སྨན་རྩིས་དྲ་བ། - སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ།

འགན་འཛིན་སྐབས་བཅུ་བཞི་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 08.04.2016
སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ། >>

<< བོད་གཞུང་སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ། >>

 

འགན་འཛིན་སྐབས་བཅུ་བཞི་པའི་སྐབས།

ཀ༽འགན་འཛིན་ངོ་སྤྲོད།

ྋསྐུའི་བླ་ཞབས་སྨན་རམས་པ་ཚེ་དབང་རྟ་མགྲིན་མཆོག་ནི། སྟོད་དིང་རིའམ་ཞིང་རི་ཕ་ཚེ་དབང་དང་མ་བློ་བཟང་སྒྲོལ་མ་གཉིས་ཀྱི་སྲས་སུ་ཕྱི་ལ་ོ  ༡༩༥༧ ཟླ ་༨ ཚེས་ ༡༥ འཁྲུངས་ཤིང་། ཕྱི་ལོ་ ༡༩༦༠ ལོར་བཙན་བྱོལ་དུ་ཕེབས་ཏེ་ཌལ་ཧོར་བོད་གཞུང་གཏན་སློབ་ཏུ་གཞི་རིམ་འཛིན་གྲྭ་བཅུ་བ་ཐོན་རྗེས་ཏེ་ཕྱི་ལོ ༡༩༧༢ ལོར་སྨན་རྩིས་ཁང་གི་སྨན་སློབ་སྐབས་གསུམ་པའི་ཁོངས་སུ་འཛུལ་ཞུགས་ཀྱིས་སྨན་རྩིས་གཉིས་ཀ་སློབ་ཐོན་བྱུང་བ་ནས་བཟུང་ད་ལྟའི་བར་མི་ལོ་སུམ་ཅུ་ལྷག་གི་རིང་གསོ་བ་རིག་པའི་ཐོག་མཛད་རྗེས་ཤིན་ཏུ་ཆེ་ཞིང་། དེ་ཡང་ཡན་ལག་སྨན་ཁང་ཁག་ནས་ལོ་མང་བརྟག་དཔྱད་སྨན་པའི་ཕྱག་ལས་གནང་བ་ནས་རིམ་པའི་སྨན་སྦྱོར་འགན་འཛིན་དང་། མཐོ་སློབ་སློབ་སྤྱི།་ངེས་སྟོན་པ་གཞོན་པ། ྋསྐུའི་བླ་སྨན་ཞབས་ཞུ་བཅས་ཀྱི་མཚན་གནས་བཞེས་པ་མ་ཟད། ད་ལྟ་སྨན་རྩིས་ཁང་གི་སྤྱི་ཁྱབ་འགན་འཛིན་གནང་མུས་བཅས་ཀྱི་ངོ་སྤྲོད་མདོར་བསྡུས་སོ།། ཞིབ་ཕྲ་སྨད་ཆའི་ནང་དུ་གསལ།

 

ཁ༽ད་ལྟའི་གནས་བབ་སྤྱི།

ཕྱི་ལོ་༢༠༠༩ ལོར་སྔར་ལྟར་སྨན་རྩིས་ཁང་གི་ངེས་སྟོན་པ་འཚོལ་ཞིབ་ཚོགས་ཆུང་བརྒྱུད་འགན་འཛིན་ལྷན་ཚོགས་ནས་ྋསྐུའི་བླ་ཞབས་སྨན་རམས་པ་ཚེ་དབང་རྟ་མགྲིན་མཆོག་ཕྱི་ལོ་ ༢༠༡༠ ལོར་སྨན་རྩིས་ཁང་གི་ངེས་སྟོན་པར་བསྐོས་ཤིང་། ཁོང་ནས་སྔར་ཡོད་དྲུང་ཆེ་ཚེ་རིང་ཕུན་ཚོགས་ལགས་རང་འཇགས་དྲུང་ཆེར་བསྐོས། ད་ལྟའི་ཆར་ཡང་སྨན་རྩིས་ཁང་གི་སྤྱིའི་སྒྲོམ་གཞི་སྔར་ལྟར་ཡིན་ཏེ། བོད་གཞུང་སྨན་རྩིས་ཁང་གི་ཆེས་མཐོའི་འགན་དབང་སྨན་རྩིས་ཁང་གི་འགན་འཛིན་ལྷན་ཚོགས་ལ་ཡོད་ཅིང་།  འགན་འཛིན་ལྷན་ཚོགས་ཀྱི་གྲུབ་ཆ་ནི། འཕྲོད་བསྟེན་བཀའ་བློན་དང༌། འཕྲོད་བསྟེན་དྲུང་ཆེ། སྨན་རྩིས་ཁང་གི་ངེས་སྟོན་པ། ཤེས་རིག་དྲུང་ཆེ། ནང་སྲིད་དྲུང་ཆེ། བདེ་ལེགས་སྨན་ཁང་གི་འགན་འཛིན། སྨན་རྩིས་ཁང་གི་སྨན་པ་སྐུ་བགྲེས་གཅིག་དང་། རྩིས་པ་སྐུ་བགྲེས་གཅིག་བཅས་ཡིན། སྨན་རྩིས་ཁང་གི་ངེས་སྟོན་པ་ནི་སྨན་རྩིས་ཁང་གི་ཕྱི་ནང་གསང་གསུམ་གྱི་འགན་དབང་ཆ་ཚང་ཡོད་པའི་དབང་ཚད་མཐོ་ཤོས་དེ་ཡིན།       དབུས་སྨན་རྩིས་ཁང་གི་སྤྱི་ཁྱབ་ངེས་སྟོན་པའམ་འགན་འཛིན་གྱི་སྟངས་འཛིན་འོག་འཛིན་སྐྱོང་སྡེ་ཚན་དང་རིག་གཞུང་གི་སྡེ་ཚན་བཅས་སྡེ་ཚན་ཆེན་པོ་གཉིས་དང་དེ་དག་གི་ཁྱབ་ཁོངས་སུ་དབུས་སྡེ་ཚན་ཁག་དང་ཡན་ལག་སྨན་ཁང་ཁག་བཅས་ཡོད་ཅིང་། 

 

དབུས་འཛིན་སྐྱོང་ལས་ཁུངས་ནི་སྨན་རྩིས་འགན་འཛིན་དང༌། དྲུང་ཆེ་གཉིས་ཀྱི་ཐད་ཀའི་སྟངས་འཛིན་འོག་ཡོད་པའི་འཛིན་སྐྱོང་ཡིག་ཚང་མཐོ་ཤོས་དེ་ཡིན། ཕྱི་ལོ་ ༡༩༦༧ ལོར་སྨན་རྩིས་གཉིས་ཟླ་སྒྲིལ་བཏང་སྟེ་འགྲོ་ཕན་སྨན་རྩིས་ཁང་ཞེས་མཚན་གསོལ་གནང་བ་ནས་ད་ལྟའི་བར་འགན་འཛིན་སྐབས་བཅུ་བཞི་དང་དྲུང་ཆེ་སྐབས་དགུ་འཕོ་འགྱུར་བྱུང་ཡོད།

 

ཚོགས་པ་འདིའི་གལ་ཆེའི་ལས་དོན་རྣམས་འགན་འཛིན་ལྷན་ཚོགས་ཀྱིས་ཐག་གཅོད་གཏན་འབེབས་གནང་རྗེས་དབུས་འཛིན་སྐྱོང་ཡིག་ཚང་ནས་ལག་བསྟར་བཀོད་ཁྱབ་གནང་དགོས་པ་ཡིན། དེ་ཡང་དབུས་འཛིན་སྐྱོང་ཡིག་ཚང་གིས་སྨན་རྩིས་ཁང་གི་དབུས་ས་གཉིས་ཀྱི་བྱེད་སྒོ་མཐའ་དག་ལ་སྟངས་འཛིན་དང་བཀོད་འདོམ། བལྟ་རྟོགས་དང་བཀོད་ཁྱབ་ལམ་སྟོན། སྨན་རྩིས་ཁང་སྤྱི་ཡོངས་ཀྱི་ལས་འཆར་ཇུས་འགོད་དང༌། ཕྱི་འབྲེལ་དང་ཚོགས་ཞུགས། དཔལ་འབྱོར་སྟངས་འཛིན་དང་འདུ་འགོད། སྨན་རྩིས་ལས་བྱེད་གོ་སྒྲིག་རྟོག་ཞིབ། ལྷག་དོན་ྋགོང་ས་མཆོག་གི་བཀའ་དགོངས་ལམ་སྟོན་ལྟར་སྨན་རྩིས་རིག་གཞུང་ཡར་རྒྱས་གོང་འཕེལ་གཏོང་ཐབས་དང༌། སྐྱེ་འགྲོའི་བདེ་ཐབས། རིས་མེད་འགྲོ་བ་ཀུན་མི་ན་ཡུན་རིང་གནས་ཐབས་སུ་བོད་ཀྱི་གསོ་བ་རིག་པའི་གཞུང་ནས་ཇི་སྐད་གསུང་བའི་རྒྱུན་སྤྱོད་དུས་སྤྱོད་གནས་སྐབས་སྤྱོད་ལམ་སོགས་ནད་རིགས་སྔོན་འགོག་ཡོང་ཐབས་སུ་ཕྱི་ནང་གང་སར་འཕྲོད་བསྟེན་སློབ་གསོ་དང༌། རིས་མེད་ནད་མནར་རྣམས་ན་བའི་སྡུག་བསྔལ་ལས་མྱུར་ཏུ་སྐྱོབ་ཕྱིར་ཟས་སྤྱོད་སྨན་དཔྱད་བཞིའི་ལག་ལེན་ཐོག་ཞབས་ཞུ་སྒྲུབ་པའི་གཞི་རྩའི་ལམ་སྟོན་དང་ཇུས་འགོད། ཐབས་འཚོལ་དང་བཀོད་སྒྲིག་སོགས་ཀྱི་ལས་གཞི་ཁག་ལ་བལྟ་རྟོགས་སྟངས་འཛིན་གནང་བཞིན་ཡོད།  

 

དབུས་འཛིན་སྐྱོང་གི་ཐད་ཀའི་སྟངས་འཛིན་འོག་ཚན་པ་ལྔ་དང་ཁ་ལོ་བ་རྣམས་བཅས་ཡོད་ཅིང་།  དེ་དག་གི་འགན་འཛིན་ནི་སྨན་རྩིས་ཁང་གི་དྲུང་ཆེ་ནས་ཐུགས་འགན་བཞེས་ཡོད་པ་བཞིན་ད་ལྟ་སྨན་རྩིས་ཁང་གི་དྲུང་ཆེ་ནི་སྐུ་ངོ་ཚེ་རིང་ཕུན་ཚོགས་ཡིན་ཞིང་། ཁོང་གི་ཐད་ཀའི་སྟངས་འཛིན་འོག་སྨན་རྩིས་ཁང་ཡོངས་ཀྱི་ལས་དོན་དང་འབྲེལ་བ་ཡོད་པའམ་ཁྱབ་པའི་ཚན་པ་བདུན་ཡོད་པ་རྣམས་ནི་ས་ཁང་དང་ཆུ་གློག་ཚན་པ། སློབ་ཡོན་འབྲེལ་མཐུད་ཚན་པ་དང་།  གློག་ཀླད་ཚན་པ། གསར་འཕྲིན་ཚན་པ། འཆར་འགོད་ཚན་པ། སྦྲགས་ཁང་ཚན་པ། སྤྱི་ཐབ་ཚན་པ་བཅས་ཡིན།

 

༡༽ ས་ཁང་དང་ཆུ་གློག་སྡེ་ཚན། སྡེ་ཚན་འདི་ཐོག་མར་ཚོགས་ཆུང་ཞིག་གི་ངོ་བོར་ཚུགས་ཤིང་ཕྱི་ལོ་ ༡༩༩༤ ཙམ་ནས་སྡེ་ཚན་ལྟ་བུར་བསྒྱུར་ཏེ་འགན་འཛིན་སྐབས་གསུམ་འཕོ་འགྱུར་བྱུང་།  སྡེ་ཚན་འདིས་སྨན་རྩིས་ཁང་གི་ས་ཆ་ཉོ་སྒྲུབ་དང་ཨར་ལས་འཛུགས་སྐྲུན་ཁག་དང་བསྐྱར་བཅོས། འཛིན་ཆས་སོགས་དོ་དམ། ས་ཁྲལ་དང་ཁང་ཁྲལ་གྲོང་སྡེ་ལས་ཁུངས་སུ་རྩིས་འབུལ་ཞུ་རྒྱུ་སོགས་དུས་ཐོག་ལ་སྒྲུབ་བཞིན་ཡོད།

 

༢༽ སློབ་ཡོན་འབྲེལ་མཐུད་ཚན་པ།

ཚན་པ་འདི་ནི། ཕྱི་ལོ་ ༡༩༨༠ ཙམ་ནས་ཚུགས་ཤིང་།  དུས་དེ་ནས་བཟུང་ཕྱི་ལོ་ ༢༠༠༦ བར་སྨན་རྩིས་སློབ་མ་རྣམས་ལ་སློབ་ཡོན་འཚོལ་སྒྲུབ་ཆེད་ཕྱི་ནང་སྦྱིན་བདག་ཁག་ལ་ཡིག་ཟམ་གྱི་ལམ་ནས་འབྲེལ་བ་བྱས་ཏེ་རྒྱུན་འཁྱོངས་བྱས་ཡོད་ཀྱང་། ད་ཆའི་ལས་འགན་ནི་ཉམ་ཐག་ཁོངས་ཀྱི་སྨན་རྩིས་སློབ་མ་དང་།  སྨན་རྩིས་ལས་བྱེད་བུ་ཕྲུག་གི་སློབ་ཡོན་ཆེད་ཡིག་འབྲེལ་བྱ་རྒྱུ་དེ་ཡིན།

 

༣༽ གློག་ཀླད་ཚན་པ། ཚན་པ་འདི་ནི་ཕྱི་ལོ་ ༢༠༠༠ ཙམ་ནས་ཟུར་འཛུགས་བྱས་ཤིང་།  ཚན་པ་འདིས་སྨན་རྩིས་ཁང་གི་དབུས་སྡེ་ཚན་ཡོངས་ཀྱི་གློག་ཀླད་གསར་ཉོ་དང་བཅོས་སྒྲིག་སོགས་ཞུ་སྒོ་ཁག་དང་། དྲ་རྒྱ་དང་དྲ་མཛོད་གསར་བཟོ། སྡེ་ཚན་ཁག་གི་དྲ་རྒྱ་འབྲེལ་མཐུད་བྱེད་པ་སོགས་གློག་ཀླད་དང་འབྲེལ་བའི་ལས་དོན་མཐའ་དག་དང་སྨན་རྩིས་ཁང་གི་བགྱི་སྒོ་གལ་ཆེའི་རིགས་ལ་བརྙན་པར་ལེན་པ་སོགས་ཀྱི་འགན་འཁུར་ཡང་ཞུ་བཞིན་ཡོད།

 

༤༽ གསར་འཕྲིན་ཚན་པ། ཚན་པ་འདི་ནི་ཕྱི་ལོ་ ༡༩༨༢ ཙམ་ནས་མགོ་འཛུགས་བྱས་ཤིང་། ཚན་པ་འདིའི་ལས་འགན་གཙོ་བོ་བོད་གཞུང་སྨན་རྩིས་ཁང་གི་དབུས་ས་གཉིས་ཀྱི་གནས་ཚུལ་གལ་ཆེན་རིགས་དྲིལ་བསྒྲགས་བྱེད་རྒྱུ་དེ་ཡིན། ཕྱི་ལོ་ ༢༠༠༠ ཙམ་ནས་གསར་འཕྲིན་གཅིག་བུ་མ་ཡིན་པར་དྲ་རྒྱའི་ལམ་ནས་ཀྱང་སྨན་རྩིས་ཁང་གི་གནས་སྟངས་ཞིབ་ཕྲ་འདོན་སྤེལ་བྱེད་བཞིན་ཡོད།

 

༥༽ འཆར་འགོད་ཚན་པ། ཚན་པ་འདི་ ༢༠༠༩ ནས་ཚན་ཆུང་ཞིག་ཏུ་གྱུར། ཚན་པ་འདིའི་ལས་འགན་གཙོ་བོ་སྨན་རྩིས་ཁང་གི་འཇུག་སྐྲུན་འཆར་གཞིའི་རོགས་དངུལ་འཚོལ་ཐབས་ཀྱི་འཆར་འགོད་བཟོ་རྒྱུ་དེ་ཡིན།

 

༦༽ སྦྲགས་ཁང་ཚན་པ། ཚན་པ་འདིས་བོད་གཞུང་སྨན་རྩིས་ཁང་གི་ཡི་གེ་དང་སྨན་སོགས་ཕྱི་ནང་གང་སར་སྦྲགས་ལམ་བརྒྱུད་གཏོང་དགོས་པའི་རིགས་ཀྱི་ལས་འགན་རྣམས་ཉིན་ལྟར་སྒྲུབ་བཞིན་ཡོད།

 

༧༽ སྤྱི་ཐབ་ཚན་པ། སྨན་རྩིས་ཁང་གི་སྤྱི་ཐབ་དེ་བཞིན་ཕྱི་ལོ་ ༡༠༨༢ ཙམ་དུ་སྨན་རྩིས་ཁང་མེག་ལོཌ་ནས་གངས་སྐྱིད་དུ་ཡོངས་སུ་གནས་སྤོས་ཟིན་པའི་ལོ་ཤས་རྗེས་ཆེད་འཛུགས་གནང་བ་ཞིག་ཡིན་ཞིང་། དེ་ཡང་དང་ཐོག་་སྨན་རྩིས་སློབ་ཕྲུག་རྣམས་ཀྱི་ཞལ་ལག་གངས་སྐྱིད་དུ་ཡོད་པའི་བོད་གཞུང་ལས་བྱེད་པའི་སྤྱི་ཐབ་ཀྱི་སྒྲིག་ཁོངས་ནང་ཞུགས་ཏེ་འཚོ་གྲོན་དངུལ་འབབ་ཅི་སོང་ཟླ་རེ་བཞིན་སྨན་རྩིས་ཁང་གཞུང་ངོས་ནས་རྩིས་རྒྱག་བྱེད་བཞིན་ཡོད་ལ། དེ་ནས་རིམ་པས་སྨན་རྩིས་ཁང་གཞི་རྒྱ་ཆེ་རུ་ཕྱིན་པ་དང༌། སྨན་རྩིས་སློབ་ཕྲུག་གི་གྲངས་འབོར་ཡང་སྔར་ལས་ཇེ་མང་དུ་སོང་པ་བཅས་ལ་བརྟེན་འཚོ་བའི་མཐུན་རྐྱེན་ཆེད་སྨན་རྩིས་ཁང་རང་ལ་སྤྱི་ཐབ་ཁང་ཞིག་མེད་དུ་མི་རུང་བའི་དགོས་མཁོར་དམིགས་ཏེ། ད་ཡོད་སྤྱི་ཐབ་ཆེན་མོ་གསར་རྒྱག་ཐུབ་པར་བརྟེན་སློབ་མ་རྣམས་ཀྱི་གཙང་འཕྲོད་དང༌། སློབ་སྦྱོང་སོགས་སྔར་ལས་སྟབས་བདེར་གྱུར་བ་མ་ཟད། སྨན་རྩིས་ཁང་རང་གི་ལས་བྱེད་རྣམས་ལའང་སྟབས་བདེ་ཆེན་པོ་སྐྲུན་ཡོད། དེ་དུས་ནས་བཟུང་དབུས་འཛིན་སྐྱོང་གི་ཐད་ཀའི་བཏང་འཛིན་འོག་གཉེར་བ་རིམ་པ་དང་མ་བྱན་རིམ་པ། དེ་བཞིན་དུ་མ་གཡོག་བཅས་ནས་སློབ་ཕྲུག་གིས་གཙོས་ལས་བྱེད་རྣམས་ལ་གཙང་བཅུད་འཕྲོད་གསུམ་ལྡན་པའི་བཞེས་པ་གཡོས་སྦྱོར་བྱེད་ཐུབ་པ་བྱུང་ཡོད། ད་ལྟའི་ཆར་ཡང་གཉེར་བ་གཅིག་དང་མ་བྱན་ཆེན་མོ་གཅིག་བཅས་འགན་ཁུར་བ་གཉིས་ཀྱི་འོག་མ་གཡོག་བཞི་ནས་ལྔ་བར་རྒྱུན་སྡོད་ཀྱིས་སློབ་ཕྲུག་ཚོར་དུས་གསུམ་གྱི་བཞེས་པ་དང་ཆབས་གཅིག་ལས་བྱེད་ཚོར་ཉིན་གུང་གི་གསོལ་ཚིགས། གཞན་ཡང་སྔ་དྲོའི་ཆུ་ཚོད་༡༠ བ་དང་ཕྱི་དྲོའི་ཆུ་ཚོད་ ༣ གསོལ་ཇ་བཅས་དུས་ཐོག་འབུལ་ལམ་ཞུ་བཞིན་ཡོད་པ་མ་ཟད། སྨན་རྩིས་ཁང་གི་གཞུང་འབྲེལ་ཕྱོགས་ཕེབས་སྐུ་མགྲོན་དང་ཚོགས་འདུ་སོགས་ཀྱི་སྐབས་སུ་གསོལ་ཚིགས་གོ་སྒྲིག་ཞུ་རྒྱུའི་མཚོན་གང་ཟག་སྒེར་ངོས་ནས་མི་གྲངས་བཅུ་ཡན་གྱི་གསོལ་ཚིགས་མངགས་ཉོ་བཅས་ལ་ཞབས་ཞུ་སྒྲུབ་བཞིན་ཡོད་ལ། རྒྱུན་ལྡན་བཞེས་ལག་དང་སྐབས་འཕྲལ་གྱི་གསོལ་ཚིགས་སོགས་སྤྱི་ཐབ་ཚོགས་ཆུང་ནས་གཏན་འབེབས་གནང་དོན་ལྟར་ལག་ལེན་བྱེད་དགོས་ཀྱི་ཡོད་པ་བཅས་སོ།།

 

ཕྱི་ལོ་ ༢༠༡༠ ལོར་འཚོལ་ཞིབ་ཚོགས་ཆུང་བརྒྱུད་འོས་དམིགས་གསུམ་འགན་འཛིན་ལྷན་ཚོགས་སུ་ཕུལ་བའི་ནང་ནས་ྋསྐུའི་བླ་ཞབས་སྨན་རམས་པ་ཚེ་དབང་རྟ་མགྲིན་མཆོག་སྨན་རྩིས་ཁང་གི་ངེས་སྟོན་པར་བསྐོ་བཞག་གནང་སྟེ་ ༢༠༡༠ ཟླ་ ༤ ཚེས་ ༣༠ ཉིན་དངོས་སུ་ལས་ཁུར་ཞུས་ཤིང་། འགན་འཛིན་འདིའི་སྐབས་སུ་ཡང་སྔར་རྒྱུན་བཞིན་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ྋསྐུའི་འཕྲོད་བཞེས་ཐད་བླ་ཞབས་རྣམ་པས་དུས་བསྟུན་ལྗགས་སྨན་སྦྱོར་རྡུང་སྒྲིལ་གསུམ་གྱིས་འབུལ་ལམ་ཞུ་བཞིན་པ་དང་།  སྨན་པ་རྒན་གྲས་དག་གིས་གཙོས་འདི་གའི་ཁྱབ་ཁོངས་སྨན་ལས་རྣམས་ཀྱིས་སྤྱི་ཚོགས་ཁྱོན་ཡོངས་ཀྱི་འཕྲོད་བཞེས་དམིགས་འབེན་དུ་བཟུང་སྟེ་རང་འཁྲིའི་ལས་དོན་ཁག་སྔར་ལམ་བཞིན་ཞུ་མུས་དང་།  སྐར་དཔྱད་རྩིས་རིག་སྡེ་ཚན་ནས་ྋསྐུའི་དགུང་ཀེག་ཀེག་རྩིས་ཀྱིས་མཚོན་པའི་རྩིས་ཀྱི་བགྱིད་སྒོ་ཁག་ཞུ་བཞིན་ཡོད། སྔར་རྒྱུན་བཞིན་སྨན་རྩིས་ཁང་གི་ལས་དོན་བྱེད་ཕྱོགས་ཀྱི་ཆ་ནས་འཛིན་སྐྱོང་སྡེ་ཚན་དང་། རིག་གཞུང་སྡེ་ཚན་གཉིས་ཀྱི་ནང་གསེས་དང་བཅས་པའི་སོ་སོའི་ལས་དོན་གྱི་ངོ་བོ་དང་ལས་འགན་གྱི་བབ་ལྟར་ཕྱག་ལས་གནང་མུས་སུ་ཡོད། ད་ལྟ་སྨན་རྩིས་ཁང་གི་དབུས་དང་ཡན་ལག་ཁག་གི་སྒྲིག་ཁོངས་སུ་སྨན་རྩིས་ལས་དོན་སྒྲུབ་བཞིན་པའི་སྨན་པ་གྲངས་བརྒྱ་དང་ཉེར་ལྔ། རྩིས་པ་གྲངས་བཅུ་དགུ། ལས་བྱེད་གྲངས་ཉིས་བརྒྱ་ལྔ་བཅུ་ང་དྲུག་བཅས་ལས་བྱེད་དངོས་བཞི་བརྒྱ་ཐམ་པ་དང་། སློབ་ཕྲུག་གྲངས་ལྔ་བཅུ་ང་གཅིག ལས་མི་གྲངས་བརྒྱ་དང་བཅོ་བརྒྱད་བཅས་ཁྱོན་བསྡོམས་མི་གྲངས་ལྔ་བརྒྱ་དྲུག་ཅུ་རེ་དགུ་ཡོད།

 

ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡ ནས་ཕྱི་ལོ ༢༠༡༡ ཟླ་ ༤ ཚེས་ ༡ བར་གྱི་བྱུང་སོང་གི་རྩིས་ཁྲ་འགོད་འབུལ་ཞུས་པ་ལྟར་ན། ཟླ་གྲངས་བཅུ་གཅིག་རིང་སྨན་དང་རིན་ཆེན་རིལ་བུ་ནས་བྱུང་བ་ཧིན་སྒོར་ ༧༩༤༠༡༩༢༣།༩༨ དང་།  ཕྱིར་ཚོང་ཅ་དངོས་ནས་བྱུང་བ་ཧིན་སྒོར་ ༩༡༥༩༠༦༧།༥༩ ལག་དོད་ནས་བྱུང་བ་ཧིན་སྒོར་ ༨༧༣༥༥༩༣།༩༦ ཞལ་འདེབས་སོགས་ནས་བྱུང་བ་ཧིན་སྒོར་ ༡༧༣༤༧༥།༤༩ དངུལ་ཁང་སྐྱེས་བབ་ལས་བྱུང་བ་ཧིན་སྒོར་ ༨༥༣༠༦།༠༣ སྐར་རྩིས་སྲུང་འཁོར་ནས་བྱུང་བ་ཧིན་སྒོར་ ༢༥༦༣༨༣།༥༠ སྣུམ་འཁོར་ནས་བྱུང་བ་ཧིན་སྒོར་ ༡༠༣༠༨༥།༩༠ མགྲོན་ཁང་གཡར་གླ་ནས་བྱུང་བ་ཧིན་སྒོར་ ༡༡༦༦༥༧།༠༠ ཙག་ཙིག་ནས་བྱུང་བ་ཧིན་སྒོར་ ༩༩༩༩༥༣།༣༥ ནད་དེབ་ཚོང་ལས་བྱུང་བ་ཧིན་སྒོར་ ༤༡༣༦༡༧། ༤༥། བཅས་གོང་གསལ་ཁག་བསྡོམས་པའི་ཧིན་སྒོར་བྱེ་བ་དགུ་དང་ས་ཡ་དགུ་དྲུག་འབུམ་བདུན་ཁྲི་ལྔ་སྟོང་ཉིས་བརྒྱ་བཅུ་དགུ་བྱུང་ཞིང་། ལོ་དེར་སོང་བ་ལས་བྱེད་གླ་ཕོགས་ལ་ཧིན་སྒོར་ ༢༢༠༨༤༦༡༩།༣༠ སོང་ཡོད་པ་དང་། སྨན་སྦྱིན་ལ་སོང་བ་ཧིན་སྒོར་ ༨༩༨༥༦༨༡།༣༦། གཞན་འགྲོ་གྲོན་ཁག་ ༣༡ ནང་སོང་བ་ཧིན་སྒོར་ ༡༥༧༧༩༡༢༡།༢༣། བཅས་ཁྱོན་བསྡོམས་ལོ་དེར་ཧིན་སྒོར་བྱེ་བ་བཞི་དང་ས་ཡ་དྲུག་འབུམ་བརྒྱད་བཞི་ཁྲི་དགུ་སྟོང་བཞི་བརྒྱ་ཉི་ཤུ་རྩ་གཅིག་སོང་ཡོད།

 

ཕྱི་ལོ་ ༢༠༡༡ ཟླ ༨ ་ཙམ་ནས་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཆབ་སྲིད་ཀྱི་ཐུགས་འགན་ཡོངས་རྫོགས་མང་ཚོགས་ནས་གདམས་ཐོན་བྱུང་བའི་བཀའ་བློ་ཁྲི་བའམ་སྲིད་སྐྱོང་བར་རྩིས་སྤྲོད་གནང་ཟིན་པ་དང་ཆབས་གཅིག་ལོ་ངོ་སུམ་བརྒྱ་དྲུག་ཅུ་ལྷག་གི་ལོ་རྒྱུས་ལྡན་པའི་དགའ་ལྡན་ཕོ་བྲང་བའི་ལུགས་གཉིས་དབང་སྒྱུར་ལམ་ལུགས་ཀྱང་ཡོངས་སུ་མཚམས་འཇོག་གནང་བའི་ལོ་རྒྱུས་ཀྱི་འགྱུར་མཚམས་ཤིག་ཏུ་མ་ཟད། བཙན་བྱོལ་བོད་གཞུང་གི་མཚན་བྱང་ལའང་ཆབ་སྲིད་གནས་སྟངས་མང་པོའི་སྟེང་ནས་འགྱུར་བཅོས་གནང་སྟེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཞེས་འགྱུར་བཅོས་གནང་བ་བཞིན་འདི་ག་བོད་གཞུང་སྨན་རྩིས་ཁང་ཞེས་པའི་མཚན་བྱང་ལ་ཡང་དེ་མཚུངས་ཀྱི་འགྱུར་བ་བཏང་སྟེ་ད་ལྟ་བོད་ཀྱི་སྨན་རྩིས་ཁང་ཞེས་གཏན་འཁེལ་བྱུང་ཡོད་པ་ལགས་སོ།།

 

ག༽གལ་ཆེའི་ལས་གཞི།

༡༽རིག་གཞུང་དང་འབྲེལ་བའི་སྐོར།

ཕྱི་ལོ་ ༢༠༡༠ ཟླ་ ༩ པའི་ནང་གཡུ་ཐོག་སྙིང་ཐིག་དང་། སྨན་སྒྲུབ་དྲང་སྲོང་དགོངས་རྒྱན་གྱི་ཐོག་ནས་ཁམས་སྤྲུལ་རིན་པོ་ཆེ་མཆོག་དང་། གཏེར་འཆང་འོད་ཟེར་སྤྲུལ་སྐུ་རྣམ་གཉིས་དབུ་བཞུགས་ཐོག་རྣམ་གྲྭ་དགེ་འདུན་རྣམ་པས་སྨན་སྒྲུབ་ཞུས། དེ་བཞིན་སཱ་ར་རིག་སློབ་ཁང་དང་། ངྷ་ས་བོད་ཁྱིམ་སློབ་གྲྭ། ཝར་ཎ་ཆེས་མཐོའི་གཙུག་ལག་སློབ་གྲྭ་བཅས་ནས་རེ་སྐུལ་གནང་བ་ལྟར་ཁུངས་སོ་སོར་སྨན་རྩིས་ཁྱད་ལས་པ་ཆེད་བསྐྱོད་ཐོག་སྐར་རྩིས་སྐོར་སློབ་སྦྱོང་དང་། རྩིས་པའི་མདུན་ལམ་ཞེས་པའི་བརྗོད་གཞིར་གཏམ་བཤད། བོད་ཕྲུག་ཁྱིམ་སྡེའི་ཕ་ཚབ་མ་ཚབ་ལ་འཕྲོད་བསྟེན་དང་བོད་སྨན་བསྟེན་གཏུགས་སྐོར་སློབ་སྟོན་དང་། སྐར་རྩིས་ཀྱི་སློབ་ཚན་སྒྲིག་རྒྱུའི་ཐད་ལ་ཚོགས་བཅར་ཞུས་ཡོད།

 

ཨསྟྲིཡ་རྒྱལ་སྤྱིའི་བོད་ཀྱི་ཆེས་མཐོའི་སློབ་གཉེར་ཁང་IIHTS དང་།  སྨན་རྩིས་ཁང་གཉིས་ཀྱི་དབར་ཟུང་འབྲེལ་ལས་གཞིའི་གན་ཡིག་ལྟར་དེ་གའི་བོད་སྨན་དོན་གཉེར་ཅན་རྣམས་ལ་སློབ་ཁྲིད་མཇུག་སྐྱོང་ཆེད་སྨན་དགེ་སྔར་ལྟར་གཏོང་བཞིན་ཡོད། ཁ་ཛཱག་སི་ཏན་གྱི་གྲོང་ཁྱེར་ཨལ་མ་ཏུ་རུ་ཡོད་པའི་སྨན་ལྷ་ཞེས་པའི་སྒེར་གྱི་སྨན་ཁང་དང་ཟུང་འབྲེལ་གན་ཡིག་ཐོག་ཕྱི་ལོ་ ༢༠༡༠ ཟླ་ ༩ ནས་བཟུང་སྨན་པ་ཞིག་ཞབས་གཡར་ཐོག་སྨན་དང་ཅ་དངོས་གཏོང་བཞིན་ཡོད།

 

༢༽ཕྱིའི་འཛུགས་སྐྲུན་སྐོར།

ཕྱི་ལོ་ ༢༠༡༠ ཟླ་ ༠༦ ཚེས་ ༡༦ ཉིན་བདེ་སྐྱིད་གླིང་ཡན་ལག་སྨན་ལས་རྣམས་ཀྱི་ལས་ཤག་སྔར་ཡོད་གཞིས་ཆགས་ཁང་པ་དེའི་ཐོག་ནས་ཆར་ཆུ་ཟགས་པའི་དཀའ་ངལ་ཡོད་པ་དང་། སྨན་ཁང་དུ་ནད་པ་བསྟེན་གཏུགས་ཞུ་མི་ཇེ་མང་དུ་འགྲོ་བ། གཞིས་མིའི་དཀའ་སེལ་ཆེད་སྐར་རྩིས་པ་ཞིག་ཀྱང་བསྐོ་བཞག་བྱ་རྒྱུ་བཅས་ལ་བརྟེན། ད་ཡོད་ལས་ཤག་གིས་འདེང་མིན་སོང་ལས་ཤག་གསར་རྒྱག་གི་ཨར་ལས་འགོ་འཛུགས་ཞུས། གཞན་ཇམ་ནགར་དང་།  མཻརཋ་ཡན་ལག་སྨན་ཁང་དེ་དག་མུ་མཐུད་རྒྱུན་འཁྱོངས་ཡོང་ཕྱིར་འབད་བརྩོན་ཡོད་རྒུ་བྱས་ཀྱང་དོན་ཕན་མ་བྱུང་སྟབས་རེ་ཞིག་ཕྱིར་བསྡུ་བྱས། ཟླ་ ༧ ཚེས་ ༠༨ ཉིན་ཅོན་ཏ་རར་རྒས་ཤག་གསར་རྒྱག་བྱས་པ་ལེགས་འགྲུབ་བྱུང་སྟེ་དཔལ་ལྡན་མི་རྗེ་འཕྲོད་བསྟེན་བཀའ་བློན་མཆོག་ནས་བགྲེས་ཤག་དབུ་འབྱེད་གནང་བ་དང་ཆབས་ཅིག་མང་ཚོགས་ཀྱི་དགོས་མཁོ་དང་བསྟུན་ཏེ་ཅོན་ཏ་ར་ཡན་ལག་སྨན་ཁང་གསར་འཛུགས་བྱས་པ་དང་། བགྲེས་ཁོངས་ནས་སྨན་རམས་པ་ངག་དབང་མཁྱེན་བརྩེ་ལགས་ཆོ་གན་ལས་བྱེད་ཀྱི་ངོ་བོའི་ཐོག་བསྐོ་བསྩལ་ཞུས། དེ་བཞིན་བལ་ཡུལ་སྤོག་ར་གཞིས་ཆགས་སུ་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་དང་། ཉེ་འཁོར་ཡན་ལག་སྨན་ཁང་ཁག་གཉིས་ཡོད་རུང་སྨན་ལས་གྲངས་བརྒྱད་ཙམ་གྱི་ལས་ཤག་དགོས་གལ་ཆེ་བར་བརྟེན། དེ་གར་ཡན་ལག་སྨན་ཁང་དང་ལས་ཤག་ཡོད་པའི་ཁང་པ་ཐོག་རྩེག་གཉིས་ཅན་གྱི་ལས་གཞི་བསྒྲུབས་ཏེ་ ༢༠༡༠ ཟླ་ ༡༡ ཚེས་ ༢༦ ཉིན་ཁང་པ་རྩིས་ལེན་ཞུས། དེ་ལོར་གསོ་རིག་རིན་ཆེན་རིལ་བུའི་ཐུམ་རྒྱག་གཙང་འཕྲོད་དང་མཐོང་ཚུལ་ལེགས་པ་མ་ཟད། དེང་དུས་སྨན་སྦྱོར་འགྲོ་ལུགས་ཀྱི་ཚད་གཞི་ལྟར་འགྲོ་ཐུབ་འཕྲུལ་འཁོར་ཐོག་ནས་ཐུམ་རྒྱག་གི་ལས་གཞི་འགོ་བཙུགས་བྱས། མ་ཟད་བོད་ཀྱི་གསོ་རྩིས་རིག་པའི་གཞུང་ལུགས་ཕྱི་ནང་གང་སར་ངོ་སྤྲོད་ཐུབ་སླད་སྨན་རྩིས་དྲ་བ་ཞིག་དབུ་འབྱེད་ཞུས། ལོ་དེའི་ཟླ་ ༨ ཚེས་ ༢༠ ཉིན་ཅི་ན་ཡེའི་ཡན་ལག་སྨན་ཁང་དབུ་འབྱེད་གནང་ཡོད་པ་བཅས་སོ།།

 

༣༽སྨན་བསྐོར་དང་ཚོགས་ཞུགས་ཚོགས་སྐོང་།

ཕྱི་ལོ་ ༢༠༡༠ ལོར་ཕྱི་རྒྱལ་སི་པན་ཡུལ་དུ་སྨན་རྩིས་ཚོགས་ཆེན་གཏན་འཁེལ་བའི་སྟེང་གོ་སྒྲིག་ཚོགས་ཆུང་གིས་མགྲོན་འབོད་ཞུས་པ་བཞིན་སྨན་རྩིས་པ་གཉིས་ནས་བོད་ཀྱི་སྨན་རྩིས་སྐོར་གཏམ་བཤད་དང་། རྩིས་འབྲས་འདོན་སྤེལ་ཞུས། མངའ་སྡེ་གཞུང་ནས་གོ་སྒྲིག་གནང་བའི་ནད་མེད་ཁྲོམ་འདུས་ཞེས་པར་སྨན་རྩིས་ཁང་ནས་མཉམ་ཞུགས་གནང་སྟེ་སྔོ་སྨན་འགྲེམས་སྟོན་དང་། ནད་པར་སྨན་བཅོས་སྨན་བསྐོར་གོ་སྒྲིག་ཞུས་པ་དང་། མངའ་སྡེ་བློན་ཆེན་ལ་བོད་སྨན་ངོ་སྤྲོད་གནང་བ་སོགས་བོད་ཀྱི་སྨན་རྩིས་གཉིས་ཁྱབ་བསྒྲགས་ཤུགས་ཆེན་བྱུང་འདུག ལོ་དེའི་ཟླ་ ༤ པ་ནས་སྨན་རམས་པ་པདྨ་རྡོ་རྗེ་དང་། སྨན་རམས་པ་ཡེ་ཤེས་རྡོ་རྗེ། སྨན་རམས་པ་བསོད་ནམས་ལྷ་མོ། སྨན་རམས་པ་བསྟན་འཛིན་ནོར་བུ། སྨན་པ་བསྟན་འཛིན་ཡེ་ཤེས་སོགས་སྔ་ཕྱིར་བྱང་ཤར་ཁུལ་བོད་མི་འདུས་སྡོད་དང་། སློབ་གྲྭ་དགོན་སྡེ་ཁག སྦིར་གཞིས་ཆགས་དང་། ཅོན་ཏ་ར། བཀྲ་ཤིས་ལྗོངས། གོ་པལ་པུར། པོོན་ཊ། བྷེེལ་ཀོབ་བཅས་སུ་སྨན་བསྐོར་དུ་ཕེབས་ཏེ། ཨེཌས་ནད་གཞི་སྔོན་འགོག་གི་གཏམ་བཤད་དང་། ཕོ་སྨུག་ནད་གཞི་ཇི་ལྟར་སྔོན་འགོག་བྱ་ཚུལ། སྨུག་པོ་དང་། གཅིན་སྙི། དབུགས་མི་བདེ་བ། གྲུམ་བུ། གཉན་རེག་བཅས་ཀྱི་རྒྱུ་རྐྱེན་སྔོན་འགོག་དང་། སྨྱོ་རྫས་ངན་གོམས་སྐོར་གསུངས་བཤད་གནང་བ་དང་། ཞོར་དུ་ནད་པ་བརྟག་དཔྱད་སྨན་བཅོས་གནང་བ་སོགས་བྱས་པས་ས་གནས་དེ་དག་གི་ཡུལ་མིའི་འཕྲོད་བསྟེན་ཕན་ཐོགས་ཆེན་པོ་བྱུང་།

 

ལོ་དེའི་ཟླ་ ༦ པའི་ནང་སྐུ་སྒེར་ཡིག་ཚང་གི་བཀའ་འབྲེལ་ལྟར་ནད་བཅོས་ཉམས་ཞིབ་འགན་འཛིན་བླ་ཞབས་བསྟན་འཛིན་ལྷ་སྒྲོན་ལགས་བལ་ཡུལ་དུ་སྐྱབས་རྗེ་འཁྲུལ་ཞིག་རིན་པོ་མཆོག་གི་སྐུའི་འཕྲོད་བསྟེན་ཞབས་ཞུ་དང་འབྲེལ་བལ་ཡུལ་ཡན་ལག་སྨན་ཁང་དང་། ཀོ་པན་བཙུན་དགོན་བཅས་སུ་ནད་པ་གྲངས་ ༢༥༢ ཙམ་ལ་བརྟག་དཔྱད་གནང་། དེ་བཞིན་དུ་བོད་གཞུང་བཀའ་ཤག་གི་བཀའ་འབྲེལ་ལྟར་ལོ་དེའི་ཟླ་ ༧ ཚེས་ ༡ ཉིན་སྨན་རམས་པ་པདྨ་རྡོ་རྗེ་ལགས་རང་གཞུང་བཀའ་ཤག་གི་འབྲེལ་ཡོད་དཔོན་རིགས་སྐུ་ཞབས་ཇེན་ཞུ་བའི་སྐུ་ཁམས་འཕྲོད་བསྟེན་ཞབས་ཕྱིའི་ཆེད་དིལླིར་ཆེད་བསྐྱོད་ཞུས།

 

ལོ་དེའི་ཟླ་ ༨ ཚེས་ ༢༢ ནས་ཟླ་ ༩ ཚེས་ ༥ བར་འགན་འཛིན་སྨན་རམས་པ་ཚེ་དབང་རྟ་མགྲིན་ལགས་ལྷོ་ཕྱོགས་བྷེལ་ཀོབ་གཞིས་ཆགས་སུ་ཚོགས་བཞིན་པའི་རྒྱལ་ཡོངས་བོད་ཀྱི་ཚོགས་ཆེན་དུ་ཚོགས་བཅར་ཞུས་པ་དང་། སློབ་སྟོན་པ་སྨན་རམས་ཟླ་བ་ལགས་བ་རཱ་ཛིལ་དུ་སྲོལ་རྒྱུན་སྨན་དཔྱད་ཐད་མྱོང་བའི་ལག་ལེན་ཞེས་པའི་རྒྱལ་སྤྱིའི་ཚོགས་ཆེན་ཐོག་ཟླ་ ༩ པའི་ནང་སྨན་རྩིས་ཁང་གི་སྐུ་ཚབ་ཀྱི་ངོ་བོའི་ཐོག་ཚོགས་བཅར་ཞུས་ཏེ་བོད་སྨན་སྐོར་གཏམ་བཤད་དང་དྲི་བར་ལན་འདེབས་སོགས་གནང་ཡོད་འདུག དེ་བཞིན་དུ་སྨན་རམས་པ་ཟླ་བ་ལགས་ལ་དྭགས་གླེ་དང་བྱང་ཐང་ཁག་ཏུ་ཆེད་བསྐྱོད་ཀྱིས་ཉམ་ཐག་མད་པ་མང་པོར་སྨན་བཅོས་གནང་བས་དགེ་ཕན་རྒྱ་ཆེར་བྱུང་།

 

ལོ་དེའི་ཟླ་ ༩ པའི་ནང་མངའ་སྡེའི་གྲོང་ཁྱེར་ཨུ་ནར་མངའ་སྡེ་གཞུང་གི་སྲོལ་རྒྱུན་སྨན་དཔྱད་ཀྱི་འཛིན་སྐྱོང་སྡེ་ཚན་ནས་གོ་སྒྲིག་གནང་བའི་ནད་མེད་འཚོ་བཞུགས་ཞེས་པའི་ཁྲོམ་འདུས་སུ་སྨན་རམས་པ་ཚེ་རིང་ཐག་གཅོད་གཙོས་སྨན་ལས་གྲངས་བརྒྱད་ནས་སྨན་གྱི་འགྲེམས་སྟོན་དང་། བརྟག་དཔྱད་སྨན་སྐོར་ཞུས། ཐེངས་འདིར་མངའ་སྡེའི་བློན་ཆེན་མཆོག་དང་མཇལ་འཕྲད་ཀྱིས་བོད་སྨན་སྐོར་ངོ་སྤྲོད་ཞུ་རྒྱུའི་གོ་སྐབས་ཀྱང་བྱུང་།

 

གཞན་ཡང་ཁ་ཛཱག་ཏུ་ཡོད་པའི་སྨན་ལྷ་ཞེས་པའི་སྒྲིག་འཛུགས་ཤིག་དང་སྨན་རྩིས་ཁང་བར་གཉིས་མོས་ཆོད་གན་ཐོག་དེ་གའི་སྨན་ཁང་དུ་སྨན་པ་བསྐོ་གཏོང་དང་སྨན་དང་ཐོན་རྫས་ཚོང་བསྒྱུར་ཞུ་རྒྱུ་བཅས་ཀྱི་གན་ཡིག་ལྟར་ཟླ་དགུ་པ་ནས་བཟུང་ད་བར་མང་མོས་ཐོག་སྨན་པ་བསྟན་འཛིན་དགེ་ལེགས་དང་། རྟ་མགྲིན་བཟང་མོ་གཉིས་ཆེད་རྫོང་ཞུས་འདུག
ཕྱི་ལོ་ ༢༠༡༡ ལོར་ཁ་ཛཱག་ཏུ་ཡོད་པའི་སྨན་ལྷ་ཞེས་པའི་སྒྲིག་འཛུགས་ཤིག་དང་སྨན་རྩིས་ཁང་བར་གཉིས་མོས་ཆོད་གན་ཐོག་དེ་གའི་སྨན་ཁང་དུ་སྨན་པ་བསྐོ་གཏོང་དང་། སྨན་དང་ཐོན་དངོས་ཚོང་སྒྱུར་ཞུ་རྒྱུ་བཅས་ཀྱི་ཆེད་གན་ཡིག་ལས་དོན་ལག་བསྟར་གནང་བ་དང་།  ཕྱི་ལོ་ ༢༠༡༡་ ཟླ་ ༥ བའི་ནང་མི་ནི་སོ་ཌའི་སློབ་གཉེར་སྐོར་ཅིག་ལ་སྨན་རྩིས་གཉིས་དང་ནང་ཆོས་ལས་བྱམས་པ་དང་སྙིང་རྗེའི་སྐོར་ལ་འདི་ག་སྨན་རྩིས་ཁང་ནས་ཟབ་སྦྱོང་གནང་བ་མ་ཟད་ཌེན་མཱརྐ་ནས་ཡོང་བའི་སློབ་གཉེར་བ་སྐོར་ལ་དེ་མཚུངས་སྨན་རྩིས་དང་སྨན་བླའི་སྒོམ་བསྡུས་སོགས་ཀྱི་ཟབ་སྦྱོང་གནང་བས་ཁོང་ཚོའི་དམིགས་འདུན་བསྐང་ཅི་ཐུབ་ཞུས་ཡོད་པ་དང་། དེ་བཞིན་ལོ་དེའི་ཕྱི་ཟླ་ ༧ ནང་ལ་དྭགས་རིག་གཞུང་བསྟི་གནས་ཁང་དུ་ཕྱི་མི་དོན་གཉེར་ཅན་ཁག་ལ་བོད་ཀྱི་གསོ་རིག་ཟབ་སྦྱོང་སྤྲད་ཡོད་པ་སོགས་ཕྱི་མི་དོན་གཉེར་ཅན་གང་མང་ཞིག་གི་དགོས་འདུན་སྒྲུབ་ཐུབ་པ་བྱུང་།  ལོ་འདིའི་ཟླ་ ༧ ཚེས ༢༥ སྨན་པ་བློ་བཟང་ཤཀྱཱ་ཆེད་གཏོང་ཞུས་པ་མ་ཟད་སྨན་པ་བསྟན་འཛིན་འཛོམས་པ་སོགས་ཆེད་བཏོང་གནང་བ་བཅས་ལ་བརྟེན་འབྲེལ་བ་དང་ལས་དོན་གང་ལེགས་ཡོང་བཞིན་ཡོད། ལོ་འདིའི་ནང་སྔར་རྒྱུན་བཞིན་སྨན་རམས་པ་པདྨ་རྡོ་རྗེ་དང་། སྨན་རམས་པ་ཟླ་བ། སྨན་རམས་པ་ངག་དབང་མཁྱེན་བརྩེ་། སྨན་རམས་པ་བསོད་ནམས་ལྷ་མོ་སོགས་སྨན་པ་རྒན་གྲས་ཁག་ལ་དྭགས་ས་གནས་ཁག་དང་། བལ་ཡུལ་ས་གནས་ཁག ཀ་རྡོར་སྒང་གསུམ་དང་བསྟན་འཛིན་སྒང་སོགས་ཨ་རུ་ན་ཅཱལ་གྱི་ས་གནས་ཁག།དེ་བཞིན་ལྷོ་གཞིས་ཁག་དང་རྒྱུན་ལྡན་སྨན་བསྐོར་སྐྱོད་ཡུལ་བཅས་སུ་ཆེད་ཕེབས་ཀྱིས་བརྟག་དཔྱད་སྨན་བཅོས་གནང་སྟེ་ས་གནས་མི་མང་གི་འཕྲོད་བསྟེན་ལས་དོན་ཐད་ཐུགས་འདུན་ཚིམ་པར་བྱས།

 

༤༽ ལས་དོན་གཞན་གྱི་ཆེད་ཕྱོགས་བསྐྱོད་བྱས་པའི་སྐོར།

ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༦ ཉིན་སྒང་ཏོག་འཕྲོད་བསྟེན་བློན་ཆེན་ཟླ་བ་ནོར་བུ་མཆོག་སྨན་རྩིས་ཁང་དུ་ཕེབས་སྐབས་སྣེ་ལེན་དང་སྦྲགས་སྒང་ཏོག་ཡན་ལག་སྨན་ཁང་རྒྱ་བསྐྱེད་དང་། མ་འོངས་སྨན་རྩ་འདེབས་ལས་དང་ཉམས་ཞིབ། བོད་སྨན་སློབ་ཁྲིད་དང་འབྲེལ་བའི་ལས་དོན་སྤེལ་ཕྱིར་ས་ཆའམ་ཁང་པའི་མཐུན་འགྱུར་ཡོང་བར་རེ་སྐུལ་ཞུས་པར་ཞལ་བཞེས་གནང་བས་ཕུགས་འཕེལ་གྱི་ལས་གཞིའི་ཐོག་ཕན་ཐོགས་ཆེན་པོ་བྱུང་།

 

ལོ་དེའི་ཟླ་ ༥ ཚེས་ ༡༤ ནས་ཚེས་ ༡༦ བར་དྲུང་ཆེ་ཚེ་རིང་ཕུན་ཚོགས་བདེ་སྐྱིད་གླིང་ཡན་ལག་སྨན་ཁང་གསར་རྒྱག་གི་ལས་གཞིའི་ཐད་ཨར་པོའི་ཁྱད་ལས་སློབ་སྟོན་པ་མཉམ་བསྐྱོད་ཀྱིས་བོགས་མ་ཨར་ལས་པར་ལས་བཀོད་ཞུས། ལོ་དེའི་ཟླ་ ༦ ཚེས་ ༡༣ ནས་ཚེས་ ༢༠ བར་སྨན་རམས་པ་ཟླ་བ་མཆོག་ར་ཤི་ཡའི་རྒྱལ་ས་མོ་སི་ཁོར་མ་འོངས་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་འཛུགས་ཐབས་ཡོང་མིན་ཐད་གོ་བསྡུར་ཞུ་བར་བསྐྱོད། ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༢༠ ནས་ཚེས་ ༣༡ བར་སྨན་རམས་པ་ཟླ་བ་མཆོག་ཐའེ་ཝན་དུ་མཐོ་སློབ་གསར་རྒྱག་གི་ལས་གཞིའི་རོགས་དངུལ་མཁོ་སྒྲུབ་ཆེད་བསྐྱོད་པ་དང་། དེ་སྔ་སྨན་རྩིས་ཁང་དང་འབྲེལ་བ་ཡོད་པ་དང་། སྨན་རྒྱུ་བྱུ་རུ་ཀེ་ལོ་ཉིས་བརྒྱ་གནང་མཁན་བཅས་ལ་ཐུགས་རྗེ་ལེགས་འབུལ་དང་། གཞན་ཡང་ནང་པའི་ཆོས་ཚོགས་བཅས་སུ་བཅར་ཏེ་བོད་སྨན་བཟོ་སྐྲུན་དང་། ཤེས་ཡོན་སྤེལ་རེས། སྨན་རྩྭ་འདེབས་ལས། ཁོར་ཡུག་རྩི་ཤིང་དང་མེ་ཏོག་འདེབས་ལས་བཅས་ཀྱི་ལས་དོན་ཐད་འབྲེལ་ཡོད་བཀའ་མོལ་བྱུང་།  མཐོ་སློབ་གསར་རྒྱག་གི་ལས་གཞིའི་རོགས་དངུལ་ཆེད་ད་ཡོད་ལས་འཆར་དབྱིན་ཡིག་ནང་ཡོད་པ་དེ་དག་རྒྱ་ཡིག་ཏུ་བསྒྱུར་རྒྱུའི་ལས་དོན་ཡང་གོ་སྒྲིག་ཞུས།

 

གཞན་ཡང་དིལླི་དང་། བྷེལ་ཀོབ། ཀ་རྡོར་སྒང་གསུམ། བལ་ཡུལ། སིམ་ལ་བཅས་སུ་སྔ་འཕྲོས་རིམ་པའི་སྨན་རྩིས་ཁང་གི་ལས་དོན་ཆེད་དབུ་འཛིན་མཆོག་གིས་དབུས་སྨན་ལས་རྣམས་ཀྱིས་ཕྱོགས་སྐྱོད་ཡང་ཡང་གནང་སྟེ་དབུས་སྨན་རྩིས་ཁང་གི་ལས་དོན་བྱེད་ཕྱོགས་དང་མཐུན་པར་སྨན་རྩིས་གཉིས་ཀྱི་བསྟན་པ་སྤེལ་ཕྱོགས་ལ་རྒྱུས་ལོན་དང་ལམ་སྟོན་བསྩལ་ཡོད་འདུག ཕྱི་ལོ་ ༢༠༡༡ ཟླ་ ༧ པའི་ནང་དྲུང་ཆེ་ཚེ་རིང་ཕུན་ཚོགས་བདེ་སྐྱིད་གླིང་དང་ར་ཇི་པུར། པོན་ཊ་བཅས་གཟིགས་སྐོར་གྱིས་ཚོང་ཕྲལ་དེབ་སྐྱེལ་བྱེད་ཕྱོགས་ཐད་ལམ་སྟོན་གནང་བར་ཕེབས། དེ་བཞིན་ཟླ་ ༨ པའི་ནང་འགན་འཛིན་བླ་ཞབས་སྨན་རམས་པ་ཚེ་དབང་རྟ་མགྲིན་མཆོག་ལ་དྭགས་ཟངས་དཀར་དུ་སྨན་རྩིས་རིག་གཞུང་སློབ་གཉེར་ཁང་གསར་བ་ཞིག་དབུ་འབྱེད་ཐོག་མགྲོན་འབོད་ཞུས་པ་བཞིན་སྐུ་མགྲོན་དུ་ཆེད་ཕེབས་དང་ཞོར་ལ་ལ་དྭགས་རིག་གཞུང་བསྟི་གནས་ཁང་དེ་བཞིན་དེབ་སྐྱེལ་ཞུ་ཕྱོགས་སྐོར་ལ་བཀོད་མངགས་ཞུས། དེ་བཞིན་དུ་འགན་འཛིན་མཆོག་དང་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་རྣམ་གཉིས་ཝ་ར་ཎ་སིར་ཆེས་མཐོའི་སློབ་གཉེར་ཁང་གི་ངེས་སྟོན་པ་དང་མཇལ་བཅར་གྱིས་རྒྱ་གར་གཞུང་གིས་སྔར་ལོ་ནས་བོད་ཀྱི་གསོ་བ་རིག་པ་ངོས་ལེན་གནང་བ་བཞིན་སྒྲིག་གཞི་གསར་བ་གཏན་འབེབས་མགྱོགས་མྱུར་ཡོང་ཐབས་སུ་གནང་ཕྱོགས་ཇི་དགེའི་སྐོར་ལ་གྲོས་བསྡུར་གནང་ཡོད་ཅིང་། དེ་ནས་སྦ་གལ་པུར་གཙུག་ལག་སློབ་གཉེར་ཁང་ནས་གདན་ཞུས་ལྟར་རྒྱ་གར་སྲོལ་རྒྱུན་སྨན་དང་རིག་གཞུང་གི་བར་བགྲོ་གླེང་ཚོགས་ཞུགས་གནང་སྟེ་གསོ་རིག་སྐོར་ལ་གསུང་བཤད་གནང་བ་སོགས་སྔར་རྒྱུན་ལྟར་སྨན་རྩིས་བསྟན་པ་ཡར་རྒྱས་གཏོང་ཐབས་དང་སྤྱི་ཚོགས་འཕྲོད་བསྟེན་ཞབས་ཞུ་སྐོར་ལ་རང་ནུས་གང་ཐུབ་ཀྱི་སྒོ་ནས་འགྲོ་བཞིན་ཡོད་པ་བཅས་སོ།།

 

  ང༽ལས་བྱེད་འཕོ་འགྱུར།

ཕྱི་ལོ་ ༢༠༡༠ ལོར་སྨན་རམས་པ་རྣམ་རྒྱལ་ཚེ་རིང་རྒན་ཡོལ་ཞུས། སྨན་པ་བསྟན་འཛིན་རྣམ་གྲོལ། སྨན་པ་བཀྲ་ཤིས་རྡོ་རྗེ་དང་།  སྐར་རྩིས་པ་དཀོན་མཆོག་ཚེ་རིང་། སྐར་རྩིས་པ་ཚེ་རིང་ཆོས་འཛོམས་བཅས་ནས་རྩ་དགོངས་ཞུས་པ་དང་། སྐར་རྩིས་པ་ཚེ་དབང་རྡོ་རྗེ་སྒྲིག་གཞི་ལྟར་ཕྱིར་ཕུད་བྱས་་ཡོད་ཅིང་། ཕྱི་ལོ་ ༢༠༡༡ ལོར་ལས་བྱེད་གྲངས་བཅུ་གཅིག་ཙམ་འཛིན་སྐྱོང་དང་སྨན་སྦྱོར། གཞན་སྨན་སྤྲོད་དང་རྩིས་པ་སོགས་ཀྱི་ལས་གནས་ཐོག་ལས་ཞུགས་བྱས་ཡོད་པ་བཅས་སོ།། །།

མཐའ་མའི་འདོན་ཐེངས་།: 16.04.2016 ཉིན། 11:19 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།