སྨན་རྩིས་དྲ་བ། - སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ།

འགན་འཛིན་སྐབས་བདུན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 08.04.2016
སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ། >>

<< བོད་གཞུང་སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ། >>

 

 འགན་འཛིན་སྐབས་བདུན་པའི་སྐབས།

(1988-1989)

 ཀ༽འགན་འཛིན་གྱི་ངོ་སྤྲོད་མདོ་ཙམ།

ཨ་མཆོག་རིན་པོ་ཆེ་སྐུ་ཕྲེང་བཞི་པ་རྗེ་བཙུན་བློ་བཟང་ཐུབ་བསྟན་ཕྲིན་ལས་མཁྱེན་རབ་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོ་མཆོག་ནི། རབ་བྱུང་བཅུ་དྲུག་པའི་ཤིང་མོ་བྱ་སྟེ་ཕྱི་ལོ་ ༡༩༤༥ ཟླ་ ༡ ཚེས་ ༨ ཉིན་མདོ་སྨད་ས་ཡི་ཐིག་ལེ་རྒྱལ་མོ་རོང་གི་སའི་ཆར་ཅོག་ཙེའི་ཡུལ་ཁྲོ་སྐྱབས་ཉ་ཚང་ཞེས་བྱ་བའི་ཁྱིམ་དུ། རིགས་རུས་ཕུན་སུམ་ཚོགས་པའི་ཡབ་ཁྲོ་བོ་དང་ཡུམ་སྒྲོལ་མ་གཉིས་ཀྱི་སྲས་སུ་བཀྲ་ཤིས་ལྟས་བཟང་དང་བཅས་འཁྲུངས། དགུང་གྲངས་གསུམ་གྱི་ཐོག་ྋཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་ཞལ་སྔ་ནས་ཀྱིས། ཨ་མཆོག་རིན་པོ་ཆེ་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་། དགུང་ལོ་ལྔའི་ཐོག་ཨ་མཆོག་མཚན་ཉིད་དགོན་དུ་ཆོས་ཀྱི་ཁྲི་འཕང་མཐོན་པོར་མངའ་གསོལ་མཛད། དགུང་ལོ་བཅུ་གཉིས་ནས་བཟུང་ཨ་ཁུ་སྦྱིན་པ་རྒྱ་མཚོ་ཚང་གི་དྲུང་ནས་མཚན་ཉིད་རིགས་པའི་གཞུང་ཆེན་ལ་སློབ་གཉེར་གནང་མགོ་བཙུགས།

 

ཕྱི་ལོ་ ༡༩༥༧ ལོར་ཡུལ་དབུས་སུ་ཕེབས་ཏེ་དགའ་ལྡན་སོག་པ་ཁང་ཚན་དུ་བཞུགས་ནས་ནང་ཆོས་ལ་གསན་སྦྱོར་ཚུལ་བཞིན་གནང་།  བོད་དུ་དུས་འགྱུར་བྱུང་རྗེས་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་ཏེ་སྦག་ས་ནས་ལོ་མང་རིང་སློབ་གཉེར་འཕྲོ་སྐྱོང་གནང་ནས། ༡༩༦༩ ལོར་ཝར་ཎ་བོད་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོར་ལོ་ངོ་ཕྱེད་དང་གཉིས་ལྷག་གི་རིང་གཞུང་ཆེན་མོ་དང་སཾསྐྲྀ་ཏ་སོགས་ཀྱིས་མཚོན། ཕྱི་ནང་རིག་པའི་གནས་ཀུན་ལ་གསན་བསམ་དཔྱིས་ཕྱིན་གནང་སྟེ་ཨཱ་ཅཱརྱ་ཨང་དང་པོའི་མཚན་བཞེས། དེ་རྗེས་བོད་གཞུང་ཆོས་དོན་ལས་ཁུངས་ཀྱི་བཀའ་ཡིག་ཕེབས་པ་བཞིན་འཕགས་ཡུལ་བཀྲ་ཤིས་འཁྱིལ་དགོན་པའི་མཁན་ཁྲིར་ཕེབས། ༡༩༧༧ ལོར་དགེ་བཤེས་ལྷ་རམས་པའི་མཚན་གནས་བཞེས། དེ་ནས་བཞུགས་སྒར་ངྷ་སར་བོད་ཀྱི་དཔེ་མཛོད་ཁང་དུ་རིག་གཞུང་ཉམས་ཞིབ་དང་ཕྱག་དཔེ་དོ་དམ་འགན་འཛིན་གྱི་ཕྱག་ལས་གནང་།  ༡༩༨༠ ལོ་ནས་བཟུང་ཡུ་རོབ་ཨསྟྲིཡའི་རྒྱལ་ས་ཝི་ཡ་ན་མཐོ་སློབ་ཏུ་ནང་ཆོས་དང་བོད་ཀྱི་སྐད་ཡིག་དགེ་རྒན་ལོ་གཉིས་ལ་མཛད། ༡༩༨༧ ལོར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་པེ་ཅིང་དུ་བོད་བརྒྱུད་ནང་བསྟན་སློབ་གླིང་འཛུགས་འཆར་གྱི་དགེ་རྒན་ལ་ཕེབས་དགོས་པའི་བཀའ་སྤྱི་བོར་ཕེབས་པ་བཞིན། ྋགོང་ས་མཆོག་དང་རང་གཞུང་བཀའ་ཤག་གིས་ཀྱང་བཀའ་འཁྲོལ་བསྩལ་ཏེ། རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཆེད་ཕེབས་ཀྱིས་ནང་ཆོས་དང་དབྱིན་ཡིག་སོགས་དཔེ་འཁྲིད་གནང་། ༡༩༨༨ ལོར་རྒྱ་གཞུང་འབྲེལ་ཡོད་ལས་ཁུངས་ཁག་གིས་ཁོང་གི་མཚན་སྙན་རྒྱས་པར་དོགས་ཟོན་དང་ནང་མོལ་གྱིས་མཚོན་དོ་སྣང་བྱེད་དགོས་བྱུང་སྟེ་ཕྱིར་རྒྱ་གར་དུ་ཕེབས་ཏེ། བོད་གཞུང་དབུས་སྨན་རྩིས་ཁང་གི་སྤྱི་ཁྱབ་འགན་འཛིན་གྱི་ཐུགས་འགན་བཞེས།

 

ཕྱི་ལོ་ ༡༩༩༤ ྋགོང་ས་མཆོག་གི་བཀའ་དགོངས་བཞིན་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་ཁྲིར་ཕེབས། ཕྱི་ལོ་ ༡༩༩༦ ཟླ་ ༡༡ པའི་ནང་མཁན་པོའི་ཐུགས་འགན་ཡོངས་སུ་གྲུབ་རྗེས། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་མཛད་རྣམ་སྡེ་ཚན་གྱི་འགན་འཛིན་གནང་ཞིང་ལོ་ངོ་གཅིག་ལྷག་གི་རིང་སྡེ་ཚན་དེར་ཕྱག་ལས་གནང་། ༡༩༩༨ ལོར་ྋགོང་ས་ྋམཆོག་གི་བཀའ་ཡི་ཅོད་པན་སྤྱི་བོར་ཕེབས་ཏེ། བོད་ཀྱི་དཔེ་མཛོད་ཁང་གི་སྤྱི་ཁྱབ་འགན་འཛིན་གྱི་ཐུགས་འགན་བཞེས། ཕྱིི་ལོ་ ༢༠༠༠ ལོར་ྋགོང་ས་མཆོག་གིས་བཀའ་ཡི་ཕེབས་སྒོ་བཞིན།  གདན་ས་གསུམ་གྱིས་གཙོས་ས་དགེ་བཀའ་རྙིང་གཡང་དྲུང་བོན་དང་བཅས།  རིས་སུ་མ་ཆད་པའི་དགོན་སྡེ་ཆེ་ཁག་རྣམས་ཀྱི་གཞུང་ཆེན་ལ་སྦྱང་བ་མཐར་སོན་པའི་དགེ་འདུན་པ་ཁག་ཅིག་གི་ཁྲོད་ཚན་རིག་སྦྱོང་བརྡར་གྱི་ཐུགས་འགན་བཞེས་ཏེ།  ལོ་མང་རིང་ནུབ་ཕྱོགས་ཀྱི་ཚན་རིག་ཆེད་ལས་པ་གྲགས་ཅན་ཁག་གདན་ཞུས་ཀྱིས། རིས་མེད་དགེ་འདུན་པ་མི་ཉུང་བ་ཞིག་ལ་ཚན་རིག་ཟབ་སྦྱོང་སོགས་ཀྱིས་མཚོན་ཕྱག་ལས་གལ་འགངས་ཆེ་བ་གང་མང་བསྒྲུབས་ཐུབ་པ་བྱུང་།  ཕྱི་ལོ་ ༢༠༠༥ ཟླ་ ༤ ནས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་གྱི་ཐུགས་འགན་ཡོངས་སུ་གྲུབ་སྟེ། ད་ལྟའི་ཆར་ྋགོང་ས་མཆོག་གིས་སེར་སྐྱ་ཁྲི་སྟོང་མང་པོར། བྱང་ཆུབ་ལམ་རིམ་ཆེན་མོའི་བཀའ་ཁྲིད་གནང་བ་ཁག་ནས། ཟབ་ཁྲིད་དོགས་དཔྱོད་རྒྱས་པའི་ལམ་རིམ་བཀའ་ཁྲིད་ཁག་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་ཏེ་རྩོམ་སྒྲིག་མཛད་འགན་ཡོངས་སུ་བཞེས་བཞིན་བཞུགས་ཡོད་པ་བཅས་སོ།།

 

ཁ༽གནས་བབས་སྤྱི།

ཕྱི་ལོ་ ༡༩༨༨ ཟླ་ ༡༡ པའི་ནང་དབུ་འཛིན་ལྕམ་སྐུ་སྟག་ལྷ་རྣམ་རྒྱལ་ལྷ་མོ་ལགས་རང་གཞུང་འཕྲོད་བསྟེན་ལྷན་ཁང་གི་དྲུང་ཆེར་གནས་སྤོས་སོང་ཚབ་ཏུ་སྐུ་སྒེར་བཀའ་འབྲེལ་གྱིས་ཨ་ལགས་ཨ་མཆོག་བློ་བཟང་ཐུབ་བསྟན་མཁྱེན་རབ་རྒྱ་མཚོ་མཆོག་སྨན་རྩིས་དབུ་འཛིན་དུ་བསྐོ་བཞག་བསྩལ་བ་ལྟར་ ༡༩༨༨ ཟླ་ ༡༢ ནང་ཐུགས་འགན་རྩིས་བཞེས་ཀྱིས་ ༡༩༨༩ ཟླ་ ༡༠ ཚེས་ ༡ བར་དུ་ཁོང་གིས་སྨན་རྩིས་ཁང་གི་འགན་འཛིན་ལས་ཁུར་ཞུས། འགན་འཛིན་ལས་ཁུར་གསར་དུ་ཞུ་སྐབས་ཐང་སྤེ་ཕུན་ཚོགས་རྣམ་རྒྱལ་དྲུང་ཆེ་ཡིན་ལ་ཕྱིས་སུ་འཕྲིན་ལས་འོད་ཟེར་དྲུང་ཆེར་བསྐོས་ཤིང་། དབུ་འཛིན་འདིའི་སྐབས་སུ་བོད་གཞུང་སྨན་རྩིས་ཁང་ལ་ལས་དོན་བྱེད་ཕྱོགས་ཀྱི་ཆ་ནས་འཛིན་སྐྱོང་སྡེ་ཚན་དང་། རིག་གཞུང་སྡེ་ཚན་གཉིས་ཡོད་ཅིང་། དབུས་འཛིན་སྐྱོང་ནང་དུ་འང་ལས་དོན་བྱེད་ཕྱོགས་ཀྱི་སློབ་ཡོན་འབྲེལ་མཐུད་ཚན་པ་དང་། གསར་འཕྲིན་ཚན་པ་གཉིས་ཐད་ཀའི་འཛིན་སྐྱོང་ཁོངས་སུ་ཡིན་ལ། དངུལ་རྩིས་སྡེ་ཚན། ཡན་ལག་སྤྱི་ཁྱབ་ཡིག་ཚང་སྡེ་ཚན་གཉིས་འཛིན་སྐྱོང་དང་འབྲེལ་བའི་ལས་སྡེ་ཚན་གང་ཞིག་ལ་སྡེ་འགན་ལོགས་སུ་ཡོད་པའི་སྡེ་ཚན་ཡིན། སྐབས་དེར་ཡན་ལག་སྤྱི་ཁྱབ་ཡིག་ཚང་གི་འོག་ཏུ་ཡན་ལག་སྨན་ཁང་ ༢༨ ཡོད། སྐབས་དེར་ཡན་ལག་སྤྱི་ཁྱབ་འགན་འཛིན་སྔར་བཞིན་ལྷ་རྩེ་རྡོ་རྗེ་ནས་བྱེད་མུས་རེད།

 

རིག་གཞུང་སྡེ་ཚན་ལ། སྨན་རྩིས་མཐོ་སློབ་སྡེ་ཚན་དང་། སྨན་སྦྱོར་སྡེ་ཚན། སྐར་དཔྱད་རྩིས་རིག་སྡེ་ཚན་བཅས་གསུམ་ཡོད།  འགན་འཛིན་འདིས་ལོ་གཅིག་ལ་འགན་འཛིན་གནང་བའི་རིང་དང་འགན་འཛིན་མེད་པའི་བར་བརྒལ་ལོ་གཅིག་བཅས་ཀྱི་སྐབས་དབུས་མ་ལག་དང་བཅས་པའི་ནང་འགན་འཛིན་སྔ་མའི་སྐབས་ཀྱི་ལས་བྱེད་རྣམས་ཀྱི་སྟེང་གསར་ཞུགས་ལས་བྱེད་གྲངས་༨༥ བྱུང་བས་ཁྱོན་བསྡོམས་ལས་བྱེད་གྲངས་ ༡༩༨ ཙམ་ཡོད།

 

སྔར་བཞིན་བོད་གཞུང་སྨན་རྩིས་ཁང་ལ་བགྱིད་སྒོ་གང་མང་ཡོད་པའི་ནང་ནས་གཙོ་ཆེ་ཤོས་ནི་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་མེད་དབུ་ཁྲིད་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ྋསྐུའི་འཕྲོད་བཞེས་ལས་ལྷག་མེད་པ་བཞིན་ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་ལགས་དང་། བླ་སྨན་བློ་བཟང་དབང་རྒྱལ་རྣམ་གཉིས་ཀྱིས་སྐུའི་བརྟག་དཔྱད་འཕྲོད་བཞེས་ཀྱི་ཞབས་ཞུ་གང་ལེགས་ཞུས་ཡོད་པ་དང་། སྐར་རྩིས་སྡེ་ཚན་གྱི་རྩིས་རིག་སློབ་དཔོན་བྲག་མཐོན་བྱམས་པ་རྒྱལ་མཚན་ལགས་ཀྱིས་ལོ་རེའི་ྋསྐུའི་དགུང་ཀེག་ཀེག་རྩིས་སོགས་ཀྱི་ཞུ་སྒོ་མཐའ་དག་སྔར་རྒྱུན་བཞིན་ཞུས་ཡོད།

 

ཕྱི་ལོ་ ༡༩༨༨ ལོར་ཁྱབ་ཁོངས་དབུས་དང་ཕྱོགས་མཐའི་ཡན་ལག་སྨན་ཁང་ཁག་ཏུ་ཕྱི་ནང་གི་ནད་པ་བསྟེན་གཏུགས་བྱེད་མཁན་ ༡༡༢༧༨༤ ལ་སྨན་པ་རྣམ་པས་བལྟ་རེག་དྲི་བ་གསུམ་གྱི་སྒོ་ནས་ནད་གཞི་ངོས་འཛིན་གྱིས་སྨན་ཐུན་གྲངས་ ༥༢༡༣༩༡༢          མཁོ་སྤྲོད་བྱས་ཡོད་ལ། དེའི་ནང་དུ་རང་གཞུང་གི་སྲི་ཞུ་ལས་བྱེད་དང་ཉམ་ཐག བྱ་བྲལ་བ། བསྐོར་སྐྱོད་བསྟེན་གཏུགས། བོད་ནས་གསར་དུ་འབྱོར་བའི་ནད་པ་བཅས་མི་གྲངས་ ༩༢༠༩༢ ལ་རིན་མེད་སྨན་སྦྱིན་དང་། ཕྱོགས་མཚུངས་རིས་མེད་ཆོས་ལུགས་ཁག་གི་དགེ་འདུན་པ་དང་། བཙུན་མ། སྔགས་འཆང་། སློབ་ཕྲུག འབྱོར་འཁོས་ཕྲན་བུ་ཞན་པའི་རང་རིགས་མི་གྲངས་ ༡༦༡༢༠ སྨན་རན་ཕྱེད་བཅག་གནང་བ་བཅས་བསྡོམས་སྒོར་ ༥༤༧༢༨༥།༠༠ བཏང་འདུག ལོ་འདིར་རྒྱ་གར་ས་གནས་ཁག་དང་ཕྱི་རྒྱལ་ཡུལ་གྲུ་ནས་སྦྲགས་ཁང་བརྒྱུད་དེ་སྨན་ཐུན་གྲངས་ ༣༥༣༤༧༢ མཁོ་སྤྲོད་གནང་ཐུབ་པ་བྱུང་ཡོད་པས་ལོ་དེའི་སྨན་རྩིས་ཁང་གསོལ་སྨན་ནས་ཧིན་སྒོར་ ༥༠༣༣༠༧།༡༠ བྱུང་བར་འཁོད།

 

ཨ་མཆོག་རིན་པོ་ཆེས་འགན་འཛིན་གྱི་ཐུགས་འགན་བཞེས་ནས་ལོ་གཅིག་ཙམ་གྱི་དུས་ཡུན་རིང༌། སྨན་རྩིས་ཁང་དུ་མཐུན་ཕྱོགས་འཐེན་འཁྱེར་དང༌། ནང་ཁུལ་སྲིད་དོན་གྱི་རྙོག་འཛིངས། སྨན་པ་རེ་ཟུང་དང་ཐུགས་སྣང་འདྲིས་མིན་སོགས་ཀྱི་རྐྱེན་པས་དགོངས་གཞི་མཐའ་དག་ལག་བསྟར་བྱེད་དཀའི་གནས་སུ་གྱུར་ཏེ་དགོངས་ཞུ་མཐའ་ནན་གནང་བ་ལྟར་དགོངས་འཁྲོལ་བྱུང་བའི་རྗེས་ ༡༩༨༩ ཟླ་ ༡༠ ཚེས་ ༡ ནས་ ༡༩༩༠ ཟླ་ ༦ བར་སྟེ་སྨན་རྩིས་ཁང་ལ་དབུ་འཛིན་མེད་པར་ལོ་གཅིག་ཙམ་གནས་དགོས་པའི་དུས་སྐབས་ཐབས་རྡུགས་ཤིག་ཀྱང་ཤར་འདུག  རྒྱུ་རྐྱེན་དེ་དག་གི་དབང་གིས་ལོ་གཅིག་ཙམ་བཞུགས་རིང་སྔར་མེད་ལས་གཞི་གསར་བ་གང་ཡང་རྩོམ་ཐུབ་མེད་པ་ནི་བློ་ཕམ་གྱི་གནས་སུ་གྱུར་ཡང་རྒྱུན་ལྡན་ལས་དོན་ཁག་གི་ཐད་དམིགས་བསལ་འཐུས་ཆེན་པོ་ཤོར་བའི་གཏམ་རྒྱུད་གོ་ཐོས་མ་བྱུང་ངོ་།།

 

ག༽གལ་ཆེའི་ལས་གཞི།

ཕྱི་ལོ་ ༡༩༨༩ ལོར་ཀོལ་ཀ་ཏ་དང་། ཏི་ཛུ་ཡན་ལག་སྨན་ཁང་བཅས་སྨན་ཁང་གཉིས་གསར་འཛུགས་གནང་ཡོད་པ་རེད།


སྨན་བསྐོར་དང་ཚོགས་ཞུགས་ཚོགས་སྐོང་།

ཕྱི་ལོ་ ༡༩༩༠ ཟླ་ ༨ ཚེས་ ༡༢ ནས་ཟླ་ ༡༠ ཚེས་ ༦ བར་སྐུའི་བླ་སྨན་བློ་བཟང་དབང་རྒྱལ་མཆོག་དང་། སྨན་པ་རྣམ་རྒྱལ་ལགས་གཉིས་གདན་ཞུས་ལྟར་ནོར་ཝེ་དང་། སྭི་ཌེན། ཧོ་ལནཌ་བཅས་རྒྱལ་ཁབ་གསུམ་དུ་ཕེབས་ཏེ་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་དང་འབྲེལ་བའི་གལ་ཆེའི་གསུང་བཤད་སྔ་ཕྱིར་གནང་ཞིང་། ལྷག་པར་བོད་ལ་སྨན་དཔྱད་དར་ནས་ལོ་ག་ཚོད་ཕྱིན་པ་དང་།   ནང་ཆོས་དང་བོད་སྨན་གཉིས་ཀྱི་འབྲེལ་བ།  རྩིས་དང་བོད་སྨན་གྱི་འབྲེལ་བ། དེང་དུས་ཀྱི་ནད་གསར་དག་ལ་བོད་སྨན་གྱིས་ཐག་གཅོད་ག་འདྲ་ཞིག་ཐུབ་མིན་གྱི་སྐོར། ལས་འབྲེལ་དང་ལས་ནད་ཟེར་བར་དངོས་འབྲེལ་ཡོད་མེད་སོགས་དྲི་བ་དོན་ཚན་བཅུ་ལ་ལན་འདེབས་གནང་བ་དང་ཆབས་ཅིག་བོད་ནང་རང་དབང་བདེན་པའི་འཐབ་རྩོད་ལས་འགུལ་ལ་རྒྱ་དམར་གྱིས་མི་སྤྱོད་ལས་འདས་པའི་གདུག་རྩུབ་ཀྱིས་དྲག་གནོན་བྱེད་པའི་བྱ་སྤྱོད་རྣམས་ཐེར་འདོན་གནང་བ་དང་། ང་ཚོའི་དྲང་བདེན་འཐབ་རྩོད་ལ་འཛམ་གླིང་རྒྱལ་ཁབ་ཁག་དང་། མི་དམངས་རྣམས་ནས་བདེན་རྒྱབ་དང་གདུང་སེམས་མཉམ་བསྐྱེད་མུ་མཐུད་གནང་བར་རེ་སྐུལ་བཅས་ཞུས་པ་གསར་ཤོག་ཁག་ཏུ་འགོད་སྤེལ་དང་། རྒྱལ་ཁབ་གསུམ་དུ་ནད་པ་མི་གྲངས་ ༣༠༠ ཙམ་ལ་བརྟག་དཔྱད་སྨན་བཅོས་གནང་བར་དེང་སྐབས་ཕྱི་ལུགས་སྨན་གྱིས་བཅོས་ཐབས་བྲལ་བའི་ནད་གཞི་སྐོར་ཞིག་ལ་ཕན་འབྲས་བྱུང་བས་མི་མང་རྣམས་ཀྱིས་བོད་སྨན་ལ་ཡིད་ཆེས་དགའ་གུས་དང་བསྔགས་བརྗོད་ཐོབ། དེ་བཞིན་སྤྱི་ཟླ་ ༨ ནང་ཟླ་སྟེང་ཡན་ལག་སྨན་ཁང་གི་སྨན་པ་ཟླ་སྒྲོན་ལགས་དང་།  སྨན་པ་ཚེ་དབང་རྟ་མགྲིན། སྨན་པ་པདྨ་རྡོ་རྗེ། སྨན་པ་རྣམ་རྒྱལ་ཚེ་རིང་། སྨན་པ་ཀུན་དགའ་འགྱུར་མེད། སྨན་པ་བློ་བཟང་ཚུལ་ཁྲིམས་སོགས་ཕྱི་རྒྱལ་ཁག་གི་གདན་ཞུ་དང་དབུས་ཀྱི་བཀའ་འབྲེལ་བཞིན་ཨིན་ལན་དང་།  ཧོ་ལནཌ། སྦུ་ག་རི་ཡ། སི་ཕན་བཅས་སུ་སྔ་ཕྱིར་ཕྱོགས་བསྐྱོད་ཀྱིས་རྒྱལ་ཁབ་དེ་དག་ཏུ་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་དང་འབྲེལ་བོད་སྨན་གྱི་ཁྱད་ནུས་སྔ་རྗེས་སུ་གསུང་བཤད་འགྲེལ་བརྗོད་གནང་བར་བོད་སྨན་ལ་དགའ་ཞེན་དང་དོ་སྣང་བྱེད་མཁན་མང་པོ་བྱུང་ཞིང་། ཁོང་རྣམ་པས་རྒྱལ་ཁབ་དེ་དག་ཏུ་ནད་པ་མང་བོར་བརྟག་དཔྱད་སྨན་བཅོས་ཞུས་པར་ཕན་འབྲས་ཆེན་པོ་བྱུང་བས་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་འདི་འཛམ་གླིང་སྟེང་ཁྱབ་བརྡལ་དུ་འགྲོ་བར་དྲིལ་བསྒྲགས་གང་ཆེ་བྱུང་།

 

ཡང་ལོ་དེར་སྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་ལགས་དང་།  སྐད་སྒྱུར་སྐྱིད་འཛོམས་གཉིས་སྔ་ལོ་སྨན་བཅོས་བྱས་པའི་ཨེཌསའི་ནད་པར་ཕན་འབྲས་གང་འདྲ་བྱུང་ཡོད་མིན་རྟོགས་ཞིབ་ཆེད་ཨ་རི་དང་། ཕི་རཱན་སི། ཨསྟྲེ་ལི་ཡ་སོགས་སུ་བསྐྱོད་དེ་སྔ་ལོ་ཨེཌས་ནད་པ་བདུན་ཅུ་ལ་བརྟག་དཔྱད་བྱས་པ་ལས་ནད་པ་བཅུ་གསུམ་དྲག་སྐྱེད་བྱུང་ཡོད་ལ། ནིའུ་ཡོག་ཏུ་མཁལ་མའི་ཀན་སར་གྱི་ནད་གཞིར་བརྟག་དཔྱད་བྱས་པའི་བུ་མོ་ཞིག་ཡོད་པ་དེ་སངས་དྲག་ཏུ་ཕྱིན་ཡོད་པར་བརྟེན། འབྲས་ནད་སྡེ་ཚན་གྱི་མགོ་ཁྲིད་པས་ནད་གཞི་དེའི་ཐད་བོད་སྨན་གྱི་ཕན་འབྲས་དམིགས་བསལ་བྱུང་བར་ཁས་ལེན་བྱས་པར་མ་ཟད། སྨན་རིགས་དེ་དག་མང་ཙམ་བཟོ་སྦྱོར་ཐུབ་མིན་དང་།  དེ་ནང་སྨན་རྒྱུའི་རིགས་གང་དང་གང་ཡོད་སྐོར་ཞིབ་ཕྲའི་སྐད་ཆ་དྲིས། དེ་བཞིན་དུ་སྐུའི་བླ་སྨན་བློ་བཟང་དབང་རྒྱལ་མཆོག་ཨུ་རུ་སུའི་གཞུང་ཕྱོགས་ནས་ཨུ་ལན་ཨུ་ཏ་ནང་དགོན་གྱི་མཁན་པོའི་འབྲས་ནད་སྙུན་གཞིར་བརྟག་དཔྱད་ཆེད་ཛ་དྲག་གདན་ཞུས་ལྟར་ཕེབས་ཏེ་མཁན་རིན་པོ་ཆེ་མཆོག་ལ་བརྟག་དཔྱད་སྨན་བཅོས་ཞུས་པར་དྲག་སྐྱེད་བྱུང་བར་བརྟེན་ཕྱི་ལོ་ ༡༩༨༩ ཟླ་ ༧ ནང་སླར་ཡང་གཞུང་འབྲེལ་གདན་ཞུ་གནང་སྟེ་བདུན་ཕྲག་གཉིས་ཙམ་གྱི་རིང་རྒྱལ་ས་མོ་སི་ཁོ་དང་། ཨུ་ལན་ཨུ་ཏ་སོ་ཡི་མཁན་བླ་རྣམས་དང་། ལས་བྱེད། མང་ཚོགས་སོགས་མི་གྲངས ༡༠༠༠ ཙམ་ལ་སྨན་བཅོས། མེ་བཙའ། སྐམ་ཁབ། གསེར་ཁབ་སོགས་བཅོས་ཐབས་སྣ་མང་གི་སྟེང་ནས་སྨན་བཅོས་བརྟག་དཔྱད་གནང་བས་ཕན་རླབས་རྒྱ་ཆེར་བྱུང་།

 

ཕྱི་ལོ་ ༡༩༨༩ ཟླ་ ༢ ཟླ་མཇུག་ནས་ཟླ་ ༥ ཟླ་དཀྱིལ་བར་ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་ལགས་དང་། སྨན་སྦྱོར་འགན་འཛིན་བསྟན་འཛིན་རྣམ་རྒྱལ་གཉིས་གདན་ཞུས་ལྟར་ཕ་རན་སིར་ཕེབས་ཏེ་ནད་པར་སྨན་བཅོས་བརྟག་དཔྱད་ཞུས་ཤིང་། སོར་སྤོག་དང་། གྲྭ་པིན་གཙུག་ལག་སློབ་གྲྭ་ཆེན་མོ། རྣལ་འབྱོར་ཆོས་ཚོགས་སོགས་སུ་རྩ་རླུང་ཁྲག་གསུམ་གྱི་འཁོར་རྒྱུག་ཐོག་ནད་ཀྱི་རྒྱུ་རྐྱེན་དང་། མཚན་ཉིད། དབྱེ་བ། སོ་སོའི་དོན། གསོ་རིག་ནང་དོན། གཉན་རིམས་དར་ཚུལ་སོགས་ལུང་རིགས་གཉིས་ཀྱི་སྒོ་ནས་ཁུངས་སྐྱེལ་ར་སྤྲོད་བྱས་པ་མ་ཟད། སྐབས་དེར་ཧོ་ལནཌ་དང་། བེལ་ཇི་ཡམ། ནོར་ཝེ། སུ་ཛར་ལནཌ། ཨི་ཊ་ལི། ཨ་རི་བཅས་ནས་ཕེབས་པའི་ནད་པ་མང་བོར་ནད་བཅོས་བརྟག་དཔྱད་བྱས། ད་དུང་ལོ་དེར་ཕྱི་རྒྱལ་ཁག་གི་གདན་ཞུ་དང་། རྒྱ་གར་ནང་ལོགས་སུའང་ཡན་ལག་སྨན་ཁང་མེད་པའི་ས་གནས་ཁག་ལ་འཕྲོད་བསྟེན་ཞབས་ཕྱིའི་སླད་བོད་གཞུང་སྨན་རྩིས་ཁང་གི་སྨན་པ་ཆེད་བསྐྱོད་བྱས་པའི་རྒྱལ་ཁབ་ཕི་རཱན་སི། ཨིིན་ལན། ཧོ་ལནཌ། སི་པན། སྭི་ཌེན། ཌན་མཱརྐ། ནོར་ཝེ། ཀོ་རི་ཡ། ཨུ་རུ་སུ་སོགས་ཕྱི་རྒྱལ་ཁག་དང་། རྒྱ་གར་ནང་ལོགས་ཀྱི་ས་གནས་མན་པ་ཏ། བེངྒ་ལོར། པོན་ཊི་ཅེ་རི་སོགས་སུ་དབུས་སྨན་རྩིས་ཁང་དང་། བེངྒ་ལོར། ས་སྐྱ་གཞིས་ཆགས་། པུར་ཝ་ལ། བྲའུ་དཔོན་གཞིས་ཆགས། ཀམ་རའོ། ཁམས་ཀ་ཐོག་གཞིས་ཆགས། སའི་ཀྲོན། འདོད་དགུ་གཡུལ་རྒྱལ་གཞིས་ཆགས། ཁན་ཝ་ལ། ཧ་པ་པུར། ཀི་ནོར། ནེ་ནི་ཏཱལ་སོགས་སུ་ཡན་ལག་སྨན་ཁང་ཁག་ནས་སྐོར་སྐྱོད་བྱས་ཏེ་བལྟ་རེག་དྲི་གསུམ་གྱིས་བརྟག་དཔྱད་ཞིབ་ཚགས་གནང་བར་ཕན་སྐྱེད་ཆེན་པོ་བྱུང་།

 

དེ་བཞིན་ྋསྐུའི་བླ་སྨན་བློ་བཟང་དབང་རྒྱལ་ལགས་དང་། སྨན་པ་རྣམ་རྒྱལ་ལགས། སྨན་པ་བློ་བཟང་ཚུལ་ཁྲིམས་བཅས་གདན་ཞུས་ལྟར་ལོ་དེའི་ཟླ་ ༤ ནས་ཟླ་ ༥ བར་ཨིང་ལན་དང་། ཟླ་ ༩ ནས་ཟླ་ ༡༠ བར་སུད་ཌན་དང་ནོར་ཝེ་བཅས་སུ་ཕེབས་ཏེ་སྔ་ཕྱི་གཉིས་ཀར་སློབ་གྲྭ་དང་། སྨན་ཁང་།་ཚོགས་པ་བཅས་སུ་ཚོགས་བཅར་གནང་སྟེ་བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་དང་། བོད་སྨན་ཀྱི་ཐུན་མོང་མ་ཡིན་པའི་རྩ་ཆུ་བརྟག་ཐབས། ལུས་ཀྱི་གྲུབ་ཚུལ་གྱི་རིག་པ་སོགས་བརྗོད་གཞི་མི་འདྲ་བ་མང་པོའི་ཐོག་གཏམ་བཤད་དང་།  འཕྲོད་བསྟེན་བརྙན་དེབ་རྩོམ་སྒྲིག་པས་དྲི་བ་ ༣༢ བཏོན་པ་དང་།  བོད་སྨན་དང་བོད་ཀྱི་གསོ་རིག་གཞུང་ལུགས་སྐོར་ལ་དྲི་བ་ཞུས་པར་དྲིས་ལན་གནད་སྨིན་གནང་། གཞན་ཡང་རྒྱལ་ཁབ་དེ་དག་ཏུ་ནད་པ་གྲངས་ ༤༠༠ ཙམ་ལ་བརྟག་དཔྱད་སྨན་བཅོས་གང་ལེགས་གནང་། ཡང་ལོ་དེར་རཱ་ཤི་ཡ་མངའ་སྡེའི་འཕྲོད་བསྟེན་སྨན་ཁང་དང་འབྲེལ་བའི་ཐོག་གནའ་བོའི་གསོ་རིག་བསྟི་གནས་ཀྱི་འགན་འཛིན་ལྕམ་སྐུ Natalia Loukianova ཡིས་མཐུན་འགྱུར་གནང་སྟེ་ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་ལགས་དང་། གསུང་སྒྱུར་སྨན་པ་རྣམ་རྒྱལ་ཁྱུ་གསར་རྣམ་གཉིས་ཨུ་རུ་སུར་བསྐྱོད་དེ་ཐོག་མར་རཱ་ཤིར་འབྱོར་སྐབས་འབྲེལ་ཡོད་མི་སྣ་རྣམས་ཀྱི་ཐུགས་རྗེའི་སྣེ་ལེན་འོག་ཨུ་རུ་སུའི་མངའ་སྡེའི་ལས་ཁུངས་ཆེ་ཁག་དང་ཉམས་ཞིབ་སྡེ་ཚན་ཆེ་ཁག་མང་བོར་གཟིགས་སྐོར་གདན་ཞུ་གོ་སྒྲིག་གནང་བ་ལྟར་ལས་ཁུངས་སོ་སོའི་གཙོ་འཛིན་སོགས་མི་སྣ་དག་ལ་ཐུག་འཕྲད་དང་།  ཉམས་ཞིབ་བྱེད་ཕྱོགས་ལ་བཀའ་བསྡུར་དགོས་འདུན་ལྟར་ཨུ་རུ་སུའིི་སྲིད་འཛིན་གཞོན་པ་ཧ་སི་ཕུ་ལཱ་དབ་ཀྱི་ལས་ཁུངས་སུ་མཇལ་བཅར་བསྐྱོད་དེ་བོད་སྨན་ངོ་སྤྲོད་དང་། མ་འོངས་བོད་སྨན་གྱི་དགོས་པ་ཅི་ཡོད་དགེ་མཚན་གསལ་སྟོན་ཞུས་པ་མ་ཟད། ཨུ་རུ་སུའི་སྲིད་འཛིན་མཆོག་གི་སྙུན་གཞིར་བརྟག་དཔྱད་ཞུས་པ་དང་སྟབས་བསྟུན་བོད་དང་འབྲེལ་བའི་བོད་ཀྱི་ཆབ་སྲིད་གནས་སྟངས་དང་།  མ་འོངས་བོད་རང་བཙན་ཆེད་རྒྱབ་སྐྱོར་ཡོང་བ་དང་། བོད་དང་ཨུ་རུ་སུའི་མི་དམངས་བར་གནའ་དེང་མཛའ་འབྲེལ་ཅི་ཡོད་སྐོར་སོགས་སྙན་སེང་ཞུས་པར། སྲིད་འཛིན་གཞོན་པ་ཧ་སི་ལཱ་དབ་མཆོག་གིས་བོད་རང་བཙན་ཐད་རྒྱབ་སྐྱོར་གཙང་མ་ཞུ་རྒྱུ་ཡིན་ཞེས་ཞལ་བཞེས་གསལ་བོ་གནང་། སྲིད་འཛིན་ལགས་ལ་མཇལ་བཅར་ཞུས་རྗེས་རྡུལ་ཕྲན་གྱི་དུག་རླངས་ཕོག་པའི་ནད་པར་སྨན་བཅོས་བྱ་བར་བསྐྱོད།

 

དེ་ཡང་ཕྱི་ལོ་ ༡༩༨༧ ནང་ཨུ་རུ་སུར་རྡུལ་ཕྲན་དུག་རླངས་ཕོག་པའི་རྐྱེན་ངན་ཚབས་ཆེན་ཞིག་བྱུང་བ་དེས་རྐྱེན་གྱིས་ནད་པ་ཧ་ཅང་མང་པོ་ཡོད་པས། སྐབས་དེར་འཕྲོད་བསྟེན་སྨན་ཁང་ནས་བོད་སྨན་ལ་རེ་བ་ཆེར་བཅོལ་གྱིས་སྲོག་ཆགས་དུད་འགྲོའི་རིགས་ལ་བརྟག་དཔྱད་གང་ཡང་བྱ་མི་དགོས་པའི་ཐོག་ཐད་ཀར་རྡུལ་ཕྲན་དུག་གིས་མནར་བའི་ནད་པར་བརྟག་དཔྱད་བྱ་ཆོག་པའི་དབང་ཆ་གནང་ལ། ནད་པ་ལྔ་བཅུ་དྲག་སྐྱེད་ངེས་ཐོན་བྱུང་ཚེ་ཨུ་རུ་སུའི་འཕྲོད་བསྟེན་གཞུང་ནས་བོད་སྨན་ངོས་ལེན་དང་ལག་ལེན་འདོན་སྤེལ་ཆོག་པའི་བཀའ་འཁྲོལ་ཡང་ཐོབ། སྐབས་དེར་སྨན་པ་རྣམས་ཀྱིས་དུག་རླངས་ཕོག་པའི་ནད་པ་མང་པོར་རྩ་ཆུ་བརྟག་ཐབས་ཀྱི་དཔྱད་པ་གང་གཟབ་བྱས་ཏེ་ནད་པ་རྣམས་ལ་བརྟག་དཔྱད་སྨན་བཅོས་ཀྱིས་ཟླ་གཅིག་རིང་གསོལ་སྨན་ཕུལ་རྗེས་སོག་པོ་བོ་རི་ཡཱ་ཏཱར་ཕྱིར་སྐྱོད་བྱས། བུ་རི་ཡཱཏཱ་དང་ཕྱི་སོག་ཏུ་ཉིན་ཉི་ཤུ་ལྷག་བསྐོར་སྐྱོད་སྨན་བཅོས་ལེགས་གྲུབ་ཟིན་མ་ཐག་སླར་ཡང་ཨུ་རུ་སུར་དམིགས་བསལ་ཉམས་ཞིབ་སྨན་བཅོས་ཀྱི་ཚོགས་ཆེན་ནང་ཞུགས། ཚོགས་འདུ་གྲོལ་རྗེས་ཅི་ན་པིག་དུ་སྔར་གྱི་དུག་རྫས་ཕོག་པའི་ནད་པའི་བདེ་སྡུག་ལ་བལྟ་བར་བསྐྱོད་དུས། ནད་པ་ཕལ་ཆེ་བ་དྲག་སྐྱེད་བྱུང་འདུག་པས་བོད་སྨན་གྱིས་དུག་རྫས་ཕོག་པའི་ནད་པ་རྣམས་ལ་དམིགས་བསལ་ཕན་བསྐྱེད་བྱུང་སྟབས། སྨན་ཁང་འགན་འཛིན་སྨན་པ་རྣམས་ཀྱིས་དམིགས་བསལ་ཚོགས་འདུ་སྐོང་འཚོགས་ཀྱིས་གང་མགྱོགས་སྨན་ཁང་གསར་འཛུགས་བྱ་རྒྱུའི་རེ་སྐུལ་ཀྱང་ཞུས།

 

ཕྱི་ལོ་ ༡༩༨༩ ལོར་ཚན་རིག་དང་བོད་སྨན་བར་གྱི་འབྲེལ་བ་རྒྱུས་སྤྲོད་དང་ཕྱོགས་གཉིས་ཀའི་བར་ནས་ལེགས་ཆ་སྤེལ་རེས། གཞན་ཡང་བོད་སྨན་ཐད་ཉམས་ཞིབ་ཤེས་ཡོན་གོང་མཐོར་གཏོང་རྒྱུ་སོགས་ཀྱི་སླད། ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་ལགས་དང་། སྨན་པ་རྣམ་རྒྱལ་ཁྱུ་གསར། རྡོ་རྗེ་རབ་བརྟན་བཅས་ལྷོ་ཀོ་རི་ཡ་སི་འོ་རྒྱལ་སའི་ནང་ལྷོ་ཨེ་ཤ་ཡའི་སྲོག་རྫས་རིག་པ་མཁས་ཅན་སོགས་ཚོགས་མི་སྟོང་གཅིག་ལྷག་ལྷན་འཛོམས་ཀྱིས་སྲོག་རྫས་རིག་པའི་སྐོར་གྱི་ཚོགས་ཆེན་དུ་ཞུགས་ཏེ་ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་ལགས་ཀྱིས་བོད་ཀྱི་གསོ་བ་རིག་པའི་འཕེལ་རིམ་དང་དམིགས་བསལ་བོད་སྨན་གྱི་ཕན་ཡོན་ངོ་སྤྲོད་ཀྱི་གཏམ་བཤད་གནང་པ་མ་ཟད། ཉམས་ཞིབ་ཡིག་ཆ་འགྲེམས་སྟོན་བྱས། དེ་བཞིན་ལོ་དེའི་ཟླ་ ༡༡ ནང་ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་མཆོག་དང་། གསུང་སྒྱུར་ཉམས་ཞིབ་སྨན་པ་བློ་བཟང་ཚུལ་ཁྲིམས། རྡོ་རྗེ་རབ་བརྟན་བཅས་བེངྒ་ལོར་དུ་མོ་ལིས་ཀྲག་ཧེལ་ཏ་ཞེས་པའི་རྒྱལ་སྤྱིའི་འཕྲོད་བསྟེན་གྱི་ཚོགས་འདུར་ཕེབས་ཏེ་ཐུན་མོང་མ་ཡིན་པའི་བོད་སྨན་གྱི་ཁྱད་ནུས་ངོ་སྤྲོད་གནང་བས་ཕྱི་ལུགས་སྨན་པ་མང་པོས་བོད་སྨན་ལ་ཡིད་ཆེས་ཡོད་པའི་རྣམ་འགྱུར་ཐོག་བོད་སྨན་ཡར་རྒྱས་གཏོང་ཕྱོགས་སྐོར་གྱི་སློབ་སྟོན་རྒྱ་ཆེར་གནང་བས་ཕན་ཐོགས་གང་ལེགས་བྱུང་ཡོད་པའོ།།

 

འགན་འཛིན་མེད་པའི་བར་བརྒལ་ལོ་གཅིག་རིང་།

(༡༩༨༩ ཟླ་ ༡༠ ཚེས་ ༡ - ༡༩༩༠ ཟླ་ ༦ བར།)

ཕྱི་ལོ་ ༡༩༨༩ ལོ་བོད་ནང་ལ་མཚོན་ན་དམ་དྲག་ཆེ་རུ་འགྲོ་བཞིན་པའི་དུས་རབས་གསར་བ་ཞིག་ཡིན་ལ། ཕྱི་ཕྱོགས་སུ་བོད་ཀྱི་རྩ་དོན་དང་རིག་གཞུང་བཅས་གང་ཅིའི་ཐད་ནས་འཛམ་གླིང་ཐོག་དར་རྒྱས་འགྲོ་བཞིན་པའི་སྐབས་ཤིག་ཏུ་མ་ཟད་། ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ཞི་བདེའི་གཟེངས་རྟགས་ཀྱི་བྱ་དགའ་ཕུལ་བའི་ལོ་ཡང་ཡིན། ཕྱི་ལོ ༡༩༨༩ ཟླ་ ༡༠ ཚེས་ ༡ ཉིན་ནས་ཨ་མཆོག་རིན་པོ་ཆེ་ནས་དགོངས་ཞུས་རྩིས་སྤྲོད་གནང་རྗེས་ལོ་གཅིག་མ་ཟིན་ཙམ་གྱི་རིང་འགན་འཛིན་མེད་པའི་བར་བརྒལ་གྱི་གནས་སྟངས་བྱུང་ཞིང་། དེའི་རིང་དམིགས་བསལ་གལ་ཆེའི་ལས་གཞི་གསར་བ་དང་ལས་འཆར་གསར་བའི་རིགས་བྱུང་མེད་ནའང་དབུས་མ་ལག་དང་ས་གནས་ཡན་ལག་བཅས་ནས་རྒྱུན་ལྡན་ལས་དོན་རྣམས་སྔར་ལམ་བཞིན་བསྒྲུབས་ཐུབ་བྱུང་འདུག ཕྱི་ལོ་ ༡༩༩༠ ཟླ་ ༥ ཚེས་ ༣༠ ནས་ཟླ་ ༦ ཚེས་ ༦ བར་ྋསྐུའི་བླ་སྨན་བློ་བཟང་དབང་རྒྱལ་མཆོག་ཌེན་མརྐ་དུ་ནད་པ་གྲངས་ ༦༠ ལྷག་ལ་བརྟག་དཔྱད་སྨན་བཅོས་གནང་། དུས་ཡུན་དེའི་རིང་ཌེན་མརྐ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོས་གཙོས་འཐུས་མི་རྣམས་ནས་བླ་སྨན་མཆོག་ལ་བོད་ནང་རྒྱ་མིས་མནར་གཅོད་གང་འདྲ་གཏོང་མུས་དང་དེ་ལ་ཁོང་ཚོའི་ངོས་ནས་རྒྱབ་སྐྱོར་ཐབས་ཤེས་ཇི་འདྲ་ཡོད་མེད་སྐོར་བཀའ་འདྲི་ཞུས་པར། བླ་སྨན་མཆོག་ནས་དྲི་བ་རྣམས་ལ་འོས་འཚམས་ལན་འདེབས་གནང་བས་ཚོགས་པ་དེས་རྒྱབ་གཉེར་ཤུགས་ཆེ་རུ་གཏོང་རྒྱུ་མ་ཟད། གཞུང་གིས་ངོས་འཛིན་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་འབྲེལ་བ་གནང་རྒྱུ་ཡིན་པ་བཅས་བོད་ཀྱི་གནས་བབ་དང་དཀའ་ངལ་ལ་རྒྱུས་ལོན་དང་འབྲེལ་སྨན་རྩིས་གཉིས་ལ་མཐོང་ཆེན་འབྲེལ་ལམ་གང་ཟབ་བྱུང་བ་དང་།མཁས་དབང་སྨན་པ་བཅུ་ལ་བོད་ཀྱི་གསོ་རིག་ལོ་རྒྱུས་དང་། ཁྱད་ཆོས། སྨན་བླའི་གཟུངས་སྔགས་ཀྱི་ནུས་པ་བཅས་ཀྱི་སྐོར་ལ་གསུང་བཤད་གནང་།

 

ལོ་དེར་བླ་སྨན་བློ་བཟང་དབང་རྒྱལ་མཆོག་དང་སྨན་པ་བསོད་ནམས་ལྷ་མོ་གཉིས་ནོར་ཝེ་རུ་ཕེབས་ཏེ་ནད་པ་གྲངས་ ༢༧ ལ་བརྟག་དཔྱད་སྨན་བཅོས་གནང་བ་དང་། དེ་བཞིན་བླ་སྨན་མཆོག་ནས་ཨོ་སོ་ལོ་མཐོ་སློབ་ཁང་ཕོ་བའི་རྨ་འབྲས་ཐོག་གསུང་བཤད་གནང་སྟེ་ཕན་ཐོགས་ཆེན་པོ་བྱུང་།

 

ཕྱི་ལོ་ ༡༩༩༠ ལོར་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་ཀྲུའི་ཅ་སྤེལ་བཅས་བོད་མིའི་གཞིས་ཆགས་གསུམ་དུ་ཡན་ལག་སྨན་ཁང་གསར་འཛུགས་གནང༌། ད་དུང་ཀ་ཏ་ཡན་ལག་སྨན་ཁང་ཁང་བ་ཉོ་སྒྲུབ་དང་། དྷ་སྟེང་ཡན་ལག་སྨན་ཁང་དང་དབུས་སྨན་རྩིས་ཁང་དུ་ལས་ཤག་གསར་རྒྱག བདེ་གླིང་ཡན་ལག་དང་། པོན་ཌ་ཡན་ལག་སྨན་ཁང་ཁང་བ་གསར་སྐྲུན་རྒྱ་སྐྱེད་བྱ་རྒྱུ། ལ་དྭགས་སླེ་དང་། བེངྒ་ལོར་དུ་ཡན་ལག་སྨན་ཁང་གསར་འཛུགས་གནང་རྒྱུ་བཅས་ཀྱི་འཆར་གཞིའི་ཐད་ལས་ཀ་གང་ཐུབ་བྱས་ཡོད་པ་བཅས་སོ།།

 

ང༽ལས་བྱེད་འཕོ་འགྱུར།

ཕྱི་ལོ་ ༡༩༨༨ ལོར་མཐོ་སློབ་སློབ་སྤྱི་སྨན་རམས་པ་པ་སངས་ཡོན་ཏན་ལགས་དགོངས་ཞུ་གནང་ཚབ་རིག་གནས་དགེ་རྒན་གྲོ་སྟོད་རྡོ་རྗེ་རྒྱལ་པོ་ལགས་སློབ་སྤྱིར་བསྐོས་པ་ནས་ཕྱི་ལོ་ ༡༩༩༢ བར་ལོ་ངོ་བཞིའི་རིང་སློབ་སྤྱིའི་ལས་ཁུར་ཞུས། ས་སྦྲུལ་ཕྱི་ལོ་ ༡༩༨༩ ལོར་སྐབས་བཞི་བའི་རྩིས་སློབ་བྱམས་པ་སྐལ་བཟང་དང༌། བཀྲ་ཤིས་ཚེ་རིང༌། བསྟན་འཛིན་ཆོས་རྒྱལ། ངག་དབང་དོན་འགྲུབ། བསོད་ནམས་བཅས་མི་གྲངས་ལྔ་རྩིས་པ་དཀའ་བཅུ་བའི་གཞུང་ཚད་སློབ་ཐོན་གྱིས་སྔར་ལྟར་རང་རང་ལས་སྒོར་ཞུགས།

 

གང་གིས་བསྐོས་པའི་བཀའ་བཞིན་སྒྲུབ་འདོད་ཀྱི།།

ལྷག་བསམ་དྭངས་གཙང་མེད་པ་མིན་ནའང་།།

ཁེངས་རློམ་ཕྲག་དོག་མེ་ལྕེ་འཁོལ་བ་འགའི།།

ཕྱོགས་འཐེན་མདའ་མོའི་རྨ་ཁ་འཁུར་ཏེ་བྲོས།། །།


མཐའ་མའི་འདོན་ཐེངས་།: 16.04.2016 ཉིན། 11:31 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།