སྨན་རྩིས་དྲ་བ། - མདུན་ངོས།

འགྱིག་སྙིགས་ཕྲ་མོའི་ཉེན་ཚབས་དང་སྲུང་ཐབས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 22.08.2024
མདུན་ངོས། >>


འགྱིག་སྙིགས་ཕྲ་མོའི་ཉེན་ཚབས་དང་སྲུང་ཐབས།

འགྱིག་ཚི་(Plastic)ཐོག་མར་བཟོ་སྐྲུན་བྱས་པ་ནས་བཟུང་འཛམ་གླིང་འདིའི་ཁྲོད་དུ་དར་ཁྱབ་ཆེ་ཤོས་ཀྱི་རྒྱུ་ཆ་ཞིག་ཏུ་གྱུར་ཡོད། དེ་ཡང་མིའི་རིགས་ཀྱི་འཚོ་བའི་ཆ་རྐྱེན་སྟབས་བདེའི་ཆེད་བཟོ་སྐྲུན་བྱས་པ་ཞིག་ཡིན་ནའང་། དེང་སྐབས་དེ་ནི་འཛམ་གླིང་གི་ཁོར་ཡུག་དང་འགྲོ་བ་མིའི་འཕྲོད་བསྟེན་ལ་གནོད་སྐྱོན་ཚབས་ཆེན་དུ་འགྱུར་བཞིན་པར་སེམས་ཚབས་ཀྱི་གནས་ཚུལ་ཞིག་ཆགས་ཡོད།

འགྱིག་སྙིགས་ཕྲ་མོ་ཞེས་པ་ནི་འགྱིག་ཚིའི་སྙིགས་རོ་ལ་ཟེར་བ་དང་། དེ་ལ་ཨིན་སྐད་དུ་ Microplastic ཟེར་ཞིང་། ཉམས་ཞིབ་པ་ཚོས་འགྱིག་སྙིགས་ཕྲ་མོ་དེ་ད་ལྟ་ང་ཚོའི་འཛམ་གླིང་གི་ཁོར་ཡུག་དང་། སྲོག་ཆགས། རྩི་ཤིང་། ཆུ། རླུང་སོགས་ཀྱི་ནང་དུ་ཡོད་པར་མ་ཟད། ང་ཚོས་ཉིན་རེར་ཟ་བའི་ཟས་རིགས་དང་འཐུང་བཞིན་པའི་ཆུ་སོགས་ཀྱི་ནང་དུ་ཡོད་པར་ཤེས་རྟོགས་བྱུང་ཡོད། དེ་དག་གི་རང་བཞིན་ཁྱད་ཆོས་དང་། ཁོར་ཡུག འཕྲོད་བསྟེན་སོགས་ལ་ཕུགས་ཀྱི་ཤུགས་རྐྱེན་ནམ་གནོད་སྐྱོན་ཐེབས་ཚུལ་གྱི་དཔྱད་གཞི་ཡིག་ཆ་འདང་ངེས་ཤིག་མེད་པས་ཉེན་ཚབས་ཧ་ཅང་ཆེ་བའི་གནས་སུ་གྱུར་ཡོད། ༢༠༡༩ ལོར་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་འགྱིག་སྙིགས་ཕྲ་མོས་ཁོར་ཡུག་དང་འཕྲོད་བསྟེན་ལ་གནོད་སྐྱོན་ཇི་ལྟར་བཟོ་བའི་སྐོར་ལ་ཉམས་ཞིབ་པ་རྣམས་ལ་ཞིབ་འཇུག་གང་མང་ཞིག་བྱེད་དགོས་པའི་རེ་སྐུལ་བྱས་ཡོད།  

༢༠༢༤ ལོར་ཉམས་ཞིབ་ཀྱི་ཡིག་ཆ་ཞིག་གི་ནང་རྒྱ་གར་གྱི་ཚོང་རྟགས་ཆེ་ཆུང་ཚང་མའི་ཚྭ་དང་བྱེ་མ་ཀ་རའི་ནང་དུ་འགྱིག་སྙིགས་ཕྲ་མོ་ཡོད་པར་ཤེས་རྟོགས་བྱུང་ཡོད། དེ་ཡང་རྒྱུན་གཏན་ཉེར་མཁོའི་ཟས་རིགས་ནང་གནོད་པའི་རྫས་ཡོད་སྐོར་གོ་དུས་མི་རྣམས་སེམས་ཚབས་སྐྱེ་བཞིན་ཡོད། དེར་བརྟེན་འདིར་འགྱིག་སྙིགས་ཕྲ་མོའི་ཉེན་ཚབས་དང་དེ་ལས་སྲུང་ཐབས་སྐོར་སྙིང་བསྡུས་ཤིག་གླེང་རྒྱུ་ཡིན།

འགྱིག་སྙིགས་ཕྲ་མོ་ཟེར་བ་དེ་གང་ཡིན་ནམ།

འགྱིག་སྙིགས་ཕྲ་མོ་ནི་བཟོ་གྲྭའི་སྙིགས་རོ་དང་དངོས་ཟོག་གང་བྱུང་དུ་གཡུགས་པའི་ཉེར་ལེན་གྱིས་རང་བྱུང་ཁམས་ཀྱི་ནང་དུ་ཁྱབ་པའི་འགྱིག་གི་ཆེས་ཕྲ་བའི་སྙིགས་རོ་དེ་ཡིན། དེ་ལ་དབྱེ་བ་གཉིས་ཡོད། དང་པོ་ནི། འགྱིག་སྙིགས་ཕྲ་མོ་རྣམས་ནི་ཆེད་དུ་བཟོ་སྐྲུན་བྱས་པའི་འགྱིག་རྫས་ཀྱི་རྡུལ་ཕྲན་རྣམས་ཐོག་མའི་རྣམ་པའི་སྒོ་ནས་ཁོར་ཡུག་ནང་ཡོད། དཔེར་ན། བྱུག་རྫས་ལྟ་བུ་དང་། གཉིས་པ་ནི། འགྱིག་ཚིའི་ཆེས་ཕྲ་བའི་སྙིགས་རོ་ལས་བཟོས་པ་ཡིན། དཔེར་ན། ཆུ་དམ་ལྟ་བུ་ཡིན།

འབྱུང་ཁུངས།

འཛམ་གླིང་འདིའི་ཁྲོད་དུ་གྲངས་ལས་འདས་པའི་བཟོ་གྲྭ་འདྲ་མིན་གྱིས་ཁེངས་ཡོད་སྟབས། དེ་དག་གིས་འགྱིག་གི་སྙིགས་རོ་རྣམས་ཚུལ་བཞིན་བདག་གཉེར་མ་བྱས་པར་གང་སར་གཡུགས་ཏེ་མཇུག་འབྲས་སུ་ས་གཙང་ཆུ་གཙང་མང་པོ་ཞིག་འབགས་བཙོག་ཇེ་ཆེར་འགྲོ་བཞིན་ཡོད། དེ་ཡིས་རྩི་ཤིང་དང་མཚོའི་ནང་གི་སྲོག་ཆགས་མང་པོར་གནོད་སྐྱོན་བྱས་པར་བརྟེན་ཉམས་ཞིབ་པས་འགྱིག་སྙིགས་ཕྲ་མོ་དེ་དག་མཚོའི་ནང་གི་སྲོག་ཆགས་དང་། ཚལ། ཤིང་ཏོག སྦྲང་རྩི། ཤ འབྲུ་ཟས། འཐུང་ཆུ། ཚྭ། བྱེ་མ་ཀ་ར་སོགས་སུ་ཡོད་པ་ཤེས་རྟོགས་བྱུང་ཡོད། དེ་དག་འགྲོ་བ་མིའི་ཉིན་རེའི་འཚོ་བའི་ཁྲོད་འབགས་བཙོག་ལྡན་པའི་རྩི་ཤིང་དང་སྲོག་ཆགས་རིགས་བསྟེན་པ་ལས་རང་ཉིད་ཀྱི་འཕྲོད་བསྟེན་ལ་གནོད་པ་ཡིན། གཞན་ཡང་འགྱིག་སྙིགས་ཕྲ་མོ་ལྡན་པའི་མཁའ་རླུང་དང་ཐལ་རླུང་འབྱིན་རྔུབ་བྱས་པ་དང་། ཟས་རིགས་ཐུམ་སྒྲིལ་བྱེད་པའི་འགྱིག་རྫས་ཅ་དངོས་རིགས་བེད་སྤྱོད་བྱས་པ་ལས་ཀྱང་གནོད་སྐྱོན་བྱུང་བ་ཡིན།

འགྱིག་སྙིགས་ཕྲ་མོས་མིའི་འཕྲོད་བསྟེན་ལ་གནོད་ཚུལ།

འགྱིག་སྙིགས་ཕྲ་མོ་ནི་མིའི་ལུས་ཀྱི་དོན་སྣོད་དང་། ཡན་ལག་དང་ཉིང་ལག་མང་པོ་ཞིག་ནང་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་ནི། སྐྲ་དང་། མཆིལ་མ། གློ་བ། མཆིན་པ། མཆེར་པ། མཁལ་མ། ལོང་། ཁྲག ཐིག་ལེ། ནུ་ཞོ། བྱིས་པ། ཤ་མ། བཤང་བ་བཅས་ཡིན། དེ་དག་ལུས་ལ་ལམ་གསུམ་གྱི་སྒོ་ནས་འཇུག་པ་སྟེ། ཟས་ཟ་བ་དང་། དབུགས་འབྱིན་རྔུབ་བྱེད་པ། པགས་པར་ཐད་ཀར་རེག་པ་ལས་འཇུག་པ་ཡིན། ད་ལྟའི་ཆར་འཛམ་གླིང་དུ་འགྱིག་སྙིགས་ཕྲ་མོས་མིའི་ལུས་ལ་གནོད་ཚབས་ཆེ་ཆུང་ཇི་ལྟར་ཡོད་མེད་ཀྱི་སྐོར་ཉམས་ཞིབ་ཉུང་ཤས་ལས་མེད་པ་དང་། མཁས་པ་རྣམས་བགྲོ་གླེང་དང་ཉམས་ཞིབ་བྱེད་མུས་སུ་ཡིན། དེ་ཡིས་ལུས་ཀྱི་གཉན་ཚད་རྒྱས་ཏེ་ཕོ་བ་དང་རྒྱུ་མའི་ནད། གློ་ནད། སྙིང་ནད། པགས་པའི་ནད། འབྲས་ནད་སོགས་སློང་བ་ཡིན་ཞེས་བརྗོད་ཡོད།

འགོག་ཐབས།

གོང་དུ་བརྗོད་པ་བཞིན་འགྱིག་སྙིགས་ཕྲ་མོ་ནི་ང་ཚོའི་ཁོར་ཡུག་ཕྱོགས་གང་སར་ཁྱབ་ཏེ་བྲལ་ཐབས་མེད་པའི་གནས་སུ་འགྱུར་བའི་ཡིད་སྐྱོའི་གནས་སྟངས་སུ་མངོན་ཡོད་རུང་། དེ་ཡིས་གནོད་ཚབས་ཉུང་དུ་གཏོང་ཆེད་ཐབས་ལམ་ལ་འབད་བརྩོན་བྱེད་དགོས་པ་ནི་ཧ་ཅང་གལ་ཆེན་པོ་ཡིན། དེར་བརྟེན་ཉམས་ཞིབ་མཁས་པ་རྣམས་ཀྱི་ལམ་སྟོན་གནང་བ་ལ་ཐུགས་སྣང་གནང་དགོས་པ་སྟེ།

  • འགྱིག་སྙིགས་ཕྲ་མོའི་ཉེན་ཚབས་སྐོར་གོ་རྟོགས་སྤེལ་དགོས་པ་གལ་ཆེ།
  • བཟོ་སྐྲུན་སྡེ་ཚན་ནས་འགྱིག་གི་གནོད་སྐྱོན་མི་ཡོང་སླད་ཐུམ་སྒྲིལ་སོགས་ལ་བསྒྱུར་བཅོས་གཏང་དགོས་པ།
  • འགྱིག་གི་ཆུ་དམ་དང་། སྣོད་ཆས། ཟས་རིགས་གཙབ་གདན། ཟས་ཐུམ་སོགས་ཐབ་ཆས་རྣམས་སྤངས་ཏེ་ཤེལ་དང་ཤིང་གང་ཐུབ་ཀྱིས་བེད་སྤྱོད་བྱ་དགོས།
  • འགྱིག་གི་སྣོད་ཆས་རྣམས་ལག་པས་ལེགས་པར་བཀྲུ་དགོས།
  • འགྱིག་ནི་རུལ་དཀའ་བའི་གོ་ལའི་སྟེང་དུ་ལོ་མང་གནས་ཐུབ་ཀྱི་ཡོད་པས། གད་སྙིགས་གང་སར་མི་གཡུག་པར་འབད་དགོས།
  • རྒྱུན་དུ་སོ་སོའི་ཁོར་ཡུག་དང་མཁའ་རླུང་གཙང་མ་བཞག་དགོས།

མཐའ་སྡོམ།

ང་ཚོས་འགྱིག་ལས་གྲུབ་པའི་ཅ་དངོས་ལ་འཛེམ་ཟོན་མི་ཐུབ་པ་དང་། སྒེར་སོ་སོས་འགྱིག་རིགས་ཀྱི་གནོད་སྐྱོན་མ་ཤེས་པའམ་མ་ཚོར་བར་ཐག་རིང་གི་ཉེན་ཁ་ཞིག་ཏུ་བརྩིས་ནས་ལྷོད་ཡེངས་སུ་འཇོག་སྐབས། ང་ཚོས་ཕུགས་རྒྱང་རིང་པོར་བསམ་བློ་བཏང་དགོས་པ་ལས་འཕྲལ་སེལ་སྟབས་བདེའི་ཐབས་ལམ་ལ་མགོ་འཁོར་ནས་སྡོད་ཐབས་མེད། འཛམ་གླིང་གི་ཁོར་ཡུག་ལ་གོད་ཆགས་བྱུང་བ་དེ་ང་ཚོའི་གོད་ཆགས་ཡིན་པ་མཁྱེན་རྒྱུ་གལ་ཆེན་པོ་ཡིན། དེར་བརྟེན་ཁོར་ཡུག་ལ་བདག་གཅེས་དང་ང་ཚོའི་མི་རབས་ཀྱི་མ་འོངས་བདེ་འཇགས་ལ་དོ་ཁུར་གྱིས་འགྱིག་རིགས་ལས་གྲུབ་པའི་ཅ་དངོས་སྤྱོད་པར་དོ་སྣང་གཟབ་ནན་བྱ་དགོས་པ་དང་། འགྱིག་ཀྱི་གད་སྙིགས་དག་གང་བྱུང་དུ་མི་འཕེན་པའི་འབད་བརྩོན་བྱེད་དགོས།།





མཐའ་མའི་འདོན་ཐེངས་།: 23.08.2024 ཉིན། 10:22 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།

བོད་ཀྱི་གསོ་རིག་རྒྱ་མཚོའི་ཡང་སྙིང་།

བོད་ཀྱི་གསོ་བ་རིག་པའི་སྲོལ་ལུགས་ཆེན་པོ་གཉིས།

བོད་ཀྱི་གསོ་རིག་སློབ་གསོའི་བྱ་གཞག་གི་སྒོ་འཕར་ཡངས་པོར་དབྱེ་བ།

བོད་མདོ་ཁམས་ལྷོ་བྱང་ཁུལ་གྱི་གསོ་རིག་དར་རྒྱས།

བོད་ཀྱི་གསོ་རིག་འཕེལ་ཕྱོགས་ཀྱི་ལེའུ་གསར་པ།