འཇམ་དབྱངས་མཁྱེན་རབ་རྒྱ་མཚོ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.03.2018 |
འཇམ་དབྱངས་མཁྱེན་རབ་རྒྱ་མཚོ།
- བྱམས་པ་འཕྲིན་ལས།
མོག་ཀྱཱ་མཁན་སྤྲུལ་ལམ་ངང་རུང་མཁན་སྤྲུལ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་མཆོག་ནི། མཚོ་སྔོན་གཅན་ཚའི་ནང་ཚན་བཀའ་རྒྱ་ཞེས་པར་ཡབ་རིན་ཆེན་རྒྱལ་དང་། ཡུམ་ལྕགས་མོ་ཐར་གཉིས་ཀྱི་སྲས་སུ་སྤྱི་ལོ་ 1903 ལོར་འཁྲུངས་པ་དང་། ཆུང་དུས་ནས་རྡོ་རྗེ་ཚོམ་བུ་དང་མཎྜལ་ཕུལ་བ་དང་མཆོད་པ་འབུལ་བའི་རོལ་རྩེད་མཛད་ཅིང་སྲོག་ཆགས་ཕྲ་མོ་ལ་ཡང་གནོད་པ་མི་གཏོང་བར་སྙིང་རྗེ་འཛིན། དགུང་ལོ་ལྔའི་སྟེང་དུ་རྗེ་ཞྭ་དམར་སྐུ་ཕྲེང་བཞི་པ་པཎྜིཏ་ཆེན་པོ་དགེ་འདུན་བསྟན་འཛིན་རྒྱ་མཚོ་མཆོག་གིས་མོག་ཀྱཱ་མཁན་ཆེན་མཧཱ་པཎྜིཏ་འཇམ་དབྱངས་རྒྱ་མཚོ་དཔལ་བཟང་པོ་ཞེས་སྙན་པའི་གྲགས་པ་དབུས་གཙང་ཆོས་ཀྱི་ཞིང་ཁམས་ལ་ཡོངས་སུ་ཁྱབ་པ་དེའི་སྐུ་ཕྲེང་ལྔ་པར་ཐུགས་ཐག་བཅད་པ་ལྟར་མདོ་སྨད་ངང་རུང་བཀྲིས་ཆོས་འཕེལ་གླིང་གི་དམ་པ་གོང་མའི་ཁྲི་འཕང་མཐོན་པོར་མངའ་གསོལ། དགུང་ལོ་བདུན་ལ་སོན་དུས་རྗེ་ཞྭ་དམར་བའི་དྲུང་དུ་དགེ་བསྙེན་དང་རབ་བྱུང་གི་ཚུལ་ཁྲིམས་ཡང་དག་པར་བཞེས་ཤིང་མཚན་ལ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་ཞེས་འདོགས་གནང་མཛད།།
དེ་ཡང་ཐོག་མར་དགེ་སློང་དགེ་འདུན་བརྩོན་འགྲུས་བྱ་བ་ཀློག་གི་སློབ་དཔོན་དུ་བསྟེན་ནས་ཡོན་ཏན་ཀུན་གྱི་ཕྱི་མོ་ཀ་མད་སུམ་ཅུ་ནས་བཟུང་འཇིགས་བྱེད་ཟ་མ་ཏོག་དང་སྨན་མཆོག་ཆེན་མོ་སོགས་ཆོས་སྤྱོད་ཀྱི་རིམ་པ་རྣམས་ཐུགས་འཛིན་གནང་བ་དང་། དགུང་ལོ་བཅུ་དྲུག་སྟེང་མཁས་པའི་བསྟན་གནས་སྡི་ཚ་བཀྲ་ཤིས་ཆོས་སྡིངས་སུ་ཕེབས་ཏེ་ཆོས་གྲྭར་ཞུགས་ཤིང་སྔ་ཕྱིར་རྗེ་ཞྭ་དམར་པཎྜིཏ་དང་། མཁས་དབང་ཚུལ་ཁྲིམས་རྒྱ་མཚོ། བླ་བྲང་ཨ་ལགས་བླ་ཁོ་རིན་པོ་ཆེ། འཇམ་དབྱངས་རྒྱ་མཚོའམ་ཨ་ཁུ་རིན་པོ་ཆེ་དོན་ལྡན་སོགས་མཁས་ཤིང་གྲུབ་པ་བརྙེས་པའི་དགེ་བའི་བཤེས་གཉེན་དུ་མའི་ཞབས་ལ་གཏུགས་ཏེ་ཐུན་མོང་དང་ཐུན་མིན་གྱི་རིག་གནས་གཞུང་ལུགས་རྒྱ་མཚོ་ལྟ་བུར་སྦྱངས་བརྩོན་མཛད་ཅིང་མཁས་པའི་གྲགས་པ་རབ་ཏུ་རྒྱས། དགུང་ལོ་ཉི་ཤུའི་སྟེང་བདག་ཉིད་ཆེན་པོ་འཇམ་དབྱངས་རྒྱ་མཚོའམ་ཨ་ཁུ་རིན་པོ་ཆེ་དོན་ལྡན་གྱི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཏེ་ཚུལ་ཁྲིམས་རྣམ་པར་དག་པའི་བདུད་བརྩི་ཐུགས་ཀྱི་བུམ་བཟང་ཡོངས་སུ་གཏམས་པར་མཛད།
གསོ་དཔྱད་ཀྱི་སྐོར་ནས་ཞུས་ན། དགུང་ལོ་བཅུ་གཉིས་ཤིང་སྟག་སྟེ་ལོ་ན་ཆུང་དུས་ནས་མཁས་པའི་དབང་པོ་འཇུ་འོད་ཟེར་རྒྱ་མཚོ་མཆོག་སློབ་དཔོན་དུ་བསྟེན་ནས་སྒོ་གསུམ་གུས་པས་བསྙེན་བཀུར་དང་འདུན་པ་དྲག་པོས་སློབ་གཉེར་བྱས་མཐར་གསོ་རིག་རྒྱུད་བཞི་དང་ཡན་ལག་བརྒྱད་པ་གཙོའི་ཕྱག་བཞེས་མན་ངག་དང་བཅས་པ་རྣམས་སྙན་ནས་སྙན་དང་ཐུགས་ནས་ཐུགས་སུ་བརྒྱུད་པ་མ་ཟད། འཇུ་འོད་ཟེར་རྒྱ་མཚོ་མཆོག་གི་སྐུ་ངོ་མས་བེད་སྤྱོད་གནང་མྱོང་བའི་སྨན་ཁུག་དང་ཆ་བྱད་བཅས་སྨན་དཔྱད་ཀྱི་ལག་ཆ་ཐམས་ཅད་ཀྱང་ཁ་ཚང་དུ་གསོལ་རས་བསྩལ་བ་དང་། དེ་ལྟར་ཐུགས་སྨོན་བཟང་པོའི་རྐྱེན་ལ་བརྟེན་ནས་དགུང་ལོ་སུམ་ཅུ་ནས་སྨན་སྦྱོར་ནད་ཐོག་ལག་ལེན་ལ་རྩེ་གཅིག་ཏུ་གཞོལ་ཏེ་འགྲོ་བ་ཉམ་ཐག་ནད་ཀྱིས་གདུང་བ་རྣམས་ཀྱི་ལུས་སེམས་ཀྱི་སྡུག་བསྔལ་མི་བཟོད་པ་སེལ་བའི་ཕྱིར་དུ་སྐུ་ཚེ་ཧྲིལ་བོར་སྨན་སྦྱིན་གནང་སྟེ་ལོ་རེར་ནད་པ་སྟོང་ཕྲག་དུ་མར་སྨན་བཅོས་མཛད་པ་དང་། ཁྱད་པར་ཐག་རིང་ནད་པ་རྒྱ་དང་། བོད། ཁ་ཆེ། སོག་པོ་སོགས་འགྲོ་བ་རིས་སུ་མ་ཆད་པ་རྣམས་ཀྱི་གདུང་བ་སེལ་ཞིང་དེ་དག་ལ་ལམ་འཇུག་གི་རྒྱགས་དང་དངུལ་སོགས་ཀྱི་སྦྱིན་པའང་རྒྱ་ཆེར་གནང་ཞིང་འགྲོ་དོན་བླ་ན་མེད་པ་མཛད།
ཁོང་གིས་ནད་པ་ཚབས་ཆེན་གྱི་རིགས་གསོས་པའི་ལོ་རྒྱུས་ཀྱང་མང་སྟེ། ཁམས་ཕྱོགས་ཀྱི་རྙིང་མའི་བླ་མ་ཨ་ལགས་ཉིན་ལུང་ཞེས་བྱ་བ་སྤྱན་གྱིས་མ་གཟིགས་པ་ཞིག་ཁོང་གི་སྐུ་མདུན་དུ་ཕེབས་ནས་རྒྱུ་མཚན་ཞུས་པས་དེ་ལ་སྨན་དང་ཐུགས་རྗེ་ཆེན་པོའི་དབང་གནང་སྟེ་མ་ཎི་དང་མིག་འབྱེད་ཀྱི་གཟུངས་འདོན་དུ་བཅུག་པས་སྤྱན་སྔ་མ་བཞིན་གསལ་བར་གྱུར། ཡང་མཚོ་སྔོན་པོ་ཕྱོགས་ཀྱི་ནད་པ་ལྕི་མོ་རྒྱ་ཡེ་ཕག་མོ་ཞེས་པ་གསོ་དཔྱད་རིམ་གྲོ་གང་གིས་ཀྱང་མ་ཕན་པར་དམ་པ་འདིའི་སྐུ་མདུན་དུ་དྲི་ཆུ་ཕྲན་ཙམ་ཁྱེར་ཡོང་ནས་བསྟན་པ་ན། ཁོང་གི་ཞལ་ནས་གཅིན་འགགས་ཀྱི་ནད་ཚབས་ཆེར་འགྲོ་བཞིན་ཡོད་པས་སྨན་འདི་ཁྱེར་ལ་མྱུར་དུ་སོང་གསུངས་པ་བཞིན་སྨན་ཐུམ་ཁ་ཤས་གནང་ནས་བདེ་སངས་སུ་གྱུར། དེ་མིན་གཅན་ཚའི་སྐྱ་རྒྱའི་སྒང་ཞེས་པའི་ས་ཆར་དམག་མི་དང་མི་སེར་འཁྲུགས་ཟིང་ལངས་པ་ལ་བརྟེན་ནས་ཕན་ཚུན་ཤི་རྨས་ཚབས་ཆེན་ཐེབས་པའི་ཉིན་ཞིག་ལ། རང་དགོན་ངང་རུང་གླིང་གི་དགེ་འདུན་པ་ཡོངས་ལ་སྨན་བླའི་སྒོ་ནས་ཁྲུས་དབང་དང་། ཚ་བསུར། བསྔོ་སྨོན་མཛད་དུ་བཅུག་རྗེས་ཁོང་གིས་སྨན་མདོ་ཞལ་འདོན་གནང་ནས་གྲྭ་མང་ལ་ཕྱོགས་སུ་རིས་པའི་བསམ་པ་སྤངས་ཏེ་འགྲོ་བ་སུ་ཡིན་ཡང་རང་གི་ཕ་མར་བསྒོམས་དགོས་པའི་ཐེག་ཆེན་ཆོས་ཀྱི་བསླབ་བྱ་གང་མང་གནང་བ་བཅས་དམ་པ་འདིའི་རྒྱུད་དུ་བྱམས་སྙིང་རྗེ་ཚད་མེད་མཆིས་པའི་ལོ་རྒྱུས་དང་ནད་པ་ཚབས་ཆེན་རིགས་གསོས་པའི་རྣམ་ཐར་སོགས་བགྲང་གིས་མི་ལངས།
ཁོང་ལ་སྨན་སྦྱོར་ལག་ལེན་གྱི་ཐད་ནས་ཀྱང་ཁྱད་ཆོས་མི་འདྲ་བ་དག་ཡོད་དེ་དཔེར་ན་སྦྱོར་སྡེ་གང་གི་ནང་ཏིག་ཏ་ཞེས་ཡོད་དུས་རྒྱ་ཏིག་བལ་ཏིག་བོད་ཏིག་གསུམ་བསྲེས་ནས་འདྲ་མཉམ་སུ་གཏོང་བ་དང་། དངུལ་ཆུ་བཞི་སྦྱོར་གྱི་འདུལ་བསྲེག་སྦྱོར་ལུགས་ནི་ཟིན་ཏིག་གཅེས་བསྡུས་ལྟར་ན་ཅུང་འགྲུབ་དཀའ་ཞིང་ཁོང་གི་ཕྱག་ལེན་ཇི་བཞིན་བྱས་པས་ལེགས་འགྲུབ་མི་ཡོང་བ་གཅིག་ཀྱང་མེད་པ། བླ་བྲང་བཀྲ་ཤིས་འཁྱིལ་སྨན་པ་གྲྭ་ཚང་གིས་གདན་ཞུས་ལྟར་འབའ་སམ་སྨན་མར་སོགས་སྨན་སྦྱོར་ཁག་ཅིག་གི་ཕྱག་ལེན་ཡང་ཁོང་གིས་སྐུ་དངོས་སུ་དེ་གར་སྤེལ་བ། དེ་བཞིན་གསུང་རྩོམ་གྱི་སྐོར་མང་དུ་བཞུགས་པ་ལས་སྨན་དཔེ་པོ་ཏི་ཉེར་གཅིག་ཙམ་ཡོད་པ་རིག་གནས་གསར་བརྗེའི་དུས་ཟིང་སྐབས་ཕལ་ཆེ་བ་རྩ་བརླག་ཏུ་གྱུར་པ་དང་ཁ་ཤས་ད་ལྟ་སྲིད་ཀྱང་གར་ཡོད་གསལ་པོ་བཤད་རྒྱུ་མི་འདུག་ཅེས་གོང་གསལ་གནས་ཚུལ་ཁག་རྣམས་དམ་པ་གང་གི་དངོས་སློབ་ཏུ་གྱུར་པ་རྒན་བློ་བཟང་དམ་ཆོས་ཀྱིས་གསུངས།
དེ་ལྟར་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་མཆོག་དགུང་ལོ་ང་དྲུག་ལ་ཕེབས་པའི་ལོ་སྟེ་སྤྱི་ལོ་ 1958 ལོའི་ཟླ་ 6 ཚེས་ 26 ཉིན་དགོངས་པ་གཞན་དོན་དུ་གཤེགས་སོ།།
གསུང་ལས་སྐྱེས་པའི་སློབ་མ་ཡང་འཇམ་དབྱངས་དགེ་འདུན་རྒྱ་མཚོ་དང་། ཀོའུ་བ་བློ་བཟང་ཐུབ་བསྟན་དབང་ཕྱུག གསང་སྒྲོགས་བློ་བཟང་བསྟན་པའི་རྒྱལ་མཚན། བཀྲ་ཤིས་འཁྱིལ་ཨ་ལགས་སྒྲོ་ཚང་། ཇོ་སྐོར་ཨ་ལགས་ཚང་། ཨ་ལགས་ཀ་རིང་ཚང་། ན་རྒྱའི་སྤྲུལ་སྐུ་སོགས་བསྟན་པ་འཛིན་པའི་སྐྱེས་ཆེན་དམ་པ་མང་པོ་བྱོན་པ་དང་། སྨན་དཔྱད་ཀྱི་སློབ་བརྒྱུད་མཁས་དབང་ཚུལ་ཁྲིམས་རྒྱ་མཚོ་སྨན་པ་གསེར་སོའང་འབོད་དང་། རྒྱ་རྒྱའི་ཤེས་རབ། རི་མ་བློ་བཟང་། ཤེས་བཞིན་བསམ་གཏན་སོགས་དང་། ད་ལྟ་བཞུགས་པའི་བློ་བཟང་དམ་ཆོས། རྒྱ་ཡེ་བློ་བཟང་ཉི་མ་སོགས་མདོར་ན་དམ་པ་འདིའི་བཀའ་དྲིན་ལས་མདོ་སྨད་ཤར་ལྷོའི་ཁུལ་དུ་གསོ་དཔྱད་རིག་པའི་བསྟན་པ་དང་ལག་ལེན་གྱི་བརྒྱུད་པ་རྣམས་མ་ཉམས་པར་ད་ལྟའང་གནས་མུས་སུ་བཞུགས་སོ།།
- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས། པར་གཞི་གཉིས་པ་》ནས་ཟུར་འདོན་ཞུས།
མཐའ་མའི་འདོན་ཐེངས་།: 06.03.2018 ཉིན། 10:07 AM
<< སྔ་མ།