུ་གནས་སྤོས་བསྩལ་བ་བཅས་ད་བར་མི་ལོ་ཧྲིལ་པོ་ ༢༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།

 

༄༅། །བཀྲིས་རྣམ་རྒྱལ་ལགས། ལྡི་ལི་བོད་སྒར་ཡན་ལག་སྨན་ཁང་གི་འགན་འཛིན། ཊི་ ༡༤༡

            བཀྲ་ཤིས་རྣམ་རྒྱལ་ལགས་ཕྱི་ལོ་ ༡༩༩༩ ཟླ་ ༠༤ ཚེས་ ༠༡ ཉིན་སྨན་རྩིས་ཁང་དུ་ལས་ཞུགས་ཀྱིས་ཐོག་མར་རྡོ་གླིང་སོ་ན་རྡ་ས་ཁུལ་དུ་སྔོ་སྨན་འདེབས་ལས་ཀྱི་ལས་འཁུར་ཞུས། ས་ཁུལ་དུ་ལས་དོན་ཆེད་རྒྱུན་གནས་ཡོང་ཕྱིར་ཕྱི་ལོ་ ༢༠༠༡ ཟླ་ ༠༣ ཚེས་ ༠༡ ཉིན་ཀ་སྦུག་ཡན་ལག་ཏུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༠༢ ཟླ་ ༠༣ ཚེས་ ༠༥ ཉིན་དབུས་ས་ཁང་སྡེ་ཚན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༠༢ ཟླ་ ༠༤ ཚེས་ ༠༨ ཉིན་ནས་གངས་སྐྱིད་ཡན་ལག་སྨན་ཁང་ཁོངས་ཀྱི་སྐོར་བསྐྱོད་རུ་ཁག་ཏུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༠༦ ཟླ་ ༠༣ ཚེས་ ༢༩ ཉིན་ནས་དབུས་སྨན་མཛོད་སྡེ་ཚན་གྱི་རིན་ཆེན་རིལ་བུའི་མཛོད་གཉེར་བའི་ལས་འགན་དུ་བསྐོ་བཞག་བསྩལ།  ཕྱི་ལོ་ ༢༠༠༦ ཟླ་ ༡༡ ཚེས་ ༠༥ ཉིན་གངས་སྐྱིད་ཡན་ལག་སྨན་ཁང་ཁོངས་ཀྱི་སྐོར་བསྐྱོད་རུ་ཁག་གི་རྩིས་པའི་ལས་འགན་དུ་བསྐོ་བཞག་བསྩལ།  ཕྱི་ལོ་ ༢༠༠༨ ཟླ་ ༠༦ ཚེས་ ༠༡ ཉིན་འཇམ་ན་གར་ཡན་ལག་སྨན་ཁང་གསར་པའི་རྩིས་པའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༠ ཟླ་ ༠༥ ཚེས་ ༠༡ ཉིན་སྨན་སྦྱོར་ཁང་དུ་འཐུམ་རྒྱག་འཕྲུལ་འཁོར་གཏོང་མིའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༡ ཟླ་ ༠༡ ཚེས་ ༢༣ ཉིན་ལྡི་ལི་བོད་སྒར་ཡན་ལག་གི་སྨན་སྤྲོད་པའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༤ ཟླ་ ༠༧ ཚེས་ ༠༡ ནས་ལྡི་ལི་བོད་སྒར་དང་། ལྡི་ལི་ལ་དྭགས་ནང་དགོན་ཡན་ལག་གཉིས་ཀྱི་འགན་འཛིན་ལས་འགན་དུ་བཀོད་སྒྲིག་སོང་བ་བཅས་ད་བར་མི་ལོ་ཧྲིལ་པོ་ ༢༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།

 

༄༅། །ཡེ་ཤེས་ཆོས་སྒྲོན་ལགས། སྦེང་ལོར་ཡན་ལག་སྨན་རྩིས་ལས་སྣེ་བ། ཝའེ་ ༡༠།
            སྨན་རྩིས་ལས་སྣེ་བ་ཡེ་ཤེས་ཆོས་སྒྲོན་ལགས་ཕྱི་ལོ་ ༡༩༩༩ ཟླ་ ༠༥ ཚེས་ ༠༡ ཉིན་སྨན་རྩིས་ཁང་དུ་ལས་ཞུགས་ཀྱིས་ཐོག་མར་མོན་གྷོ་ཡན་ལག་སྨན་ཁང་གི་རྩིས་པའི་ལས་འཁུར་ཞུས། ཕྱི་ལོ་ ༢༠༡༠ ཟླ་ ༠༣ ཚེས་ ༠༥ ཉིན་སྦེང་ལོར་ཡན་ལག་སྨན་ཁང་གི་སྨན་སྤྲོད་པའི་ལས་འགན་དུ་གནས་སྤོས་བསྩལ་བ་བཅས་ད་བར་མི་ལོ་ཧྲིལ་པོ་ ༢༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།

 

༄༅། །དཀོན་མཆོག་སྒྲོལ་མ་ལགས།  Job Pool ལས་སྣེ་བ། ཀེ་ ༣༣།
            སྨན་རྩིས་ལས་སྣེ་བ་དཀོན་མཆོག་སྒྲོལ་མ་ལགས་ཕྱི་ལོ་ ༡༩༩༩ ཟླ་ ༡༠ ཚེས་ ༠༡ ཉིན་རྟ་དབང་ཡན་ལག་སྨན་ཁང་གི་རྩིས་པའི་ལས་འཁུར་ཞུས། ཕྱི་ལོ་ ༢༠༠༣ ཟླ་ ༠༦ ཚེས་ ༠༥ ཉིན་འབུམ་སྡེ་ལ་ཡན་ལག་སྨན་ཁང་གི་སྨན་སྤྲོད་རྩིས་པ་གཅིག་ལྩོགས་ཀྱི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༦ ཟླ་ ༠༡ ཚེས་ ༠༡ ཉིན་ཀ་ཏ་ཡན་ལག་སྨན་ཁང་དུ་སྨན་རྩིས་ལས་སྣེ་བའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༩ ཟླ་ ༠༤ ཚེས་ ༠༡ ནས་འབུམ་སྡེ་ལ་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་བའི་ལས་འགན་དུ་གནས་སྤོས་བསྩལ་བ་བཅས་ད་བར་མི་ལོ་ཧྲིལ་པོ་ ༢༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།

 

༄༅། །བསྟན་འཛིན་རྣམ་རྒྱལ་ལགས། དོན་གྲུབ་གླིང་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་བ། ཊི་ ༡༢༦།
            སྨན་རྩིས་ལས་སྣེ་བ་བསྟན་འཛིན་རྣམ་རྒྱལ་ལགས་ ༡༩༩༩ ཟླ་ ༡༠ ཚེས་ ༠༡ ཉིན་སྨན་རྩིས་ཁང་དུ་ལས་ཞུགས་ཀྱིས་ཐོག་མར་སྦུབ་ནེ་ཤི་བར་དང་། ཨོ་གཞིས་ཕུན་ཚོགས་གླིང་། ས་ལུ་སྒ་ར་ཡན་ལག་སྨན་ཁང་བཅས་སུ་སྨན་སྤྲོད་པའི་ལས་འཁུར་ཞུས། ཕྱི་ལོ་ ༢༠༠༡ ཟླ་ ༠༧ ཚེས་ ༢༠ ཉིན་ར་ཝང་ལ་ཡན་ལག་སྨན་ཁང་གི་སྨན་སྤྲོད་རྩིས་པ་གཅིག་ལྕོགས་ཀྱི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༠༢ ཟླ་ ༠༩ ཚེས་ ༡༥ ཉིན་མོམ་སྦེ་ཡན་ལག་སྨན་ཁང་གི་སྨན་སྤྲོད་པའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༠༧ ཟླ་ ༡༡ ཚེས་ ༡༥ ཉིན་མཱ་ལཱཌ་ཡན་ལག་སྨན་ཁང་གི་རྩིས་པའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༤ ཟླ་ ༠༤ ཚེས་ ༠༡ ཉིན་དོན་གྲུབ་གླིང་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་བའི་ལས་འགན་དུ་གནས་སྤོས་བསྩལ་བ་བཅས་ད་བར་མི་ལོ་ཧྲིལ་པོ་ ༢༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།

 

༄༅། །གཞོན་ནུ་ཆོས་གྲགས་ལགས། ཅོན་ཏ་ར་སྨན་སྦྱོར་ཁང་གི་མཚན་སྲུང་བ། ཨེས་ ༤༡།
            གཞོན་ནུ་ཆོས་གྲགས་ལགས་ཕྱི་ལོ་ ༡༩༩༩ ཟླ་ ༡༠ ཚེས་ ༠༡ ཉིན་སྨན་རྩིས་ཁང་དུ་ལས་ཞུགས་ཀྱིས་ཐོག་མར་སྤྱི་ཐབ་ཏུ་མ་བྱན་གྱི་ལས་འཁུར་ཞུས། ཕྱི་ལོ་ ༢༠༡༤ ཟླ་ ༠༧ ཚེས་ ༠༡ ཉིན་སྤྱི་ཐབ་ཀྱི་མ་བྱན་ཆེ་མོའི་ལས་འགན་དུ་བསྐོ་བཞག་བསྩལ། ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༠༡ ཉིན་ལས་བྱེད་ལས་མི་ཚོམ་བུའི་སྡེ་ཚན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༨ ཟླ་ ༠༤ ཚེས་ ༠༡ ཉིན་ཅོན་ཏ་ར་སྨན་སྦྱོར་ཁང་གི་མཚན་སྲུང་བའི་ལས་འགན་དུ་གནས་སྤོས་བསྩལ་བ་བཅས་ད་བར་མི་ལོ་ཧྲིལ་པོ་ ༢༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།

 

༄༅། །ཚེ་རིང་སྐྱིད་འཛོམས་ལགས།  མི་ཤུགས་གོང་སྤེལ་སྡེ་ཚན་གྱི་འགན་འཛིན ། ཊི་ ༡༤༢།
            ཚེ་རིང་སྐྱིད་འཛོམས་ལགས་ཕྱི་ལོ་ ༡༩༩༩ ཟླ་ ༡༠ ཚེས་ ༠༡ ཉིན་སྨན་རྩིས་ཁང་དུ་ལས་ཞུགས་ཀྱིས་དབུས་ཡན་ལག་སྤྱི་ཁྱབ་སྡེ་ཚན་དུ་རྩིས་པ་དང་ལས་དྲུང་གི་ལས་འཁུར་ཞུས། ཕྱི་ལོ་ ༢༠༡༢ ཟླ་ ༠༦ ཚེས་ ༡༡ ཉིན་དབུས་ཡན་ལག་སྤྱི་ཁྱབ་འགན་འཛིན་གྱི་ལས་འགན་ཐོག་བསྐོ་བཞག་བསྩལ། ཕྱི་ལོ་ ༢༠༡༤ ཟླ་ ༠༤ ཚེས་ ༠༡ ཉིན་ནས་མིའི་ནུས་ཤུགས་གོང་སྤེལ་སྡེ་ཚན་གྱི་འགན་འཛིན་དུ་བསྐོ་བཞག་བསྩལ། སྨན་རྩིས་ཁང་གི་ལས་བྱེད་འདེམས་རྒྱུགས་དང་གསར་བསྐོ། ལས་ཐོག་སྨན་ལས་རྣམས་ཀྱི་ཤེས་འཇོན་གོང་སྤེལ་གྱི་ཟབ་སྦྱོང་གོ་སྒྲིག་གནང་རྒྱུའི་འགན་འཁུར་བླང་བཞིན་ཡོད། ལས་རྒྱུན་རིང་དངུལ་རྩིས་ཚོགས་ཆུང་དང་། ས་ཁང་ཚོགས་ཆུང་། ལས་བྱེད་གནས་སྤར་ཚོགས་ཆུང་། བུད་མེད་ནུས་སྟོབས་གོང་སྤེལ་གྱི་ཚོགས་ཆུང་། ལས་བྱེད་བདེ་དོན་ཚོགས་ཆུང་བཅས་སུ་ཞུགས་ཏེ་ལས་འགན་བསྒྲུབས་པ་དང་། སྨན་རྩིས་ཁང་གི་དྲུང་ཆེ་དང་། དྲུང་ཆེ་ལས་རོགས་བཅས་ཀྱི་འོས་བསྡུའི་ཚོགས་ཆུང་དུ་ཞུགས་ཏེ་ལས་འགན་འཁུར་བླངས་ཡོད། ཕྱི་ལོ་ ༢༠༡༨ ལོར་སྨན་རྩིས་ཁང་གི་ཕྱི་བསྐྱོད་སྨན་སྐོར་དུ་ལྷོ་ཨ་མེ་རི་ཀའི་རྒྱལ་ཁབ་ཨཱར་ཇེན་ཊི་ན། Argentina ཀོ་ལཱམ་སྦི་ཡ། Columbia བྷ་རཱ་ཛིལ་ Brazil བཅས་སུ་ཕེབས་ཡོད་པ་བཅས་ད་བར་མི་ལོ་ཧྲིལ་པོ་ ༢༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།

 

 

༄༅། །བློ་བཟང་རྡོ་རྗེ་ལགས། ཀོ་ལི་གྷལ་ཡན་ལག་སྨན་ཁང་གི་ཁ་ལོ་བ། ཨེལ་ ༤༦།
            ཁ་ལོ་བ་བློ་བཟང་རྡོ་རྗེ་ལགས་ཕྱི་ལོ་ ༢༠༠༠ ཟླ་ ༠༢ ཚེས་ ༠༡ ཉིན་སྨན་རྩིས་ཁང་དུ་ལས་ཞུགས་ཀྱིས་ཐོག་མར་ཀོ་ལི་གྷལ་ཡན་ལག་སྨན་ཁང་གི་ཁ་ལོ་བའི་ལས་འཁུར་ཞུས། ཕྱི་ལོ་ ༢༠༠༦ ཟླ་ ༠༦ ཚེས་ ༢༠ ཉིན་སྦེང་ལོར་ཡན་ལག་སྨན་ཁང་གི་ཁ་ལོ་བའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༠༨ ཟླ་ ༠༥ ཚེས་ ༠༥ ཉིན་ཀོ་ལི་གྷལ་ཡན་ལག་སྨན་ཁང་གི་ཁ་ལོ་བའི་ལས་འགན་དུ་གནས་སྤོས་བསྩལ་བ་བཅས་ད་བར་མི་ལོ་ཧྲིལ་པོ་ ༢༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།

 

༄༅། །སྒྲོལ་དཀར་ལགས། ཀོ་ལི་གྷལ་ཡན་ལག་གི་སྨན་རྩིས་ལས་སྣེ་བ། ཊི་ ༡༥༠།
            སྨན་རྩིས་ལས་སྣེ་བ་སྒྲོལ་དཀར་ལགས་ཕྱི་ལོ་ ༢༠༠༠ ཟླ་ ༠༢ ཚེས་ ༠༡ ཉིན་སྨན་རྩིས་ཁང་དུ་ལས་ཞུགས་ཀྱིས་ཐོག་མར་ཀོ་ལི་གྷལ་ཡན་ལག་ཏུ་མ་བྱན་གྱི་ལས་འཁུར་ཞུས། ཕྱི་ལོ་ ༢༠༠༠ ཟླ་ ༠༧ ཚེས་ ༠༡ ནས་སྨན་སྤྲོད་པའི་ལས་འགན་དུ་བསྐོ་བཞག་བསྩལ། ཕྱི་ལོ་ ༢༠༡༨ ཟླ་ ༠༤ ཚེས་ ༠༡ ཉིན་ཧོན་སུར་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་བའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༩ ཟླ ༠༡ ཚེས་ ༠༡ ནས་ཀོ་ལི་གྷལ་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་བའི་ལས་འགན་དུ་གནས་སྤོས་བསྩལ་བ་བཅས་ད་བར་མི་ལོ་ ༢༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།



 

མཐའ་མའི་འདོན་ཐེངས་།: 23.10.2020 ཉིན། 9:32 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།