སྨན་རྩིས་དྲ་བ། - སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ།

འགན་འཛིན་སྐབས་བརྒྱད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 08.04.2016
སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ། >>

<< བོད་གཞུང་སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ། >>

 

འགན་འཛིན་སྐབས་བརྒྱད་པའི་སྐབས།

(1990-1993)

ཀ༽དབུ་འཛིན་གྱི་ངོ་སྤྲོད་མདོ་ཙམ།

ཞེ་བོ་བློ་བཟང་དར་རྒྱས་མཆོག་ནི་ཕྱི་ལོ་ ༡༩༤༠ ཙམ་དུ་གཞུང་སའི་ཞབས་འབྲིང་རྙིང་ཁོངས་སྒེར་སྨོན་སྐྱིད་གླིང་པའི་བུ་རྒྱུད་བསོད་ནམས་དངོས་གྲུབ་དང་། བོན་ཤོད་ཁྱིམ་རྒྱུད་ནས་ཡིན་པ་བསོད་ནམས་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་། ཁོང་ལོ་གཉིས་ཙམ་ནས་ཡུམ་འདས་གྲོངས་སུ་གྱུར་བའི་དབང་གིས་ཡབ་དང་ཞང་པོ་སོགས་ཀྱི་བདག་གཅེས་འོག་སྔར་སྲོལ་ལྟར་སྐུ་དྲག་གི་ཁྱིམ་རྒྱུད་སྤྱི་མཚུངས་ལྟར་སློབ་སྦྱོང་གི་གོ་སྐབས་དང་དེ་ནས་གཞུང་ཞབས་ཀྱི་ལས་གནས་ཐོབ་ཡོད་ཀྱང་། རྒྱ་དམར་གཞུང་གིས་བོད་ཀྱི་སྣོད་བཅུད་ཐམས་ཅད་རྩ་གཏོར་གཏོང་བའི་རླུང་འཚུབ་ཁྲོད་ཁོང་ཡང་ལོ་ངོ་བཅོ་ལྔ་ཙམ་གྱི་རིང་བཙོན་འཇུག་དོ་དམ་འོག་ནང་མི་གསོན་བྲལ་གྱིས་དཀའ་སྡུག་ཇི་སྙེད་ཅིག་མྱངས་དགོས་བྱུང་བ་མ་ཟད། ངལ་རྩོལ་བསྒྱུར་བཀོད་སོགས་ཆེས་དཀའ་ངལ་ཆེ་བའི་ལས་རིགས་འདྲ་མིན་ནང་དངོས་སུ་ཞུགས་ཏེ་མི་ཚེའི་ལང་ཚོ་ཕལ་ཆེར་དེ་རུ་ཟད། འོན་ཀྱང་སྔོན་བསགས་ལས་སྨོན་གྱི་དམ་ཚིག་བཟང་པའི་དབང་གིས་ཕྱི་ལོ་ ༡༩༨༤ ལོ་མཇུག་ཏུ་བར་དོ་ལྟ་བུའི་ཕྲེང་ལམ་དུ་མ་བརྒྱུད་དེ་བཙན་བྱོལ་ལ་བདེ་འབྱོར་བྱུང་བ་མ་ཟད་། ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསེར་ཞལ་སྤྱི་བོའི་རྒྱན་དུ་ཐོབ་པའི་རྨད་བྱུང་བྱིན་རླབས་ལས་གཞུང་ས་དགའ་ལྡན་ཕོ་བྲང་བའི་བཀའ་བློན་སོགས་ལས་སྣེ་དུ་མར་བཞུགས་པའི་བསྐལ་བཟང་སླར་ཡང་ཐོབ་སྟེ་ད་ལྟ་བགྲེས་ཡོལ་ངལ་གསོའི་ཐོག་ཨ་རིར་འཚོ་ཞིང་བཞུགས་པ་བཅས་ཀྱི་ངོ་སྤྲོད་མདོ་ཙམ་མོ།།

 

 ཁ༽གནས་བབས་སྤྱི།

ཕྱི་ལོ་ ༡༩༩༠ ཟླ་ ༦ ནས་ཞེ་བོ་བློ་བཟང་དར་རྒྱས་མཆོག་སྐུ་སྒེར་བཀའ་འབྲེལ་བཞིན་སྨན་རྩིས་ཁང་གི་འགན་འཛིན་དུ་བསྐོས། དྲུང་ཆེ་ཐང་སྤེ་ཕུན་ཚོགས་རྣམ་རྒྱལ་ལགས་ཡིན་ཞིང་། འགན་འཛིན་འདིའི་ལས་ཡུན་ལོ་གསུམ་རིང་སྔར་ལྟར་བོད་གཞུང་སྨན་རྩིས་ཁང་གི་ཆེས་རྩ་བར་གྱུར་བའི་ཞུ་བྱ་གཙོ་བོ་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཕྲོད་བཞེས་ཞབས་ཞུ་ཐད་ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་མཆོག་དང་བློ་བཟང་དབང་རྒྱལ་པ་རྣམ་གཉིས་ཀྱིས་སྐབས་འཕྲལ་སོ་སོར་གཙང་ལྡན་སྦྱོར་འབུལ་གྱིས་སྨན་ཞབས་ཞུས། དགུང་ཀེག་ཀེག་རྩིས་སོགས་ཀྱིས་མཚོན་རྩིས་ཀྱི་ཞུ་སྒོ་རྣམས་ཀྱང་དུས་ཐོག་ཞུས། འགན་འཛིན་དེའི་རིང་དུའང་སྔར་རྒྱུན་བཞིན་ལས་དོན་བྱེད་ཕྱོགས་ཀྱི་ཆ་ནས་དབུས་འཛིན་སྐྱོང་སྡེ་ཚན་འོག་དངུལ་རྩིས་སྡེ་ཚན་དང་། ཡན་ལག་སྤྱི་ཁྱབ་སྡེ་ཚན་གཉིས་དང་།  རིག་གཞུང་དང་འབྲེལ་བའི་སྡེ་ཚན་མཐོ་སློབ་ཁང་དང་། སྨན་སྦྱོར་ཁང་། སྐར་རྩིས་སྡེ་ཚན་བཅས་ཡོད་མུས་ཐོག་སྐབས་དེར་དབུས་དང་ཕྱོགས་མཐའ་ཁག་ཏུ་ཡན་ལག་སྨན་ཁང་ ༣༣ ཙམ་ཡོད་པས་དབུས་ས་གཉིས་སུ་སྔར་ཡོད་ལས་བྱེད་རྣམས་ཀྱི་སྟེང་གསར་ཞུགས་ལས་བྱེད་གྲངས་ ༦༩ འཛུལ་ཞུགས་བྱས་ཡོད་པ་དང་འགན་འཛིན་དེའི་རིང་རྩ་དགོངས་ཞུ་མཁན་བཅོ་ལྔ་ཙམ་བྱུང་ཡོད་ནའང་ལས་བྱེད་ཁྱོན་བསྡོམས་ཉིས་བརྒྱ་ང་བདུན་ཡོད་འདུག།

 

ཕྱི་ལོ་༡༩༩༠ ཐམ་པའི་ལོ་དེར་དབུས་དང་ཁྱབ་ཁོངས་ཡན་ལག་སྨན་ཁང་ཁག་ནང་ནད་པ་གྲངས་ ༣༨༨༦༣༧ བསྟེན་གཏུགས་གནང་བ་རྣམས་ལ་ལྟ་རེག་དྲི་བའི་སྒོ་ནས་བརྟག་དཔྱད་ཀྱིས་སྨན་ཐུན་གྲངས་ ༨༡༥༦༠༣༡ ཟིན་པའི་ནང་ནས་རང་གཞུང་སྲི་ཞུ་བ་དང་། ཉམ་ཐག་སོགས་ནད་པ་རྣམས་ལ་ཐེངས ༤༣༣༨༢ ལ་སྨན་སྦྱིན་དང་། རིས་མེད་གྲྭ་བཙུན་དང་སློབ་ཕྲུག་སོགས་ནད་པ་རྣམས་ལ་ཐེངས་ ༥༠༢༦༢ ལ་སྨན་རིན་ཕྱེད་བཅགས་ཀྱིས་སྨན་ཐུན་གྲངས་ ༡༢༤༦༨༥༥ བཅས་ལ་རིན་སྒོར་བསྡོམས་ ༥༩༣༣༥༥།༠༠ ཟིན་འདུག་ལ། ལོ་འདིར་རྒྱ་གར་ས་གནས་ཁག་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་སྨན་བསྐོར་ཕེབས་པ་དང་། སྦྲགས་ཁང་བརྒྱུད་ནས་སྨན་རིན་བྱུང་བ་བསྡོམས་སྒོར་ ༡༡༥༡༦༣༤།༠༠ བྱུང་འདུག

 

ཕྱི་ལོ་ ༡༩༩༡ ལོའི་ཡིག་ཆ་རག་མ་སོང་། ཕྱི་ལོ་ ༡༩༩༢ ལོར་འདི་གའི་ཁྱབ་ཁོངས་ངྷ་ཤོད་གཉིས་ཀྱིས་མཚོན་ཕྱོགས་མཐའི་ཡན་ལག་བཅས་པར་ནད་པ་བསྟེན་གཏུགས་བྱེད་མི་རང་རིགས་དང་། ཕྱི་རྒྱལ་བ། རྒྱ་གར་བ་བཅས་ནད་པ་གྲངས་༤༣༩༧༠༣ བྱུང་བར་སྨན་པས་བལྟ་རེག་དྲི་གསུམ་གྱི་སྒོ་ནས་ནད་གཞི་དང་སྨན་སྤྲོད་ཞུས་པར་ཐུན་གྲངས་ ༩༦༣༥༧༦༢ ཟིན་པའི་ནང་ནས་རང་གཞུང་སྲི་ཞུའི་ལས་བྱེད་མི་གྲངས་ ༤༦༡༧ དང་། གཞན་ཡང་རང་རིགས་ཉམ་ཐག་དང་།  བྱ་བྲལ་བ། བོད་ནས་གསར་འབྱོར། བསྐོར་སྐྱོད་བསྟེན་གཏུགས་བཅས་ནད་པ་མི་གྲངས་ ༤༨༩༣༧ ལ་སྨན་སྦྱིན་དང་། དེ་དང་ཕྱོགས་མཚུངས་རིས་མེད་ཆོས་ལུགས་ཁག་གི་དགེ་འདུན་པ་དང་། བཙུན་མ། སྔགས་འཆང་།  སློབ་གྲྭ། འབྱོར་འཁོས་ཕྲན་བུ་ཞན་པའི་རང་རིགས་ནད་པ་བཅས་ནད་པ་མི་གྲངས་ ༥༧༣༨༣ སྨན་སྦྱིན་ཕྱེད་བཅགས་གནང་བ་བཅས་ལོ་འདིའི་ནང་བསྡོམས་པའི་སྨན་ཐུན་གྲངས་ ༡༩༧༢༥༣༦ ལ་རིན་བསྒྱུར་ཞུས་ན་བསྡོམས་སྒོར་ ༡༠༠༧༨༩༤།༧༣ ཟིན་འདུག་ལ། རྒྱ་གར་ས་གནས་ཁག་དང་།  ཕྱི་རྒྱལ་དུ་འདི་ནས་སྨན་པ་ཕེབས་པ་དང་། གནས་འབྱོར་སྦྲགས་ཁང་བརྒྱུད་ནས་སྨན་བཏང་བ་ཐུན་གྲངས་ ༦༨༥༢༨༤ ལ་རིན་བསྒྱུར་ཞུས་ན་བསྡོམས་སྒོར ༤༥༡༤༤༦༩།༡༩ བཅས་བྱུང་།

 

ག༽གལ་ཆེའི་ལས་གཞི།

༡༽རིག་གཞུང་དང་འབྲེལ་བའི་སྐོར།

བོད་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ནག་ཟླའི་ཚེས་སུམ་ཅུ་དང༌། རེས་གཟའ་པ་སངས་ཕྱི་ལ་ོ ༡༩༩༣ ཟླ་ ༥ ཚེས་ ༢༡ གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཉིན་ྋསྐུའི་བླ་སྨན་པ་བསྟན་འཛིན་ཆོས་གྲགས་མཆོག་གི་གཙོ་འགན་འོག་སྨན་ལས་རྣམས་ཀྱིས་དུས་ཡུན་ཟླ་ངོ་གསུམ་ཙམ་གྱི་རིང༌། ཟ་འཆིང་ཁམས་སོ་སོའི་དུག་འདོན་དང༌། གཡའ་ཕྱིས། བཙོ་བསྲེག་སོགས་སྟ་གོན་སྔོན་དུ་སོང་སྟེ། དངོས་གཞི་བདུད་རྩི་བཅུད་ཀྱི་རྒྱལ་པོ་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ཕྱག་ལེན་ཐེངས་གསུམ་པ་ལམ་ལྷོང་ལྡན་པའི་ངང་ལེགས་སྒྲུབ་ཐུབ་པ་བྱུང་བ་མ་ཟད༌། གྲངས་ཚད་ཀི་ལོ་བརྒྱ་དང་བཅུ་ཙམ་སྦྱོར་བཟོ་བྱས་པ་དེ་ནི་དངུལ་ཆུ་བཙོ་བཀྲུའི་ལག་ལེན་བོད་གངས་ཅན་ལྗོངས་སུ་དར་ཁྱབ་བྱུང་བ་ནས་བཟུང་བཟོ་སྐྲུན་བྱུང་བ་ཕོན་འབོར་ཆེ་ཤོས་དེ་ཡིན། ཕྱག་ལེན་དངོས་གཞི་ལེགས་གྲུབ་བྱུང་བའི་དགའ་སྟོན་མཛད་སྒོའི་ཐོག་ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་མཆོག་གིས་ལས་ཞུགས་སྨན་པ་རྣམས་ལ་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན་ཐོབ་པའི་ཕྱག་འཁྱེར་གསོལ་སྩལ་གནང་བ་དང༌། ཀོང་སྤྲུལ་རིན་པོ་ཆེའི་གསུང་བདུད་རྩི་བཅུད་ཀྱི་རྒྱལ་པོ་རིན་ཆེན་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་སྦྱོར་བས་གྲུབ་པའི་བཅུད་ལེན་དུ་བསྒྱུར་བ་ལག་ལེན་རྣམ་པར་གསལ་བ་འཚོ་བྱེད་མཁས་པའི་སྙིང་བཅུད་ཀྱི་ལྗགས་ལུང་གནང་ཞིང༌། ཕོ་བྲང་དུ་གཟིམ་ཆུང་མཇལ་ཁར་བཅར་ཏེ། ྋབླ་སྨན་བསྟན་འཛིན་ཆོས་གྲགས་མཆོག་ནས་བཙོ་བཀྲུ་ཆེན་མོ་ལེགས་གྲུབ་བྱུང་ཚུལ་གྱི་བརྒྱུད་རིམ་དང༌། སླད་ཕྱིན་ཕྱག་ལེན་འདི་ཉིད་མི་ཉམས་བརྒྱུད་འཛིན་དང་སྐྱེ་འགྲོའི་སྲོག་གི་དཔུང་གཉེན་དུ་ཡུན་ནས་ཡུན་དུ་གནས་ཐབས་སུ་ྋགོང་ས་མཆོག་གི་བཀའ་དགོངས་བཞིན་སྨན་པ་གཞོན་ནུ་དག་ལ་ལག་ལེན་ཡོད་ཚད་སྦ་གསང་མེད་པར་བརྒྱུད་སྤྲོད་བྱས་ཚུལ་སོགས་ྋགོང་ས་མཆོག་ལ་སྙན་གསོལ་ཞུས་ཤིིང༌། ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཐུགས་དགྱེས་ཉམས་ཆེན་པོས་སྨན་པའི་ཀུན་སྤྱོད་ལས་འཕྲོས་པའི་འདི་ཕྱིའི་བླངས་དོར་གྱི་ལམ་སྟོན་བཀའ་སློབ་ཟབ་མོ་བཀའ་དྲིན་བསྩལ།

 

སྐབས་དེའི་བཙོ་ཐལ་སྦྱོར་བཟོ་དང་ལྗགས་ལུང་གསན་མཁན་ནང་མཉམ་ཞུགས་བྱེད་མཁན་ནི། སྨན་པ་ལྷ་དབང་ལགས་དང༌། སྨན་པ་ཆོས་དབྱིངས་ཕུན་ཚོགས། སྨན་པ་ཐུབ་བསྟན་རྒྱལ་མཚན། སྨན་པ་འཇམ་དབྱངས་བཀྲ་ཤིས། སྨན་པ་ཟླ་བ། སྨན་པ་རྣམ་རྒྱལ་བསྟན་འཛིན། སྨན་པ་ངག་དབང་བདེ་ཆེན། སྨན་པ་ཆོས་ལོ་ཐར། སྨན་པ་པ་སངས་ཕུན་ཚོགས། སྨན་པ་ཉི་མ་རྒྱལ་མཚན། སྨན་པ་དཀོན་མཆོག་དོན་འགྲུབ། སྨན་པ་སྐལ་བཟང་དབང་རྒྱལ། སྨན་པ་ཚེ་རིང་རྡོ་རྗེ། སྨན་པ་བཤད་སྒྲུབ་ཚེ་རིང་བཅས་དང༌། གཞན་ཡང་སྨན་སྦྱོར་ལས་བྱེད་མི་གྲངས་བཅུ་གསུམ་བཅས་ཡོད།

 

༢༽ ཕྱིའི་འཛུགས་སྐྲུན་སྐོར།

ཕྱི་ལོ་ ༡༩༩༡ ༼ལོ་འདིར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཀྱིས་མང་གཙོའི་གོམ་སྟབས་ཡར་གདེགས་ཆེན་པོ་གནང་བའི་དུས་ཚིགས་ཤིག་ཡིན༽ལོར་ཨུ་རུ་སུ་ཡི་གནའ་བོའི་གསོ་རིག་བསྟི་གནས་ཀྱི་འགན་འཛིན་ Dr. Natalia Loukianonova, Director of All Russia Centre for Traditional Medicine  ལས་རོགས་ཊོམ་རབ་ཊོན་ Mr.Tom Rabdanov གཉིས་ཆེད་དུ་ྋརྒྱལ་བ་རིན་པོ་ཆེར་ཨུ་རུ་སུར་བོད་པའི་སྨན་ཁང་འཛུགས་འཆར་སྙན་ཞུ་ཕུལ་བ་དེ་དོན་བཀའ་ཁྲོལ་ཐོབ་པར་བརྟེན། སྨན་རྩིས་དབུ་བཞུགས་འགའ་དང་མཉམ་གྲོས་བགྱིས་ཏེ་སྨན་སྦྱོར་བཟོ་གྲྭ་དང་པོའི་བོད་ཀྱི་སྨན་ཁང་། གསོ་རིག་འགྲོ་ཕན་གླིང་ཞེས་པ་ཞིག་འཛུགས་རྒྱུའི་ཐག་གཅོད་གནང་། གཞན་ཡང་ལོ་དེར་ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་མཆོག་དང་། སྨན་པ་རྣམ་རྒྱལ་ཚེ་རིང་། རྣམ་རྒྱལ་ཁྱུ་གསར་བཅས་ཨུ་རུ་སུར་སྨན་རྒྱུ་འཚོལ་ཞིབ་ལ་བསྐྱོད། དེ་བཞིན་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་འགྲོས་དང་འདས་པའི་ཉམས་མྱོང་ལ་གཞིགས་ཏེ་སྒྲིག་གཞི་བསྐྱར་བཅོས་གཏན་འབེབས་ཐེངས་དང་པོ་གནང་ཞིང་། སྐབས་བདུན་པའི་སྨན་སློབ་མི་གྲངས་ཉེར་གཉིས་སྨན་པ་དཀའ་བཅུ་བའི་གཞུང་ཚད་སློབ་ཐོན་བྱུང་སྟེ་སྨན་པའི་ལས་སྣེར་ཞུགས་ཐུབ་པ་བྱུང་བ་མ་ཟད། སྨན་སློབ་སྐབས་དགུ་བའི་སློབ་གཉེར་བ་གྲངས་ཉི་ཤུ་རྩ་བདུན་སྔར་སྲོལ་བཞིན་ཡོང་ཁུངས་འདྲ་མིན་ནས་བོད་ཡིག་དྲག་འདེམས་ཀྱིས་བསྡུ་བཞེས་གནང༌།

 

ཕྱི་ལོ་ ༡༩༩༡ ལོར་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཆེན་མོ་བེངྒ་ལོར་དང༌། མེན་པཌ་བོད་མིའི་གཞིས་ཆགས། ཌེ་རཱ་ཌུན་རཱཇ་པུར་བཅས་ས་གནས་ཁག་གསུམ་གྱི་མི་མང་གིས་རེ་སྐུལ་གནང་བ་བཞིན་ཡན་ལག་སྨན་ཁང་གསུམ་གསར་འཛུགས་བྱས་པས་ད་ལྟ་ཡང་དགེ་ཕན་སྒྲུབ་བཞིན་ཡོད། ཕྱི་ལོ་ ༡༩༩༢ ལོར་དབུ་འཛིན་མཆོག་བལ་ཡུལ་དུ་ངོ་བསྐྱོད་ཀྱིས་མཆོད་རྟེན་དང་རྒྱལ་སའི་བར་ཅ་སྤེལ་ཞེས་པའི་ཁུལ་དེར་ཡན་ལག་སྨན་ཁང་འཛུགས་སའི་ས་ཆར་བལ་སྒོར་འབུམ་བདུན་ཅུ་ལྷག་ཙམ་སྤྲད་དེ་སྤུས་ཉོ་བྱས་བ་དང་། རྡོར་གླིང་ཁུལ་བོད་མི་སྒེར་པ་ཞིག་ནས་ཁང་བསྟར་གཅིག་ལ་ཁང་མིག་བདུན་ཙམ་ཡོད་པ་དོ་བདག་ངྷ་སར་འབྱོར་སྐབས་ཚོང་ཐག་བཅད་དེ་ཁྲིམས་ལུགས་ལྟར་མཇུག་སྐྱོང་ཆེད་ས་གནས་སུ་མི་སྣ་ཆེད་གཏོང་བྱས་ཏེ་ལས་གཞི་ལེགས་གྲུབ་བྱུང་ཡོད་འདུག ཕྱི་ལོར་ ༡༩༩༣ རྒྱ་གར་བྱང་ཤར་གྱི་གྲོང་ཁྱེར་སི་ལི་གུ་རིར་གནས་སྡོད་བྱེད་པའི་བོད་མི་རྣམས་ཀྱིས་ཡུན་རིང་རེ་སྐུལ་ཞུས་དོན་ལྟར། སྨན་རྩིས་ཁང་གིས་ས་ཁུལ་དེ་བཞིན་མ་འོངས་བོད་རང་དབང་བསྐྱར་གསོ་བྱུང་རྗེས་བོད་དང་ས་འབྲེལ་ཡིན་པའི་ཆ་ནས་འབྱུང་འགྱུར་ཆབ་སྲིད་ཀྱི་གལ་གནད་ལ་གཟིགས་ཏེ། གྲོང་ཁྱེར་དེའི་ཉེ་འདབས་ས་ལུ་སྒར་དུ་ཡན་ལག་སྨན་ཁང་ཞིག་གསར་འཛུགས་བསྐྱངས། སྐབས་དེར་སྐུ་ངོ་ཞེ་བོ་བློ་བཟང་དར་རྒྱས་མཆོག་སྨན་རྩིས་ཁང་དང་སྣེ་ལེན་ཁང་གཉིས་ཀྱི་འགན་འཛིན་གཅིག་ལྕོགས་ཡིན་པར་བརྟེན་ལས་ཁུངས་ཚུགས་ཡུལ་དང་། ལས་བྱེད་སོགས་ཀྱི་དགོས་མཁོ་སྐོང་ཐབས་སུ་ཕྱི་རྒྱལ་དོན་གཅོད་ཁག་ལ་འབོད་སྐུལ་ཞུས་པར། ཉི་ཧོང་དོན་གཅོད་སྟག་འཚེར་རིན་པོ་ཆེས་གང་མགྱོགས་རོགས་དངུལ་གང་འཚམས་ཐབས་འཚོལ་གནང་སོན་ལྟར། འདི་གར་ངྷ་ས་སྣེ་ལེན་ཁང་ཐོག་རྩེག་གཉིས་ལྡན་སྤུས་དག་ཅིག་བཀའ་ཤག་ནས་གསར་བསྐྲུན་གནང་ཟིན་པ་དེའི་ཡང་སྟེང་དུ་ལས་ཁུངས་ཚུགས་ཡུལ་ཁང་ཕྲེང་བསྟར་བ་གཅིག་གསར་སྐྲུན་དང་། བལ་ཡུལ་ས་གནས་སུ་སྣེ་ལེན་ཞུ་ཡུལ་རང་བདག་ས་ཁང་ངེས་ཅན་ཞིག་མ་བྱུང་ཐུ་མེད་ལྟར། སྐབས་དེའི་ཞལ་འདེབས་བྱུང་ཁོངས་ནས་བལ་སྒོར་འབུམ་གསུམ་ས་ཁང་ཉོ་རྒྱུའི་ཐོག་མའི་དམིགས་རྟེན་དུ་བཞག་ནས་མུ་མཐུད་དམིགས་ཚད་དུ་བསྐྱོད་རྒྱུའི་རྨང་གཞི་བཏིང་།

 

སྨན་རྩིས་ཁང་འདི་ཉིད་དེབ་སྐྱེལ་ཚད་ལྡན་ཡོད་པའི་སྡེ་ཚན་མི་ཆུང་བ་ཞིག་ཡིན་ནའང་། འཕེལ་རྒྱས་འགྲོ་བཞིན་པར་བརྟེན་འཛིན་སྐྱོང་གི་ལས་དོན་ཆེ་ཕྲ་མང་པོར་སྒྲིག་གཞི་སྒྲིག་ལམ་ཡོངས་ཁྱབ་ཆ་ཚང་བ་ཞིག་དང་།  གལ་དོན་འགའ་རེའི་ཐད་གཞི་བཟུང་ས་ངེས་གཏན་མེད་སྟབས་ཁ་ཤེད་མཁྲང་ལོས་ལྟ་བུའི་སྤྱི་སྙོམས་ཤིག་ཡོང་མིན་སྣ་ཚོགས་ཡོང་བ་དེ་ནི་རྩོད་པ་སློང་རྐྱེན་གཙོ་བོ་ཞིག་ཏུ་གྱུར་བར་བརྟེན་དེ་སྔའི་འཛིན་སྐྱོང་སྐོར་གྱི་སྒྲིག་གཞི་ཐོར་བུ་རེ་གཉིས་ཡོད་པ་རྨང་གཞིར་བཞག་པ་དང་། སྨན་རྩིས་ལས་སློབ་དང་བཅས་པ་འགན་འཛིན་ཚང་མ་མཉམ་འཛོམས་ཐོག་སྡེ་ཚན་འདྲ་མཚུངས་ཀྱི་དཔེ་གཞིའི་སྒྲིག་གཞི་ཁག་ཅིག་སོར་བཟུང་ཞིང་། སྒྲིག་གཞི་ལག་ལེན་བསྟར་མཁན་དང་བསྟར་ཡུལ་ཕྱོགས་སུ་མ་ལྷུང་བའི་གོ་བསྡུར་སྦྱངས་བཤད་ཉིན་བསྟུད་བྱས་མཐར་སྒྲིག་གཞིའི་མ་ཟིན་ཆ་ཚང་ཞིག་གཏན་འཁེལ་བྱུང་འཚམས། སྨན་རྩིས་ཁང་འགན་འཛིན་ལྷན་ཚོགས་ནས་བསྐྱར་ཞིབ་ཀྱིས་ཁྲིམས་ལུག་ལྟར་གཏན་འབེབས་གནང་ཞིང་། དེ་ནི་ཕྱིས་འབྱུང་གོང་འོག་ཚང་མས་ཁེ་དབང་དང་འོས་འགན་སྙོམས་སྒྲིག་ཐོག བྱ་ལམ་བྱེད་བདེའི་རྩ་འཛིན་ཁྲིམས་གཞི་རུ་གཏན་འབེབས་བྱས་པས་དུས་ཡུན་གང་འཚམས་རིང་ཕན་ཐོགས་བྱུང་ཡོད་ནའང་དུས་དང་མིའི་བསམ་སྤྱོད་ཀྱི་འགྱུར་འགྲོས་ལྟར་འགྱུར་བ་འགྲོ་བ་ནི་དངོས་པོའི་ཆོས་ཉིད་ལས་མ་འདས་སྟབས་ཕྱིས་སུ་དེ་ལ་བསྐྱར་བཅོས་རིམ་པར་བབཏང་ཡོད་པ་གཤམ་ནས་ཤེས།

 

༣༽ སྨན་བསྐོར་དང་ཚོགས་ཞུགས་ཚོགས་སྐོང་།

ཕྱི་ལོ་ ༡༩༩༡ ལོར་ྋསྐུའི་བླ་སྨན་བློ་བཟང་དབང་རྒྱལ་མཆོག་དང་གསུང་སྒྱུར་སྨན་པ་བསོད་ནམས་ལྷ་མོ་ལགས་གཉིས་སྭི་ཌེན་ (Sweden) དུ་ཐེངས་བཞི་པ་ཕྱིར་སྐྱོད་བྱས་ཤིང་། གྲོང་ཁྱེར་ཧོར་སི་ཧོམ་དང་བྲམ་ཟེའི་རིགས་ཀྱི་སློབ་གཉེར་ཁང་དང་། མི་རིགས་སློབ་གཉེར་ཁང་བཅས་ནས་སོ་སོར་ནད་པར་བརྟག་དཔྱད་ཞུས་པ་དང་སྦྲགས་སྨན་པ་ཆེད་ལས་པའི་ཚོགས་ཆེན་ཞིག་གི་ནང་བོད་སྨན་དང་འབྲེལ་བའི་སྐོར་གྱི་གཏམ་བཤད་གནང་བ་དང་། ས་གནས་ཡན་ལག་སྨན་ཁང་མེད་པའི་རྒྱ་གར་ཡུལ་ལུང་ཁག་ལ་འཕྲོད་བསྟེན་ཞབས་འདེགས་སླད་སྨན་སྐོར་སྨན་བཅོས་དང་འཕྲོད་བསྟེན་སློབ་གསོ་སོགས་རྒྱུན་ལྡན་གྱི་བགྱི་སྒོ་རྣམས་འཐུས་ཚང་ཞུས་འདུག

 

དེ་བཞིན་དུ་ྋསྐུའི་བླ་སྨན་པ་རྣམ་གཉིས་དང་སྨན་པ་པདྨ་རྡོ་རྗེ། རྣམ་རྒྱལ་ཚེ་རིང་། བློ་བཟང་ཚུལ་ཁྲིམས། རྡོ་རྗེ་རབ་བརྟན་སོགས་སྔ་ཕྱིར་ཐེངས་འགར་ཕི་རཱན་སི་དང་། ཨིིན་ལན། ཧོོ་ལནཌ། སི་པན། སྭི་ཌེན། ཌེན་མཱརྐ། བྱང་ཀོ་རི་ཡ། ཨུ་རུ་སུ་སོགས་ཀྱི་ནད་པ་མང་པོར་བརྟག་དཔྱད་སྨན་བཅོས་དང་སྦྲགས་ཚོགས་ཆེན་འདྲ་མིན་དུ་མཉམ་ཞུགས་ཀྱིས་བོད་ཀྱི་ཐུན་མིན་རིག་གཞུང་གི་ཁྱད་ཆོས་དང་ལྷག་དོན་བོད་ཀྱི་གསོ་བ་རིག་པའི་ཁྱད་ཆོས་ལས་བརྩམས་ཏེ་གསུང་བཤད་དང་དྲིལ་བསྒྲགས་རྒྱ་གང་ཆེ་གནང་བ་ལ་བརྟེན་རྒྱལ་ཁབ་དེ་དག་གི་གསར་ཤོག་དང་བརྙན་འཕྲིན་སོགས་ཀྱི་བརྒྱུད་ལམ་ཁག་ཏུ་ཁྱབ་བསྒྲགས་ཤུགས་ཆེན་བྱུང་བས་རྒྱ་གཞུང་གི་སྐྱུག་དྲི་བྲོ་བའི་རྫུན་བསྒྲགས་ལ་བརྡ་ལན་གསལ་སྤྲོད་བྱས་འདུག་པ་མ་ཟད། ཀོ་རི་ཡར་ཚོགས་པའི་འཛམ་གླིང་སྲོག་རྫས་རིག་པའི་ཚན་རིག་ཚོགས་ཆེན་ཐེངས་ལྔ་བའི་ཐོག་གདན་ཞུས་ལྟར་ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་དང་གསུང་བསྒྱུར་བ་བཅས་ཆེད་བཅར་གྱིས་བོད་ཀྱི་གསོ་རིག་གི་ཐུན་མིན་ཁྱད་ཆོས་དང་རིན་ཐང་དེ་རྒྱལ་སྤྱིའི་ཚན་རིག་གི་གླེང་སྟེགས་སུ་བཞག་པ་ཐེངས་དང་པོ་ཡིན་འདུག་པ་བཅས་སོ།།

 

ང༽ལས་བྱེད་འཕོ་འགྱུར།

ཕྱི་ལོ་ ༡༩༩༠ ལོར་ཟླ་བ་ཚེ་རིང་དང་། བསྟན་འཛིན་དོན་གྲུབ་གཉིས་ཀྱིས་རྩ་དགོངས་ཞུས། ཕྱི་ལོ་ ༡༩༩༡ ལོར་སྨན་རམས་པ་བསྟན་འཛིན་རྣམ་རྒྱལ་ལགས་སྐུ་གཤེགས་པ་དང་། སྨན་པ་ནོར་བུ་རྒྱལ་མཚན་གྱིས་རྩ་དགོངས་ཞུས། ཕྱི་ལོ་ ༡༩༩༢ ལོར་སྐར་རྩིས་པ་ངག་དབང་དོན་འགྲུབ་དང་། སྐར་རྩིས་པ་བསྟན་འཛིན་ཆོས་རྒྱལ། སྨན་པ་རྡོ་རྗེ་དགྲ་འདུལ་དང་། སྨན་པ་བློ་བཟང་དོན་འགྲུབ། སྨན་པ་ཆོས་སྒྲོན་སྐྱིད་འཛོམས། སྨན་པ་ཟླ་བ་བུ་ཁྲིད་རྣམས་གྱིས་རྩ་དགོངས་ཞུས་པ་དང་སྨན་པ་ཚེ་རིང་ནོར་བུ་ལས་བྱེད་དུ་བསྐོ་བཞག་གནང་། ཐང་སྤེ་ཕུན་ཚོགས་རྣམ་རྒྱལ་སྨན་རྩིས་ཁང་གི་དྲུང་ཆེ་ནས་གནས་སྤོས་སོང་ཚབ་འཕྲིན་ལས་འོད་ཟེར་མཆོག་སྨན་རྩིས་ཁང་གི་དྲུང་ཆེར་བསྐོ་བཞག་གནང་། ཕྱི་ལོ་ ༡༩༩༣ ལོར་སྨན་པ་ཚེ་རིང་དོན་འགྲུབ་དང་། སྨན་པ་དགེ་ལེགས་རྒྱ་མཚོ་གཉིས་ཀྱིས་རྩ་དགོངས་ཞུས་པ་དང་། ལོ་དེར་སྨན་སློབ་སྐབས་བརྒྱད་པའི་མི་གྲངས་ཉི་ཤུས་སྨན་པ་དཀའ་བཅུ་བའི་གཞུང་ཚད་རྒྱུགས་འབུལ་གྱིས་སློབ་ཐོན་བྱུང་སྟེ་དབུས་དང་ཡན་ལག་སྨན་ཁང་ཁག་གི་སྨན་ཁང་ནས་ལོ་གཅིག་རིང་ཉམས་གསོག་གྲུབ་རྗེས་སྨན་པར་བསྐོ་བཞག་གནང་ཡོད་པ་བཅས་འགན་འཛིན་དེ་ཡི་སྐབས་ཏེ་བརྒྱད་པའོ།།

 

ཤེས་མྱོང་ཁུར་གྱིས་ལྕི་བའི་རྒན་པོ་ཡིས།།

ལོ་གསུམ་སྨན་རྩིས་འགན་གནས་བཟུང་བའི་རིང་།།

སྔར་མེད་ལེགས་བྱས་འདི་ཞེས་མེད་ནའང་།།

གོང་འོག་བསྟུན་ཤེས་ཐབས་ཀྱིས་བསྐྱངས་པ་རྨད།། །།

 

མཐའ་མའི་འདོན་ཐེངས་།: 16.04.2016 ཉིན། 11:13 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།