སྨན་རྩིས་དྲ་བ། - སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ།

འགན་འཛིན་སྐབས་བཅུ་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 08.04.2016
སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ། >>

<< བོད་གཞུང་སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ། >>


འགན་འཛིན་སྐབས་བཅུ་པའི་སྐབས།

(01/07/1994 - 01/07/1997)

ཀ༽འགན་འཛིན་གྱི་ངོ་སྤྲོད་མདོ་ཙམ།

སྨན་རྩིས་ཁང་གི་འགན་འཛིན་སྐབས་བཅུ་བ་སྐུ་ངོ་ཚེ་རིང་བཀྲ་ཤིས་ནི་ཕྱི་ལ་ ༡༩༥༠ ལོར་སྐྱེས་ཤིང་། ཆུང་དུས་ནས་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་བའི་རྗེས་ྋགོང་ས་མཆོག་གི་བཀའ་དྲིན་གྱིས་གཞི་རིམ་སློབ་གྲྭ་ནས་མཐོ་རིམ་བར་སློབ་ཐོན་བྱུང་ཞིང་། དེ་ཡང་སློབ་མཐར་ཕྱིན་རྗེས་རང་གཞུང་གི་སྲི་ཞུའི་ལས་ཁུར་འདྲ་མིན་རྒྱུན་རིང་གནང་ཡོད་ལ། ལྷག་པར་རང་གཞུང་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེ་གནང་བ་སོགས་བྱས་རྗེས་ཤིན་ཏུ་ཆེ་ཞིང་།  དཔལ་འབྱོར་དྲུང་ཆེ་གནང་རྗེས་འདི་ག་སྨན་རྩིས་ཁང་གི་འགན་འཛིན་དུ་བཀའ་འབྲེལ་ཐོག་བསྐོ་བཞག་གནང་ཡོད་པའི་ངོ་སྤྲོད་མདོ་ཙམ་མོ།།

 

ཁ༽གནས་བབས་སྤྱི།

ཕྱི་ལོ་ ༡༩༩༤ ཟླ་ ༧ ཚེས་ ༡ ནས་རང་གཞུང་དཔལ་འབྱོར་ལྷན་ཁང་གི་དྲུང་ཆེ་ཚེ་རིང་བཀྲ་ཤིས་མཆོག་སྨན་རྩིས་ཁང་གི་དབུ་འཛིན་དུ་བསྐོ་བཞག་གནང་བ་དང་། ལོ་དེར་འཕྲིན་ལས་འོད་ཟེར་གནས་སྤོས་སོང་ཚབ་ཏུ་སྐར་རྩིས་པ་རྒྱལ་ནང་བློ་བཟང་ནོར་བུ་མཆོག་སླར་ཡང་དྲུང་ཆེར་བསྐོས། སྐུ་ངོ་ཚེ་རིང་བཀྲ་ཤིས་མཆོག་གིས་དབུ་འཛིན་གྱི་ཐུགས་འགན་དངོས་སུ་རྩིས་བཞེས་གནང་བའི་ལོ་གསུམ་རིང་བོད་གཞུང་སྨན་རྩིས་ཁང་ལ་ལས་དོན་བྱེད་ཕྱོགས་ཀྱི་ཆ་ནས་འཛིན་སྐྱོང་སྡེ་ཚན་དང་། རིག་གཞུང་སྡེ་ཚན་གཉིས་ཡོད་པ་སྔར་རྒྱུན་ལྟར་ཡིན་ཡང་སྡེ་ཚན་དེ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་ནང་དུ་དགོས་ངེས་ལ་གཟིགས་ནས་སྡེ་ཚན་དང་ཚན་པ་ཁ་ཤས་གསར་འཛུགས་གནང་འདུག འཛིན་སྐྱོང་ཁོངས་སུ་དབུས་འཛིན་སྐྱོང་། དངུལ་རྩིས་སྡེ་ཚན། དི་ལླིི་ཕྱིར་ཚོང་དང་འབྲེལ་མཐུད་སྡེ་ཚན། ནང་ཞིབ་སྡེ་ཚན། སྨན་མཛོད་དང་སྨན་ཚོང་སྡེ་ཚན། ཡན་ལག་སྤྱི་ཁྱབ་ཡིག་ཚང་སྡེ་ཚན་བཅས་ཡོད། དབུས་འཛིན་སྐྱོང་གི་ཐད་གའི་ཁོངས་སུ་སློབ་ཡོན་འབྲེལ་མཐུད་ཚན་པ། གསར་འཕྲིན་ཚན་པ། ས་ཁང་དང་ཆུ་གློག་ཚན་པ་བཅས་ཡིན། དེ་དུས་ཡན་ལག་སྤྱི་ཁྱབ་ཡིག་ཚང་ཁོངས་སུ་ཡན་ལག་སྨན་ཁང ༣༧ ཡོད།  རིག་གཞུང་སྡེ་ཚན་ཁོངས་སུ་སྨན་རྩིས་མཐོ་སློབ་ཁང་།  སྨན་སྦྱོར་སྡེ་ཚན། སྐར་དཔྱད་རྩིས་རིག་སྡེ་ཚན། ནད་བཅོས་ཉམས་ཞིབ་སྡེ་ཚན། སྨན་རྫས་ཉམས་ཞིབ་སྡེ་ཚན། རྩོམ་སྒྲིག་དང་པར་སྐྲུན་སྡེ་ཚན།༼ད་ལྟ་སྨན་རྩིས་རིག་གཞུང་ཞིབ་འཇུག་སྡེ་ཚན།༽  སྔོ་སྦྱོར་ཉམས་ཞིབ་སྡེ་ཚན། བཅས་ཡོད་ཅིང་། འགན་འཛིན་འདིའི་ལས་རྒྱུན་ལོ་ངོ་གསུམ་རིང་དབུས་མ་ལག་དང་བཅས་པའི་ནང་སྔར་ཡོད་ལས་བྱེད་རྣམས་ཀྱི་སྟེང་གསར་ཞུགས་ལས་བྱེད་གྲངས་ ༡༢༥ བྱུང་བས།  ལོ་གསུམ་གྱི་ལས་རྒྱུན་རིང་ལས་བྱེད་ཁྱོན་བསྡོམས་ ༣༧༩ ཡོད་པ་ཤེས་ཐུབ།

 

སྔར་བཞིན་བོད་གཞུང་སྨན་རྩིས་ཁང་ལ་བགྱིད་སྒོ་གང་མང་ཡོད་པའི་ནང་ནས་གཙོ་ཆེ་ཤོས་ནི་ྋགོང་ས་མཆོག་གི་ྋསྐུའི་འཕྲོད་བཞེས་ཞབས་ཕྱི་ཡིན་པ་བཞིན་ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་ལགས་དང་།  ྋསྐུའི་བླ་སྨན་བློ་བཟང་དབང་རྒྱལ་ལགས་རྣམ་གཉིས་ནས་ྋསྐུའི་འཕྲོད་བཞེས་དང་མཐུན་པའི་ལྗགས་སྨན་རྣམས་རྒྱུད་གཞུང་མན་ངག་དང་མཐུན་པར་སྐབས་འཕྲལ་སོ་སོར་སྦྱོར་འབུལ་ཞུ་རྒྱུའི་བསྐལ་བཟང་ཐོབ། སྐར་རྩིས་སྡེ་ཚན་གྱི་རྩིས་རིག་སློབ་དཔོན་བྲག་མཐོན་བྱམས་པ་རྒྱལ་མཚན་ལགས་ཀྱིས་ལོ་རེའི་ྋསྐུའི་དགུང་ཀེག་ཀེག་རྩིས་ཀྱིས་གཙོས་རྩིས་ཀྱི་ཞུ་སྒོ་མཐའ་དག་སྔར་བཞིན་ཞུས། ཕྱི་ལོ་ ༡༩༩༤ ལོར་ཁྱབ་ཁོངས་ངྷ་ས་སྟེང་ཤོད་ཡན་ལག་སྨན་ཁང་གཉིས་ཀྱིས་མཚོན་ཕྱོགས་མཐའི་ཡན་ལག་སྨན་ཁང་ཁག་ཏུ་ནད་པ་བསྟེན་གཏུགས་བྱེད་མཁན་རང་རེ་བོད་རིགས་དང་།  ཕྱི་རྒྱལ་བ་རྒྱ་གར་སོགས་ནད་པ་གྲངས་ ༥༤༨༠༨༣ ལ་སྨན་པ་རྣམ་པས་བལྟ་རེག་དྲི་བ་གསུམ་གྱི་སྒོ་ནས་བརྟག་དཔྱད་སྨན་བཅོས་གནང་འདུག་ལ། སྨན་སྤྲོད་རིན་འབབ་དངུལ་བསྒྱུར་བསྡོམས་སྒོར་ ༡༠༣༩༧༠༠།༧༡ དེའི་ནང་དུ་རང་གཞུང་གི་སྲི་ཞུ་ལས་བྱེད་དང་ཉམ་ཐག བྱ་བྲལ་བ། བོད་ནས་གསར་དུ་འབྱོར་བ་བཅས་ལ་རིན་མེད་སྨན་སྦྱིན་གནང་བ་དངུལ་བསྒྱུར་བསྡོམས་སྒོར་ ༡༠༥༤༧༦༧།༢༨ ཟིན་ཡོད། ཕྱི་ལོ་ ༡༩༩༥ ལོར་ཁྱབ་ཁོངས་རྡ་ས་སྟེང་ཤོད་ཡན་ལག་སྨན་ཁང་གཉིས་ཀྱིས་མཚོན་ཕྱོགས་མཐའི་ཡན་ལག་སྨན་ཁང་ཁག་ཏུ་ནད་པ་བསྟེན་གཏུགས་བྱེད་མཁན་རང་རེ་བོད་རིགས་དང་།  ཕྱི་རྒྱལ་བ་དང་རྒྱ་གར་བ་སོགས་དང་། རང་གཞུང་གི་སྲི་ཞུ་ལས་བྱེད་དང་ཉམ་ཐག བྱ་བྲལ་བ། བོད་ནས་གསར་དུ་འབྱོར་བའི་ནད་པ་བཅས་སུ་རིན་མེད་སྨན་སྦྱིན་དང་། གྲྭ་བཙུན་སྔགས་གསུམ་ལ་སྨན་རིན་ཕྱེད་བཅགས་གནང་བ་བཅས་ཀྱི་ཡིག་ཆ་རྙེད་སོན་མ་བྱུང་།

 

ལོ་དེར་སྨན་རྩིས་ཁང་ལ་དངུལ་རྩིས་ཀྱི་ཆ་ནས་རྩིས་ལོ་མགོ་འཛུགས་སྐབས་དངུལ་ལྷག་བསྡད་པ་སྒོར་ ༢༢༣༩༧༦༥༢།༥༧ ཡོད་པ་དང་། རྩིས་ལོའི་བྱུང་སྒོར་ ༧༩༠༥༢༡༦༤།༡༦ ཡོད་ཅིང་། རྩིས་ལོའི་སོང་སྒོར་ ༧༨༦༤༢༩༡༥།༤༢ སོང་བས་རྩིས་མཇུག་ལྷག་དངུལ་བསྡད་པ་སྒོར་ ༢༢༨༠༦༩༠༡།༣༡ ཡོད། ཕྱི་ལོ་ ༡༩༩༦ ལོར་ཁྱབ་ཁོངས་ངྷ་ས་སྟེང་ཤོད་ཡན་ལག་སྨན་ཁང་གཉིས་ཀྱིས་མཚོན་ཕྱོགས་མཐའི་ཡན་ལག་སྨན་ཁང་ཁག་ཏུ་ནད་པ་བསྟེན་གཏུགས་བྱེད་མཁན་རང་རེ་བོད་རིགས་དང་།  ཕྱི་རྒྱལ་བ་རྒྱ་གར་སོགས་ནད་པ་གྲངས་ ༦༤༨༦༧༢ ལ་སྨན་པ་རྣམ་པས་བལྟ་རེག་དྲི་བ་གསུམ་གྱི་སྒོ་ནས་ནད་གཞི་ངོས་འཛིན་གྱིས་སྨན་བཅོས་གནང་ཡོད་ཀྱང་སྨན་ཐུན་གྱི་གྲངས་འབོར་མི་གསལ། ལོ་དེའི་ནང་དུ་རང་གཞུང་གི་སྲི་ཞུ་ལས་བྱེད་དང་ཉམ་ཐག བྱ་བྲལ་བ། བོད་ནས་གསར་དུ་འབྱོར་བའི་ནད་པ་མི་གྲངས་ ༩༦༦༨ བཅས་སུ་རིན་མེད་སྨན་སྦྱིན་དང་། གྲྭ་བཙུན་སྔགས་གསུམ་ལ་སྨན་རིན་ཕྱེད་བཅག་གནང་བར་བསྡོམས་སྒོར་ ༤༩༦༢༣།༠༠ བཏང་འདུག་ཀྱང་། ལོ་དེར་རྒྱ་གར་ས་གནས་ཁག་དང་ཕྱི་རྒྱལ་ཡུལ་གྲུ་ནས་སྦྲགས་ཁང་བརྒྱུད་དེ་སྨན་ཐུན་གྲངས་ཅི་ཙམ་མཁོ་སྤྲོད་གནང་ཡོད་པའི་ཡིག་ཆ་མ་རྙེད།

 

ལོ་དེར་སྨན་རྩིས་ཁང་ལ་དངུལ་རྩིས་ཀྱི་ཆ་ནས་རྩིས་ལོ་མགོ་འཛུགས་སྐབས་དངུལ་ལྷག་བསྡད་པ་སྒོར་ ༢༢༨༠༦༩༠༡།༣༡ ཡོད་པ་དང་། རྩིས་ལོའི་བྱུང་སྒོར་ ༨༢༣༡༣༨༩༩།༩༠ ཡོད་ཅིང་། རྩིས་ལོའི་སོང་སྒོར་ ༧༨༩༢༡༣༥༤།༡༩ སོང་བས་རྩིས་མཇུག་ལྷག་དངུལ་བསྡད་པ་སྒོར་ ༣༡༡༩༩༤༤༧།༠༢ ཡོད།

 

 ག༽གལ་ཆེའི་ལས་གཞི་ཁག

༡༽རིག་གཞུང་དང་འབྲེལ་བའི་སྐོར།

སྐུ་ངོ་ཚེ་རིང་བཀྲ་ཤིས་ལགས་སྨན་རྩིས་ཁང་གི་འགན་འཛིན་དུ་བསྐོ་བཞག་གཏན་འཁེལ་ཏེ་ལས་ཁུར་དངོས་སུ་མ་བླངས་སྐབས་མཚམས་དེར། བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་སྨན་རྩིས་ཁང་དུ་ཞབས་ཟུང་བཀའ་དྲིན་ཡོང་བར་ཅི་ལྟར་གསོལ་བ་བཏབ་པ་བཞིན་ཕྱི་ལོ་ ༡༩༩༣ ཟླ་ ༦ ཚེས་ ༢༨ ཉིན་ཞབས་སོར་བཀའ་དྲིན་སྐྱོང་བ་གཏན་འཁེལ་བར་བརྟེན། དབུ་འཛིན་ཚེ་རིང་བཀྲ་ཤིས་མཆོག་ནས་རང་ཉིད་ཀྱིས་དབུ་འཛིན་གྱི་ཐུགས་འགན་དངོས་སུ་རྩིས་བཞེས་གནང་མེད་ནའང་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕེབས་སྐབས་སྡེ་ཚན་སོ་སོའི་རྒྱུན་ལྡན་བྱེད་སྒོ་གང་ཡིན་འགྲེམས་སྟོན་ལམ་ནས་སྤྱན་འབུལ་ཞུ་དགོས་པའི་ལས་འཆར་གོ་བསྒྲིགས་དང་། སློབ་སྟོན་གནང་བ་ལྟར་སྡེ་ཚན་སོ་སོས་གྲ་སྒྲིག་གང་ཐུབ་ཀྱིས་ཉིན་དེར་ྋགོང་ས་མཆོག་བོད་གཞུང་སྨན་རྩིས་ཁང་དུ་ཞབས་སོར་གྱི་བཀྲ་ཤིས་རེ་ཁ་མངོན་པར་འཁོད་ཐོག་འགྲེམས་སྟོན་ལ་གཟིགས་ཞིབ་དང་། དེ་ནས་ཚོགས་ཁང་ཆེན་མོར་ཆིབས་བསྒྱུར་གྱིས་སྨན་རྩིས་ལས་སློབ་ཡོངས་ལ་བཀའ་སློབ་དང་སྦྲགས་སྨན་རྩིས་ཁང་གི་བྱེད་སྒོའི་སྐོར་ལ་ལམ་སྟོན་ཟབ་མོ་གནང་དོན། དེང་སང་འཛམ་བུ་གླིང་འདིའི་སྒང་གསོ་དཔྱད་ཀྱི་རིག་གནས་འདྲ་མིན་ཡོད་པ་ཕན་ཚུན་གོ་བསྡུར་བྱས་ཚེ་རིག་པ་གསར་བ་རྙེད་རྒྱུ་ཏན་ཏན་ཡོད་སྲིད། ང་ཚོར་སྔར་གྱི་སྨན་གཞུང་གི་རྭ་བ་ལས་བརྒལ་ཏེ་གསར་གཏོད་ཀྱི་སྤོབས་པ་མེད་པའམ། བྱེད་འདོད་མེད་པ། ཡང་ན་འགན་མི་བཟོད་པ་དེ་འདྲའི་རིགས་བྱེད་མི་དགོས་པར། ཉམས་མྱོང་བསགས་ཤིང་ཚོད་བལྟ་བྱས་ན་སྔར་མེད་པའི་སྨན་གསར་དང༌། སྔར་མེད་པའི་སྨན་གྱི་སྦྱོར་ཐབས་གསར་བའི་རིགས་ཡོང་སྲིད་པ་རེད་ཅེས་དང༌། དེང་སང་འཛམ་གླིང་ནང་ང་རང་ཚོའི་བོད་སྨན་གྱི་འགྲོ་སྟངས་ལྟ་བུ་སྔོ་དང་། རྩི་ཤིང་གི་རིགས་བེད་སྤྱོད་བྱས་ནས་བཟོས་པ་ལས་རྫས་སྦྱོར་འདྲ་མིན་ལ་བརྟེན་ནས་བཟོས་པ་མ་ཡིན་པའི་སྨན་ལ་དགའ་བོ་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་ཚུལ་སོགས་གསུང་གི་བདུད་རྩིས་ཚིམས་པར་མཛད་པའི་བཀའ་དྲིན་ཐོབ་པ་བཞིན། འགན་འཛིན་འདིས་བཀའ་སློབ་དགོངས་དོན་རྣམས་ལག་ལེན་ཡོང་ཐུབ་པ་འབད་བརྩོན་ཆེ་བསྐྱེད་གནང་ཞིང་།

དེ་ཡང་། བོད་ཀྱི་གསོ་རྩིས་རིག་པའི་འཕྲིན་ལས་བོད་ཕྱི་ནང་དང༌། རྒྱལ་སྤྱིའི་ཐོག་ཉིན་བཞིན་སྙན་གྲགས་ཇེ་ཆེར་འགྲོ་བཞིན་པ་དང༌། དེ་དག་སློབ་སྦྱོང་ཞིབ་འཇུག་བྱེད་འདོད་ཡོད་པ་སྔར་གྱི་ལོ་རྒྱུས་ཀྱི་དུས་སྐབས་གང་དང་ཡང་མི་འདྲ་བ་མང་དུ་ཕྱིན་པ་དང་མཉམ་དུ། བོད་ཀྱི་གསོ་བ་རིག་པ་དེ་ཡང་ཤར་ནུབ་ཀྱི་མཐའ་མཚམས་མེད་པར་འཕེལ་རྒྱས་སུ་འགྲོ་མགོ་ཚུགས་པའི་དགོས་མཁོ་དང་བསྟུན་ཕྱི་ལོ་ ༡༩༨༠ ཙམ་ནས་ནད་བཅོས་དང་། སྨན་རྫས། སྔོ་སྦྱོར་སོགས་སྤྱི་ཡོངས་ལ་ཉམས་ཞིབ་ཙམ་པོ་པའི་རྨང་གཞི་བཟང་པོ་ཞིག་བཏིང་ཐུབ་ཡོད་པའི་སྟེང༌། སྐབས་དེའི་འཛིན་སྐྱོང་ནས་ལོ་ཤས་ནང་འཛམ་གླིང་ཤར་ནུབ་གང་སར་ཉིན་རེ་བཞིན་ཚན་རིག་ལག་རྩལ་གཅིག་མཇུག་གཉིས་མཐུད་ཀྱི་གོང་འཕེལ་འགྲོ་བ་དང་ཕྱོགས་མཚུངས་ཛ་དྲག་གི་འགྲན་རྩོད་སྔར་ལས་ཤུགས་ཆེར་འགྲོ་བའི་སྐོར་ལ་ངོས་འཛིན་གཅིག་གྱུར་གནང་སྟེ། བོད་ཀྱི་གསོ་རིག་གི་ཕུལ་དུ་བྱུང་བའི་གཞུང་དང་ལག་ལེན། ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཞི་རྩར་བཟུང་ཞིང་། དེ་དག་མི་ཉམས་བརྒྱུད་འཛིན་མཐའ་གཅིག་ཏུ་བྱེད་པའི་རྨང་གཞིའི་ཐོག་དུས་བབ་གསར་བའི་འཕེལ་རྒྱས་དང་བསྟུན་ནས་ཚན་རིག་གི་ལམ་ནས་ཞིབ་འཇུག་བྱེད་ཐབས་དང༌། ནང་དོན་དམིགས་ཡུལ་གསལ་བོ་ཡོང་བར་ལས་གཞི་སྣེ་མང་དང༌། གཞི་རྒྱ་ཆེ་རུ་གཏོང་དགོས་པར་དམིགས་ཏེ་སྔར་ཡོད་ཀྱི་ཉམས་ཞིབ་སྡེ་ཚན་དེ་སྤྱི་ཡོངས་ལ་ཉམས་ཞིབ་བྱས་ནས་སྡོད་པ་ཙམ་མ་ཡིན་པར་ནད་བཅོས་དང་སྨན་རྫས། སྔོ་སྦྱོར་དང་དཔེ་རྒྱུན་དཀོན་རིགས་བཅས་སོ་སོར་རིགས་གཅིག་རྐང་འཛིན་གྱི་སྒོ་ནས་ཉམས་ཞིབ་བྱ་གལ་མཐོང་སྟེ། ཉམས་ཞིབ་སྡེ་ཚན་ཁ་ཤས་སུ་ཕྱེས་ཏེ་ནད་ཐོག་ཉམས་ཞིབ་ཚན་པ་ཟུར་འཛུགས་བྱས་པ་ནས་བཟུང་།  རྒྱལ་ས་དིལླིིར་ཡོད་པའི་རྒྱ་གར་རྒྱལ་ཡོངས་ཚན་རིག་སྨན་ཁང་ཆེན་མོ་དང་ཟུང་འབྲེལ་གྱིས་དབུགས་བསགས་དང༌། ཡ་མ། གཅིན་སྙི་ཟ་ཁུ། གཉན་འབྲས་སོགས་ལ་སྔོན་ཆད་བོད་སྨན་བཏང་ནས་ཕན་བསྐྱེད་ཆེན་པོ་བྱུང་རུང་ཞིབ་འཇུག་གི་ཁོངས་སུ་བཅུག་ནས་ཁྲག་དཔྱད་དང་། ཕྲ་མཐོང་ཆེ་ཤེལ་སོགས་ཁྲིམས་མཐུན་ཁུངས་སྐྱེལ་ཕྲ་ཞིབ་མ་བྱུང་བ་དེ་དག་བརྒྱུད་རིམ་ལྡན་པའི་སྒོ་ནས་བོད་སྨན་གྱི་བཅོས་ཐབས་དང་། ཕྱི་ལུགས་ཐོག་ནས་ནད་རྟགས་ངོས་འཛིན་དང་འབྲེལ་མཐའ་མཇུག་ཏུ་རྫས་འགྱུར་བརྟག་དཔྱད་དམིགས་བསལ་བེད་སྤྱད་ནས་དངོས་འབྲེལ་དྲག་བསྐྱེད་བྱུང་མིན་ལ་བལྟ་རྒྱུ་བཅས་ཀྱི་དམིགས་ཡུལ་བཟུང་ནས་དམིགས་བསལ་ཡན་ལག་སྨན་ཁང་དང་། ཉམས་ཞིབ་སྨན་པ་གཏན་འཁེལ་གྱིས་ད་ལྟའི་བར་ཕན་འབྲས་ངེས་ཅན་ཐོན་ཡོད་ལ། རྒྱ་གར་རྒྱལ་ཡོངས་ཚན་རིག་སྨན་ཁང་ཆེན་མོ་ནས་ཀྱང་སྔར་དེ་རིགས་ཀྱི་ནད་པ་མང་པོ་དིལླི་ནི་ཛ་མུ་དིིན་སྨན་ཁང་ལ་ངོ་སྤྲོད་གནང་ཡོད་པ་བཞིན་ད་ལྟའང་དབུས་ས་གཉིས་ནས་དེ་རིགས་ལ་སྔར་ལྷག་ནད་བཅོས་ཉམས་ཞིབ་བྱེད་མུས་སུ་ཡོད།

 

དེ་བཞིན་དུ་སྔོ་སྨན་གྱིས་མཚོན་པའི་སྨན་རྫས་རིགས་ཀྱི་ཉམས་ཞིབ་ལོགས་སུ་དབྱེ་འབྱེད་བྱས་ཏེ་སྨན་རྫས་རིག་པའི་ཆེད་ལས་པ་སྨན་པ་ཟླ་བ་ལགས་ལ་འགན་དཀྲིས་ཀྱིས་སྨན་རྫས་ཉམས་ཞིབ་སྡེ་ཚན་ཞེས་སྡེ་ཚན་གསར་བ་ཟུར་འཛུགས་གནང་རྗེས་སྔར་ཡོད་སྨན་རྩིས་ཁང་གི་སྨན་རྒྱུའི་ཐོན་ཁུངས་རྣམས་ཀྱི་སྟེང༌། སྨན་ལས་ཁག་བགོས་ཀྱིས་ལ་དྭགས་ཁུལ་དང༌། མ་ནཱ་ལིའི་རི་རྒྱུད། བལ་བོད་ས་མཚམས། འབྲས་ལྗོངས་སྣ་ཐོད་ལ་སོགས་སུ་སྨན་རྒྱུ་འཚོལ་ཞིབ་ཆེད་ཐེངས་མང་ཕྱོགས་ཕེབས་གནང་སྟེ་སྨན་རྒྱུ་མི་ཉུང་བ་ལག་སོན་བྱུང་ཡོད་པའི་ཞིབ་ཕྲའི་སྐོར་སྡེ་ཚན་རང་གི་བྱུང་རབས་སུ་གསལ། སྔ་མོ་ནས་ལོ་ལྟར་སྨན་རྫས་ཉམས་ཞིབ་ཟུར་འཛུགས་བྱས་པ་དེས་དགེ་སློབ་མཉམ་དུ་སྨན་བཏོག་ལ་འགྲོ་བ་དང༌། སྨན་ངོ་སློབ་པ། ཡིག་ཚད་གཏོང་ཕྱོགས་སོགས་སྔར་གྱི་སྲོལ་རྒྱུན་བཟང་པོ་ཇི་མ་ཇི་བཞིན་ལག་ལེན་བྱེད་རྒྱུར་མཐོང་ཆེན་བྱས་སྟབས་དགེ་སློབ་ཚོའི་སྨན་རྫས་ཤེས་ཡོན་མཐོ་རུ་གཏོང་རྒྱུར་ཕན་འབྲས་གཟེངས་སུ་ཐོན་པ་བྱུང་བ་མ་ཟད། དུས་ཡུན་ཐུང་ངུའི་ནང་སྡེ་ཚན་འདི་ནས་ཐབས་ཤེས་སྣ་ཚོགས་བྱས་པ་བརྒྱུད་སླད་ཕྱིན་སྨན་རྒྱུ་ངོས་འཛིན་མ་ནོར་བ་དང༌། ལག་ལེན་འཕྱུག་པ་མེད་པ། ནད་ཐོག་སྨན་འཁེལ་ཡོང་རྒྱུར་རྨང་གཞི་སྲ་བརྟན་ཞིག་བཏིང་ཐུབ་པ་བྱུང་འདུག དེ་མིན་སྨན་པ་ཟླ་བ་ལགས་ཀྱིས་གཙོས་པའི་སྡེ་ཚན་འདིའི་ལྷ་བྲིས་པ་རྣམས་ཀྱི་སོར་མོའི་སྒྱུ་རྩལ་ལས་ཐོན་པའི་སྨན་རྫས་སྣ་ཚོགས་ཀྱི་ཐང་ཀ་དང༌། ལོ་རྒྱུས་དང་སྒྱུ་རྩལ་ཟུང་དུ་འབྲེལ་བའི་སྨན་ཐང་སོགས་གང་མང་བྲིས་ཡོད། སྨན་རྩིས་སློབ་ཕྲུག་རྣམས་ཀྱི་ཤེས་ཡོན་གོང་མཐོར་གཏོང་ཐབས་དང༌། ཐུན་མོང་མ་ཡིན་པའི་སྔར་སྲོལ་བཟང་པོ་མི་ཉམས་རྒྱུད་འཛིན་བྱ་ཐབས་སུ། སྡེ་སྲིད་མི་ཡི་ཉི་མ་སངས་རྒྱས་རྒྱ་མཚོ་མཆོག་གི་དུས་སུ་ཕྱག་སྲོལ་མཛད་པའི་སྔོ་ཁྲོག་ངོ་བཤེར་གྱི་རྒྱུགས་བཞེས་གནང་སྲོལ་དེ་བཞིན་ྋསྐུའི་བླ་སྨན་བློ་བཟང་དབང་རྒྱལ་མཆོག་གི་སློབ་སྟོན་འོག་སླར་གསོ་མཛད་པ་དང༌། དེ་བཞིན་སྨན་རྩིས་མཐོ་སློབ་མཁས་དབང་གདན་ཞུས་གོ་སྒྲིག་ཚོགས་ཆུང་ནས་རེས་གཟའ་པ་སངས་དགོང་དྲོ་ནམ་འཆར་ལ་དགོན་སྡེ་དང༌། སློབ་གྲྭ། གཞན་ཡང་ཤེས་ཡོན་གྱི་བསྟི་གནས་གང་ས་ནས་དགེ་བཤེས་དང་མཁས་དབང་། སྨན་རྩིས་ཆེད་མཁས། རིག་གནས་ལོ་རྒྱུས་སོགས་ལ་མཁས་པའི་མི་སྣ་གདན་ཞུས་ཀྱིས་གསུང་བཤད་གནང་བའི་ལམ་སྲོལ་དང་། སློབ་ཕྲུག་ནང་ཁུལ་བསམ་ཚུལ་བརྗེ་རེས་དང༌། མཁས་པའི་བྱ་བ་རྣམ་གསུམ་ལས་རྩོམ་གྱི་རིག་པར་ལེགས་བྱང་ཡོང་བའི་ཆེད་དུ། མཐོ་སློབ་སློབ་ཕྲུག་ཁྲོད་ནས་རྩོམ་སྒྲིག་ཚོགས་ཆུང་འོས་འདེམས་གནང་སྟེ་ཨིིན་བོད་ཡིག་རིགས་གཉིས་ཀྱི་ལམ་ནས་༼གངས་རིའི་ལང་ཚོ།༽དུས་དེབ་གསར་དུ་འདོན་སྤེལ་གྱིས་ལོ་རེར་ཐེངས་རེ་འདོན་སྤེལ་བྱེད་མགོ་བཙུགས་པ་སོགས་གལ་ཆེའི་ལས་གཞི་དེ་དག་ད་ལྟ་ཡང་མཇུག་སྐྱོང་བྱེད་བཞིན་པ་མ་ཟད། ཤེས་ཡོན་གོང་མཐོར་གཏོང་བ་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་རླབས་ཆེན་པོ་ཐོན་བཞིན་ཡོད། ལོ་དེའི་ཕྱི་ཟླ་༧ པའི་ནང་སྨན་རྩིས་ཚོང་ཟོག་ཕྱིར་ཚོང་སྡེ་ཚན་ཟུར་འཛུགས་གནང་སྟེ། སྨན་རྩིས་ཁང་གི་སྔར་ཡོད་ཕྱིར་ཚོང་ཐོན་རྫས་རྣམས་ཀྱི་སྟེང༌། ྋབླ་སྨན་བསྟན་འཛིན་ཆོས་གྲགས་མཆོག་དང༌། སྨན་པ་ལྷ་དབང་ལགས། སྨན་པ་གཡང་འབུམ་རྒྱལ་ལགས་སོགས་ཀྱིས་ཐུགས་འགན་ཆེ་བཞེས་འོག  གསོ་རིག་སྨན་ཇ་དང༌། གསོ་རིག་སྨན་སྣ། གསོ་རིག་གཟིམ་སྤོས། གསོ་རིག་སྐྲ་སྣུམ། གཞན་ཡང་ཤ་གསོས་དང་སྟོབས་སྨན་སོགས་དེང་དུས་ཚན་རིག་དང་ཟུང་འབྲེལ་བྱས་ཏེ་ཐོན་རྫས་སྣ་མང་གསར་བཏོད་ཀྱིས་སྡེ་ཚན་དེར་མཁོ་སྤྲོད་གནང་བ་དང༌། སྡེ་ཚན་དེ་ནས་རྒྱ་གར་ནང་ཁུལ་དང་ཕྱི་རྒྱལ་ཡུལ་གྲུ་གང་སར་གནས་པའི་ཁེ་ལས་ཚོང་འབྲེལ་སྡེ་ཁག་ལ་བརྒྱུད་འཚོང་བྱེད་ཐུབ་པ་བྱུང་བ་དེས་སྨན་རྩིས་ཁང་གི་ཡོང་འབབ་ལ་འཕར་སྣོན་དང༌། བོད་ཀྱི་སྨན་རྩིས་རིག་པ་དང་འབྲེལ་བའི་ཐོན་རྫས་ཚོང་འགྲེམས་ཁྱབ་ཁོངས་རྒྱ་ཆེར་ཕྱིན་ཏེ་རྒྱལ་སྤྱིའི་ཚོང་རྭའི་ནང་འགྲོ་རྒྱུགས་ཀྱི་སྒོ་མོ་ཞིག་ཕྱེ་ཐུབ་པ་བྱུང༌།

 

ཕྱི་ལོ་ ༡༩༩༥ ལོར་ཕྱིའི་རྒྱལ་ཁབ་ཁག་བཅུ་གཉིས་ནས་ཡོང་བའི་བོད་སྨན་ལ་དོ་སྣང་ཡོད་མཁན་མི་གྲངས་བཞི་བཅུ་སྐོར་ལ་ཨིན་སྐད་ཐོག་ཉིན་བཅུའི་རིང་བོད་སྨན་གྱི་རྨང་གཞིའི་ཤེས་བྱའི་དུས་ཐུང་ཟབ་སྦྱོང་གོ་སྒྲིག་དང་།  བོད་ཀྱི་སྐར་དཔྱད་རྩིས་རིག་ལ་དོ་སྣང་བྱེད་མཁན་ཕྱི་རྒྱལ་བ་མི་གྲངས ༡༡ ལ་ཉིན་བཅུའི་རིང་རྩིས་རིག་སྐར་ནག་སྐོར་ངོ་སྤྲོད་སློབ་སྦྱོང་། ཕྱི་རྒྱལ་ཚན་རིག་མཁན་དང་། ཕྱི་ལུགས་སྨན་པ་བཅས་རྒྱལ་ཁབ་འདྲ་མིན་བཅུ་གཉིས་ནས་ཕེབས་པའི་བོད་སྨན་ལ་དོ་སྣང་ཅན་མི་གྲངས་ ༤༣ ལ་ཉིན་བཅུའི་རིང་བོད་སྨན་གྱི་ལོ་རྒྱུས་དང་། ནད་ཀྱི་བརྟག་ཐབས་ལ་སོགས་པ་ངོ་སྤྲོད་སློབ་སྦྱོང་སྤྲད་པར་ཟབ་སྦྱོང་ལ་ཕེབས་མི་ཚང་མས་དགའ་མོས་ཐོག་རྗེས་སུའང་ཟབ་སྦྱོང་ལོ་ལྟར་ཡོང་པའི་རེ་འདུན་ཞུས། ད་དུང་རང་གཞུང་ཆོས་རིག་ལས་ཁུངས་བརྒྱུད་སོག་པོའི་སྨན་པ་དགུ་སྔ་རྗེས་སུ་རིམ་འབྱོར་བྱུང་བ་དེ་དག་ལ་ཟླ་གཉིས་རིང་སྨན་བཅོས་ཉམས་མྱོང་དང་། སྨན་རྒྱུའི་སྐོར། སྨན་གྱི་སྡེབ་སྦྱོར་བྱེད་ཚུལ་སོགས་སློབ་སྟོན་བྱས་པར་མ་ཟད། འདིར་སྡོད་ཡུན་ཁང་གླ་དང་། ལག་དངུལ། དེ་བཞིན་ལྟོ་དོད་བཅས་ཀྱང་སྨན་རྩིས་ཁང་ནས་ནར་གཏོང་ཐོག་རོགས་རམ་ཞུས་པ་དང་། སྨན་དགེ་གཉིས་ཀྱིས་ཟུར་དུ་སློབ་ཁྲིད་ཀྱང་གནང་དུ་བཅུག། ཡང་ཟླ་ ༩ ཚེས་ ༡༧ ནས་ ༢༡ བར་སྨན་རྩིས་ཁང་གིས་བོད་ཀྱི་གསོ་བ་རིག་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་དར་ཁྱབ་དང༌། རིས་སུ་མ་ཆད་པའི་འཛམ་གླིང་སྐྱེ་འགྲོ་རྣམས་དུས་མིན་འཆི་བའི་འཇིགས་པ་ལས་སྒྲོལ་བའི་སླད་དུ་ཨིིན་ཡིག་ཐོག་ཕྱི་མི་དོན་གཉེར་ཅན་རྣམས་ལ་བོད་སྨན་གྱི་རྨང་གཞིའི་ཤེས་བྱའི་དུས་ཐུང་ཟབ་སྦྱོང་ཐེངས་དང་པོ་ཚུགས་པས་ཀུན་ཀྱིས་བསྔགས་བརྗོད་ཐོབ།

 

གཞན་ཡང་ལོ་དེར་ཉམས་ཞིབ་ཚན་པའི་སྨན་པ་བསྟན་འཛིན་སྐྱིད་འཛོམས་དང༌། སྨན་པ་རྣམ་རྒྱལ་བསྟན་འཛིན་གཉིས་རྒྱ་གར་རྒྱལ་ཡོངས་སྨན་ཁང་ཆེན་མོར་ AIIMS ཉམས་ཞིབ་ཀྱི་འགྲོ་སྟངས་དང༌། དཔྱད་གཞིའི་ཡིག་ཆ་བདག་གཉེར་བྱེད་སྟངས་སྐོར་ལ་སློབ་སྦྱོང་དུ་བཏང་བ་དང༌། དིལླིའི་སྨན་པ་ཚེ་དབང་རྟ་མགྲིན་དང༌། མཐོ་སློབ་སྨན་དགེ་ཐོགས་མེད་དཔལ་འབྱོར། གངས་སྐྱིད་སྨན་པ་ཟླ་བ་ཆོས་སྒྲོན་བཅས་གཤག་བཅོས་ཟབ་སྦྱོང་དང་། ཉམས་ཞིབ་སྨན་པ་གཞོན་པ་གཉིས་ལ་ཕྱི་ལུགས་ཀྱི་ནད་ཐོག་ཉམས་ཞིབ་བྱེད་ཐབས་སྤྱི་དང་།  བྱེ་བྲག་འདི་གའི་ཉམས་ཞིབ་ལས་གཞི་དང་བསྟུན་འབྲས་ནད་ཀན་སར་དང་།  གཅིན་སྙིའི་སྐོར་ཉམས་ཞིབ་བྱ་ཐབས། དིལླི་ནི་ཛ་མུ་དིན་སྨན་པ་དང་དབུས་སྨན་རྩིས་ཁང་ནས་སྨན་པ་གཉིས་བཅས་ལ་ཕྱི་ལུགས་ནད་བཅོས་བྱ་ཐབས་དང་། རང་རེའི་སྨན་གཞུང་ནས་གསུངས་པའི་དོན་སྣོད་ཀྱི་གནས་ལུགས་གཤག་བཅོས་སྐབས་དངོས་སུ་མཐོང་རྒྱུ་ཡོད་པའི་གཟུགས་ཁམས་རིག་པའི་ཐོག་ཟབ་སྦྱོང་བྱ་ཕྱིར་རིམ་བཞིན་རྒྱ་གར་རྒྱལ་ཡོངས་སྨན་ཁང་ཆེན་མོར་ཆེད་མངགས་བྱས་པ་བརྒྱུད་བསླབ་གཞི་དེ་དག་གི་ཐོག་སྨན་པ་རྣམས་ལ་གོ་རྟོགས་གང་ལེགས་བྱུང་།

 

གཞན་ཡང་སློབ་གྲྭའི་གུང་གསེང་སྟབས་བསྟུན་གྱིས་སློབ་དགེ་གཅིག་དང་། སློབ་ཕྲུག་བདུན་རྒྱ་གར་ས་གནས་ཁག་ཅིག་ཏུ་ཁ་ཆེའི་གནའ་ལུགས་སྨན་གཞུང་ཡུ་ནཱ་ནི་ཞེས་པའི་མཐོ་སློབ་ཁང་དང་། ཉམས་ཞིབ་ཁང་། སྨན་བཟོ་ཁང་སོགས་སུ་སྨན་བཟོ་སྟངས་དང་། སྔོ་སྨན་འདེབས་ལས་བྱེད་ཕྱོགས་ཀྱི་ཉམས་གསོག་ཆེད་མངགས་དང་། སྐར་དཔྱད་རྩིས་པ་གཞོན་པ་ཚོར་རྩིས་རིག་ཐོག་གོ་རྟོགས་ཡར་རྒྱས་ཡོངས་ཐབས་སུ་སྐར་རྩིས་འགན་གཞོན་ཚེ་རྣམ་ལགས་ནས་ལོ་མང་དཔྱད་ཞིབ་གནང་བའི་མྱོང་བྱང་ཁག་རྩིས་གཞུང་དང་སྦྱར་ནས་ཞག་གསུམ་དང་། གོ་ལའི་རྣམ་བཞག་དང་། ཉི་ཟླ་འཛིན་ཚུལ་བཅས་ཟབ་ཁྲིད་གནང་བ་སོགས་བོད་གཞུང་སྨན་རྩིས་ཁང་གི་རིག་གཞུང་དང་འབྲེལ་བའི་ལས་གཞི་མང་པོ་སྔར་ཡོད་གོང་འཕེལ་དང་སྔར་མེད་གསར་འཛུགས་ཀྱིས་ཡར་རྒྱས་ཤུགས་ཆེན་བཏང་།

 

བོད་ཀྱི་ཐུན་མོང་མ་ཡིན་པའི་རྩ་ཆེའི་སྨན་རྩིས་རིག་པ་འདིར་དེང་དུས་རྒྱལ་སྤྱིའི་ནང་ཉིན་རེ་བཞིན་དོ་སྣང་བྱེད་མཁན་གཞི་རྒྱ་ཆེ་རུ་འགྲོ་མུས་དང་། ཕྱི་ནང་གང་ས་ནས་སྨན་རྩིས་དང་འབྲེལ་བའི་གླེང་ཕྱོགས་འདྲ་མིན་ཡོང་རིགས་རྣམས་ལ་ལན་འདེབས་དང༌། འབྱུང་འགྱུར་ཉམས་ཞིབ་བྱ་རྒྱུའི་དགོས་མཁོར་དམིགས་པའི་ཡིག་ཆ་འཚོལ་སྒྲུབ་དང༌། རྩོམ་སྒྲིག དབྱེ་ཞིབ། བདག་གཉེར། ཞིབ་འཇུག དཔར་སྐྲུན་སོགས་གནད་དོན་ཇི་སྙེད་ཅིག་ལག་བསྟར་ཡོང་ཐབས་དང་། སྨན་རྩིས་ཁང་ནི་སྨན་བཅོས་འཕྲོད་བསྟེན་གྱི་ལས་ཀ་བྱེད་རྒྱུ་ཁོ་ན་མ་ཡིན་པར་བོད་ཀྱི་སྨན་རྩིས་རིག་གནས་བརྒྱུད་འཛིན་གོང་འཕེལ་ཐོག་ཚན་རིག་ལག་རྩལ་གྱི་ཆུ་ཚད་རྒྱུན་ཆད་མེད་པར་གོང་མཐོར་གཏོང་རྒྱུའི་ལས་འགན་གཞན་ལ་དཀྲི་ཐབས་མེད་པ་ཞིག་ཡིན་སྟབས། སྔོན་བྱོན་མཁས་དབང་རྣམས་ཀྱིས་རྩ་ཆེའི་རིག་དངོས་དང༌། པར་ཤིང༌། དཔེ་ཆ་བྲིས་མ་མང་པོ་གསོག་འཇོག་གནང་སྟེ་ཁྱིམ་རྒྱུད་ནོར་བུ་ལྟར་ཤིན་ཏུ་གཙིགས་ཆེན་གནང་གི་ཡོད་རུང་རྒྱ་དམར་གཞུང་ནས་རིག་གནས་གསར་བརྗེ་སོགས་ལ་ཁ་གཡར་ཏེ་ཉ་ཉུང་མཉམ་བསྲེས་ཀྱིས་བཟང་ངན་དབྱེ་བ་མེད་པར་ཐམས་ཅད་མེར་བསྲེགས་ཆུར་བསྐྱུར་གྱིས་གཏོར་བཤིག་ཚབས་ཆེན་ཕོག་པ་དེ་དག་ཉམས་གསོ་དང༌། འཚོལ་བསྡུ་བྱེད་ཆེད་སྨན་རྩིས་མི་སྣ་ཆེད་འཛུགས་ཀྱིས་ལོ་དེའི་ཕྱི་ཟླ་ ༥ ཚེས་ ༡ ནས་བཟུང་རྩོམ་སྒྲིག་དང༌། དཔར་སྐྲུན་སྡེ་ཚན་གསར་འཛུགས་གནང་སྟེ་ལས་མགོ་ཚུགས་པ་ནས་བཟུང་ད་བར་དཔེ་རྒྱུན་དཀོན་ཞིང་སྐད་གྲགས་ཡོད་པའི་སྐྱེམས་པ་ཚེ་དབང་གིས་མཛད་པའི་རྒྱུད་བཞིའི་འགྲེལ་པ་དང༌། གོང་སྨན་དཀོན་མཆོག་འཕན་དར་གྱིས་མཛད་པའི་ཉམས་ཡིག་བརྒྱ་རྩ།  གཡུ་ཐོག་ཡོན་ཏན་མགོན་པོས་མཛད་པའི་སྨན་གཞུང་ཆ་ལག་བཅོ་བརྒྱད། ཀརྨ་ངེས་དོན་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་གཅེས་བསྡུས་འཆི་མེད་ནོར་ཕྲེང་། སྨིན་གླིང་ལོ་ཆེན་ངྷརྨ་ཤྲཱིས་མཛད་པའི་རྩིས་གཞུང་ཉིན་བྱེད་སྣང་བའི་དཀའ་འགྲེལ་གསེར་ཤིང་། ཁྱུང་ནག་པས་མཛད་པའི་བརྒྱ་རྡེལ་འགྲེལ་བ་ཚེ་རབས་ལས་རྩིས་སོགས་དཔར་སྐྲུན་ཞུས་ཏེ་རྒྱ་བལ་འབྲུག་གསུམ་དང༌། བོད་ནང༌། ནུབ་ཕྱོགས་རྒྱལ་ཁབ་བཅས་པར་བླུ་ཡོན་ཞུས་པར་སློབ་སྦྱོང་དང་ཞིབ་འཇུག་བྱེད་མཁན་མང་དག་ཡོད་པ་ཚོས་དཔེ་དེབ་དེ་དག་མཐོང་བར་དགའ་སྤྲོའི་རྣམ་པ་བསྟན་པ་དང་སྦྲགས་བསྔགས་བརྗོད་ཡང་ཡང་གནང་གིན་ཡོད།

 

དེ་བཞིན་དཔེ་མཛོད་ཚོགས་ཆུང་ཟུར་འཛུགས་ཀྱིས་སྨན་རྩིས་ཁང་ལ་སྔར་ཡོད་ཕྱག་དཔེ་རྣམས་ཀྱི་སྟེང༌། ྋརྒྱལ་བའི་བཀའ་བསྟན་རིན་པོ་ཆེ་བླུས་པ་དང༌། ངྷ་སར་ཡོད་པའི་བོད་ཀྱི་དཔེ་མཛོད་ཡིག་ཚགས་ཁང་ཆེན་མོ་དང༌། གདན་ས་གསུམ་དང་རྒྱུད་སྟོད་སྨད་ཀྱིས་གཙོས་པའི་དགོན་སྡེ་ཁག་གི་དཔེ་མཛོད། གཡུང་དྲུང་བོན་གྱི་དཔེ་མཛོད་ཁག གཞན་ཡང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཚོགས་སྡེ་དང་མི་སྒེར་གྱི་ཕྱག་ཏུ་ཡོད་པའི་དཔེ་ཆ་སོགས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་འཚོལ་བསྡུ་བྱས་འབྲས་སུ་ད་ཆ་སྨན་རྩིས་དཔེ་མཛོད་ཁང་དུ་ཕྱག་དཔེ་ཁག་སྒྲིག་གཤོམ་དང་དོ་དམ་སོགས་མཐུན་རྐྱེན་འཛོམས་པ་དང༌། ཕྱག་དཔེ་མང་བ། དཀར་ཆག་གསལ་བ་བཅས་ཀྱིས་ད་བཞུགས་སྨན་རྩིས་སློབ་གཉེར་བ་རྣམས་དང༌། ཞིབ་འཇུག་གནང་མཁན་ཚོ་ལ་སྐུ་ངལ་དང་འབད་བརྩོན་ཆེན་པོ་གནང་མི་དགོས་པར་རང་བཞིན་ལྷུན་གྱིས་གྲུབ་པའི་ཆ་རྐྱེན་བྱུང་བ་དེས་སྨན་རྩིས་རིག་གནས་ལོ་རེ་བཞིན་གོང་འཕེལ་དང་མདུན་སྐྱོད་ཐུབ་རྒྱུར་ཕན་ནུས་ངེས་ཅན་ཐོན་བཞིན་ཡོད།

 

ལོ་དེར་བོད་གཞུང་དཔལ་འབྱོར་ལས་ཁུངས་དབུ་བརྙེས་ནས་ལོ་ ༢༥ འཁོར་བའི་དུས་དྲན་སྐབས་དིལླིི་འཇོར་སྦག་ཏུ་ལག་བཟོའི་ཐོན་རྫས་ཀྱི་འགྲེམས་སྟོན་གནང་རྒྱུར་གཏན་འཁེལ་བྱས་ཏེ་སྐབས་དེར་བོད་སྨན་སྨན་ཁང་ཞིག་འཛུགས་གནང་ཡོང་བ་ཞེས་རེ་སྐུལ་ཞུས་དོན་ལྟར་ཌལ་ཧོར་ཡན་ལག་སྨན་ཁང་གི་སྨན་པ་དང་། སྨན་སྤྲོད་བཅས་ཆེད་རྫོངས་བྱས་ཏེ་ཉིན་བཅུའི་རིང་ནད་པ་མི་གྲངས་ ༢༨༧ ལ་བརྟག་དཔྱད་དང་འབྲེལ་སྨན་བཅོས་ཞུས་པར་ཕན་ཐོགས་གང་ལེགས་བྱུང་། ཕྱོགས་མཚུངས་ལོ་དེར་ཡུ་པིའི་རྒྱལ་ས་ལག་ནའོ་རུ་པགས་ནད་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་བཞིན་པར་དབུས་སྨན་རྩིས་ཁང་ནས་ཉམས་ཞིབ་འགན་འཛིན་གཞོན་པ་སྨན་པ་རྣམ་རྒྱལ་ཁྱུ་གསར་དང་། སྨན་པ་ལྷ་དབང་གཉིས་ཚོགས་འདུར་ཚོགས་བཅར་ཐོག་གསོ་རིག་གཞུང་ནས་གསུངས་པའི་པགས་ནད་ཀྱི་ཤེས་བྱ་ཞེས་པ་རྩོམ་སྒྲིག་ཞུས་ཏེ་འགྲེམས་སྤེལ་བགྱིས་པར་ཚང་མས་བསྔགས་བརྗོད་ཐོབ་པ་དང་། ཚོགས་བཅར་བ་ཚང་མས་བོད་ལུགས་སྨན་གྱི་སྐོར་ལ་དོ་སྣང་ཆེན་པོ་གནང་།

 

སྨན་རྩིས་ཁང་འདི་གང་ཅིའི་ཐད་གནས་སྟངས་ཡར་རྒྱས་སུ་གཏོང་ཐབས་དང་ལྷག་པར་ཐུན་མོང་མ་ཡིན་པའི་སྨན་རྩིས་ཀྱི་རིག་གཞུང་མི་ཉམས་གོང་འཕེལ་འབྱུང་ཐབས་སུ་སྨན་རྩིས་ལོ་འཁོར་ཚོགས་ཆེན་ཞིག་འཚོག་རྒྱུ་ཧ་ཅང་གལ་ཆེར་མངོན་ཏེ། ཕྱི་ལོ་ ༡༩༩༥ ཟླ་ ༣ སྨན་རྩིས་ཉིན་མོ་དང་སྟབས་བསྟུན་བྱས་ཏ་ེྋ༌གོང་ས་ལྷ་མིའི་རྣམ་འདྲེན་ྋགོང་ས་ྋསྐྱབས་མགོན་རིན་པོ་ཆེ་མཆོག་གི་ཞབས་ཟུང་བཀྲ་ཤིས་ཀྱི་རེ་ཁ་མངོན་པར་འཁོད་གནང་ཡོང་བར་སྔོན་ནས་གསོལ་བ་བཏབ་པ་བཞིན་བཀའ་བཞེས་བཟང་བོ་སྤྱི་བོའི་རྒྱན་དུ་སྨིན་ཏེ་ ༡༩༩༥ ཟླ་ ༣ ཚེས་ ༡༥ གཟའ་སྐར་མཆོག་ཏུ་དགེ་བའི་ཉིན་ཆིབས་བསྒྱུར་བཀའ་དྲིན་ཆེ་བསྐྱངས་ཀྱིས་སྨན་རྩིས་ཚོགས་ཁང་ཆེན་མོར་ཞབས་སོར་འཁོད་ཏེ་སྨན་དང་རྩིས་ཀྱི་སྐོར་གསར་རྩོམ་དཔར་སྐྲུན་ཞུས་པའི་དེབ་གཉིས་དབུ་འབྱེད་བཀའ་དྲིན་ཆེ་བཞེས་ཐོག་གསུངས་དོན། རྒྱ་གར་སྔར་སྲོལ་གྱི་ཚེའི་རིག་བྱེད་དང་ཡར་ཐོན་རྒྱལ་ཁབ་ཁག་གི་གསོ་རིག་ལས་ལེགས་ཆ་བླངས་ཏེ་རང་རེའི་གསོ་བ་རིག་པའི་བསྟན་པ་མུ་མཐུད་ཡར་རྒྱས་གཏོང་དགོས་པའི་སྐོར་དང༌། བོད་མི་རིགས་ལ་དངོས་གནས་གཏིང་ཟབ་པོ་དང༌། རྒྱ་ཆེན་པོ། མི་ལ་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་པའི་སྨན་རྩིས་ཀྱི་རིག་གཞུང་འདི་ལྟ་བུ་ཡོད་པ་ནི་ང་རང་ཚོའི་མི་རིགས་ཀྱི་སྤོབས་པ་སྐྱེ་བའི་རྒྱུ་དང༌། མི་རིགས་ཀྱི་བདེན་པ་རྩོད་པའི་རྒྱུ་ཡང་ཆགས་ཡོད་ཅེས་དང༌། ང་ཚོའི་སྨན་འདི་ཙི་ཙི་དང༌། ཨབ་ར། རི་བོང་སོགས་སེམས་ཅན་གཞན་གྱི་ཚེ་སྲོག་ལ་ཕངས་མེད་ཐོག་རྩེད་མོ་བརྩེས་ནས་སྨན་སྦྱོར་བྱས་པ་ཞིག་མིན་པར་སེམས་ཅན་ཡོངས་ལ་ཕན་པ་བསྒྲུབ་པའི་བརྩེ་སེམས་ཀྱིས་ཀུན་ནས་བསླངས་ཏེ་ནད་གསོ་བའི་ཐབས་ལམ་ཞིག་ཡིན་པས་དགེ་མཚན་གཅིག་དང༌། གཉིས་ནས་ང་རང་ཚོའི་སྨན་འདི་རང་བཞིན་གྱི་སྔོ་ལ་སོགས་པ་དང༌། རིན་པོ་ཆེའི་རིགས། ལྕགས་རིགས་ལ་སོགས་པ་རང་བྱུང་གི་གྲུབ་ཆའི་རིགས་ཀྱིས་བཟོས་པ་མ་གཏོགས་རྫས་སྦྱོར་འདྲ་མིན་གྱིས་བཟོས་པ་ཞིག་མིན་པས་དེའི་ཆ་ནས་ཁྱད་ཆོས་ཡོད་པ་གཅིག་བཅས་ཁྱད་ཆོས་གཉིས་ལྡན་ཡོད་པ་སོགས་སྙིང་པོ་ཅན་གྱི་བཀའ་སློབ་བླ་ན་མེད་པའི་བཀའ་དྲིན་བསྩལ། ྋགོང་སྋསྐྱབས་མགོན་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་སྨན་རྩིས་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཆོས་རིག་བཀའ་བློན་མཆོག་ནས་སྨན་རྩིས་ཁང་ལས་བྱེད་ཞབས་ལོ་ངོ་ཉི་ཤུ་འཁོར་མཁན་རྣམས་ལ་བྱ་དགའ་དང་ཕྱག་འཁྱེར་བསྩལ། ཚེས་ ༡༥ ཉིན་རྒྱབ་ནས་ཚེས་ ༡༧ བར་གསོ་བ་རིག་པ་ཡར་རྒྱས་སུ་གཏོང་རྒྱུ་དང་སྨན་པ་སོ་སོའི་ནད་བཅོས་ཉམས་མྱོང་སྐོར་སོགས་བགྲོ་གླེང་།  ད་དུང་འཛིན་སྐྱོང་ཚགས་ཚུད་ཡོང་ཐབས་སྐོར་དང༌། དེ་སྔོན་ཚོགས་ཆུང་ཟུར་འཛུགས་ཀྱིས་སྒྲིག་གཞི་དེར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་བབ་དང་བསྟུན་བསྐྱར་བཅོས་ཟིན་བྲིས་བཀོད་དེ་ཚོགས་ཐོག་སྦྱངས་བཤད་དང༌། གོ་བསྡུར་ལྷུག་པོ་གནང་སྟེ་གཏན་འབེབས་ཐུབ་པ་བྱུང༌།

 

ལོ་དེའི་ནང་བོད་ཡིག་དང་ཨིན་ཡིག་སོ་སོའི་རྩོམ་སྒྲིག་ཚོགས་ཆུང་གསར་འཛུགས་ཀྱིས་སྨན་རྩིས་དུས་དེབ་བཏོན་མགོ་ཚུགས་པ་དང་། དེ་ཡང་ལོ་རེར་ཐེངས་རེ་འདོན་སྤེལ་བྱེད་རྒྱུ་གཏན་འབེབས་བྱས་ཡོད་ཀྱང་ལོ་རེ་བཞིན་འདོན་སྤེལ་བྱེད་མ་ཐུབ་པར་ལོ་གཉིས་རེའི་མཚམས་སུ་གཅིག་རེ་འདོན་སྤེལ་བྱེད་པ་སོགས་ཀྱི་གནས་སྟངས་སྣ་ཚོགས་བྱུང་ཡོད་པ་མ་ཟད། འདས་པའི་ལོ་ཤས་སྔོན་ནས་ཕལ་ཆེར་རྒྱུན་ཆད་པ་ལྟ་བུར་གྱུར་ཡང་ད་ལྟའི་དབུ་འཛིན་འདིའི་རིང་སླར་ཡང་འདོན་སྤེལ་བྱ་རྒྱུའི་ལས་བགོས་བྱས་ཡོད་པས་ཞིབ་ཕྲ་འགན་འཛིན་བཅུ་བཞིའི་སྐབས་སུ་གསལ། དེ་བཞིན་དུ་ཕྱི་ལོ་ ༡༩༩༦ ཟླ་ ༣ ཚེས་ ༡༥ ནས་ ༡༧ བར་ཉིན་གསུམ་རིང་འབྲས་ནད་དང་གཅིན་སྙི་ཟ་ཁུ་གཉིས་གཙོར་བཟུང་ཐོག་བོད་སྨན་ནད་བཅོས་ཉམས་ཞིབ་ཀྱི་ཚོགས་ཆེན་བསྡུ་བསྐོང་གནང་སྟེ། འཚོ་བྱེད་སློབ་དཔོན་རྣམ་གཉིས་ཀྱིས་གཙོས་པའི་སྨན་པ་སོ་སོས་གོང་གསལ་ནད་རིགས་གཉིས་བརྗོད་བྱར་གཙོར་བཟུང་གིས་ལོ་མང་རིང་བསགས་པའི་ཉམས་མྱོང་གསུང་བཤད་དང༌། བགྲོ་གླེང༌། དོགས་གཅོད་སོགས་གནང་བ་མ་ཟད། ཚོགས་ཐོག་ཏུ་ཕྱི་ལུགས་སྨན་པ་མཁས་པ་གདན་འདྲེན་གྱིས་ཕྱི་ལུགས་ནས་གོང་གསལ་ནད་རིགས་གཉིས་ཀྱི་ངོས་འཛིན་ཚུལ་དང༌། ཉམས་ཞིབ་བྱེད་སྟངས་སོགས་ལེགས་ཆ་བླངས་ཏེ་བོད་སྨན་ནད་བཅོས་ཉམས་ཞིབ་ཀྱི་ལས་དོན་དེ་དུས་རབས་གསར་བ་ཞིག་ཏུ་བསྐྱོད་པར་སྐུལ་འདེད་བཏང༌།

 

ཡང་ཕྱི་ཟླ་ ༣ ཚེས་ ༢༠ ནས་ ༢༢ བར་ཉིན་གསུམ་རིང་བོད་རྒྱལ་ཡོངས་རྩིས་པའི་ཚོགས་ཆེན་བསྐྱངས་ཏེ་ཕྱོགས་མཐའི་མཁས་པ་མང་པོ་ཞིག་ཚོགས་ཐོག་ཏུ་གདན་ཞུས་བྱས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐར་ནག་དབྱངས་གསུམ་རྩིས་ཀྱི་སྐོར་ལ་གསུང་བཤད་དང༌། བགྲོ་གླེང༌། དཔྱད་རྩོམ་ཁག་སྒྲོག་སྦྱངས་གནང་བ་དེ་ནི། དེང་གི་དུས་འདིར་ཉག་ཕྲ་ལ་ཉམས་པར་ཕྱོགས་པའི་སྐར་ནག་རྩིས་ཀྱི་བསྟན་པ་དེ་ཉམས་པ་སོར་ཆུད་དང༌། མི་ཉམས་གོང་འཕེལ་ཆེད་ལྕགས་གླང་སྤྱི་ལོ་ ༡༩༦༡ ལོར་སྐར་རྩིས་ཁང་གསར་འཛུགས་ཀྱིས་ཚང་མས་དམིགས་ཡུལ་ངེས་ཅན་ཞིག་གི་ཐོག་འབད་བརྩོན་བྱས་པ་ལས་བྱུང་བའི་འབྲས་བུ་ཞིག་ཏུ་ངོས་འཛིན་བྱས་ཆོག་པ་མ་ཟད། བཙན་བྱོལ་དུ་གནས་ནས་ལོ་ངོ་སུམ་ཅུ་སོ་གྲངས་ཤིག་གི་རིང་བོད་ཀྱི་སྐར་ནག་རྩིས་ཀྱི་སྐོར་ལ་བསྐྱངས་པའི་ཚོགས་འདུ་ཐེངས་དང་པོ་དེ་ཡང་ཆགས་ཡོད་ལ། དེས་ད་དུང་ང་ཚོས་སྲོལ་རྒྱུན་གྱི་རྩིས་རིག་དཀར་ནག་དབྱངས་གསུམ་དང༌། དེང་དུས་ཀྱི་གནམ་དཔྱད་ཚན་རིག་ཟུང་འབྲེལ་བྱས་ཏེ་ཉི་ཟླ་སྐར་གསུམ་གྱི་འཁོར་འགྲོས་དང༌། སའི་གོ་ལའི་འགྱུར་ལྡོག བར་སྣང་རླུང་ཁམས་ཀྱི་ཤུགས་རྐྱེན་སྐོར་བཅས་ལ་ཞིབ་འཇུག་བྱེད་རྒྱུར་འགྲོ་ལམ་ཡང་རྙེད་ཐུབ་ཡོད་པ་རེད།

 

ཕྱི་ལོ་ ༡༩༩༧ ལོའི་ ཟླ་ ༡ ནང་རྩིས་པ་ཚེ་རིང་ཆོས་འཛོམས་ལགས་ཨ་རིའི་གྲོང་ཁྱེར་བརྒྱད་ལ་སྨན་རྩིས་འགྲེམས་སྟོན་ཏུ་མངགས་ཏེ་བོད་ཀྱི་སྨན་རྩིས་རིག་པར་དོ་སྣང་ཅན་གྱི་མི་གྲངས་བསྡོམས་ ༡༧༠༠ ལ་སྨན་རྩིས་ཀྱི་སྐོར་གཏམ་བཤད་ཐེངས ༡༨ གནང་བ་དང་། མི་གྲངས་ ༣༧༢ ལ་རྩིས་འབྲས་བརྟག་དཔྱད་ཞུས། དེ་བཞིན་ཟླ་གཉིས་ཀྱི་རིང༌། བོད་མི་འདུས་སྡོད་ཆེ་སའི་ལྷོ་ཕྱོགས་མོན་གྷོ་གཞིས་ཆགས་སུ་སྨན་རྩིས་ཁང་ནས་གོ་སྒྲིག་འོག བོད་པའི་སྤྱི་ཚོགས་ནང་རྩིས་པ་དཀོན་པའི་དཀའ་ངལ་སེལ་ཐབས་དང༌། བག་རྩིས་དང་གཤིན་རྩིས་སོགས་ཀྱིས་མཚོན་པའི་སྤྱི་ཚོགས་ཁྲོད་ཉེར་མཁོའི་རྩིས་རིག་གི་ཤེས་བྱ་ལྡན་པའི་མི་སྣ་གང་མང་གསོ་སྐྱོང་ཆེད། རང་རིགས་བོད་མི་སྡོད་སྒར་ཆེ་གྲས་ཁག་ནས་མི་གྲངས་གཅིག་རེ་བསྡུ་བསྐོང་གིས་རྩིས་ཀྱི་ཟབ་སྦྱོང་གོ་སྒྲིག་ཞུས་ཤིང༌། དགེ་རྒན་དུ་རྩིས་དགེ་ཆེན་མོ་བྲག་མཐོན་བྱམས་པ་རྒྱལ་མཚན་ལགས་ཆེད་མངགས་བསྐོ་གཏོང་གནང༌། ལོ་གཅིག་སྔོན་ནས་སྨན་རྩིས་མཐོ་སློབ་ཁང་གི་སྨན་དང་རྩིས་ཀྱི་སློབ་མ་བསྡུ་ཕྱོགས་ཀྱི་རྩ་འཛིན་གསར་བ་གསལ་བསྒྲགས་བསྐྱངས་པ་བཞིན། འདས་པའི་ཉམས་མྱོང་དང་མ་འོངས་པའི་དགོས་པ་རྒྱུ་མཚན་དུ་མ་ལ་གཞིགས་ཏེ། སྔོན་ལྟར་བོད་ཡིག་གི་རྨང་གཞི་ཤེས་བྱ་ཁོ་ནར་ལྟོས་པ་མ་ཡིན་པར་ས་མིག་ཟུར་བཅད་ཀྱིས་གཏན་སློབ་ཁག་ནས་མ་མཐའ་ཡང་འཛིན་རིམ་བཅུ་གཉིས་ཐོན་པ་གྲངས་ ༡༥ དང༌། གྲྭ་བཙུན་ནས་གྲངས་ ༤ ། བོད་ནས་གསར་དུ་འབྱོར་བའི་ཁོངས་ནས་གྲངས་ ༤། ཧི་མ་ལ་ཡའི་རི་རྒྱུད་གནས་ཁག་ནས་གྲངས་ ༤ བཅས་ཀྱི་སྟེང༌། རང་གཞུང་བཀའ་འབྲེལ་རཱ་ཤི་ཡ་དང་སོག་པོ་སོགས་ཕྱི་རྒྱལ་མི་རིགས་ཆེད་ས་མིག་གྲངས་ ༣ བཅས་ཁྱོན་བསྡོམས་གྲངས་ ༣༠ ཡོད་ཁུངས་ནས་སྐབས་བཅུ་གཅིག་པའི་སྨན་སློབ་ཡོང་ཁོངས་སོ་སོ་ནས་ཨང་རིམ་རྩེ་བཏོག་གིས་སློབ་གྲངས་ཉེར་གཉིས་བསྡུ་བཞེས་གནང་ཡོད་པ་རེད།

 

༢༽ཕྱིའི་འཛུགས་སྐྲུན་སྐོར།

ཕྱི་ལོ་ ༡༩༩༤ ཟླ་༦ ཚེས་ ༡༤ ཉིན་འགན་འཛིན་ལྷན་ཚོགས་ཐེངས་བཅུ་གསུམ་པ་དེ་སྐྱོང་སྐབས་སླར་ཡང་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲ་ཤིས་ལགས་ནས་ཚོགས་པའི་མཚན་བྱང་བརྗེ་རྒྱུའི་གྲོས་འདོན་གནང་བ་བཞིན་ཚོགས་པའི་ཁྲིམས་མཐུན་གྱི་མཚན་བྱང་ Men-Tsee-Khang (Tibetan Medical and Astrological Institute of H.H. The Dalai Lama) ཞེས་པར་བསྒྱུར་རྒྱུའི་གྲོས་འཆམ་བྱུང་བ་དང་། མཚན་བྱང་བརྗེ་རྒྱུ་དང་འབྲེལ་བའི་ཁྲིམས་མཐུན་གྱི་ལས་དོན་རྙོག་འཛིངས་ཆེ་ཡང་འགན་འཛིན་རང་ཉིད་ནས་འགན་འཁུར་ལེན་རྒྱུའི་ཐག་གཅོད་གནང་བ་བཞིན་ཚོགས་པའི་མིང་བྱང་བརྗེ་བསྒྱུར་བྱས་ཏེ་ད་ལྟའི་བར་དུ་གོང་གསལ་མཚན་བྱང་དེ་བེད་སྤྱོད་འགྲོ་བཞིན་ཡོད།

 

དེ་བཞིན་སྐབས་ཤིག་ནས་སྨན་ཚོང་སྡེ་ཚན་དང༌། ཕྱིར་ཚོང་སྡེ་ཚན་སོགས་ཟུར་དུ་བཙུགས་པ་དང་། ལས་འགན་ཁག་བགོས་བྱས་པས་སྨན་མཁོ་གཏོང་དང་དེ་འབྲེལ་གྱི་རྩིས་ཁྲ་རྣམས་སྨན་ཚོང་སྡེ་ཚན་ནས་འགན་འཁུར་ལེན་རྒྱུ་མ་ཟད། ཕྱིར་ཚོང་དངོས་ཟོག་དང་དེ་འབྲེལ་གྱི་རྩིས་ཁྲའི་རིགས་ཕྱིར་ཚོང་སྡེ་ཚན་དང་ཐད་ཀར་འབྲེལ་བ་ཡོད་ཅིང༌། ལས་བྱེད་གསར་བསྐོ་དང༌། གནས་སྤོ། ཡན་ལག་ཁག་གི་དཀའ་རྙོག་རིགས་གཙོ་ཆེར་དྲུང་ཆེས་ཐག་གཅོད་བྱེད་ཀྱི་ཡོད་པར་བརྟེན། ཕྱི་ཟླ་ ༡༡ ཚེས་ ༡ ནས་བཟུང་ཡན་ལག་སྡེ་ཚན་ཟུར་དུ་མ་དགོས་པར་དྲུང་ཆེའི་ཁོངས་སུ་ཟླ་སྒྲིལ་བཏང་སྟེ། དབུས་དང་ཡན་ལག་ཁག་གི་བདེ་སྡུག་ཞུ་སྙན་རིགས་དབུ་འཛིན་དང་དྲུང་ཆེས་ཐད་ཀར་ཐག་གཅོད་གནང་རྒྱུར་གསལ་བསྒྲགས་ལག་བསྟར་བྱས། གཞན་ཡང་ཡན་ལག་སྤྱི་ཁྱབ་ལས་ཁུངས་ཁུ་བསྡུ་གནང་རྗེས་ཀྱི་ལོ་གཅིག་ལྷག་གི་འཛིན་སྐྱོང་ཉམས་མྱོང་ལ་གཞིགས་ཏེ། ཡན་ལག་སྨན་ཁང་ཁག་གི་སྨན་པ་རྣམས་ནས། ཡན་ལག་ལས་ཁུངས་བསྐྱར་འཛུགས་གནང་རྒྱུ་དེ་བཞིན་དབུས་ས་གཉིས་ཀྱི་འབྲེལ་ལམ་ཐད་གལ་འགངས་ཆེ་བ་དང༌། ཡན་ལག་སྤྱི་ཁྱབ་འགན་འཛིན་དེ་ཡང་ལྷ་རབ་སྨན་པ་ཞིག་བྱུང་ན་སྨན་བཅོས་དང་འབྲེལ་བའི་དོགས་གཅོད་དང༌། འཛིན་སྐྱོང་སོགས་ལ་གང་ཅིའི་ལེགས་ཚོགས་ཆེ་ཚུལ་སྨན་རྩིས་ཁང་གི་ལོ་འཁོར་ཚོགས་ཆེན་སྐབས་སྤྱི་མོས་བསམ་ཚུལ་བྱུང་དོན་བཞིན། འཛིན་སྐྱོང་ནས་ཡན་ལག་ལས་ཁུངས་བསྐྱར་འཛུགས་བཀའ་འཁྲོལ་གནང་བ་དང༌། ཚོགས་ཐོག་ཏུ་ཚོགས་ཕེབས་སྨན་པ་ཡོངས་ནས་སྨན་རམས་པ་རྣམ་རྒྱལ་ཚེ་རིང་ལགས་ཡན་ལག་སྤྱི་ཁྱབ་འགན་འཛིན་ཏུ་འོས་འདེམས་བྱས་ཏེ་བསྐོས་པས་སྔར་ལས་སྟབས་བདེར་གྱུར།

 

དེ་སྔ་ནས་སྐུ་ངོ་ཞེ་བོ་བློ་བཟང་དར་རྒྱས་སྨན་རྩིས་ཁང་གི་སློབ་སྟོན་པའི་མཚན་གནས་ཐོག་བཞུགས་མུས་དེ་ལྟར་ཡང་ཕྱི་ལོ་ ༡༩༩༤ ཟླ ་༨ ཚེས་ ༡༩ ཉིན་བཀའ་དྲུང་ཡིག་ཚང་ནས་སྐུ་ངོ་ལགས་བཀའ་ཤག་ཁོངས་བོད་རྒྱ་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་སྒྲིག་པའི་འགན་ཁུར་བར་བསྐོ་བཞག་གནང་རྒྱུའི་ཐད་སྨན་རྩིས་ཁང་ནས་དགོངས་བཞེས་ཡོང་བའི་ཕྱག་བྲིས་ཤིག་འདི་ག་སྨན་རྩིས་ཁང་འཛིན་སྐྱོང་ལ་ཕེབས་པ་བཞིན་སྐུ་ངོ་ཞེ་བོ་ལགས་སྨན་རྩིས་ཁང་གི་སློབ་སྟོན་པ་ནས་དགོངས་འཁྲོལ་གྱིས་བོད་རྒྱ་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་སྒྲིག་གི་འགན་འཁུར་བར་བསྐོས་པས་སྐུ་ངོ་མཆོག་ལ་མཁའ་དབུགས་གསར་བ་ཞིག་ཐོབ་པའི་སྣང་ཚུལ་བྱུང་ཡོད་པ་འདྲ།

 

བོད་ཤིང་ཁྱི་ཕྱི་ལོ་ ༡༩༩༤ ལོར་རྒྱ་གར་བྱང་ཤར་ཤི་ལོང་གྲོང་ཁྱེར་དུ་གནས་འཁོད་བདེ་དོན་དང༌། མི་འཐུས་བཅས་ཀྱིས་ལོ་མང་སྔོན་ནས་སྨན་ཁང་གསར་འཛུགས་ཡོང་བའི་འབོད་སྐུལ་ཞུས་དོན་ལྟར་ཕྱི་ཟླ་ ༨ པའི་ཚེས ༨ ཉིན་ཤི་ལོང་མངའ་སྡེའི་འཕྲོད་བསྟེན་བློན་ཆེན་མཆོག་ནས་དབུ་འབྱེད་དང་འབྲེལ་སྨན་ཁང་དངོས་སུ་གསར་འཛུགས་གནང་བ་དང༌། དེ་བཞིན་མེའོ་ཆོས་འཕེལ་གླིང་གཞིས་འགོ་དང༌། མི་འཐུས་བཅས་ནས་མི་དམངས་ཀྱི་འཕྲོད་བསྟེན་བདེ་དོན་སླད་སྨན་ཁང་གསར་འཛུགས་ཡོང་བའི་རེ་བསྐུལ་བྱུང་དོན་ལྟར་ཟླ་ ༡༠ པའི་ཚེས་ ༢༤ ཉིན་ཡན་ལག་སྨན་ཁང་གསར་དུ་འཛུགས་ཐུབ་པ་བྱུང༌། དེ་བཞིན་དབུ་འཛིན་ཁོང་གི་སྐབས་སུ་སྨན་རྫས་ཉམས་ཞིབ་སྡེ་ཚན་དང་། ནང་ཞིབ་སྡེ་ཚན། དི་ལླིི་ཕྱིར་ཚོང་དང་འབྲེལ་མཐུད་སྡེ་ཚན། རྩོམ་སྒྲིག་དང་པར་སྐྲུན་སྡེ་ཚན། སྨན་རྩིས་མཁས་པའི་སློབ་སྟོན་སྡེ་ཚན་བཅས་གསར་འཛུགས་གནང་བར་མ་ཟད། ཐོག་མར་སྨན་མཛོད་དང་ཕྱིར་ཚོང་གི་ངོ་བོར་བཙུགས་པའི་ཚན་པ་དེ་གཉིས་སྨན་མཛོད་དང་སྨན་ཚོང་སྡེ་ཚན་དང་།སྔོན་གྱི་ས་ཁང་ཚོགས་ཆུང་དེའང་ས་ཁང་དང་ཆུ་གློག་བཅས་ལས་རིགས་རྣམས་ཕྱོགས་གཅིག་ཏུ་བསྒྲིལ་ཏེ་ཚན་པ་ཟུར་འཛུགས་བྱས། དེ་ཙམ་དུ་མ་ཟད་དཔེ་མཛོད་ཚོགས་ཆུང་། ཆེས་མཐོའི་སྨན་རྩིས་ཚོགས་ཆུང་། གཟེངས་རྟགས་ཚོགས་ཆུང་།  སྒྲིག་གཞི་བསྐྱར་ཞིབ་ཚོགས་ཆུང་།  སྔོན་རྩིས་ཚོགས་ཆུང་། སྤྱི་ཐབ་ཚོགས་ཆུང་། ལས་ཤག་གོ་སྒྲིག་ཚོགས་ཆུང་བཅས་ཟུར་བཙུགས་གནང་བ་ལས་སྐབས་འཕྲལ་སོ་སོའི་ལས་དོན་བྱེད་ཕྱོགས་ལ་དགེ་ཕན་རྒྱ་ཆེར་ལྡན་པ་བྱུང་།

 

གཞན་ཡང་ལོ་དེར་སྔོན་ཡོད་ཀ་ཏའི་སྨན་ཁང་དེ་ཉིད་ཁང་གླའི་ཐོག་ཡོད་པར་མ་ཟད། ལས་བྱེད་ཚོར་འཐུང་ཆུའི་དཀའ་ངལ་དང་། དུག་སྦྲང་ཧ་ཅང་མང་བས་ལས་བྱེད་དང་ནད་པ་ཚང་མར་དཀའ་ངལ་འཕྲད་རྐྱེན་ཁང་བ་ཐོག་རྩེག་ལྔ་ཅན་ཐོག་རྩེག་རེ་ཁང་མིག་གསུམ་རེ་ཡོད་པ་ཞིག་གསར་རྒྱག་བྱས་པ་ནི་ལས་བྱེད་ཚོའི་བདེ་སྡུག་ལ་བལྟ་རྟོག་ཇི་ལྟར་གནང་བའི་དཔེ་མཚོན་ཙམ་མོ།  །དེ་བཞིན་མེའོ་ཆོས་འཕེལ་གླིང་སྨན་ཁང་དང་། བསྟན་འཛིན་སྒང་སྨན་ཁང་གཉིས་ཉམས་གསོ་དང་། དབྱར་དུ་ཆར་ཤུགས་ཆེ་བའི་དབང་གིས་གསོལ་སྨན་མ་སྐམ་པའི་དཀའ་དང་། སྨན་ཁང་ཁག་ལ་གསོལ་སྨན་མཁོ་སྒྲུབ་དུས་ཐོག་ཏུ་བྱེད་མ་ཐུབ་པའི་དཀའ་ངལ་ལོ་ལྟར་འཕྲད་བཞིན་པ་སེལ་ཐབས་སུ་སྨན་སྦྱོར་ཁང་གི་སྟེང་ཐོག་ཏུ་གསོལ་སྨན་སྐམ་ཡུལ་ཁང་མིག་ཤེལ་ཁྲ་ཅན་རྒྱ་ཆེ་ཙམ་གཉིས་དང་། ཡིག་ཚང་གི་མདུན་ངོས་སུ་ཁང་མིག་གཅིག་བཅས་གསར་སྐྲུན་ལེགས་གྲུབ་བྱུང་བས་དཀའ་ངལ་གང་འཚམས་སེལ་ཐུབ་པ་བྱུང་འདུག ཕྱི་ལོ་ ༡༩༩༦ ལོར་འབྲས་ལྗོངས་ཀྱི་རཱ་ཝང་ལ། ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཧོ་ལན་ཊི་སོ་སོར་ཡན་ལག་སྨན་ཁང་གསར་འཛུགས་དང་སྨན་ལས་ཆེད་བརྫང་གནང་བས་རང་གཞན་གཉིས་ལ་ཕན་ཐོགས་གང་ལེགས་བྱུང་ཡོད་ནའང་ཧོ་ལནཌ་ལོ་ཤས་སྨན་པ་བཏང་རྗེས་སྨན་པ་རེ་ཟུང་དེ་མུར་ཕྱིར་ལོག་མ་བྱས་པའི་སྤྱོད་ངན་ལ་བརྟེན་ད་ལྟ་སྨན་ཁང་དེ་སྨན་རྩིས་ཁང་ལ་འབྲེལ་བ་མེད་པར་སྒེར་བདག་ཏུ་གྱུར་བའི་ཐབས་རྡུགས་ཀྱི་གནས་ཚུལ་ཡང་བྱུང་ཡོད།

 

༣༽སྨན་སྐོར་དང་ཚོགས་ཞུགས་ཚོགས་སྐོང་། 

ཕྱི་ལོ་ ༡༩༩༤ ཟླ་ ༣ ཚེས་ ༢༠ ཉིན་སྨན་པ་ཀུན་འགྱུར་མཆོག་དང་སྨན་པ་རྣམ་རྒྱལ་ཚེ་རིང་ལགས་གཉིས་ཧོ་ལནཌ་རྒྱལ་ཁབ་ཏུ་ཕེབས་ཏེ། ཟླ ༣ ཚེས ༢༥ ནས་བཟུང་ཉིན་རེར་ནད་པ་གྲངས་བཅོ་ལྔ་རེ་ལ་བརྟག་དཔྱད་དང་སྨན་བཅོས་ཞུས་ཏེ་ཉིན་གྲངས་ ༤༠ རིང་ལ་ཁྱོན་བསྡོམས་ནད་པ་གྲངས་ ༣༠༠ ཡས་མས་ཤིག་གི་འདོད་བློ་ལྟར་ནད་བཅོས་བརྟག་དཔྱད་གང་ལེགས་ཞུས་པས། ཁོང་ཕྱིར་མ་སླེབས་གོང་ལ་ནད་པ་འགའ་ཞིག་གིས་ངག་ཐོག་དང་ཡིག་ཐོག་གཉིས་ནས་བསྔགས་བརྗོད་བླ་མེད་བྱས། དེ་བཞིན་ཕྱི་ལོ་ ༡༩༩༤ ཟླ་ ༤ ནང་བོད་གཞུང་དབུས་སྨན་རྩིས་ཁང་གི་བཀའ་འབྲེལ་ལྟར་སྨན་པ་བསྟན་འཛིན་སྐྱིད་འཛོམས་ལགས་ཧོ་ལནཌ་རྒྱལ་ཁབ་ཏུ་སྨན་སྐོར་ལ་ཆེད་བསྐྱོད་ཞུས་ཏེ། བདུན་ཕྲག་གསུམ་གྱི་རིང་ལ་ཉིན་རེར་ནད་པ་གྲངས་བརྒྱད་ནས་བཅུ་གཉིས་ཙམ་ལ་བརྟག་དཔྱད་སྨན་བཅོས་ཞུས། འོན་ཀྱང་ས་གནས་དེའི་སྨན་པ་ཚོར་བོད་སྨན་ལ་ཡིད་ཆེས་དང་ངོས་ལེན་དེ་ཙམ་མེད་པ་མ་ཟད་བོད་པའི་སྨན་དང་། སྨན་པ་བསྐོར་སྐྱོད་དུ་ཕེབས་པ་དྲིལ་བསྒྲགས་ཤུགས་ཆེན་བྱས་མེད་རྐྱེན། བདུན་ཕྲག་གཉིས་ཀྱི་རིང་ལ་ཉིན་རེར་བོད་སྨན་ལ་བརྟེན་གཏུག་བྱེད་མཁན་ནད་པ་གྲངས་གསུམ་ཙམ་ལས་མ་བྱུང་བའི་དཀའ་ངལ་ཅུང་ཙམ་འཕྲད་པའང་བྱུང་ཡོད་པ་ནི་གནས་སྐབས་ཙམ་མོ།།

 

ལོ་དེའི་ཟླ་ ༡༡ ནང་བོད་གཞུང་སུད་སིའི་དོན་གཅོད་ཁང་དང་། ཕྱི་རྒྱལ་བ་སུད་སིའི་བོད་ཀྱི་རོགས་ཚོགས་བཅས་ནས་རང་གཞུང་སྨན་རྩིས་ཁང་ལ་སྙན་བསྐུལ་གནང་བ་ལྟར་ྋསྐུའི་བླ་སྨན་བློ་བཟང་དབང་རྒྱལ་ལགས་དང་།  སྨན་པ་བསྟན་འཛིན་ལྷ་སྒྲོན་རྣམ་གཉིས་སུད་སུར་ཕེབས་ཏེ། ཉིན་གྲངས་གཉིས་ཀྱི་རིང་ནད་པར་བརྟག་དཔྱད་སྨན་བཅོས་དང་། དྲི་བ་དྲིས་ལན་གནང་སྟེ་ནད་པ་དང་མང་ཚོགས་བཅས་ཀྱི་འདོད་བློ་སྐོང་གང་ཐུབ་བྱས། དེ་བཞིན་རོགས་ཚོགས་ནས་སྙན་སེང་ཞུས་པ་ལྟར་ཕྱི་རྒྱལ་བ་སྨན་པ་མཁས་ཅན་དང་། ཚན་རིག་མཁས་ཅན། གཞན་ཡང་བོད་སྨན་དང་ནང་ཆོས་ལ་དོ་སྣང་ཡོད་པའི་ཕྱི་རྒྱལ་བ་སོགས་མི་གྲངས་ ༡༥༠ ཚོགས་བཅར་གནང་བར་ྋསྐུའི་བླ་སྨན་མཆོག་ནས་གཙོ་བོ་སེམས་ནད་དང་། སེམས་ཀྱི་ངོ་བོ། སེམས་ནད་ཀྱི་རྒྱུ་རྐྱེན། དབྱེ་བ། རྟགས། བཅོས་ཐབས་སོགས་དང་། བདུད་རྩི་སྨན་གྱི་རོ་དང་། ནུས་པ། ཞུ་རྗེས། སྦྱར་ཐབས། ཞི་བྱེད་ཐང་། ཕྱེ་མ། རིལ་བུ། ལྡེ་གུ སྨན་མར། ཐལ་སྨན། ཁཎྜ། སྨན་ཆང་། རིན་པོ་ཆེའི་སྦྱོར་བ་སོགས་རེ་རེ་བཞིན་ངོ་སྤྲོད་ཞིབ་རྒྱས་གནང་བར་ཕྱི་རྒྱལ་སྨན་པ་མཁས་ཅན་དང་། ཚན་རིག་པ་སོགས་ཀྱིས་དགའ་བསུ་ཆེན་པོ་གནང་ཞིང་སླར་ཡང་ཕེབས་གནང་ཡོང་པའི་རེ་སྐུལ་ཞུས། དེ་རྗེས་ཉིན་ ༡༧ རིང་བོད་མི་དང་ཕྱི་རྒྱལ་བ་ནད་པ་མང་བོར་སྨན་བཅོས་བརྟག་དཔྱད་ཞུས་པས་ཕན་རླབས་ཆེན་པོ་བྱུང་། སྐབས་དེར་ཁྱོན་བསྡོམས་ནད་པ་གྲངས་ ༢༤༢ ཙམ་ལ་བརྟག་དཔྱད་སྨན་བཅོས་ཞུས་འདུག

ྋསྐུའི་བླ་སྨན་གཞོན་པ་བློ་བཟང་དབང་རྒྱལ་མཆོག་དང༌། མ་ནཱ་ལིའི་སྨན་པ་བསྟན་འཛིན་ལྷ་སྒྲོན་རྣམ་གཉིས་གདན་ཞུས་ལྟར་ཕྱོགས་ཕེབས་ཀྱིས་ཉི་ཧོང་རྒྱལ་ས་ཀྲོག་ཁྱོར་ལོ་དེའི་ཟླ་ ༤ ཚེས་ ༣ ནས་ ༡༩ བར་ནད་པར་བརྟག་དཔྱད་སྨན་བཅོས་དང༌། སྨན་རྩིས་སྐོར་འགྲེམས་སྟོན་གནང་སྟེ་བོད་ཀྱི་གསོ་བ་རིག་པ་དེ་ཉི་ཧོང་ནང་ཁྱབ་སྤེལ་གྱི་འགྲོ་ལམ་ཞིག་བཟོ་ཐུབ་ཡོད་པ་རེད།

 

ཕྱི་ལོ་ ༡༩༩༥ ཟླ་ ༡ ནང་ལྷོ་ཕྱོགས་མོན་གྷོ་གཞིས་སྒར་དུ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་རྒྱུའི་ཐུགས་གཏན་འཁེལ་བའི་སྐབས། ཆོས་ཞུ་བ་ཡོངས་ལ་གསོལ་སྨན་སྨན་སྦྱིན་འབུལ་ཐབས་སུ་ཨ་རི་བ་ Robsin and Pamela Reily གཉིས་ནས་སྒོར་ ༣༡༠༠།༠༠ གནང་འབྱོར་བྱུང་བ་མིག་སྨན་མིག་ཐོག་ཏུ་བཏང་སྟེ་ས་གནས་ས་ཐོག་ཏུ་སྨན་ཁང་ཁག་བཞི་བཙུགས་ནས་ནད་པ་མི་གྲངས་ ༢༦༧༦ ལ་སྨན་སྦྱིན་སྤྲད་པ་ཧིན་བསྒྱུར་སྒོར་ ༥༢༨༦།༠༠ སོང་འདུག

 

གཞན་ཡང་ལོ་དེར་ཉིན་བཞིའི་རིང་བོད་ཀྱི་བུད་མེད་ཚོགས་པ་ནས་བོམ་བེེ་གྲོང་ཁྱེར་དུ་རང་རའི་རྩ་དོན་ལ་སྨན་ཕྱིར་འགྲེམས་སྟོན་དང་དགོང་དྲོར་སྲིད་དོན་དང་འབྲེལ་བའི་གསུང་བཤད་གནང་རྒྱུ་བཅས་ཀྱི་ལས་འགུལ་སྤེལ་སྐབས་སྨན་རྩིས་ཁང་ནས་སྨན་དང་རྩིས་ཀྱི་འགྲེམས་སྟོན་དང་། བརྟག་དཔྱད་སྨན་བཅོས་ཁང་བཅས་ཀྱི་མཐུན་འགྱུར་གནང་སྐྱོང་ཡོང་བ་ཞེས་རེ་སྐུལ་གནང་དོན་ལྟར་ལག་བསྟར་ཞུས་པ་དང་། ངྷ་ས་ནས་རྒྱ་གར་རྒྱལ་ས་ལྡི་ལི་བར་ཞི་བའི་གོམ་བགྲོད་ཕེབས་མི་རྣམས་ཀྱི་འཕྲོད་བསྟེན་ཞབས་ཞུར་སྨན་པ་གཅིག་མཉམ་རྫོང་ཞུས་ཤིང་གསོལ་སྨན་ཡོངས་རྫོགས་སྨན་སྦྱིན་ཐོག་སྤྲད་དེ་གོམ་བགྲོད་ལས་འགུལ་ལ་ཕྱར་གྲུ་མཉམ་འདེགས་ཞུས་པས་མཚོན་ལོ་དེར་ཞབས་འདེགས་གང་ཐུབ་ཞུས་འདུག

 

ཕྱི་ལོ་ ༡༩༩༥ ཟླ་ ༣ ཚེས་ ༢༠ ནས་ ༢༢ བར་ཉིན་གསུམ་རིང་བོད་རྒྱལ་ཡོངས་རྩིས་པའི་ཚོགས་ཆེན་ཐེངས་དང་པོ་བསྐྱངས་ཏེ་ཕྱོགས་མཐའི་མཁས་པ་མང་པོ་ཞིག་ཚོགས་ཐོག་ཏུ་གདན་འདྲེན་ཞུས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐར་ནག་དབྱངས་གསུམ་རྩིས་ཀྱི་སྐོར་ལ་གསུང་བཤད་དང༌། བགྲོ་གླེང༌། དཔྱད་རྩོམ་ཁག་སྒྲོག་སྦྱངས་སོགས་གནང་བས་སྔར་ལས་ཕན་ཐོགས་རྒྱ་ཆེར་བྱུང་།

 

ལོ་དེའི་ཟླ་ ༤ ཚེས་ ༣ ནས་ཚེས་ ༡༩ བར་ྋསྐུའི་བླ་སྨན་བློ་བཟང་དབང་རྒྱལ་ལགས་དང་། མ་ནཱ་ལའི་ཡན་ལག་སྨན་ཁང་གི་སྨན་པ་བསྟན་འཛིན་སྒྲོན་གཉིས་ཉི་ཧོང་གི་རྒྱལ་ས་ (Tokyo-Matasi) ཞེས་པར་ཕེབས་ཏེ་ས་གནས་རྒྱལ་སའི་གསར་འགོད་པ་མི་སྣ་གཉིས་ལ་དེང་དུས་ཀྱི་སྨན་དང་བོད་སྨན་གྱི་འབྲེལ་བ། བོད་སྨན་གྱི་དམིགས་བསལ་ཁྱད་ནུས། ལུས་སེམས་ཀྱི་འབྲེལ་བ། སྐྱེ་འཆི་བཅས་ཀྱི་སྐོར་ལ་དྲི་བ་དྲིས་ལན་གནང་། མི་དམངས་ཚོགས་ཁང་ཆེན་མོའི་ནང་ཉི་ཧོང་བ་མི་གྲངས་ ༡༢༠ འདུ་འཛོམས་ཐོག་ྋསྐུའི་བླ་སྨན་མཆོག་གིས་གསོ་བ་རིག་པའི་ལོ་རྒྱུས་དང་། རྒྱུད་བཞིའི་འབྱུང་ཁུངས་གསལ་བཤད། བོད་ཀྱི་གསོ་རིག་གི་དགོས་ཆེད་སྙིང་དོན། བརྟག་ཐབས་དང་སྨན་དཔྱད་སྐོར་སོགས་ངོ་སྤྲོད་གནང་། ཉི་ཧོང་སྨན་པའི་ཚོགས་ཁང་ཆེན་མོའི་ནང་དུ་སྨན་པ་མཁས་ཅན་དང་། ཚན་རིག་པ་མཁས་ཅན། སེམས་ཁམས་རིག་པ་མཁས་ཅན་སོགས་མཁས་པ་མི་གྲངས་ ༡༧༠ འཛོམས་པའི་སར་ྋསྐུའི་བླ་སྨན་མཆོག་གིས་ནང་ཆོས་དང་འབྲེལ་བའི་སྐྱེ་འཆི་བར་དོ། ནད་པ་དང་ནད་ཅན་གྱི་ཁྱད་པར་སོགས་འགྲེལ་བརྗོད་གནང་བ་མ་ཟད་དྲི་བ་དྲིས་ལན་བཅས་གནང་། ཝ་ཏ་རི་ཞེས་པའི་འགྲེམས་སྟོན་ཚོགས་ཁང་ཆེན་མོའི་ནང་ཉི་ཧོང་གི་ཕྱི་ལུགས་སྨན་པ་མཁས་ཅན་དང་། ཚན་རིག་པ། དེ་བཞིན་མི་དམངས་བཅས་ཁྱོན་བསྡོམས་མི་གྲངས་ ༡༨༠ ཙམ་ལ་ལུས་ཀྱི་ཆགས་ཚུལ་སོགས་འགྲེལ་བརྗོད་གནང་བ་སོགས་གལ་ཆེའི་གསུང་བཤད་དང་། ནད་པར་སྨན་བཅོས་སོགས་རླབས་ཆེན་གྱི་མཛད་འཕྲིན་རྒྱ་ཆེར་བྱུང་།  དེ་བཞིན་དུ་ཉིན་དྲུག་རིང་རྒྱ་གར་གྱི་རྒྱལ་ས་དི་ལླིར་ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་མཆོག་དང་རྩིས་དགེ་ཆེན་མོ་བྲག་མཐོན་བྱམས་པ་རྒྱལ་མཚན་རྣམ་གཉིས་ནས་ཐུགས་འགན་རྐང་བཞེས་ཀྱིས་སྨན་རྩིས་སྐོར་གསུང་བཤད་དང༌། འགྲེམས་སྟོན། ནད་པར་བརྟག་དཔྱད་སྨན་བཅོས་སོགས་གནང༌། ལོ་དེར་ཁ་ཆེའི་གནའ་ལུགས་སྨན་གཞུང་ཡུ་ནཱ་ནི་ཞེས་པའི་སྨན་པ་མཁས་དབང་གཉིས་གདན་ཞུས་ལྟར་འབྲེལ་ཡོད་སྨན་པ་རྣམས་ཀྱི་ཐོག་ཉེ་འཁོར་སྨན་ཁང་ཁག་གི་སྨན་པ་ཨིིན་སྐད་ཤེས་མཁན་རྣམས་བསྡུ་སྐོང་གིས་བཀའ་སློབ་དང་བགྲོ་གླེང་གནང་།

 

ཕྱི་ལོ་ ༡༩༩༥  ལོའི་ཟླ་ ༩ ཚེས་ ༧ ནས་ཕྱིི་ཟླ་ ༡༡ ཚེས་ ༢༠ བར་ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་དང་། ྋསྐུའི་བླ་སྨན་བློ་བཟང་དབང་རྒྱལ། སྨན་རྫས་ཉམས་ཞིབ་པ་སྨན་པ་ཟླ་བ་སོགས་མི་བདུན། ཇར་མ་ནི་དང༌། སུ་ཛར་ལནཌི། ཨི་ཊ་ལི། ཨསྟྲིཡ། ཕི་རཱན་སི། ཧོ་ལནཌ། སྭི་ཌེན། ཨིན་ལནཌ་སོགས་ལ་ཆེད་ཕེབས་ཀྱིས་ནད་པར་བརྟག་དཔྱད་སྨན་བཅོས་དང༌། གསུང་བཤད། ཕྱིར་ཚོང་ཁང་གི་དངོས་ཟོག་ཚོང་བསྒྱུར། སྨན་དང་རྩིས་ཀྱི་འགྲེམས་སྟོན་སོགས་བརྒྱུད་ནུབ་ཕྱོགས་ཀྱི་རྒྱལ་ཁབ་དང་མི་རིགས་མང་པོར་བོད་ཀྱི་ཐུན་མོང་མ་ཡིན་པའི་སྨན་རྩིས་གཉིས་ཀྱི་ངོ་བོ་དང་ཁྱད་ཆོས་ངོ་སྤྲོད་གང་ལེགས་བྱེད་ཐུབ་པ་བྱུང༌བ་དང་། ལོ་དེའི་ཕྱི་ཟླ་ ༡༡ ཚེས་ ༥ ནས་ ༧ བར་ཉིན་གསུམ་རིང༌། སྨན་རྩིས་ཁང་དང་ཨི་ཊ་ལིས་གཡུ་ཐོག་ཞིབ་འཇུག་ཁང་ཐུན་མོང་ནས་ཤར་ནུབ་བོད་སྨན་བགྲོ་གླེང་ཚོགས་འདུ་ཞིག་བསྐོང་ཚོགས་གནང་བ་དང༌། སྨན་པ་སོ་སོའི་རང་རང་གི་ནད་བཅོས་ཉམས་མྱོང་དང༌། བོད་སྨན་གྱི་ཁྱད་ཆོས། རྒྱལ་སྤྱིའི་ཁྲིམས་ཐོག་ནས་ངོས་ལེན་ཡོང་ཐབས། བོད་སྨན་དེ་བཞིན་འཛམ་གླིང་གསོ་རིག་གི་སྡིངས་ཆའི་སྟེང་དེང་རབས་ཀྱི་གསོ་རིག་དང་དཔུང་བ་མཉམ་གཤིབ་བམ་འགྲན་རྩོད་ཐུབ་ཐབས་སུ་རང་རང་གི་བསམ་ཚུལ་བརྗེ་རེས་བྱས་པ་སོགས་དམིགས་འབེན་ལྟར་དོན་འཁྱོལ་བྱུང་ཡོད་ཀྱང༌། ཚོགས་བཅར་མི་སྣའི་ཡོང་ཁུངས་དོལ་རྒྱལ་ཁ་ཁྱེར་གྱི་རྒྱ་གཞུང་གི་རྒྱུགས་ཁྱི་རེ་ཟུང་ཡོད་པ་དང་ཆབ་སྲིད་ཀྱི་རྒྱབ་ལྗོངས་སོགས་ལ་བརྟག་ཞིབ་གདེང་འཁེལ་མ་ཐུབ་པའི་ཉེར་ལེན་ལས་རང་རེའི་རྩ་དོན་ཐོག་ལ་གནོད་གཞིར་འགྱུར་ཉེན་གྱི་དོན་རྐྱེན་ཡང་འབྱུང་གྲབས་བྱས་པར་བརྟེན། དབུ་འཛིན་མཆོག་ཐུགས་འཚབ་ཆེན་པོས་སླད་ཕྱིན་ཚོགས་བཅར་ཁོངས་གངས་ཅན་བླ་མའི་ཆོས་ཚོགས་ཀྱི་མཚོན་པའི་འབྲེལ་ཡོད་ཚོགས་པ་དང་སྨན་རྩིས་སློབ་སྤྱི་ཟུར་བ་པ་སངས་ཡོན་ཏན་ལྟ་བུའི་མི་སྣ་ཁག་ལ་འབྲེལ་ཐག་གཙང་གཅོད་བྱེད་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བའི་གནས་ཚུལ་ཡང་བྱུང་མོད། ཡིན་ནའང་རྗེས་སུ་པདྨ་དགྲ་འདུལ་ལགས་སྨན་རྩིས་ཁང་གི་འགན་འཛིན་གནང་སྐབས་སྨན་རྩིས་ཁང་གི་སློབ་སྤྱི་ཟུར་བ་སྨན་པ་པ་སངས་ཡོན་ཏན་ལགས་གངས་གངས་ཅན་བླ་མའི་ཚོགས་པ་དེའི་ཁོངས་ནས་ཕྱིར་ཐོན་ཏེ་འབྲེལ་བ་མེད་པའི་དག་སེལ་བྱས་ཡོད། འོན་ཀྱང་སྤྱི་ཚོགས་ཐོག་ད་དུང་ལབ་གླེང་ཡོད་མུས་ཡིན།  ལོ་དེར་བཀའ་འབྲེལ་འོག་ངྷ་སྟེང་ཡན་ལག་སྨན་ཁང་གི་སྨན་པ་ཀུན་འགྱུར་མཆོག་མོན་གྷོར་ཕེབས་ཏེ་དགའ་ལྡན་ཁྲི་རིན་པོ་ཆེ་དང་། ཤར་པ་ཆོས་རྗེ་རྣམ་གཉིས་ལ་སྨན་བཅོས་གནང་བ་དང་། ཡང་ལོ་དེར་བལ་ཡུལ་དུ་འཁྲུལ་ཞིག་རིན་པོ་ཆེར་སྨན་བཅོས། དེ་བཞིན་དི་ལླིི་ནི་ཛ་མུ་དིན་སྨན་ཁང་གི་སྨན་པ་རྟ་མགྲིན་ལགས་ཀྱི་སྨན་ཚབ་ཏུ་ཕེབས་རིང་སྐུ་སྒེར་དང་སྨན་རྩིས་ཁང་གི་བཀའ་འབྲེལ་འོག་ཧོང་ཀོང་དང་རྒྱ་ནག་ཏུ་གཏེར་སྟོན་བསོད་རྒྱལ་རིན་པོ་ཆེར་སྨན་བཅོས་ཞབས་ཞུར་ཕེབས་ཏེ་ཕན་ཐོགས་གང་ལེགས་བྱུང་།

 

ཕྱི་ལ་ོ ༡༩༩༦ ཟླ་ ༥ ཚེས་ ༥ ནས་ཟླ་ ༦ ཚེས་ ༧ བར་ྋསྐུའི་བླ་སྨན་བློ་བཟང་དབང་རྒྱལ་ལགས་དང་། སྨན་རྫས་ཉབས་ཞིབ་འགན་གཞོན་སྨན་པ་ཟླ་བ་ལགས། ཆེས་མཐོའི་སྨན་རྩིས་ཚོགས་ཆུང་གི་དྲུང་ཆེ་སྨན་པ་བློ་བཟང་ཚུལ་ཁྲིམས་ལགས། སྐར་རྩིས་པ་ཚེ་རིང་ཆོས་འཛོམས་བཅས་ཉི་ཧོང་དུ་ཆེད་བསྐྱོད་ཀྱིས་ཉི་ཧོང་གི་རྒྱལ་ས་ཀྲོག་ཁྱོ་དང་། ཧི་རི་ཤི་མ། ཁྱོ་དོ། ཨོ་ས་ཀ ཨོ་ཀ་ཡ་མ། མ་ཚུ་ཡ་མ་སོགས་ས་གནས་ཁག་དྲུག་ཏུ་ཁྱོན་བསྡོམས་མི་གྲངས་ ༡༣༠༤ ལ་གསུང་བཤད་ཐེངས་ ༤༥ ཙམ་དང་། མི་གྲངས་ ༡༤༠ ཙམ་ལ་སྨན་བཅོས་བརྟག་དཔྱད་གནང་བ་མ་ཟད། ས་གནས་དེ་དག་ཏུ་སྨན་རྩིས་འགྲེམས་སྟོན་ཞིག་ཀྱང་གོ་སྒྲིག་ཞུས་པ་སོགས་ཀྱི་སྐབས་དེར་བོད་ཀྱི་ཐུན་མོང་མ་ཡིན་པའི་གསོ་བ་རིག་པའི་གཞུང་ལུགས་དང༌། སྐར་ནག་རྩིས་ཀྱི་རིག་པའི་གཞུང་ལུགས་གཉིས་ཀྱི་གཙོས་པའི་བོད་ཀྱི་ཆོས་དང༌། རིག་གཞུང༌། ཡུལ་སྲོལ་གོམས་གཤིས་སོགས་ཀྲོག་ཁྱོ་ཙམ་མ་ཡིན་པར་ཚགས་ཤོག་དང༌། བརྙན་འཕྲིན་སོགས་གསར་འགྱུར་བརྒྱུད་ལམ་ཁག་བརྒྱུད་ཉི་ཧོང་རྒྱལ་ཡོངས་སུ་ཁྱབ་བསྒྲགས་རྒྱ་ཆེར་བྱུང་ཡོད།

 

སྐབས་དེར་གསུང་བཤད་སྨན་དོད་སོགས་ནས་བྱུང་བ་ཧིན་སྒོར ༡༦༣༣༥༡༦།༠༠ དང་། གནམ་གྲུའི་གླ་ཆ་སོགས་ལ་སོང་བ་ཕུད་ལྷག་སྒོར ༡༤༢༥༥༢༡།༠༠ བྱུང་འདུག ཉི་ཧོང་གི་མཛད་འཆར་ཁག་ལེགས་པར་གྲུབ་རྗེས་ཟླ་བརྒྱད་པའི་ནང་ྋསྐུའི་བླ་སྨན་བློ་བཟང་དབང་རྒྱལ་ལགས་དང་།  སྨན་དགེ་ཐོགས་མེད་དཔལ་འབྱོར་གཉིས་ནོར་ཝེ་རྒྱལ་ས་ཨོ་སོ་ལོར་བསྐྱོད། ཉིན་ཉི་ཤུ་རྩ་བཞིའི་རིང་གཟའ་འཁོར་རེར་འཆར་ཅན་ཉིན་ལྔ་རེ་སྔ་དྲོ་ཆུ་ཚོད་ ༩ ནས་ཕྱི་དྲོ་ཆུ་ཚོད ༧ ནང་ནད་པ་མི་གྲངས་ ༡༤༥ ལ་བརྟག་དཔྱད་སྨན་བཅོས་དང་། ནད་གཞི་ངོ་སྤྲོད། ཟས་སྤྱོད་ཀྱི་སློབ་སྟོན་སོགས་ནད་པའི་བློ་ཡིད་ཚིམ་པའི་སྨན་བཅོས་ཞུས་རྗེས་ནོར་ཝེ་རྒྱལ་ས་ཨོ་སོ་ལོ་ནས་ཛུ་རིག་ཏུ་སོང་སྟེ་ནད་པར་བརྟག་དཔྱད་སྨན་བཅོས་དང་། སུད་བོད་མཐུན་གྲོགས་ཚོགས་པའི་གྲ་སྒྲིག་འོག་བོད་ཀྱི་གསོ་བ་རིག་པའི་གཞུང་དོན་ལས་ལུས་སེམས་འབྲེལ་བའི་སྐོར་དང་། བོད་སྨན་གྱིི་ངོ་སྤྲོད་གསུང་བཤད་གནང་།

 

ས་དེའི་ས་གནས་ཁག་ཏུ་ནད་པ་མི་གྲངས་ ༢༢༠ ལ་བརྟག་དཔྱད་སྨན་བཅོས་དང་། བོད་ཀྱི་གསོ་བ་རིག་པའི་སྐོར་གཏམ་བཤད་གང་ལེགས་སྤེལ། བོད་གཞུང་སྨན་རྩིས་ཁང་ནས་སྔ་ཕྱིར་ནོར་ཝེ་རྒྱལ་ཁབ་ཏུ་ཕེབས་ཏེ་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ལག་ལེན་ཉམས་ཞིབ་བྱས་པར་དངོས་ཐོག་ཕན་འབྲས་བྱུང་བ་ནི་དཔེར་ན་ནོར་ཝེ་ནས་ཡིན་པའི་པའི་ནད་པ་ཐ་རིན་ཨ་སན་ཞེས་པ་བུད་མེད་ལོ་ ༣༣ ཅན་ཞིག་རྩ་གྲུམ་ནད་གཞིས་མནར་ནས་སྨན་བཅོས་ཐབས་ཤེས་སྣ་མང་བྱས་ཀྱང་ཕན་འབྲས་གང་ཡང་མ་ཐོན་སྟབས་རིམ་བཞིན་ལག་རྒྱུག་དང་། རྐུབ་སྟེགས་འཁོར་ལོ་ཅན་ལ་བསྟེན་དགོས་ངེས་ཀྱི་བློ་ཐག་ཆོད་པ་ཞིག་ལ་ཕྱི་ལོ་ ༡༩༨༩ ལོ་ནས་བཟུང་བོད་སྨན་བསྟེན་གཏུགས་བྱས་ཏེ་ཉིན་རེར་དྲག་སྐྱེད་བྱུང་ནས་ཕྱི་ལོ་ ༡༩༩༦ ལོར་སངས་དྲག་ཏུ་སོང་བ་དང་། ཡང་ནོར་ཝེ་ནས་ཡིན་པའི Mosby ཞེས་པའི་བུད་མེད་ལོ་ ༤༦ ཅན་ཞིག་ཡུན་རིང་ལ་གྲུམ་བུ་དང་། རྩ་དཀར་ནད་ཀྱིས་རྐང་བ་བརྐྱང་བསྐུམ་དང་གོམ་འགྲོས་མི་ཐུབ་པར་མལ་སར་ལུས་ཏེ་དཀའ་ངལ་ལ་ཁྲག་གི་བརྟག་དཔྱད་ཐོག Calcium རྫས་ཚད་མཐོ་བོ་ཡོད་པར་དམིགས་བསལ་བཅོས་སྐྱེད་དཀའ་བ་ཡིན་ལུགས་ལ་ཕྱི་ལོ་ ༡༩༩༥ ནས་བོད་སྨན་གསར་བཟོ་བསམ་བརྒྱད་བཏང་བས་ཕྱི་ལོ་ ༡༩༩༦ ལོར་ཁྲག་གི་སྐྱོན་ཆ་སེལ་བར་ཁོ་ཚོའི་སྨན་པ་རྣམས་ཡ་མཚན་དང་། བོད་སྨན་ལ་ཡིད་ཆེས་རྙེད་པ་ལྟ་བུ་མང་པོ་བྱུང་བར་ཕྱི་རྒྱལ་གྱི་ནད་པ་མང་པོས་དགའ་བསུ་དང་བསྔགས་བརྗོད་གནང་། ཐེངས་དེའི་བསྐོར་སྐྱོད་ནང་སྨན་དང་ལག་དོད་སོགས་ཨ་སྒོར་ ༢༢༠༠༠ དང་། སུད་སྒོར་ ༡༩༣༠༠ བཅས་རྩིས་འབུལ་ཐུབ་པ་བྱུང་ཡོད།

 

ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་ལགས་དང་། སྨན་པ་ཟླ་བ་སོགས་སྨན་ལས་གྲངས་ལྔ་ནས་ཕྱི་ལོ་ ༡༩༩༧ ཟླ་ ༡ ཚེས་ ༢༢ ནས་ཟླ་ ༤ ཚེས་ ༡༡ བར་ཨ་རིའི་ས་གནས་ཁག་ཏུ་བོད་ཀྱི་མུན་མོང་མ་ཡིན་པའི་སྨན་རྩིས་རིག་པའི་སྐོར་འགྲེམས་སྟོན་བྱེད་པར་ཕེབས་འཆར་བྱས་ཀྱང་ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་ལགས་སྐུ་གཟུགས་བདེ་མིན་གྱིས་ཕེབས་མ་ཐུབ་པར་གཞན་སྨན་པ་རྣམས་ཚེས་ ༢༧ ལ་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཆེད་བསྐྱོད་ཀྱིས་ཉིན་གཉིས་རིང་འགྲེམས་སྟོན་ཞུས་ཤིང་འགྲེམས་སྟོན་དབུ་འབྱེད་མཛད་སྒོར་སྨན་པ་ཟླ་བ་ལགས་ཀྱིས་མཛད་སྒོའི་གསུང་བཤད་གནང་།  དངོས་གཞིའི་འགྲེམས་སྟོན་ཉིན་གྲངས་ ༧ རིང་བྱས་ཏེ་སྨན་ལས་པ་རྣམས་ཀྱིས་སྨན་རྩིས་རིག་པའི་སྐོར་ལ་གཏམ་བཤད་བྱས་པས་ངོ་ཕེབས་མགྲོན་པོ་རྣམས་ལ་གོ་རྟོགས་གང་ལེགས་བྱུང་། ཟླ་ ༢ ཚེས་ ༧ ནས་ནད་པར་བརྟག་དཔྱད་སྨན་བཅོས་དང་། བོད་ཀྱི་གསོ་བ་རིག་པའི་སྐོར་ལ་དོ་སྣང་བྱེད་མཁན་ཕྱི་མི་བརྒྱ་ཕྲག་མང་པོར་བོད་ཀྱི་གསོ་རིག་སྨན་དཔྱད་དང་བརྟག་དཔྱད་བྱེད་སྟངས། བོད་སྨན་དང་རྩིས་ཀྱི་འབྲེལ་བའི་སྐོར། རྩིས་རིག་ངོ་སྤྲོད་སོགས་ཞུས། ཚེས་ ༡༤ ཉིན་ Ithaca ནས་ཕེབས་སྟེ་ Cleveland འབྱོར། སྐབས་དེར་ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་མཆོག་ཀྱང་སྐུ་གཟུགས་བདེ་ཐང་ངང་ཕེབས་འབྱོར་ཐུབ་པ་བྱུང་། ཟླ་ ༢ ཚེས་ ༡༥ ཉིན་ The Cleveland Museum of Natural History མི་གྲངས ༥༠༠ ཙམ་ལ་ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་ལགས་ཀྱིས་བོད་སྨན་ཉམས་ལེན་ཐོག་ལུས་སེམས་བདེ་ཐང་ཡོང་ཐབས་དང་། ས་གནས་ཁག་ཅིག་ཏུ་ཆེད་བསྐྱོད་བྱས་ཏེ་ནད་པ་མང་པོོར་ནད་བཅོས་བརྟག་དཔྱད་ཞུས། སྐར་རྩིས་པ་ཚེ་ཆོས་ལགས་ནས་སྨན་དང་རྩིས་ཀྱི་འབྲེལ་བའི་སྐོར་ངོ་སྤྲོད་ཞུས། སྐབས་དེར་བོད་སྨན་དང་བོད་ཀྱི་རྩིས་རིག་སྐོར་ལ་དོ་སྣང་ཅན་ཁྱོན་བསྡོམས་མི་གྲངས་ ༤༡༩༠ ལྷག་ལ་གསུང་བཤད་ཐེངས་ ༤༥ ཙམ་གནང་ཞིང་། ནད་པ་མི་གྲངས་ ༨༡༡ ཙམ་ལ་བརྟག་དཔྱད་སྨན་བཅོས་དང་། མི་གྲངས ༣༧༣ ཙམ་ལ་རྩིས་འབྲས་ཞུས་པར་ཁྱོན་བསྡོམས་སྨན་དོད་སོགས་ལས་བྱུང་བ་ཧིན་སྒོར ༤༤༦༥༣༦༢།༦༥ བྱུང་བ་ལས་འགྲོ་གྲོན་ཕུད་དེ་ལྷག་སྒོར་ ༤༠༦༧༠༤༥།༢༥ བྱུང་འདུག ཐེངས་འདིའི་སྨན་བསྐོར་བརྒྱུད་ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་ལ་བོད་སྨན་གྱི་མཚན་སྙན་ཆེས་ཆེར་རྒྱས་བཞིན་པའི་རྣམ་པ་གསལ་ཏུ་སོང་།

 

ཕྱི་ལོ་ ༡༩༩༧ ཟླ་ ༥ ཚེས་ ༡༦ ནས་ཟླ་ ༦ ཚེས་ ༩ བར་ྋསྐུའི་བླ་སྨན་བློ་བཟང་དབང་རྒྱལ་ལགས་དང་། ཕྱག་རོགས་སྨན་པ་བསྟན་འཛིན་ལྷ་སྒྲོན། གསུང་སྒྱུར་ལྷ་མོ་སོགས་སྭི་ཌེན་དང་སུད་སིར་ཕེབས་ཏེ་བོད་ཀྱི་གསོ་རིག་སྨན་དང་དཀར་ནག་རྩིས་ཀྱི་འགྲེམས་སྟོན་དང་སྨན་སྐོར་གནང་། སྭི་ཌེན་དུ་ཁྱོན་བསྡོམས་ནད་པ་གྲངས་ ༡༨༣ ལ་བརྟག་དཔྱད་སྨན་བཅོས་དང་། བོད་ཀྱི་གསོ་རིག་དང་འབྲེལ་བའི་གསུང་བཤད་ཐེངས་གསུམ་ལ་བྱས་པ་མ་ཟད། ས་གནས་གསར་འགོད་པ་དང་། འཕྲོད་བསྟེན་དུས་དེབ་གསར་འགོད་པ་སོགས་ཀྱི་དྲི་བར་དྲིས་ལན་གནང་། སྐབས་དེར་ཁྱོན་བསྡོམས་ནད་པ་གྲངས ༡༨༣༼སུད་སིར་ནད་པར་བརྟག་དཔྱད་གནང་བའི་ནད་གྲངས་མི་གསལ༽ལ་བརྟག་དཔྱད་སྨན་བཅོས་དང་། སྨན་དོད་ལག་དོད་སོགས་ལས་ཧིན་སྒོར ༦༦༢༠༠།༠༠ བྱུང་། སྨན་སྦྱིན་སོགས་ལ་ཧིན་སྒོར ༢༦༡༧།༠༠ སོང་འདུག

 

༤༽ལས་དོན་ཕྱོགས་སྐྱོད་སྐོར།

ཕྱི་ལོ་ ༡༩༩༤  ཟླ་ ༡༠ ཚེས་ ༢ ནས་ཚེས་ ༡༥ བར་ཉིན་གྲངས་ ༡༤ རིང་ཕྱོགས་མཐའི་ཡུལ་གྲུ་ཁག་གི་གནས་སྟངས་རྒྱུས་ལོན་ཆེད་དབུ་འཛིན་ཚེ་རིང་བཀྲ་ཤིས་མཆོག་དིལླིི་དང་། བེངྒ་ལོར། བྷེལ་ཀོབ། ཀོལླེ་གལ། མོན་གྷོ་བཅས་ཡན་ལག་ཁག་དྲུག་ལ་གཟིགས་སྐོར་དུ་ཕེབས་པ་མ་ཟད། ཟླ ༡༡ ཚེས ༤ ནས་ཚེས ༡༧ བརཉིན་གྲངས ༡༤ རིང་ཀལ་ཀཏ་ཏ་དང་། བྷུབ་ནེཤྭར། ཨོ་རི་ས། མེན་པཌ། བྷན་དཱ་ར་བཅས་ཡན་ལག་ཁག་ལྔ་དང་། ཉེ་འཁོར་སྦིར་དང་། ཌལ་ཧོར་བཅས་ལ་ལྟ་སྐོར་དུ་བསྐྱོད་དེ་ས་གནས་འགའ་ཤས་ཀྱི་གནས་སྟངས་ཞན་པའི་ཐད་གཞིས་འགོ་རྣམས་དང་འབྲེལ་བ་མེད་པ་ལྟ་བུའི་མངོན་ཚུལ་བྱུང་བ་རྣམས་ལ་ས་གནས་ས་ཐོག་ཏུ་བཀའ་མོལ་ཞུས་པ་མ་ཟད། བཀའ་མོལ་བྱུང་བ་བཞིན་ལག་བསྟར་མཇུག་སྐྱོང་བྱ་རྒྱུ་དང་། ལོ་དེའི་ནང་ལྟ་སྐོར་དུ་བསྐྱོད་མ་ཐུབ་པའི་ཡན་ལག་སྨན་ཁང་ཁག་ཏུ་ ༡༩༩༥ ལོར་བལྟ་སྐོར་གནང་འདུག་པ་བཅས་སོ།།

 

ང༽ལས་བྱེད་འཕོ་འགྱུར།

བོད་ཤིང་ཁྱི་ཕྱི་ལོ་ ༡༩༩༤ ལོ་མཇུག་ཙམ་ལ་རང་གཞུང་བཀའ་ཤག་ནས་དྲུང་ཆེ་འཕྲིན་ལས་འོད་ཟེར་མཆོག་ལས་བྱེད་བདག་གཉེར་ཁང་དུ་གནས་སྤོས་གནང་བ་དང་སྟབས་བསྟུན། གཞུང་བསྐོས་ལས་བྱེད་དབུ་འཛིན་ཙམ་ལས་དྲུང་ཆེ་སྨན་རྩིས་ཁང་རང་ནས་འདེམས་བསྐོ་བྱས་པ་ཡིན་ཚེ་ལས་དོན་ལ་རྒྱུས་མངའ་ཆེ་བ་སོགས་གང་ཅིའི་དགེ་མཚན་ཡོད་སྐོར་རང་གཞུང་ལ་སྙན་འབུལ་བཀའ་འཁྲོལ་བྱུང་རྗེས། དབུ་འཛིན་ནས་འོས་གཞི་གསུམ་ཟུར་འདོན་གྱིས་འགན་འཛིན་ལྷན་ཚོགས་ལ་སྙན་སྒྲོན་དང་སྦྲགས་གསང་བའི་འོས་འཕེན་ལམ་ནས་མཐར་སྐར་རྩིས་སྡེ་ཚན་གྱི་འགན་འཛིན་དང་དྲུང་ཆེ་ཟུར་བ། རྩིས་རིག་སྨྲ་བ་རྒྱལ་ནང་བློ་བཟང་ནོར་བུ་མཆོག་དྲུང་ཆེར་མང་མོས་འོས་འདེམས་བྱུང༌ཞིང་།  དེ་ཡང་དྲུང་ཆེའི་དུས་ཡུན་ཐད་ལོ་གསུམ་རེའི་མཚམས་བསྐྱར་འདེམས་བྱེད་རྒྱུ་དང༌། བསྟུད་མར་སྐབས་གཉིས་ལས་ལྷག་བསྡད་མི་ཆོག་པ་སོགས་སྒྲིག་ཡིག་གཏན་འབེབས་བཟོས།

 

༡༩༩༤ ལོར་ཀུན་དགའ་འཇིགས་མེད་མཆོག་དི་ལླིི་ཕྱིར་ཚོང་སྡེ་ཚན་གྱི་འགན་འཛིན་ཐོག་མར་བསྐོ་བཞག་གནང་བ་ནས་འདས་གྲོངས་སུ་མ་གྱུར་བར་དེ་གའི་ལས་དོན་ལ་ལྷག་བསམ་ཆེ་བསྐྱེད་ཀྱིས་ཞབས་འདེགས་བསྒྲུབས། ལོ་དེར་སྨན་རྫས་ཉམས་ཞིབ་སྡེ་ཚན་གསར་འཛུགས་བསྐྱངས་ཏེ་བླ་སྨན་བསྟན་འཛིན་ཆོས་གྲགས་འགན་འཛིན་དང་སྨན་པ་ཟླ་བ་འགན་འཛིན་གཞོན་པར་བསྐོ་བཞག་གནང་།

 

དེ་བཞིན་དུ་ལོ་དེར་ཁྱད་ལས་སློབ་སྟོན་སྡེ་ཚན་གསར་འཛུགས་བསྐྱངས་ཏེ་སྨན་པ་བསྟན་འཛིན་གྲགས་པ་འགན་ཁུར་རྒྱུན་ལས་སུ་བསྐོ་བཞག་གནང་། ༩༧ ཟླ་ ༤ ཚེས་ ༡ ཉིན་སྨན་པ་རྣམ་རྒྱལ་ཚེ་རིང་ལགས་འོས་ཐོན་བྱུང་བ་ལྟར་ཡན་ལག་སྤྱི་ཁྱབ་འགན་འཛིན་དུ་བསྐོ་བཞག་གནང་། དི་ལླིི་སྨན་རྩིས་ཕྱིར་ཚོང་གི་འགན་འཛིན་བསྟན་འཛིན་རིག་འཛིན་ནང་ཞིབ་པའི་ལས་རོགས་སུ་གནས་སྤོས་སོང་ཚབ་ཏུ་དི་ལླིི་འབྲེལ་མཐུད་པ་ཀུན་དགའ་འཇིགས་མེད་གནས་རིམ་བཞི་བ་རང་འཇགས་ཐོག་ ༡༩༩༧ ཟླ་ ༥ ཚེས་ ༡༥ ཉིན་ཕྱིར་ཚོང་འགན་འཛིན་དུ་བསྐོ་བཞག་གནང་། བསྟན་འཛིན་རིག་འཛིན་ནང་ཞིབ་ཀྱི་ལས་འགན་མ་ཞུས་གོང་རྩ་དགོངས་ཞུས།

 

མདོར་ན་དབུ་འཛིན་ཚེ་རིང་བཀྲ་ཤིས་མཆོག་གིས་ལོ་གསུམ་སྨན་རྩིས་དབུ་འཛིན་གནང་རྒྱུན་རིང༌། དབུས་དང་ཡན་ལག་གང་སར་སྡེ་ཚན་དང་ཡན་ལག་སྨན་ཁང་གང་མང་གསར་འཛུགས་གནང་བར་མ་ཟད། དུས་དང་མཐུན་པར་སྨན་རྩིས་ཁང་གི་སྒྲིག་གཞི་བསྒྱུར་བཅོས་གནང་བ་དང༌། ལས་འཆར་དང་ཐོན་རྫས་གང་མང་གསར་གཏོད། ལས་གཞི་ཆེད་ལས་ཅན་དུ་བསྒྱུར་བ་དང༌། ཆེད་ལས་པའི་ནུས་ཤུགས་གོང་སྤེལ་བཏང་བ་དང་། ཕྱིར་ཚོང་སོགས་མདོར་ན་གང་ཉིད་ལ་རྨ་མེད་པའི་སེམས་ཤུགས་དང༌། ཁྱད་དུ་འཕགས་པའི་ཤེས་འཇོན་ལྡན་པ་ལ་བརྟེན་ནས་དུས་ཡུན་ཐུང་ངུའི་ནང་སྨན་རྩིས་ཁང་དེ་བཞིན་བཙན་བྱོལ་བོད་གཞུང་གི་ཁྱབ་ཁོངས་སྡེ་ཚན་མ་ལག་ཡོངས་རྫོགས་ཁོངས་ནས་འབུར་དུ་ཐོན་ཞིང་མིག་དཔེར་བལྟ་ས་དང༌། དཔེ་མཚོན་དུ་བགྲང་འོས་པའི་ཚོགས་སྡེ་ཞིག་ཏུ་བསྒྱུར་གནང་མཛད་པ་བཅས་འགན་འཛིན་འདིའི་སྐབས་ཏེ་བཅུ་བའོ།།

 

སླར་སྨྲས་པ།

ལྷག་བསམ་ཤེས་འཇོན་གཤོག་ཟུང་ཡངས་པོ་ལས།།

དེང་གི་དུས་ཀྱི་ཕོ་ཉའི་འགྲོས་བསྟུན་ཏེ།།

སྨན་རྩིས་རིག་པ་སྨྲ་པའི་སྐྱེད་ཚལ་དུ།།

སྣ་མང་འབྲས་བཟང་སྨིན་པའི་ས་བོན་བཏབ།། ཅེས་ངལ་གསོ་བའོ།། །།


མཐའ་མའི་འདོན་ཐེངས་།: 16.04.2016 ཉིན། 11:15 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།