སྨན་རྩིས་དྲ་བ། - མདུན་ངོས།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.03.2025
མདུན་ངོས། >>


འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།


བོད་རྒྱལ་ལོ་ ༢༡༥༢ ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༢༥ ཉིན་མཐོ་སློབ་ཚོགས་ཁང་དུ་ྋརྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་ལྷ་ལྡན་འགྲོ་ཕན་སྨན་རྩིས་ཁང་ཕྱི་ལོ་ ༡༩༡༦ ལོར་ཕྱག་བཏབ་ནས་ལོ་ངོ་ ༡༠༩ དང་། བཙན་བྱོལ་དུ་ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་ཕྱི་ལོ་ ༡༩༦༡ ལོར་བཞུགས་སྒར་དྷ་རམ་ས་ལར་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་ལོ་ངོ་ ༦༤ འཁོར་བའི་དུས་དྲན་སྲུང་བརྩི་མཛད་སྒོ་ཚོགས་གནང་སོང་།

མཛད་སྒོར་སྐུ་མགྲོན་གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་སྐུ་ངོ་བྱམས་པ་ཕུན་ཚོགས་མཆོག་དང་། དམིགས་བསལ་སྐུ་མགྲོན་ཕྱི་སྲིད་ལས་ཁུངས་ཀྱི་དམིགས་བསལ་སྐུ་ཚབ་ Mr. Yashbir Singh མཆོག དེ་བཞིན་ྋརྒྱལ་བའི་སྐུ་བཅར་སྨན་པ་རྣམ་པ། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འགན་འཛིན་ནམ་སྐུ་ཚབ། གསར་འགོད་པ། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་རིག་གཞུང་དང་འཛིན་སྐྱོང་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། དེ་བཞིན་དགེ་སློབ་ལས་བྱེད་བཅས་ལྷན་འཛོམས་ཀྱིས་སྔ་དྲོ་ཕྱག་ཚོད་ ༡༠ ཐོག་དུས་དྲན་སྲུང་བརྩི་མཛད་སྒོ་དབུ་འཛུགས་གནང་སོང་།

དེ་ཡང་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་ནས་རྒྱལ་བའི་ྋསྐུ་པར་མཐོང་གྲོལ་ཆེན་མོའི་དྲུང་དུ་སྣང་གསལ་སྒྲོན་མེ་ཞལ་འབྱེད་གནང་བ་དང་། ཚོགས་བཅར་བ་ཚང་མ་སྐུ་བཞེངས་ཐོག་བོད་དང་བོད་མིའི་རྩ་དོན་ཆེད་གཅེས་པའི་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་ཕོ་མོ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་དང་མྱ་ངན་གུས་འདུད་ཞུ་ཕྱིར་ངག་བཅད་སྐར་མ་གཅིག་གནང་རྗེས་བོད་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་ལེན། རྗེ་བཙུན་གཡུ་ཐོག་ཡོན་ཏན་མགོན་པོའི་གསོལ་འདེབས་རྟ་དབྱངས་བཅས་འདོན་ཞོར་ཚོགས་བཅར་བ་ཡོངས་ལ་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་སོང་།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་སྤྱི་ཁྱབ་འགན་འཛིན་སྐུ་ངོ་ཐུབ་བསྟན་ཚེ་རིང་མཆོག་ནས་མཚམས་འདྲིའི་གསུང་བཤད་དང་ལས་བསྡོམས་སྙན་སྒྲོན་གནང་བའི་ནང་། ྋརྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་ཕྲེང་རིམ་བྱོན་གྱིས་ལྷ་ལྡན་སྨན་རྩིས་ཁང་དང་བཙན་བྱོལ་དུ་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གཉིས་ཕྱག་བཏབ་ཚུལ་དང་། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་ལས་བྱེད་ཡོངས་ཀྱི་རྒྱབ་སྐྱོར་མཐུན་འགྱུར་ལ་བརྟེན་ནས་འཛིན་སྐྱོང་ཚགས་ཚུད་དང་མཉམ་རུབ་ཀྱིས་སྒྲིག་འཛུགས་འདི་ཉིད་ཀྱི་དཔལ་འབྱོར་གནས་སྟངས་ལ་ཡར་རྒྱས་སུ་སོང་བ། དབུས་ཀྱི་ལས་ཁུངས་ཁག་དང་ཡན་ལག་སྨན་ཁང་ཁག་ལ་བཟོ་བཅོས་དང་རྒྱ་སྐྱེད་སོགས་ཀྱི་ལས་གཞིའི་སྐོར། ད་ལྟའི་ཆར་སྨན་རྩིས་ཁང་དུ་སྨན་པ་ ༡༢༩ དང་། སྐར་རྩིས་པ་ ༢༨། ལས་བྱེད་དང་ལས་མི་གྲངས་ ༤༦༢ བཅས་སྨན་ལས་དང་ལས་མི་ཁྱོན་བསྡོམས་ ༦༡༩ ཞབས་འདེགས་ཞུ་བཞིན་ཡོད་པ། ལོ་འདིར་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་ལ་དམིགས་བསལ་དཔལ་འབྱོར་ཐོག་ནས་མཐུན་འགྱུར་རོགས་རམ་གནང་མཁན་ཚོགས་སྒེར་ཡོངས་ལ་བཀའ་དྲིན་རྗེས་དྲན་ཞུས་པ་བཅས་ཀྱི་ལས་བསྡོམས་སྙན་སྒྲོན་གནང་སོང་། 



            དེ་ནས་སྐུ་མགྲོན་གཙོ་བོ་མཆོག་ནས་སྨན་སློབ་སྐབས་ ༢༢ དང་རྩིས་སློབ་སྐབས་ ༡༢ ཀྱི་སློབ་ཐོན་སྨན་རྩིས་པ་རྣམས་དང་། དེའི་ཁྲོད་རྒྱུད་གསུམ་ཆ་ཚང་འབུལ་མཁན་སྨན་པ་ ༣ དང་། སྨན་སློབ་སྐབས་ ༢༤ ལོ་འཁོར་ཡིག་རྒྱུགས་རྩེར་སོན་རྣམ་པ། སྨན་སློབ་སྐབས་ ༢༥ མན་ཌི་གཙུག་ལག་སློབ་ཆེན་གྱི་ཡིག་རྒྱུགས་གྲུབ་འབྲས་རྩེར་སོན་རྣམ་པ། གཞན་ཡང་བུ་དང་བོུའི་སྤྱི་ཁྱབ་རྒན་བདག་བཅས་ལ་ཕྱག་འཁྱེར་གསོལ་སྩལ་གནང་སོང་།



            དམིགས་བསལ་སྐུ་མགྲོན་མཆོག་ནས་དཔེ་དེབ་ཞིབ་འཇུག་དང་པར་སྐྲུན་སྡེ་ཚན་ནས་པར་སྐྲུན་ཞུས་པའི་ཕྱག་དེབ་ཁག་སྟེ། ྋགོང་ས་མཆོག་བོད་ལུགས་ལྟར་དགུང་གྲངས་ ༩༠ ཕེབས་སྐབས་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་ནས་བརྟན་བཞུགས་བསྟར་འབུལ་ཞུས་པའི་སྐབས་ཀྱི་དྲན་རྟེན་བརྙན་དེབ་《གོ་སྟོན་བརྟན་བཞུགས་ཀྱི་དྲན་རྟེན་བརྙན་དེབ།》 ཅེས་པ་དང་། སྨན་པ་འབུམ་རམས་པ་ཚེ་རིང་ནོར་བུ་མཆོག་གིས་བརྩམས་པའི་དཔེ་དེབ་《གསོ་རིག་རྒྱུད་བཞིའི་བཤད་རྒྱུད་ལེའུ་ཉི་ཤུ་པ་དང་། སྔོ་སྨན་འཁྲུངས་དཔེ་བསྡུས་པ་ངོ་མཚར་གསེར་གྱི་སྙེ་མའི་ནང་གསལ་སྨན་རྫས་ཁག་གི་པར་རིས་དང་ཁ་སྐོང་གསལ་བཤད།》 ཅེས་དང་། སྨན་པ་མགོན་པོ་ཚེ་རིང་ལགས་ནས་བསྒྱུར་སྒྲིག་བྱས་པའི་ཕྱག་དེབ་ 《ཀྲུང་ལུགས་གསོ་རིག་ལས་དོན་སྣོད་ཀྱི་རྣམ་གཞག》བཅས་དབུ་འབྱེད་གནང་སོང་།

            དེ་ནས་སྐུ་མགྲོན་གཙོ་བོ་མཆོག་ནས་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་ལས་གནས་སུ་ལོ་མང་ཞབས་ཞུ་གནང་མཁན་ལས་བྱེད་ཞབས་ལོ་སུམ་ཅུ་སོན་པ་ལྔ་དང་། ཞབས་ལོ་ཉི་ཤུ་ལོན་པ་བཅུ་གཉིས་བཅས་ལ་གཟེངས་བསྟོད་ལེགས་གསོལ་ཕྱག་འཁྱེར་གསོལ་བསྩལ་གནང་།

            སྐུ་མགྲོན་གཙོ་བོ་མཆོག་གི་བཀའ་སློབ་གསུང་བཤད་གནང་དོན། “བོད་རང་དབང་མ་ཤོར་གོང་གི་མི་རབས་རྒན་པ་རྣམས་ཀྱིས་སྐུ་ལས་མང་དག་ཅིག་བསྐྱོན་ཏེ་གསོ་བ་རིག་པའི་ཐུན་མོང་མ་ཡིན་པའི་རིག་གཞུང་འདི་ཉིད་ད་བར་བདག་འཛིན་གནང་སྟེ་ད་ལྟ་ངོམས་སུ་ཆོག་པའི་བོད་པའི་རིག་གཞུང་ཞིག་ཆགས་ཡོད་པ་ལ་བསྔགས་བརྗོད་གནང་བ་དང་། རྒྱ་གར་ཡུལ་མི་དང་ཕྱི་རྒྱལ་བ་ཚོས་ནང་དོན་རིག་པ་དང་གསོ་བ་རིག་པ་ཚུད་པའི་བོད་ཀྱི་རིག་གཞུང་ལ་ཧ་ཅང་གི་དགའ་ཚོར་དང་གདེང་འཇོག་གནང་གི་ཡོད་པ་བཅས་ཚང་མས་སོ་སོའི་རིག་གཞུང་ལ་སྤོབས་པ་སྐྱེད་དགོས་པ་དང་། ངེས་པར་དུ་སྲུང་སྐྱོབ་དང་སློབ་སྦྱོང་ལ་དོ་སྣང་བྱེད་དགོས་གལ། ད་ལྟ་སྨན་རྩིས་ཁང་འགན་འཛིན་གཙོས་པའི་སྨན་ལས་ཡོངས་ཀྱིས་འཛིན་སྐྱོང་ཚགས་ཚུད་དང་མ་འོངས་ཕུགས་འཕེར་བརྟན་པོ་ཡོང་སླད་སྐུ་ལས་མང་དག་ཅིག་བསྐྱོན་གྱི་ཡོད་པ་ལ་བསྔགས་བརྗོད་གནང་བ་དང་། དེ་ལ་ཚང་མས་གུས་ཞབས་དང་རྒྱབ་སྐྱོར་གནང་དགོས་གལ་གྱིས་དྲན་སྐུལ་གནང་། ད་དུང་ཁོང་གིས་སྨན་རྩིས་ཁང་དང་གསོ་རིག་ལྷན་ཚོགས་སོགས་ནས་གཞུང་སྒེར་གཉིས་ཀའི་སྨན་ཁང་ལ་གཅིག་མཚུངས་ཀྱི་སྒྲིག་ཁྲིམས་དང་། ལམ་སྟོན། མཐུན་འགྱུར་གནང་བར་གྲོས་བསྡུར་མང་ཙམ་བྱེད་དགོས་པ་དང་། དེས་གསོ་བ་རིག་པའི་གཞུང་ལུགས་དང་སྨན་པའི་ནུས་པ་གཉིས་ཀར་གང་ལེགས་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་པ་གསུངས། ཁོང་གིས་ཕྱི་ལུགས་སྨན་ཡར་རྒྱས་ཚད་མཐོ་བོ་སླེབས་ཡོད་པ་ལྟར་རང་རེས་རིག་གཞུང་གི་ནུས་པ་གོང་མཐོར་གཏོང་ཐབས་ལ་དགོངས་པ་བཞེད་དགོས་གལ་གྱིས་བཀའ་སློབ་ལམ་སྟོན་གནང་སོང་།

            མཐར་སྤྱི་ཁྱབ་འགན་འཛིན་མཆོག་ནས་སྐུ་མགྲོན་རྣམ་པར་ཐུགས་རྗེ་ལེགས་འབུལ་མཚོན་བྱེད་གསོ་རིག་ཐོན་དངོས་ཕྱག་རྟགས་འབུལ་བ་དང་། སྤྱི་ཁྱབ་དྲུང་ཆེ་དོན་གྲུབ་དཔལ་ལྡན་མཆོག་ནས་མཛད་སྒོའི་སྐུ་མགྲོན་རྣམ་པ་དང་། ཚོགས་བཅར་བ་རྣམས་དང་མཛད་སྒོ་གོ་སྒྲིག་ཐོག་ཕྱག་ལས་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གྲུབ་མཚམས་སྨན་རྩིས་བསྟན་རྒྱས་སྨོན་ལམ་རྟ་དབྱངས་དང་བཅས་མཛད་སྒོ་གྲོལ་སོང་།།


འདིར་ནོན།  འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་སྤྱི་ཁྱབ་འགན་འཛིན་ཐུབ་བསྟན་ཚེ་རིང་མཆོག་གི་གསུང་བཤད་གསན།

འདིར་ནོན། མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་སྐོུ་བྱམས་པ་ཕུན་ཚོགས་མཆོག་གི་གསུང་བཤད་གསན།








མཐའ་མའི་འདོན་ཐེངས་།: 27.03.2025 ཉིན། 4:27 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སློབ་དཔོན་རྟ་དབྱངས་ཀྱི་རྣམ་ཐར།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༣༠ དང་ ༢༠ ལོན་པ་ཁག་གི་ངོ་སྤྲོད།

དྷ་སའི་ཁུལ་དུ་སྐམ་ཁབ་ཀྱི་དཔྱད་བཅོས་ཞབས་འདེགས།

བོད་ཀྱི་གསོ་བ་རིག་པའི་རྩུབ་དཔྱད་མེ་བཙའི་གསང་གནས་དང་ཕན་ཡོན།

སྨན་རྩིས་ལས་སྣེ་ས་མིག་གསལ་བསྒྲགས།

ཁྲི་ཟུར་རྒྱ་ལོ་དོན་གྲུབ་ཆེད་མཆོད་འབུལ་སྨོན་ལམ་ཚོགས་པ།

བོད་ཀྱི་གསོ་བ་རིག་པའི་དཔྱད་མཆོག་གཏར་གའི་གསང་གནས་དང་ཕན་ཡོན།

རྫོགས་རིམ་པའི་རྣམ་གཞག་བཤད་པ།

ཡན་ལག་སྨན་ཁང་གསར་པ་དབུ་འབྱེད།

དཔེ་མཛོད་དོ་དམ་པའི་ས་མིག་གསལ་བསྒྲགས།

དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱན་ལས་སེམས་ཀྱི་འཇིག་རྟེན་བཤད་པ།

ཡིད་སྐྱོའི་གནས་ཚུལ།

གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ།