སྨན་རྩིས་དྲ་བ། - མདུན་ངོས།

འགྲོ་ཕན་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.03.2023
མདུན་ངོས། >>



འགྲོ་ཕན་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༢༣ ཉིན་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་ྋརྒྱལ་དབང་སྐུ་ཕྲེང་ ༡༣ པ་ཆེན་པོས་ལྷ་ལྡན་སྨན་རྩིས་ཁང་ཕྱག་བཏབ་ནས་ལོ་ངོ་ ༡༠༧ དང་། ྋརྒྱལ་དབང་སྐུ་ཕྲེང་ ༡༤ པ་ཆེན་པོས་བཞུགས་སྒར་དྷ་སར་འགྲོ་ཕན་སྨན་རྩིས་ཁང་གསར་འཛུགས་བསྐྱངས་ནས་ལོ་ངོ་ ༦༢ ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩི་མཛད་སྒོ་ཚོགས་གནང་སོང་།

དེ་ཉིན་གྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་བོད་མི་སྒྲིག་འཛུགས་འཕྲོད་བསྟེན་དྲུང་ཆེ་ཟླ་བ་ཚུལ་ཁྲིམས་མཆོག་དང་། དམིགས་བསལ་སྐུ་མགྲོན་སྐུ་སྒེར་དྲུང་ཆེ་སྐུ་ངོ་བློ་བཟང་སྦྱིན་པ་མཆོག་དང་། མངའ་སྡེ་ཨཱཡུཥ་ལྷན་ཁང་ཀཱང་རཱ་རྫོང་གི་ངེས་སྟོན་པ་གཞོན་པ་ Dr. Anil Kumar Garg མཆོག་དང་། ཕྱི་སྲིད་ལས་ཁུངས་ཀྱི་དམིགས་བསལ་སྐུ་ཚབ་ Mr. Deepak Padma Kumar མཆོག་ཡིན་པ་དང་། དེ་བཞིན་རྒྱལ་བའི་སྐུ་བཅར་སྨན་པ་རྣམས་དང་། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འགན་འཛིན་ནམ་སྐུ་ཚབ། གསར་འགོད་པ། ཕྱོགས་ནས་ཕེབས་པའི་ཡན་ལག་སྨན་ཁང་འགན་འཛིན་སྨན་པ་རྣམས། འགྲོ་ཕན་སྨན་རྩིས་ཁང་གི་རིག་གཞུང་དང་འཛིན་སྐྱོང་སྡེ་ཚན་ཁག་གི་འགན་འཛིན་རྣམས། དེ་བཞིན་དགེ་སློབ་ལས་བྱེད་བཅས་ཚོགས་བཅར་བ་ཉིས་བརྒྱ་ལྷག་ཙམ་ལྷན་འཛོམས་ཀྱིས་སྔ་དྲོ་ཕྱག་ཚོད་ ༡༠ ཐོག་དུས་དྲན་སྲུང་བརྩི་རྟེན་འབྲེལ་མཛད་སྒོ་དབུ་འཛུགས་བསྐྱངས་གནང་སོང་།

དེ་ཡང་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་དང་། དམིགས་བསལ་སྐུ་མགྲོན་མཆོག དེ་བཞིན་འགྲོ་ཕན་སྨན་རྩིས་ཁང་གི་འགན་འཛིན་ཐུབ་བསྟན་ཚེ་རིང་མཆོག་གསུམ་ནས་རྒྱལ་བའི་ྋསྐུ་པར་མཐོང་གྲོལ་ཆེན་མོའི་དྲུང་དུ་སྣང་གསལ་མར་མེ་ཞལ་འབྱེད་གནང་བ་དང་། ཚོགས་བཅར་བ་ཡོངས་སྐུ་བཞེངས་ཐོག་བོད་ཀྱི་བདེན་མཐའ་མྱུར་དུ་གསལ་སླད་རང་གི་ལུས་སྲོག་ལོངས་སྤྱོད་ཀྱང་རྩྭའི་སྤྱིལ་བུའི་འདུ་ཤེས་ཀྱིས་ཕངས་མེད་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་ཡི་རངས་གུས་འདུད་མཚོན་བྱེད་ངག་བཅད་སྐར་མ་གཅིག་བཞུགས་རྗེས་བོད་དང་གནས་ཡུལ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་ལེན། དེ་ནས་བོད་ཀྱི་གསོ་བ་རིག་པའི་མེས་པོ་དམ་པ་རྗེ་བཙུན་གཡུ་ཐོག་ཡོན་ཏན་མགོན་པོའི་གསོལ་འབེབས་རྟ་དབྱངས་བཅས་འདོན་ཞོར་ཚོགས་བཅར་བ་ཡོངས་ལ་རྟེན་འབྲེལ་ཁ་ཟས་གྲོ་མ་འབྲས་སིལ་འདེགས་འབུལ་ཞུས་སོང་།

དེ་ནས་འགྲོ་ཕན་སྨན་རྩིས་ཁང་གི་འགན་འཛིན་མཆོག་གི་དགའ་བསུའི་གསུང་བཤད་ནང་དུ། རྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་ཕྲེང་རིམ་བྱོན་གྱིས་ལྷ་ལྡན་སྨན་རྩིས་ཁང་དང་བྱེས་ཀྱི་འགྲོ་ཕན་སྨན་རྩིས་ཁང་གཉིས་ཇི་ལྟར་ཕྱག་བཏབ་ཚུལ་དང་། སྒྲིག་འཛུགས་འདི་ཉིད་ཡར་རྒྱས་ཀྱི་རྒྱ་སྐྱེད་ཚུལ། དེ་བཞིན་ད་ལྟའི་ཆར་འགྲོ་ཕན་སྨན་རྩིས་ཁང་དུ་སྨན་པ་ ༡༤༨ དང་། སྐར་རྩིས་པ་ ༣༡ ཡོད་ལ་ཡན་ལག་སྨན་ཁང་ ༦༣ ཡོད་པ་རྣམས་ཀྱིས་ལོ་ལྟར་གཙོ་བོ་སྐྱ་སེར་དབྱེར་མེད་བོད་རིགས་མང་ཚོགས་ལ་སྨན་སྦྱིན་ཧིན་སྒོར་ས་ཡ་ ༥༠ (50 Millions INR) མིན་ཙམ་གཏོང་བཞིན་ཡོད་པ་གསུངས་སོང་། ལྷག་པར་འདས་པའི་ལོ་ངོ་གཅིག་ནང་དྷ་ས་དང་སྦེང་ལོར་སྨན་རྩིས་མཐོ་སློབ་ཁང་གཉིས་རྒྱ་གར་སྲོལ་རྒྱུན་སྨན་གྱི་ལྷན་ཁང་གི་ཁྲིམས་སྒྲིག་འོག་དེབ་སྐྱེལ་ལས་དོན་ལེགས་གྲུབ་ཟིན་ནས་མཐོ་སློབ་སོ་སོར་སྨན་སློབ་གསར་པ་བསྡུས་ཏེ་སློབ་ཁྲིད་འགྲོ་བཞིན་ཡོད་པ་དང་། གཞན་ཡང་རྒྱ་གར་དབུས་གཞུང་ནས་འགྲོ་ཕན་སྨན་རྩིས་ཁང་གི་ད་ལྟའི་ལས་ཐོག་སྨན་པ་ ༧༦ ལྷག་ལ་དེབ་སྐྱེལ་ལག་ཁྱེར་ཐོབ་པའི་གཏམ་བཟང་གི་གནས་ཚུལ་བྱུང་ཡོད་ཚུལ་དང་། འདས་པའི་ལོ་ངོ་གཅིག་གི་ནང་དབུས་ཀྱི་རིག་གཞུང་སྡེ་ཚན་སོ་སོའི་ནང་དུ་འཐུས་ཤོར་མེད་པར་མུ་མཐུད་ལས་གཞི་ཁག་ཚགས་ཚུད་འགྲོ་བཞིན་ཡོད་པའི་སྐོར་སྙིང་བསྡུས་རེ་སྒྲོགས་སྦྱང་གནང་། དེ་བཞིན་འགན་འཛིན་མཆོག་ནས། “ལོ་འདིར་འགྲོ་ཕན་སྨན་རྩིས་ཁང་ལ་དམིགས་བསལ་དཔལ་འབྱོར་ཐོག་ནས་མཐུན་འགྱུར་གནང་མཁན་ཨ་རིའི་གཞུང་གི་རོགས་ཚོགས་དང་། བོད་ཀྱི་ཐེབས་རྩ། (USAID and Tibet Fund) འཇར་མཱན་བོད་མིའི་རོགས་ཚོགས་(German Aids to Tibet) གཙོས་པའི་སྤྱི་སྒེར་སྦྱིན་བདག་རྣམ་པ་དང་། དེ་བཞིན་རྒྱལ་ས་ཁག་ཏུ་ཡན་ལག་སྨན་ཁང་འཛུགས་གཉེར་གནང་རྒྱུའི་མཐུན་འགྱུར་རྒྱབ་སྐྱོར་གནང་བཞིན་པའི་རྒྱ་གར་སྦྱིན་བདག་བཅས་རྣམ་པ་ལྷན་རྒྱས་ཡོངས་ལ་གོ་སྐབས་འདི་བརྒྱུད་ནས་འགོ་ལས་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ལན་གྲངས་དུ་མར་ཞུ་རྒྱུ་ཡིན།” ཞེས་སོགས་གསུངས་པའི་གསུང་བཤད་རྒྱས་པ་དེ་ལོགས་སུ་ཡོད་པ་དེར་གཟིགས་པར་ཞུ།

དེ་ནས་དམིགས་བསལ་སྐུ་མགྲོན་ Dr. Anil Kumar Garg མཆོག་གིས་གསུངས་དོན་ལ། སྨན་རྩིས་ཁང་འདིར་དེ་སྔ་ཡང་ལན་མང་སླེབས་མྱོང་ཡོད་ལ་ག་དུས་འབྱོར་ཡང་དགའ་འོས་པ་ཞིག་རེད་གསུངས། དེ་རིང་བསླབ་པ་མཐར་སོན་པའི་སློབ་གཉེར་བ་རྣམས་ལ་འཚམ་འདྲི་ཞུ་བ་དང་སྦྲགས་ཁོང་ཚོས་གསོ་བ་རིག་པ་ཁོ་ནའི་ཐོག་ཕྱག་ལས་གནང་རྒྱུ་ཡིན་པ་ཡིད་ཆེས་བྱེད་བཞིན་ཡོད། ང་ཚོ་ཚང་མས་ཏོག་དབྱིབས་གཉན་རིམས་དུས་སྐབས་མཐོང་བ་བཞིན། ཨ་རི་གཙོས་པའི་ཡར་ཐོན་ཅན་གྱི་རྒྱལ་ཁབ་མང་པོའི་ནང་འཕྲོད་བསྟེན་མཐུན་རྐྱེན་གཞན་ལས་ལྷག་པ་ཡོད་ཀྱང་མི་སེར་མང་པོའི་ཚེ་སྲོག་ཤོར་ཡོད། དེ་ཡིན་དུས་རང་རང་གི་སྨན་ལུགས་རྣམས་ངོས་འཛིན་བྱེད་དགོས་པའི་དུས་ལ་བབ་ཡོད། རྒྱ་གར་དབུས་གཞུང་གིས་ཕྱི་ལོ་ ༢༠༡༠-༢༠༡༡ ནང་དུ་གསོ་བ་རིག་པ་འདི་ལ་ངོས་ལེན་གནང་ཡོད། འགྲོ་ཕན་སྨན་རྩིས་ཁང་གི་ལྟེ་གནས་འདི་ལ་སྨན་སྦྱོར་ཁང་དང་ཉམས་ཞིབ་ལས་གཞི་ཧ་ཅང་ཡག་པོ་ཡོད་ལ། དེ་བཞིན་སྐར་དཔྱད་རྩིས་རིག་ཀྱང་ཡོད་པ་ཡིན། འོན་ཀྱང་ངའི་བསླབ་བྱ་ནི་སློབ་ཐོན་པའི་སྨན་སློབ་རྣམས་ལ་ཡིན། རྒྱུགས་སྤྲོད་ངོ་མ་དེ་གང་ལ་བསླབ་པའི་རིག་པ་འདི་ཉིད་ཐོག་ལ་སྤྱི་ཚོགས་ལ་ཕན་ཐོགས་ཡོང་ཕྱིར་ཕྱག་ལས་ཇི་འདྲ་གནང་རྒྱུ་ཡིན་པ་དེ་ཡིན། ཁྱེད་རང་ཚོའི་གསོ་བ་རིག་པ་འདི་བོད་ཙམ་ལ་མཐའ་སྐོར་ནས་མ་ཡིན་པར། སོག་ཡུལ་དང་། ལ་དྭགས། རྒྱ་ནག་གི་ཆ་ཤས་འགའ་རེར་དང་། ཨ་རུ་སུ་ལའང་ཁྱབ་འཕེལ་ཕྱིན་ཡོད་པའི་གསོ་བ་རིག་པ་འདི་ཆ་ཤས་ཡོངས་སུ་རྫོགས་པ་ཤིག་ཡིན། སླར་ཡང་ནན་ཏན་གྱི་བསླབ་བྱ་རྒྱག་ཡག་ལ་ཁྱེད་རང་ཚོས་གསོ་བ་རིག་པ་རང་གི་སྟེང་ལ་ཕྱག་ལས་གནང་དགོས་པ་ལས་དམིགས་བསལ་དེང་རབས་སྨན་ལུགས་སོགས་ཀྱི་སྟེང་ཕྱག་ལས་གནང་རྒྱུ་མེད་པ་ཡིན་ཞེས་གསུངས་གནང་སོང་། དེ་ནས་ཁོང་གིས་སྨན་པ་སྐབས་ཉི་ཤུའི་སློབ་མ་གྲངས་ ༢༤ ལ་བསླབ་པ་མཐར་སོན་གྱི་ཕྱག་ཁྱེར་གསོལ་རས་བསྩལ། མ་ཟད་གསོ་བ་རིག་པའི་རྒྱུད་གསུམ་བློ་རྒྱུགས་འབུལ་མཁན་སྨན་སློབ་བདུན་བྱུང་བ་རྣམས་ལའང་ལེགས་སོའི་ཕྱག་ཁྱེར་ཀྱང་བསྩལ།

དེ་ནས་དཔེ་ཐོག་ཞིབ་འཇུག་དང་པར་སྐྲུན་སྡེ་ཚན་ནས་པར་བཏབ་པའི་ལྷ་ལྡན་སྨན་རྩིས་ཁང་གི་ཆོས་སྤྱོད་ཅེས་པ་བསྐྱར་བཅོས་པར་ཐེངས་གཉིས་པར་ལེ་ཚན་སོ་གསུམ་བདག་ཉིད་ཅན་དེ་དང་། འབྱུང་རྩིས་མན་ངག་ཟླ་བའི་འོད་ཟེར་གྱི་མཚན་དོན་དང་མཆོད་བརྗོད་དམ་བཅའི་མཆན་འགྲེལ་གཉིས་སྡེ་ཚན་འགན་འཛིན་དང་དམིགས་བསལ་སྐུ་མགྲོན་སྐུ་སྒེར་དྲུང་ཆེ་མཆོག་གིས་དབུ་འབྱེད་གནང་ཡོད།

དེ་ནས་འགྲོ་ཕན་སྨན་རྩིས་ཁང་གི་ལས་གནས་སྣ་ཚོགས་སུ་ལས་ཁུར་སྣ་མང་ཞུས་པའི་ཞབས་ལོ་སུམ་ཅུ་སོན་པ་གསུམ་དང་། ཞབས་ལོ་ཉི་ཤུ་ལོན་པ་བཞི་སྟེ། འདི་ལོ་ལས་བྱེད་ཁྱོན་བདུན་བྱུང་བ་རྣམས་ཀྱི་ངོ་སྤྲོད་སྙིང་བསྡུས་རེ་སྒྲོགས་སྦྱང་ཞུས་པ་དང་སྦྲགས། དམིགས་བསལ་སྐུ་མགྲོན་ Mr. Deepak Padma Kumar མཆོག་ནས་གཟེངས་བསྟོད་ཕྱག་ཁྱེར་གསོལ་བསྩལ་གནང་། གཞན་ཡང་སྔ་ལོ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་རང་རེ་སྐུ་བཅར་སྨན་པ་ཚེ་དབང་རྟ་མགྲིན་མཆོག་ལ་འགྲོ་ཕན་སྨན་རྩིས་ཁང་གི་སྒྲིག་འཛུགས་སྲ་བརྟན་ཐུབ་ཕྱིར་མི་ལོ་ ༤༥ ལྷག་ཞབས་ཞུ་ལྷད་མེད་བསྒྲུབས་དང་སྒྲུབ་བཞིན་པར་གཟེངས་བསྟོད་ཕྱག་ཁྱེར་འབུལ་བཞེས་བྱུང་བར་འགྲོ་ཕན་སྨན་རྩིས་ཁང་གི་འགོ་ལས་ཡོངས་ནས་ཡི་རངས་བསྔགས་བརྗོད་དང་སྦྲགས། སླར་ཡང་ད་རེས་འགྲོ་ཕན་སྨན་རྩིས་ཁང་ནས་མངོན་བསྟོད་ཕྱག་ཁྱེར་ཞིག་སྐུ་མགྲོན་གཙོ་བོ་མཆོག་ནས་གསོལ་བསྩལ་སོང་།

མཐར་དུས་དྲན་སྲུང་བརྩི་མཛད་སྒོའི་སྐུ་མགྲོན་གཙོ་བོ་མཆོག་གིས་གསུང་བཤད་གནང་དོན། སྤྱིར་མཛད་སྒོའི་སྐུ་མགྲོན་གཙོ་བོ་མི་རྗེ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕེབས་འཆར་ཡོད་ཀྱང་ཁོང་གྲོས་ཚོགས་སུ་ཚོགས་བཅར་ཞུ་དགོས་པ་མ་ཟད་སྐུ་ངོས་ཀྱིས་ཕྲན་ལ་འདིར་བཅར་དགོས་པ་བཀའ་གནང་བྱུང་། རང་ཉིད་འཕྲོད་བསྟེན་ལས་ཁུངས་སུ་ལས་ཁུར་ཞུས་ནས་ཟླ་ལྔ་ཙམ་འགྲོ་བཞིན་ཡོད་ལ། འགྲོ་ཕན་སྨན་རྩིས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཞོན་ཀྱང་ཆགས་བསྡད་ཡོད། སྨན་རྩིས་ཁང་ནི་བཙན་བྱོལ་སྤྱི་ཚོགས་ནང་དུ་ཕན་ཐོགས་སྒྲུབ་ཐུབ་མཁན་གྱི་ཚོགས་པ་ཞིག་ཆགས་ཡོད་གསུངས། དེ་བཞིན་མུ་མཐུད་གསུངས་དོན། ཚོགས་པ་འདི་ཡིས་མི་མང་བདེ་དོན་དང་ཚོང་སྒྱུར་གཉིས་ཀྱི་ཐོག་ལ་བསམ་བློ་གཏོང་དགོས་འདུག བྱས་ཙང་དགོས་གཉིས་ཅན་ལྟ་བུ་ཆགས་ཡོད་པ་སོགས་རྒྱས་པ་གསུངས་སོང་།

ལྷག་པར་མཛད་སྒོའི་བར་བར་དུ་འདི་གའི་ལས་བྱེད་རུ་ཁག་གསུམ་ནས་བོད་ཀྱི་སྲོལ་རྒྱུན་གཞས་སྣ་འཁྲབ་སྟོན་དང་རྐྱང་གཞས་ཀྱང་སྤྱན་འབུལ་ཞུས་པས་ཚང་མ་ཐུགས་མཉེས་པོ་བྱུང་ཡོད་ལ། མཐའ་དོན་སྤྱི་ཁྱབ་དྲུང་ཆེ་ཚེ་རིང་ཕུན་ཚོགས་མཆོག་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ནས་སྨན་རྩིས་བསྟན་རྒྱས་སྨོན་ལམ་དང་རྒྱལ་བའི་ཞབས་བརྟན་སྐད་གསང་མཐོ་པོས་ཀློག་འདོན་གནང་ཞིང་མཛད་སྒོ་རྒྱལ་ཁའི་ངང་གྲོལ་སོང་ངོ་།།

 

འདིར་ནོན། འགྲོ་ཕན་སྨན་རྩིས་ཁང་གི་འགན་འཛིན་མཆོག་གི་གསུང་བཤད་གསན།

འདིར་ནོན། སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་དྲུང་ཆེ་མཆོག་གི་གསུང་བཤད་གསན།

འདིར་ནོན། དམིགས་བསལ་སྐུ་མགྲོན་ Dr. Anil Kumar Garg མཆོག་གི་གསུང་བཤད་གསན།





 

མཐའ་མའི་འདོན་ཐེངས་།: 30.03.2023 ཉིན། 4:17 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།