འགན་འཛིན་སྐབས་བཅུ་གསུམ་པ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 08.04.2016 |
<< བོད་གཞུང་སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ། >>
འགན་འཛིན་བཅུ་གསུམ་པའི་སྐབས།
(25/12/2004 - 00/00/2010)
ཀ༽འགན་འཛིན་གྱི་ངོ་སྤྲོད་མདོ་ཙམ།སྨན་རམས་པ་ཟླ་བ་མཆོག་ནི་ཕྱི་ལོ་ ༡༩༥༨ ལོར་ཡབ་མདོ་ཁམས་བྲག་གཡབ་པ་སྔགས་འཆང་པདྨ་རྡོ་རྗེ་དང་། ཡུམ་མཚམས་གཅོད་གཉིས་ཀྱི་སྲས་སུ་ལྷ་སར་སྐྱེས། དེ་དུས་དུས་འགྱུར་གྱི་རླུང་ཚབ་གནམ་འོག་ཏུ་མ་ཤོང་བའི་སྐབས་ཡིན་པས་སློབ་སྦྱོང་གི་གོ་སྐབས་རེ་ཞིག་ཐོབ་མེད་ན་ཡང་། རིམ་པས་ཐབས་ཤེས་སྣ་ཚོགས་ཀྱིས་གཞི་རིམ་སློབ་གྲྭར་སྐྱོད་མགོ་བཙུགས་ཏེ་བོད་རྒྱ་གཉིས་སྐད་ཡིག་གི་རྨང་གཞི་བཏིང་བ་མ་ཟད། རིམ་པས་མཛེས་རིས་སོགས་ལ་ཆེད་སྦྱོང་གི་གོ་སྐབས་ཐོབ་པ་དང་། དེ་ནས་ཕྱི་ལོ་ ༡༩༧༡ ལོར་ལྷ་ལྡན་སྨན་རྩིས་ཁང་གི་སློབ་ཐེངས་གཉིས་པའི་ཁོངས་སུ་འཛུལ་ཞུགས་ཀྱི་གསོ་བ་རིག་པར་སློབ་སྦྱོང་གནང་སྟེ་ཕྱི་ལོ་ ༡༩༧༥ ལོར་སློབ་ཐོབ་བྱུང་ཞིང་། དེ་ནས་བཟུང་ཆེད་ལས་དང་འབྲེལ་བའི་ལས་དོན་མང་པོའི་འཁུར་འགན་བཞེས་ཏེ་གྲགས་སྙན་རྒྱས། ཕྱི་ལོ་ ༡༩༨༨ ལོར་བཙན་བྱོལ་དུ་ཕེབས་ཏེ་བོད་གཞུང་སྨན་རྩིས་ཁང་གི་ལས་སྒོར་ཞུགས་ཏེ་སྨན་རྫས་ཀྱིས་གཙོས་གསོ་རིག་ལས་དོན་ཐད་མཛད་རྗེས་མང་དག་ཅིག་བཞག་ཡོད་པ་བཅས་ཀྱི་ངོ་སྤྲོད་མདོར་བསྡུས་སོ།། ཞིབ་ཕྲ་སྨད་ཆའི་ནང་དུ་གསལ།
ཁ༽གནས་བབས་སྤྱི།
ཕྱི་ལོ་ ༢༠༠༤ ལོ་ཟླ་ ༡༢ ཚེས་ ༢༥ ཉིན་སྨན་རྩིས་ཁང་གི་འགན་འཛིན་ལྷ་རྩེ་བསམ་གྲུབ་མཆོག་རྩིས་ཞིབ་དྲུང་ཆེར་གནས་སྤོས་སོང་། དུས་མཚམས་འདི་ནས་སྨན་རྩིས་ཁང་གི་འགན་འཛིན་ཡོང་ཁོངས་ལ་འགྱུར་བ་སོང་ཞིང་། དེ་ཡང་སྨན་རྩིས་ཁང་དབུ་བརྙེས་པ་ནས་ལོ་ངོ་བཞི་བཅུ་ལྷག་གི་རིང་སྨན་རྩིས་ཁང་གི་དབུ་འཛིན་རྣམས་ྋགོང་ས་མཆོག་གི་བཀའ་འབྲེལ་དང་གཞུང་བསྐོས་གནང་བཞིན་ཡོད་པ་དེ་ལྟར་ཡང་། དེ་སྔ་ནས་སྨན་རྩིས་ཁང་གི་འགན་འཛིན་སྨན་རྩིས་ཁང་རང་ཁོངས་ནས་བསྐོ་བཞག་དགོས་སྐོར་སྨན་རྩིས་ཁང་གི་འགན་འཛིན་ལྷན་ཚོགས་ནང་བཀའ་བསྡུར་ཐེངས་མང་བྱུང་བ་དང་། ལྷག་པར་སྨན་རྩིས་ཁང་གི་ཚོགས་པའི་སྒྲིག་གཞི་བསྐྱར་བཅོས་ཀྱིས་གཏན་འབེབས་ཞུས་པ་བཞིན། སྐབས་དེའི་སྒྲིག་གཞི་དོན་ཚན ༢༤ དང་ ༢༧ དགོངས་དོན་ལྟར་འཚོལ་ཞིབ་ཚོགས་ཆུང་གི་འོས་དམིགས་གསུམ་ལས་མི་ཉུང་བ་ཕུལ་ཁོངས་ནས་སྨན་རྩིས་ཁང་གི་འགན་འཛིན་ལྷན་ཚོགས་ནས་སྨན་རྩིས་ཁང་གི་ངེས་སྟོན་པར་སྨན་རམས་པ་ཟླ་བ་དང་། ངེས་སྟོན་པ་གཞོན་པར་སྨན་རམས་པ་ཚེ་དབང་རྟ་མགྲིན་རྣམ་གཉིས་ཕྱི་ལོ་ ༢༠༠༤ ཟླ་ ༡༢ ཚེས་ ༢༠ ནས་བསྐོ་བཞག་གནང་། སྐབས་དེའི་སྒྲིག་གཞི་དོན་ཚན་ ༣༠ དང་ ༣༡ ནང་གསལ་ལྟར་འཛིན་སྐྱོང་ཚོགས་ཆུང་གི་འདེམས་ཐོན་འོས་གཞི་གསུམ་ཁོངས་ནས་དྲུང་ལས་ཚེ་རིང་ཕུན་ཚོགས་ལགས་སྨན་རྩིས་ཁང་གི་དྲུང་ཆེར་བསྐོས། འགན་འཛིན་འདིས་ཕྱི་ལོ་ ༢༠༠༤ ཟླ་ ༡༢ ཚེས ༢༠ རྩིས་ལེན་གྱིས་ལས་དོན་དངོས་ཕྱི་ལོ་ ༢༠༠༥ ཟླ་ ༡ ཚེས་ཤར་ནས་ཕྱི་ལོ་ ༢༠༡༠ ཟླ་ ༣ བར་ཏེ་ལོ་ངོ་ཧྲིལ་བོ་ལྔ་དང་ཟླ་གྲངས་གསུམ་ཙམ་རིང་སྨན་རྩིས་ཁང་གི་འགན་འཛིན་གྱི་འགན་ཁུར་ཞུས།
འགན་འཛིན་འདིའི་རིང་ལའང་སྔར་རྒྱུན་བཞིན་ལས་དོན་བྱེད་ཕྱོགས་ཀྱི་ཆ་ནས་འཛིན་སྐྱོང་སྡེ་ཚན་དང་དེའི་ཁྱབ་ཁོངས་སྡེ་ཚན་ཁག་དང་། རིག་གཞུང་སྡེ་ཚན་སོ་སོའི་ལས་དོན་གྱི་གནས་བབ་རང་འཇགས་ཐོག་ྋགོང་ས་མཆོག་གི་ྋསྐུའི་འཕྲོད་བཞེས་ཐད་བླ་ཞབས་རྣམ་པས་དུས་ཐོག་ཏུ་ཞབས་ཕྱིའི་བགྱིད་སྒོ་ཁག་སྔར་ྋསྐུའི་བླ་སྨན་རྣམ་པ་ཞལ་བཞུགས་པའི་སྐབས་དང་བསྡུར་ཐབས་མེད་ནའང་རང་ནུས་གང་ཐུབ་ཀྱིས་གསོ་རིག་རྒྱུད་ལས་ཇི་སྐད་བསྟན་པ་ལྟར་གསོལ་སྨན་གཙང་སྦྱོར་རྡུང་སྒྲིལ་གྱི་ལམ་ནས་ཧུར་ཐག་བསྒྲུབས། དེ་བཞིན་དུ་སྐར་དཔྱད་རྩིས་རིག་སྡེ་ཚན་གྱི་རྩིས་རམས་པ་རྒྱལ་ནང་བློ་བཟང་ནོར་བུ་མཆོག་གིས་ཀྱང་སྔར་རྒྱུན་བཞིན་དགུང་ཀེག་ཀེག་རྩིས་ཀྱིས་གཙོས་རྩིས་ཆ་རྣམས་དུས་ཐོག་ཕུལ་བ་བཅས་ཀྱི་བྱེད་སྒོ་རྣམས་བསྒྲུབས་འདུག འགན་འཛིན་འདིའི་རིང་ལ་དབུས་མ་ལག་དང་བཅས་པའི་ནང་ལས་བྱེད་ཁྱོན་བསྡོམས་ ༥༧༢ ཡོད།
ཕྱི་ལོ་ ༢༠༠༥ ལོར་རྡ་ས་སྟེང་ཤོད་གཉིས་ཀྱིས་གཙོས་ཡན་ལག་སྨན་ཁང་ཁག་ཏུ་བོད་སྨན་བསྟེན་གཏུགས་བྱེད་མཁན་ནད་པ་གྲངས་ ༤༨༧༣༤༢ ལ་བལྟ་རེག་དྲི་གསུམ་གྱི་སྒོ་ནས་སྨན་བཅོས་ཞུས་འདུག་ལ། དེ་བཞིན་ཉམ་ཐག་ནད་པ་དང་། བྱ་བྲལ་སོགས་ལ་རིན་མེད་སྨན་བཅོས་དང་། གསར་འབྱོར་བ་དང་གྲྭ་བཙུན་སྔགས་གསུམ་དང་སློབ་ཕྲུག་བཅས་ནད་པ་གྲངས་ ༦༩༩༡ སྨན་རིན་ཕྱེད་བཅག་ཕུལ་བའི་མ་གནས་ཧིན་སྒོར་ ༢༩༡༥༦༦༥༥།༢༡ སོང་ཡོད། ཉམ་ཐག་ནད་པ་གྲངས་ ༡༣༡༣༦༥ སྨན་སྦྱིན་བཏང་བ་དངུལ་བསྒྱུར་སྒོར་ ༩༠༦༤༢༥༡།༩༠ སོང་། ལོ་དེར་སྨན་སྦྱིན་དང་། ཕྱེད་བཅག སྨན་དོད་ཡོད་པ་བཅས་ཁྱོན་བསྡོམས་ནད་པ་གྲངས་ ༤༨༧༣༤༢ ལ་གསོལ་སྨན་མཁོ་སྒྲུབ་ཞུས་པའི་མ་གནས་སྒོར་ ༤༩༤༨༨༠༥༣།༩༣ བྱུང་ཡོད།
ཕྱི་ལོ་ ༢༠༠༦ ལོར་ངྷ་ས་སྟེང་ཤོད་གཉིས་ཀྱིས་གཙོས་ཡན་ལག་སྨན་ཁང་ཁག་ཏུ་བོད་སྨན་བསྟེན་གཏུགས་བྱེད་མཁན་ནད་པ་གྲངས་ ༤༤༡༨༤༢ ལ་བལྟ་རེག་དྲི་གསུམ་གྱི་སྒོ་ནས་སྨན་བཅོས་ཞུས་འདུག་ལ། དེ་བཞིན་ཉམ་ཐག་ནད་པ་དང་། བྱ་བྲལ་སོགས་ལ་རིན་མེད་སྨན་བཅོས་དང་། གསར་འབྱོར་བ་དང་གྲྭ་བཙུན་སྔགས་གསུམ་བཅས་ནད་པ་གྲངས་ ༦༤༡༣༨ ལ་སྨན་རིན་ཕྱེད་བཅག་གིས་ཕུལ་བའི་མ་གནས་ཧིན་སྒོར ༢༦༧༦༡༨༥།༨༩ སོང་ཡོད། ཉམ་ཐག་ནད་པ་གྲངས་ ༡༠༢༢༢༧ སྨན་སྦྱིན་བཏང་བ་དངུལ་བསྒྱུར་སྒོར་ ༧༤༤༨༦༡༤།༥༥ སོང་། ལོ་དེར་སྨན་སྦྱིན་དང་། ཕྱེད་བཅག སྨན་དོད་ཡོད་པ་བཅས་ཁྱོན་བསྡོམས་ནད་པ་གྲངས་ ༤༤༡༨༤༢ ལ་གསོལ་སྨན་མཁོ་སྤྲོད་ཞུས་པའི་མ་གནས་སྒོར་ ༤༧༠༧༩༠༡༧།༥༠ བཏང་ཡོད་པས་སྔར་ལོ་ལས་ཅུང་ཉུང་དུ་སོང་།
ཕྱི་ལོ་ ༢༠༠༧ ལོར་དབུས་སའི་ཡན་ལག་སྨན་ཁང་ཁག་ཏུ་བོད་སྨན་བསྟེན་གཏུགས་བྱེད་མཁན་ནད་པ་གྲངས་ ༤༤༡༨༧༤ ལ་བལྟ་རེག་དྲི་གསུམ་གྱི་སྒོ་ནས་སྨན་བཅོས་ཞུས་འདུག་ལ། དེ་བཞིན་ཉམ་ཐག་ནད་པ་དང་། བྱ་བྲལ་བ། སྲི་ཞུ་ལས་བྱེད་བཅས་ལ་རིན་མེད་སྨན་བཅོས་དང་། གསར་འབྱོར་བ་དང་གྲྭ་བཙུན་སྔགས་གསུམ་བཅས་ནད་པ་གྲངས་ ༦༢༦༡༩ སྨན་རིན་ཕྱེད་བཅག་གིས་ཕུལ་བའི་མ་གནས་ཧིན་སྒོར་ ༢༧༦༣༤༣༦།༢༤ སོང་ཡོད། ཉམ་ཐག་ནད་པ་གྲངས་ ༡༠༣༢༩༣ སྨན་སྦྱིན་བཏང་བ་དངུལ་བསྒྱུར་སྒོར་ ༧༤༢༤༦༢༣།༡༧ སོང་། ལོ་དེར་སྨན་སྦྱིན་དང་། ཕྱེད་བཅག སྨན་དོད་ཡོད་པ་བཅས་ཁྱོན་བསྡོམས་ནད་པ་གྲངས་༤༤༡༨༧༤ ལ་གསོ་སྨན་མཁོ་སྤྲོད་ཞུས་པའི་མ་གནས་སྒོར་ ༤༨༤༡༩༦༢༦།༧༣ བཏང་ཡོད་པས་སྔར་ལས་ཅུང་ཡར་འཕར་ཡོད།
ཕྱི་ལོ་༢༠༠༨ ལོར་ཡང་དབུས་སའི་ཡན་ལག་སྨན་ཁང་ཁག་ཏུ་བོད་སྨན་བསྟེན་གཏུགས་བྱེད་མཁན་ནད་པ་གྲངས་ ༤༧༢༦༥༡ ལ་བལྟ་རེག་དྲི་གསུམ་གྱི་སྒོ་ནས་སྨན་བཅོས་ཞུས་འདུག་ལ། དེ་བཞིན་ཉམ་ཐག་ནད་པ་དང་། བྱ་བྲལ་བ། གཞུང་གི་སྲི་ཞུ་ལས་བྱེད་བཅས་ལ་རིན་མེད་སྨན་བཅོས་དང་། གསར་འབྱོར་བ་དང་གྲྭ་བཙུན་སྔགས་གསུམ་བཅས་ནད་པ་གྲངས་ ༦༤༥༥༧ སྨན་རིན་ཕྱེད་བཅག་གིས་ཕུལ་བའི་སྨན་རིན་མ་གནས་ཧིན་སྒོར་ ༢༩༦༠༨༨༨།༢༩ སོང་ཡོད། ཉམ་ཐག་ནད་པ་གྲངས་ ༡༡༠༣༣༠༢ སྨན་སྦྱིན་བཏང་བ་དངུལ་བསྒྱུར་སྒོར་ ༧༦༢༠༣༨༤།༣༥ སོང་ཡོད་པས་ལོ་དེར་སྨན་སྦྱིན་དང་། ཕྱེད་བཅག སྨན་དོད་ཡོད་པ་བཅས་ཁྱོན་བསྡོམས་ནད་པ་གྲངས་ ༤༧༢༦༥༡ ལ་གསོལ་སྨན་མཁོ་སྤྲོད་བྱས་པའི་མ་གནས་སྒོར་ ༥༣༤༩༠༩༡༡།༠༨ བཏང་ཡོད་པས་སྔར་ལོ་དང་དེའི་སྔར་ལོ་རྣམས་དང་བསྡུར་ན་དངུལ་འབོར་གང་འཚམས་འཕར་ཡོད།
ཕྱི་ལོ་ ༢༠༠༩ ལོར་དབུས་སའི་ཡན་ལག་སྨན་ཁང་ཁག་ཏུ་བོད་སྨན་བསྟེན་གཏུགས་བྱེད་མཁན་ནད་པ་གྲངས་ ༥༣༥༤༦༧ ལ་བལྟ་རེག་དྲི་གསུམ་གྱི་སྒོ་ནས་སྨན་བཅོས་ཞུས་འདུག་ལ། དེ་བཞིན་ཉམ་ཐག་ནད་པ་དང་། བྱ་བྲལ་བ། གཞུང་གི་སྲིད་ཞུ་ལས་བྱེད་བཅས་ལ་རིན་མེད་སྨན་བཅོས་དང་། གསར་འབྱོར་བ་དང་གྲྭ་བཙུན་སྔགས་གསུམ་བཅས་ནད་པ་གྲངས་ ༧༠༧༠༢ གསོལ་སྨན་ཕྱེད་བཅག་གིས་ཕུལ་བའི་མ་གནས་ཧིན་སྒོར་ ༣༥༢༧༦༢༨།༧༨ སོང་ཡོད། ཉམ་ཐག་ནད་པ་གྲངས་ ༡༡༣༧༦༥ ལ་སྨན་སྦྱིན་བཏང་བ་དངུལ་བསྒྱུར་སྒོར་ ༨༦༥༩༢༧༩།༩༠ སོང་། ལོ་དེར་སྨན་སྦྱིན་དང་། ཕྱེད་བཅག སྨན་དོད་ཡོད་པ་བཅས་ཁྱོན་བསྡོམས་ནད་པ་གྲངས་ ༥༣༥༤༦༧ ལ་གསོལ་སྨན་མཁོ་སྤྲོད་ཞུས་པའི་མ་གནས་སྒོར་༦༥༥༧༥༨༢༡།༡༥ བཏང་ཡོད་པས་སྔར་ལོའི་ནད་གྲངས་དང་སྨན་གྱི་མ་གནས་སོགས་དང་བསྡུར་ན་གང་ཅིའི་ཐད་ནས་འཕར་ཡོད།
ཕྱི་ལོ་༢༠༡༠ ལོར་དབུས་སའི་ཡན་ལག་སྨན་ཁང་ཁག་ཏུ་བོད་སྨན་བསྟེན་གཏུགས་བྱེད་མཁན་ནད་པ་གྲངས་ ༣༨༨༥༧༣༥ ལ་བལྟ་རེག་དྲི་གསུམ་གྱི་སྒོ་ནས་སྨན་བཅོས་ཞུས་འདུག་ལ། དེ་བཞིན་ཉམ་ཐག་ནད་པ་དང་། བྱ་བྲལ་བ། གཞུང་གིལས་བྱེད་བཅས་ལ་རིན་མེད་སྨན་བཅོས་དང་། གསར་འབྱོར་བ་དང་གྲྭ་བཙུན་སྔགས་གསུམ་བཅས་ནད་གྲངས་ ༥༥༥༧༨༨ སྨན་རིན་ཕྱེད་བཅག་གིས་ཕུལ་བའི་མ་གནས་ཧིན་སྒོར ༥༡༣༢༩༦༩༠།༦༥ སོང་ཡོད། ཉམ་ཐག་ནད་པ་གྲངས་ ༡༨༦༡༣༤༤ སྨན་སྦྱིན་བཏང་བ་དངུལ་བསྒྱུར་སྒོར ༦༡༧༤༣༥༧༧།༧༡ སོང་། ལོ་དེར་སྨན་སྦྱིན་དང་། ཕྱེད་བཅག སྨན་དོད་ཡོད་པ་བཅས་ཁྱོན་བསྡོམས་ནད་པ་གྲངས་ ༣༨༨༥༧༣༥ ལ་གསོལ་སྨན་མཁོ་སྤྲོད་ཞུས་པའི་མ་གནས་བབ་སྒོར་ ༧༨༧༦༦༠༩༦༧།༦༣ སོང་ཡོད་པས་སྔར་ལོའི་ནད་གྲངས་ལས་ཉུང་དུ་སོང་ཡོད་ཀྱང་མ་དངུལ་གང་འཚམ་འཕར་ཡོད་པ་དེའི་སྟེང་ནས་ལོ་རེ་བཞིན་སྨན་རྒྱུ་སོགས་དངོས་རིགས་ཀྱི་གོང་ཚད་གོང་ནས་གོང་དུ་འཕར་བཞིན་ཡོད་པ་མཚོན་ཐུབ།
ག༽གལ་ཆེའི་ལས་གཞི་ཁག
༡༽རིག་གཞུང་དང་འབྲེལ་བའི་སྐོར།
ཕྱི་ལོ་ ༢༠༠༥ ལོར་དབུས་སྨན་རྩིས་ཁང་ནས་སྐར་རྩིས་པ་དབྱིན་སྐད་ཤེས་མཁན་རྣམས་ལ་ཕྱི་ལུགས་སྨན་རྩིས་རིག་པའི་སྐོར་དང་། ནུབ་ཕྱོགས་པའི་ལུགས་ཀྱི་རྩིས་འབྲས་འདོན་སྟངས། གཟའ་སྐར་སོགས་ཕྱི་ཚེས་དང་བསྟུན་ཏེ་ཁྱིམ་གང་དུ་གནས་མིན་བཅས་གློག་ཀླད་བརྒྱུད་ཤེས་རྟོགས་བྱ་རྒྱུའི་སྐོར་ལ་ཨསྟྲི་ཡ་ནས་ཡིན་པ་ལྕམ་མ་རི་ཐ་དང་། སྐུ་ཞབས་རྦ་ནི། ར་ཡི་ནཱ་ཡི་བཅས་ཀྱིས་ཟབ་འཁྲིད་ཞུས་པས་གནམ་རིག་སྐར་རྩིས་ཀྱི་རྣམ་བཞག་དེང་གི་ཚན་རིག་འཕྲུལ་ཆས་ལམ་ནས་སློབ་སྦྱོང་བྱེད་སྟངས་ཀྱི་ལམ་སྟོན་གནང་བ་ཐོག་མ་དེ་ཡིན་པར་གྲགས། དེ་བཞིན་ཕྱི་རྒྱལ་མི་རིགས་དོན་གཉེར་ཅན་ཁག་ཅིག་ལ་ལ་དྭགས་རིག་གཞུང་བསྟི་གནས་ཁང་དུ་ཉིན་བཅུའི་རིང་དུ་གསོ་རིག་ཞིབ་འཇུག་སྡེ་ཚན་གྱི་འགན་འཛིན་སྨན་རམས་པ་པདྨ་རྡོ་རྗེ་དང་། སྨན་རྫས་ཉམས་ཞིབ་པ་སྨན་པ་ཚེ་རིང་རྡོ་རྗེ། ནད་བཅོས་ཉམས་ཞིབ་སྨན་པ་བསྟན་འཛིན་རྣམ་གྲོལ། ལ་དྭགས་རིག་བསྟིའི་སྨན་རྩིས་པ་འགན་འཛིན་དཀོན་མཆོག་ཚེ་རིང་བཅས་ནས་སྨན་རྩིས་སློབ་ཁྲིད་ཞུས། དེ་བཞིན་དུ་སྐར་རྩིས་པ་བསོད་ནམས་རྡོ་རྗེ་ལགས་ནས་ལ་དྭགས་ཁུལ་གྱི་རྩིས་ལ་དོ་སྣང་ཡོད་མཁན་སྐོར་ཞིག་ལ་ཟླ་གཅིག་རིང་ཟབ་ཁྲིད་བྱས་པས་ཕན་ཐོགས་རྒྱ་ཆེར་བྱུང་འདུག གཞན་ཡང་ལྷན་ཚོགས་ཁང་དུ་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནས་ཕེབས་པའི་སློབ་ཕྲུག་གྲངས་ ༡༥ ལ་རྒྱུད་བཞི་ཕབ་བསྒྱུར་ཚན་པའི་སྨན་པ་བསོད་ནམས་སྒྲོལ་མ་ནས་བོད་སྨན་སྐོར་ལ་ངོ་སྤྲོད་གསུང་བཤད་གནང་བ་སོགས་དབུ་འཛིན་འདིའི་སྐབས་སྨན་རྩིས་ཁང་དབུས་རང་ནས་ཕྱི་རྒྱལ་བ་བོད་ཀྱི་སྨན་རྩིས་གཉིས་ལ་དོ་སྣང་ཅན་དང་། རང་རིགས་སོགས་ཕོ་མོ་དབྱེར་མེད་ལ་ཟབ་ཁྲིད་གང་མང་གནང་སྟེ་སྨན་རྩིས་གཉིས་ཀྱི་གོ་རྟོགས་རྒྱལ་སྤྱིའི་སྡིངས་ཆའི་སྒང་སླེབས་པར་འབད་བརྩོན་ཆེན་པོ་གནང་ཡོད།
ལོ་དེར་བོད་གཞུང་ཤེས་རིག་ལས་ཁུངས་ནས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་དགེ་རྒན་འོས་སྦྱོང་གི་ཟབ་སྦྱོང་གོ་སྒྲིག་ཞུས་པའི་ནང་། སྨན་རྩིས་ཁང་གི་འགན་འཛིན་སྨན་རམས་པ་ཟླ་བ་ནས་ཟབ་སྦྱོང་བ་རྣམས་ལ་བོད་ཀྱི་གསོ་བ་རིག་པའི་སྐོར་དང་། རྩིས་དགེ་བསོད་ནམས་རིན་ཆེན་ལགས་ནས་ཟབ་སྦྱོང་བ་རྣམས་ལ་ཚོགས་ཐེངས་བཞིའི་རིང་བོད་ཀྱི་ཀུན་ཁྱབ་རྩིས་རིག་པའི་སྐོར་ལ་སློབ་ཁྲིད་གནང་། ཉམས་ཞིབ་སྡེ་ཚན་འགན་འཛིན་སྨན་རམས་པ་པདྨ་རྡོ་རྗེ་མཆོག་ནས་ས་རཱ་མཐོ་སློབ་ཁང་དུ་ཨ་རིའི་ Maima University, Ohio, USA མཐོ་སློབ་ཀྱི་སློབ་མ་དང་དགེ་རྒན་ལས་བྱེད་གཅིག་ལྕོགས་སློབ་དཔོན་གཉིས་བཅས་ཁྱོན་བསྡོམས་མི་གྲངས་ ༡༧ ཅན་ཞིག་བོད་ཀྱི་ཐུན་མིན་རིག་གཞུང་ཁག་ལ་སློབ་སྦྱོང་གནང་བར་ཕེབས་པ་རྣམས་ལ་བོད་ཀྱི་གསོ་བ་རིག་པའི་ལྟ་གྲུབ་དང་། ལག་ལེན་ངོ་སྤྲོད། བོད་སྨན་གྱི་ཐོག་ཉམས་ཞིབ་བྱེད་སྒོ་ཁག་སོགས་གསལ་བཤད་དང་འགྲེལ་བརྗོད་གནང་ཡོད། ལོ་དེའི་ཟླ་ ༧ ཚེས་ ༡༧ ཉིན་སྨན་རམས་པ་པདྨ་རྡོ་རྗེ་དང་སྐར་རྩིས་པ་ཚེ་རིང་ཆོས་འཛོམས་རྣམ་གཉིས་སྐུ་ཞབས་ Rabimder (ENU) མཆོག་གིས་འབྲེལ་མཐུད་གནང་བའི་ངྷ་སྟེང་བག་སུ་ན་ཐཱ་མགྲོན་ཁང་དུ་གོ་སྒྲིག་གནང་བཞིན་པའི་ A.A.Convention ཞེས་པར་བོད་ཀྱི་སྨན་རྩིས་གཉིས་ཀྱི་སྐོར་འགྲེལ་བརྗོད་གནང་འདུག
ཟླ་ ༩ ཚེས་ ༢༩ ནས་ཟླ་ ༡༢ ཚེས་ ༡༤ བར་སྐར་རྩིས་པ་ཚེ་རིང་ཆོས་འཛོམས་ནས་ཨ་སྟྲི་ལི་ཡའི་གྲོང་ཁྱེར་ཁག་བརྒྱད་ནང་སྐར་དཔྱད་རྩིས་རིག་གི་སྐོར་ལ་གཏམ་བཤད་དང་དྲི་བར་ལན་འདེབས་གནང་བ་དང་། རྩིས་འབྲས་འདོན་འབུལ་ཞུས་ཤིང་། ནད་བཅོས་ཉམས་ཞིབ་སྨན་པ་བསྟན་འཛིན་རྣམ་གྲོལ་ལགས་ནས་ཨ་རི་མི་ནི་སོ་ཌ་མཐོ་སློབ་ཀྱི་སྨན་པ་དང་སློབ་ཕྲུག་ཁག་ཅིག་ལ་བོད་སྨན་སྐོར་གསུང་བཤད་གནང་བ་དང་། ཐེ་ལེན་ཌི་སིམ་ཞེས་པའི་ཚོགས་པ་ཞིག་ནས་གོ་སྒྲིག་འོག་ཐའེ་ལནཌའི་ནང་བོད་སྨན་ཟབ་སྦྱོང་དང་ནད་པར་བརྟག་དཔྱད་ཆེད་གསོ་རིག་ཞིབ་འཇུག་སྡེ་ཚན་གྱི་འགན་འཛིན་སྨན་རམས་པ་པདྨ་རྡོ་རྗེ་ལགས་ཆེད་བཅར་ཞུས་ཏེ་སྨན་བཅོས་གནང་བས་ཕན་འབྲས་གང་ལེགས་བྱུང་།
ཕྱི་ལོ་ ༢༠༠༦ ཟླ་ ༥ པའི་ནང་ྋགོང་ས་མཆོག་ཨ་མི་རི་ཀའི་ནང་ྋཞབས་སོར་ཆིབས་བསྒྱུར་བསྐྱངས་པའི་སྐབས། དེ་ཁུལ་སྐུ་ཚབ་དོན་གཅོད་མཆོག་ནས་འབྲེལ་ལམ་ཞུས་པ་བརྒྱུད་ Federal University of Saupolo School of Medicine གཙུག་ལག་སློབ་གྲྭའི་སྡེ་ཚན་ཞིག་དང་སྨན་རྩིས་ཁང་གི་བར་ཤེས་ཡོན་སྤེལ་རེས་དང་ཉམས་ཞིབ་བྱ་འདུན་ཡོད་སྐོར་ྋགོང་ས་མཆོག་ལ་སྙན་སེང་ཞུས་ཡོད་པ་དང་། སྔོན་འགྲོའི་གན་འཇོག་ཟིན་པ་འཇུག་སྐྱོང་བྱ་ཕྱིར་དེ་ནས་ཡིག་འབྲེལ་ཐེངས་འགའ་ཞུས་ཏེ་སྔོན་འགྲོའི་རྒྱུས་མངའ་དང་ཞིབ་འཇུག་ལས་གཞི་སྤེལ་ཕྱོགས་ཐད་གོ་བསྡུར་བྱ་ཕྱིར་འདི་ནས་མི་འགྲོ་ཆེད་གཏོང་བྱ་རྒྱུ་ཞུས་ཀྱང་ལན་འདེབས་བྱུང་མེད། འོན་ཀྱང་ཕྱི་ལོ་ ༢༠༠༧ ཟླ་ ༤ པའི་ནང་སྐུ་ཚབ་དོན་གཅོད་དང་། དེ་གའི་སློབ་གྲྭའི་དགེ་ཆེ་ཞིག་སྨན་རྩིས་ཁང་དུ་ཆེད་ཕེབས་ཀྱིས་དེ་གའི་སློབ་གྲྭའི་སྐོར་ངོ་སྤྲོད་དང་། མ་འོངས་མཉམ་རུབ་ཉམས་ཞིབ་བྱ་ཕྱོགས་ཀྱི་གོ་བསྡུར་ཞུས་ཏེ་ཉམས་ཞིབ་ཀྱི་ལས་གཞི་སྤེལ་རྒྱུའི་ཐད་ཕྱོགས་ཕན་ཚུན་བར་ཐོག་མར་རྒྱུས་མངའ་དང་ངོ་སྤྲོད་ཆེད་འབྲེལ་ཡོད་ཆེད་ལས་མི་སྣ་ཆེད་གཏོང་བྱ་རྒྱུ་དང་། དེ་ནས་རིམ་པས་ཉམས་ཞིབ་བྱ་རྒྱུའི་ནང་དོན་གཏན་འབེབས་ཀྱིས་ལས་གཞི་སྤེལ་རྒྱུའི་སྐོར་བཀའ་མོལ་ཞུས་དོན་བཞིན་ཕྱོགས་ཕན་ཚུན་གཉིས་ཀ་གྲོས་མཐུན་བྱུང་བ་ལྟར་ཕྱིི་ལོ་ ༢༠༠༧ ལོར་ཆེད་ལས་མི་སྣ་ཆེད་གཏོང་གིས་སྔོན་འགྲོའི་ལས་གཞི་སྤེལ་རྒྱུ་ཐག་གཅོད་བྱུང་། བོད་ཀྱི་གསོ་བ་རིག་པ་རྒྱ་གར་གཞུང་གིས་ཁྲིམས་མཐུན་ངོས་ལེན་ཇི་ལྟར་ཞུས་པའི་སྐོར།
སྤྱིར་སྨན་སྦྱིན་སློབ་ཁང་གསར་དུ་བཙུགས་པ་ནས་ཁྲིམས་མཐུན་དེབ་སྐྱེལ་ཡོང་ཐུབ་ཀྱི་ཐབས་འཚོལ་གང་མང་གནང་ཡོད་ལ། ལྷག་པར་ྋསྐུའི་གཅེན་པོ་སྟག་ལྷ་བློ་བཟང་བསམ་གཏན་མཆོག་གིས་འགན་འཛིན་གནང་བའི་སྐབས་སྨན་པ་རྒན་གྲས་རྣམས་དང་གོ་བསྡུར་བགྱིས་ཏེ་སིམ་ལ་འཕྲོད་བསྟེན་ལས་ཁུངས་ཀྱིས་གཙོས་འབྲེལ་ཡོད་ཁག་ལ་ཆེད་བཅར་གྱིས་སྙན་ཞུ་ཐེངས་མང་ཕུལ་བ་སོགས་ཀྱི་ལས་དོན་གང་མང་སྤེལ་ཡོད་ནའང་། འགན་འཛིན་རེ་ཟུང་གི་སྐབས་རྒྱུན་མཐུད་མ་ཐུབ་པ་སོགས་ཀྱི་གནས་སྟངས་བྱུང་ཡོད་སྲིད་ཀྱང་འགན་འཛིན་ཕལ་མོ་ཆེས་དེ་དོན་ལ་ནུས་ཤུགས་གང་ནུས་བཏོན་ཡོད་པ་གདོན་མི་ཟ། ལྷག་པར་སྐུ་ངོ་ཚེ་རིང་བཀྲ་ཤིས་མཆོག་གི་སྐབས་སུ་སྔར་ལྟར་གསོ་བ་རིག་པ་ངོས་ལེན་ཡོང་ཐུབ་ཀྱི་ལས་འཆར་གང་མང་སྤེལ་ཡོད་ཀྱང་ཕྱོགས་མང་པོའི་གནས་སྟངས་འོག་དོན་འབྲས་བྱུང་མེད། ཕྱི་ལོ་ ༢༠༠༦ ལོར་བོད་ཀྱི་གསོ་བ་རིག་པ་ངོས་ལེན་ཡོང་ཐབས་ཐད་རྒྱ་གར་གཞུང་གི་ཨ་ཡུཤའི་སྨན་གྱི་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་སྨན་རྩིས་ཁང་ལ་གཟིགས་སྐོར་ཕེབས་སྐབས་ངག་ཐོག་ནས་སྙན་སེང་ཞུས་པ་དང་། ཡིག་ཐོག་ནས་ཐེངས་གཉིས་ཙམ་ཕུལ། དེ་བཞིན་ྋགོང་ས་མཆོག་ནས་ངྷ་ས་རྒྱ་གར་གཞུང་ཚབ་ཀྱི་འགན་འཛིན་ལ་བོད་སྨན་ངོས་ལེན་ཡོང་ཐབས་ཐད་རྒྱ་གར་ཕྱི་སྲིད་བློན་ཆེན་དང་བཀའ་མོལ་བྱུང་བ་མཇུག་སྐྱོང་བྱ་ཕྱོགས་བཀའ་མངགས་གནང་བ་བཞིན། ས་གནས་རྒྱ་གར་གཞུང་ཚབ་ཀྱི་འགན་འཛིན་དང་ཐུགས་འཕྲད་ཀྱིས་ངོ་སྤྲོད་དང་། དེ་སྔ་ཕུལ་བའི་སྙན་ཞུའི་ངོ་བཤུས་ཆ་ཚང་ཕུལ། དེ་བཞིན་རྒྱ་གར་དབུས་གཞུང་ཕྱི་སྲིད་ལས་ཁུངས་ནས་དི་ལླིི་དོན་གཅོད་བརྒྱུད་དེའི་ཐད་བཀའ་རྩད་ཕེབས་པ་བཞིན་འདས་པའི་ནང་སྨན་རྩིས་ཁང་ནས་བོད་སྨན་ངོས་ལེན་ཡོང་ཐབས་ཐད་སྙན་ཞུ་ཕུལ་བའི་ངོ་བཤུས་ཆ་ཚང་ཕུལ་བ་དང་། དེའི་རྗེས་སུ་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་བགྲེས་གཞོན་གཉིས་དི་ལླིིར་ཨ་ཡུཤ་སྨན་པའི་ལྷན་ཚོགས་ཀྱི་འགན་འཛིན་ལ་ཐུགས་འཕྲད་སྐབས་ཀྱང་གོང་གསལ་སྙན་ཞུ་རྣམས་ལ་བདག་སྤྲོད་དོ་སྣང་བྱེད་ཚུལ་དང་འབྲེལ་ཡོད་གཞན་ངོ་སྤྲོད་དང་ལམ་སྟོན་སོགས་གནང་སྟེ་བོད་སྨན་ལ་རྒྱབ་སྐྱོར་ཡོད་པའི་རྣམ་པ་གསལ་བོར་བསྟན།
བོད་ཀྱི་གསོ་བ་རིག་པའི་སྲོལ་རྒྱུན་སྨན་གྱི་རིག་གནས་རྒྱ་གར་གཞུང་ནས་ཁྲིམས་ཐོག་ངོས་ལེན་ཡོང་ཕྱིར་ཆེས་མཐོའི་སྨན་པའི་ལྷན་ཚོགས་ངོས་ནས་རེ་སྐུལ་གནང་དོན་ལྟར་ངོས་ལེན་ཞུ་རྒྱུའི་ལས་དོན་ཚོགས་ཆུང་མི་འགྲོའི་ཐད་སྨན་རྩིས་ཁང་གི་སྐུ་ཚབ་ཏུ་སྨན་པ་བསྟན་འཛིན་རྣམ་གྲོལ་བསྐོ་བཞག་བྱུང་བ་དང་། ངོས་ལེན་ཆེད་སྔོན་འགྲོའི་ལས་དོན་དུ་རྒྱ་གར་གཞུང་ནས་ཆེད་འཛུགས་མཁས་དབང་ཚོགས་ཆུང་གི་ཚོགས་མི་བརྒྱད་ཕྱི་ལོ་ ༢༠༠༧ ཟླ་ ༩ ཚེས་ ༢༡ ནས་ཉིན་གསུམ་རིང་འདི་གར་ཕེབས་ནས་བགྲོ་གླེང་ཚོགས་འདུ་བསྐྱངས་བ་མ་ཟད། རྒྱ་གར་དབུས་འཕྲོད་བསྟེན་ལས་ཁུངས་ནས་ཆེད་འཛུགས་མཁས་པའི་ཚོགས་ཆུང་གི་ཚོགས་གཙོ་ཝར་ཎ་གཙུག་ལག་སློབ་གཉེར་ཁང་གི་ངེས་སྟོན་པ་དགེ་བཤེས་ངག་དབང་བསམ་གཏན་གྱི་གཙོ་ཁྲིད་འོག་ཚོགས་ཆུང་དང་ལྷན་དུ་བོད་ཀྱི་གསོ་རིག་དང་། ཨ་ཡུར་ཝེ་ཏའི་ཁྱད་པར་ལས་བརྩམས་པའི་ཤེས་ཡོན་སྤེལ་རེས་བྱས་འདུག་པ་མ་ཟད། དེ་ནས་ཕྱི་ལོ་ ༢༠༠༧ ཟླ་ ༡༠ ཚེས་ ༥ ནས་ཚེས་ ༡༤ བར་སྨན་རྩིས་ཁང་གི་འགན་འཛིན་བགྲེས་གཞོན་གཉིས་ཀྱིས་གཙོས་སྨན་པ་བགྲེས་པ་ཁག་ཅིག་ལས་དོན་དེའི་ཆེད་མཁས་དབང་ཞིབ་འཇུག་ཚོགས་འདུར་ཞུགས། མཁས་དབང་ཞིབ་འཇུག་ཚོགས་ཆུང་དེ་ནི་རྒྱ་གར་དབུས་གཞུང་འཕྲོད་བསྟེན་ལས་ཁུངས་ནས་ཆེད་འཛུགས་གནང་བའི་ཚོགས་པ་ཞིག་ཡིན་ཞིང་། ཚོགས་འདུ་དེའི་སྐབས་བོད་སྨན་དང་ཨ་ཡུ་ཝེ་ཏའི་སྨན་ལུགས་བར་ཤེས་ཡོན་སྤེལ་རས་དང་། བོད་ཀྱི་གསོ་བ་རིག་པའི་འབྱུང་ཁུངས་ལོ་རྒྱུས་དང་ཐུན་མིན་ཁྱད་ཆོས་སོགས་གསལ་བཤད་ངོ་སྤྲོད་བྱས།
ལོ་དེའི་ཟླ་ ༡༠ ཚེས་ ༦ ནས་ཚེས་ ༡༤ བར་དབུས་སྨན་རྩིས་ཁང་གི་འཛིན་སྐྱོང་གི་བཀའ་འབྲེལ་བཞིན་དབུ་འཛིན་སྨན་རམས་པ་ཟླ་བ་མཆོག་དང་། གསོ་རིག་ཞིབ་འཇུག་སྡེ་ཚན་འགན་འཛིན་སྨན་རམས་པ་པདྨ་རྡོ་རྗེ་སོགས་སྨན་པ་བགྲེས་གཞོན་ཁག་ཅིག་ཝར་ཎ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་གོ་སྒྲིག་གནང་བའི་བོད་ཀྱི་གསོ་བ་རིག་པ་དང་། རྒྱ་གར་ཚེ་ཡི་རིག་བྱེད་གཉིས་ཀྱི་བགྲོ་གླེང་ཚོགས་འདུར་ཚོགས་བཅར་ཞུས། ཝར་ཎ་གཙུག་ལག་ཁང་དུ་བོད་ཀྱི་གསོ་བ་རིག་པའི་སྨན་པ་རྣམས་དང་། རྒྱ་གར་ཚེ་ཡི་རིག་བྱེད་ཀྱི་སྨན་པ་རྣམས་ཀྱིས་གྲོས་གཞི་ཟུར་འདོན་ཡོད་པའི་ཐོག་ལུགས་སོ་སོའི་སྨན་གྱི་གཞུང་ལས་བགྲོ་གླེང་ལྷུག་པོར་གནང་བ་སོགས་རིང་ནས་འབད་བརྩོན་ལྷོད་མེད་གནང་བ་ལ་བརྟེན་ནས་ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༢༥ ཉིན་རྒྱ་གར་གྲོས་ཚོགས་གོང་མའི་ནང་ངོས་ལེན་གནང་བ་དང་། ཟླ་དེའི་ཚེས་ ༣༡ ཉིན་གྲོས་ཚོགས་འོག་མའི་ནང་ངོས་ལེན་གཙང་མ་ཐོབ། དེ་ཡང་ཕྱི་ལོ་ ༡༩༧༠ ལོར་བཞག་པའི་རྒྱ་གར་དབུས་སྨན་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་དོན་ཚན་ ༢ དང་། ༣ །༨། ༩། ༡༧། (To confer legal status to Sowa Rigpa, amendments to section 2,3,8,9, and 17 of the India medicine central council ACT 1970) བཅས་ལ་བསྐྱར་བཅོས་ཐོག་ཁྲིམས་མཐུན་ངོས་ལེན་ཞུས། ལོ་མང་སྔོན་ནས་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་ལམ་སྟོན་བཞིན་བོད་སྨན་ཁྲིམས་མཐུན་ལག་ལེན་ཡོང་ཐབས་སུ་རྒྱ་གར་དབུས་དང་རིག་གཞུང་གི་སྡེ་ཚན་ཁག་ལ་གོ་བསྡུར་ལན་མང་ཞུས་ཡོད་པ་མ་ཟད། ལྷག་པར་ཧི་མ་ལ་ཡ་རི་རྒྱུད་ཁག་ནས་གནའ་སྔ་མོ་ནས་བོད་སྨན་ལག་ལེན་བྱེད་བཞིན་ཡོད་པས་དེ་དག་དང་མཉམ་སྦྲེལ་གྱིས་བོད་སྨན་ཁྲིམས་མཐུན་ཡོང་ཐབས་སུ་ཐབས་འཚོལ་ལན་མང་བྱས་པ་བརྒྱུད་ད་གཟོད་ངོས་ལེན་ཐོབ་པ་ཞིག་ཡིན་ལ། ཁྲིམས་མཐུན་ངོས་ལེན་ཡིག་ཆ་དེར་བོད་ཀྱི་གསོ་བ་རིག་པ་ཞེས་འཁོད་མེད་ཀྱང་རྒྱབ་ལྗོངས་ལོ་རྒྱུས་ནང་གསོ་བ་རིག་པ་ཞེས་པ་དེའི་འབྱུང་ཁུངས་དངོས་བོད་ནས་ཡིན་ཚུལ་དང་དེ་ནས་རིམ་པས་ཧི་མ་ལ་ཡའི་རི་རྒྱུད་ཁག་དང་སོག་པོ་སོགས་སུ་དར་ཁྱབ་བྱུང་བའི་གནས་ཚུལ་ཞིབ་ཕྲ་བཀོད་ཡོད། དེས་ན་བོད་ཀྱི་གསོ་བ་རིག་པ་འདི་བཞིན་རྒྱ་གར་གཞུང་གིས་ཁྲིམས་ཐོག་ངོས་ལེན་ཞུས་པ་དེ་ཚོགས་པ་བྱེ་བྲག་པ་ཞིག་དང་གང་ཟག་བྱེ་བྲག་པ་ཞིག་གི་འཇོན་ཐང་གི་གནས་བབས་འོག་ནས་ངོས་ལེན་ཞུས་པ་མ་ཡིན་པར་གཙོ་བོ་རིག་གཞུང་རང་གི་ཐུན་མིན་ཁྱད་ཆོས་དང་ཕན་ནུས་དམིགས་བསལ་ཡོད་པ་རྒྱུས་ལོན་བྱུང་བ་དང་། སྤྱི་སྒེར་ཚང་མས་ནུས་ཤུགས་གཅིག་སྒྲིལ་གནང་བ་སོགས་ལ་བརྟེན་ནས་བྱུང་བ་ཡིན་པས་གསོ་བ་རིག་པ་རྒྱ་གར་གཞུང་གིས་ཁྲིམས་མཐུན་ངོས་ལེན་ཞུས་པ་དེ་རྒྱལ་ཁ་འམ་ཡང་ན་ཕམ་ཁ་གང་ཡིན་ཡང་ཚང་མས་ལེབ་འཁུར་བྱེད་དགོས་པ་ལས་སུ་ལ་ངོ་སོ་དང་ནག་ཉེས་ཀྱི་དབྱེ་འབྱེད་མེད་པ་ལོ་རྒྱུས་ཀྱི་སྡོམ་ཚིག་གི་ཚུལ་དུ་བཞག་འདོད་བྱུང་།
ཕྱི་ལོ་ ༢༠༠༧ ཟླ་ ༡ ཚེས་ ༡༡ ནས་ཉིན་གསུམ་རིང་ྋསྐྱབས་རྗེ་ཁམས་སྤྲུལ་རིན་པོ་ཆེར་སྙན་སེང་ཞུས་དོན་ལྟར་སྨན་རམས་པ་འབྲིང་བ་རྣམས་ལ་གཡུ་ཐོག་སྙིང་ཐིག་གི་ཆོས་འཁོར་ལས་བླ་སྒྲུབ་སྡུག་བསྔལ་མུན་སེལ་དང་། དྲང་སྲོང་དགོངས་རྒྱན་གཉིས་ཀྱི་ཁྲིད་ལུང་གནང་།
ལོ་དེར་ཨསྟྲི་ཡའི་ཀེ་རིན་ཐི་ཡ་མངའ་སྡེའི་ནང་ཆེས་མཐོའི་བོད་ཀྱི་རིག་གཞུང་བསྟི་གནས་ཁང་ཞིག་གསར་འབྱེད་ཞུ་རྒྱུའི་ལས་འཆར་ནང་སྨན་རྩིས་ཁང་གི་ཆ་ཤས་ལེན་དགོས་པའི་བཀའ་སྩལ་གནང་དོན་ལྟར་བཀའ་རྩི་དང་ལེན་གྱིས་སྔོན་འགྲོའི་གྲ་སྒྲིག་ཞུ་སྒོ་རྣམས་འཐུས་གཙང་ཞུས། ཕྱི་ལོ་ ༢༠༠༦ ཟླ་ ༥ པའི་ནང་ྋགོང་ས་མཆོག་ས་གནས་དེའི་གཞུང་ནས་གདན་ཞུས་ཐོག་སློབ་གྲྭ་འཛུགས་ཡུལ་ས་གནས་ལ་གཟིགས་སྐོར་དང་། མིང་བྱང་དབུ་འབྱེད་གནང་། དེ་ནས་བཟུང་ད་བར་དེ་གའི་ཡུལ་ཁྲིམས་བཞིན་སློབ་གྲྭ་འཛུགས་ཆོག་པའི་ཆོག་མཆན་ཞུ་རྒྱུའི་ཆེད་དགོས་ངེས་ཡིག་ཆ་དང་། སྨན་རྩིས་གཉིས་ཀྱི་སློབ་ཁྲིད་བྱ་རྒྱུའི་སློབ་ཁྲིད་ཀྱི་རྩ་འཛིན་བཟོ་སྒྲིག་བྱེད་རྒྱུ་སོགས་ཀྱི་ལས་འཆར་མཐའ་དག་ ༢༠༠༧ ལོར་ལེགས་གྲུབ་ཀྱིས་ལོ་དེའི་ཟླ་ ༡༠ ནང་དབུ་འབྱེད་མཛད་སྒོ་བསྐྱངས། ཟླ་དེའི་ཚེས་ ༢༨ ནས་ཟླ་ ༡༡ ཚེས་ ༤ བར་འགན་འཛིན་སྨན་རམས་པ་ཟླ་བ་ལགས་ཨསྟྲི་ཡའི་བོད་ཀྱི་རིག་གཞུང་བསྟི་གནས་ཁང་དབུ་འབྱེད་མཛད་སྒོར་བཅར་བའི་ཞོར་དུ་སྭི་ཌེན་སྨན་གྱི་གཙུག་ལག་སློབ་གྲྭའི་སྨན་པ་ཀྲོ་རེ་པར་སན་དང་མཇལ་འཕྲད་ཐོག་སྨན་རྩིས་ཁང་དང་ཟུང་འབྲེལ་ལས་འཆར་ཐད་གོ་བསྡུར་ཞུས་ཤིང་། ཟླ་ ༡༡ ཚེས་ ༡༦ ནས་ ༢༠༠༩ ཟླ་ ༣ ཚེས་ ༣༠ བར་སྨན་པ་ཚུལ་ཁྲིམས་སྐལ་བཟང་ལགས་དང་སྐར་རྩིས་པ་ཚེ་རིང་ཆོས་འཛོམས་གཉིས་ཨསྟྲ་ཡར་བོད་ཀྱི་ཆེས་མཐོའི་སློབ་གཉེར་ཁང་གིས་གོ་སྒྲིག་གནང་བའི་ཕྱི་ལུགས་སྨན་པ་ཁག་ཅིག་ལ་བོད་སྨན་དང་དོན་གཉེར་ཅན་ཁག་ཅིག་ལ་རྩིས་ཀྱི་སློབ་ཁྲིད་བྱ་རྒྱུར་ཆེད་གཏོང་ཞུས་ཏེ་སྨན་རྩིས་གཉིས་ལ་གོ་རྟོགས་དང་ཕྱི་ལུགས་གསོ་རིག་སོགས་ལ་རྒྱུས་ལོན་གནང་ཐུབ་པ་བྱུང་བ་ནས་ད་ལྟའི་ཆར་ཨསྟྲི་ཡའི་ཀེ་རིན་ཐི་ཡ་མངའ་སྡེའི་ནང་ཆེས་མཐོའི་བོད་ཀྱི་རིག་གཞུང་བསྟི་གནས་ཁང་དུ་སྨན་རྩིས་གཉིས་ཀྱི་སློབ་ཁྲིད་འགྲོ་མུས་ཡིན་ཞིང་། ལྷག་པར་བོད་ཀྱི་གསོ་རིག་སློབ་ཁྲིད་ཀྱི་རྩ་འཛིན་གཞིར་བཟུང་ལོ་རེའི་ནང་འདི་ནས་སྔ་ཕྱི་རིམ་པ་བྱས་ནས་སྨན་རྩིས་དགེ་རྒན་རིམ་གཏོང་གིས་སློབ་ཁྲིད་གནང་བས་ད་ཆ་སློབ་ཐེངས་དང་པོའི་སློབ་ཚན་ཡོངས་སུ་རྫོགས་ཏེ་སློབ་ཐེངས་གཉིས་པ་རིང་མིན་མགོ་འཛུགས་ཞུ་རྒྱུ་ཡིན་པ་རེད། ཨ་རི་ཝི་ས་ཀོན་སན་ལ་ཡོད་པའི་ Duane Nelson ཞེས་པའི་སྒེར་པ་ཞིག་ནས་དེ་སྔ་ཡན་ལག་སྨན་ཁང་ཞིག་སྒོ་འབྱེད་ཡོང་བ་ཞེས་ཞུས་དོན་ལྟར་ཕྱི་ལོ་ ༢༠༠༣ ཟླ་ ༣ ཙམ་ནས་ ༢༠༠༦ ཟླ ༨ བར་སྨན་པ་གཉིས་བསྐོ་གཏོང་ཞུས་ཀྱང་གྲུབ་འབྲས་དེ་ཙམ་ལེགས་པོ་བྱུང་མེད་ལ། ཆོད་གན་བཞིན་སྨན་རྩིས་ཁང་ལ་ཕྱིར་སློག་བྱ་དགོས་པའི་སྨན་རིན་དང་། སྨན་པའི་ཞབས་ཡོན་དུས་ཐོག་མ་བཏང་བར་ནར་འགྱངས་དང་། དངུལ་འབོར་ཡང་གང་འཚམས་ཤིག་ལོ་ལྟར་ཡོང་བསྡད་རྩིས་གཙང་མེད་པ། སྨན་རྩིས་ཁང་ལའང་ཁེ་ཕན་དེ་ཙམ་མེད་ཁར་འདི་ནས་བསྐོ་གཏོང་ཞུས་པའི་སྨན་པ་གཉིས་ནས་སྨན་རྩིས་ཁང་དང་དེ་གའི་ཚོགས་པ་དོ་བདག་བཅས་གསུམ་གྱི་བར་བཞག་པའི་གན་རྒྱར་བརྩི་མེད་ཀྱིས་ཞབས་གཡར་དུས་ཡུན་རྫོགས་ཀྱང་ཕྱིར་མ་ལོག་པ་སོགས་ཀྱི་གནས་སྟངས་ཆགས་རྐྱེན་དེ་གའི་གོ་སྒྲིག་པར་ཕྱི་ལོ་ ༢༠༠༦ རིང་གྲུབ་འབྲས་ལ་གཞིགས་ཏེ་མཐའ་མའི་ཐག་གཅོད་བྱ་རྒྱུ་ཞུས་པ་བཞིན་རེ་ཞིག་སྨན་པ་བསྐོ་གཏོང་བྱ་རྒྱུ་མིན་པ་དང་། ཐབས་ལམ་གཞན་རྙེད་སོན་བྱུང་མཚམས་བལྟ་རྒྱུ་ཞེས་ཐག་གཅོད་བྱས་པ་ནས་ད་ལྟའི་བར་འབྲེལ་ལམ་ཕལ་ཆེར་གཙང་བཅད་ལྟ་བུར་གྱུར་ཡོད།
ཕྱི་ལོ་ ༢༠༠༧ ཟླ་ ༡༠ ཚེས་ ༡ ནས་ཚེས་ ༦ བར་དབུས་སྨན་རྩིས་ཁང་གི་འཛིན་སྐྱོང་གི་བཀའ་འབྲེལ་བཞིན་གསོ་རིག་ཞིབ་འཇུག་སྡེ་ཚན་འགན་འཛིན་སྨན་རམས་པ་པདྨ་རྡོ་རྗེ་སོགས་སྨན་པ་སྐོར་ཞིག་ལ་དྭགས་ཀྱི་སྨན་པ་རྣམས་ལ་བོད་ཀྱི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་བའི་བོད་སྨན་ཟབ་སྦྱོང་སློབ་ཁྲིད་གནང་བར་ཕྱོགས་བསྐྱོད་བྱས། ཚེས་ ༥ བར་ཟབ་སྦྱོང་གི་དབུ་འབྱེད་དང་སྦྲགས་ཉིན་བཞིའི་རིང་བོད་ཀྱི་གསོ་རིག་སྨན་པ་རྣམས་ཀྱིས་སློབ་ཚན་འདྲ་མིན་ཐོག་དེ་ག་ལ་དྭགས་ཀྱི་སྨན་པ་དགུང་ལོ་མཐོ་དམན་འབྲིང་གསུམ་མི་གྲངས་བརྒྱ་མ་ཟིན་ཙམ་ལ་ཟབ་སྦྱོང་སློབ་ཁྲིད་ཞུས་ཁོངས་སྨན་རམས་པ་པདྨ་རྡོ་རྗེ་ནས་རྩ་ཆུའི་བཤད་པ་དང་ཆུའི་དམར་ཁྲིད། ཤིང་ཏེལ་ལམ་ཚུགས་ཀྱི་ལག་ལེན་དམར་ཁྲིད་དང་ཕན་ཡོན་སོགས་བསླབས། དེ་ག་ལ་དྭགས་བོད་མིའི་གཞིས་སྒར་དུ་འཕྲོད་བསྟེན་སློབ་གསོའི་དགོས་གལ་ལ་བརྟེན་ཟབ་སྦྱོང་དགེ་རྒན་རྣམས་ཚན་པ་གཉིས་སུ་ཆ་བགོས་ཀྱིས་ཕྱི་དྲོའི་དུས་གསེང་དང་བསྟུན་ཏེ་ཉིན་གཉིས་རིང་འཕྲོད་བསྟེན་ལམ་སྟོན་ཞུས་པ་དང་། ཆེས་མཐོའི་སྨན་པའི་ལྷན་ཚོགས་དང་སྨན་རྩིས་ཁང་གཉིས་ཟུང་འབྲེལ་ཐོག་ཉིན་ལྔའི་རིང་དབུས་དང་ཕྱོགས་མཐའི་སྨན་པ། སྐབས་ ༡༣ པའི་ཉམས་གསོག་སྨན་པ་བཅས་ལ་རྒྱལ་ཡོངས་བོད་ཀྱི་གསོ་བ་རིག་པའི་བགྲོ་གླེང་ཚོགས་འདུ་དང་ཟབ་སྦྱོང་གོ་སྒྲིག་ཞུས།
དེ་བཞིན་ལོ་དེའི་ཟླ་ ༥ ཚེས་ ༢༦ ནས་ཟླ་ ༦ ཚེས་ ༢ བར་ཉིན་བདུན་རིང་ཨ་རི་མི་ནེ་སོ་ཌ་གཙུག་ལག་སློབ་གྲྭའི་སློབ་ཕྲུག་ཁག་ཅིག་ལ་ཁོང་ཚོའི་རེ་འདུན་ལྟར་བོད་ཀྱི་གསོ་བ་རིག་པས་གཙོས་རྩིས་དང་ནང་ཆོས་བཅས་ཀྱི་ཟབ་སྦྱོང་གོ་སྒྲིག་ཞུས་པས་ཕན་ཐོགས་གང་ལེགས་བྱུང་བར་བརྟེན་དུས་དེ་ནས་བཟུང་ལོ་ལྟར་ཟབ་སྦྱོང་ལ་ཡོང་བཞིན་ཡོད་པ་རེད། ༢༠༠༩ ཟླ་ ༣ ཚེས་ ༤ ནས་ཚེས་ ༢༣ བར་འགན་འཛིན་གཞོན་པ་སྨན་པ་རྣམ་རྒྱལ་ཚེ་རིང་ལགས་ལྷོ་ཨ་མི་རི་ཀའི་ཡུལ་གྲུ་བ་རཱ་ཛིལ་གྱི་གཙུག་ལག་སློབ་གྲྭ་ཆེན་མོ་ཞིག་ནས་གདན་ཞུ་གནང་བ་ལྟར་ཆེད་བཅར་དང་། ཟླ་ ༣ ཚེས་ ༢༣ ནས་ཚེས་ ༣༡ བར་ཉིན་གྲངས་དགུའི་རིང་སྐར་རྩིས་པ་ཀུན་དགའ་དོན་འགྲུབ་ལྡི་ལིར་བོད་མི་རྣམས་སྐྱབས་བཅོལ་དུ་འབྱོར་ཏེ་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་གཙི་ཞུས་པར་འཛིན་སྐྱོང་བཀའ་འབྲེལ་རྩིས་རིག་གི་འགྲེམས་སྟོན་ཆེད་བསྐྱོད་བྱས་པ་བཅས་སོ།།
༢༽ཕྱིའི་འཛུགས་སྐྲུན་སྐོར།
འགན་འཛིན་འདིའི་སྐབས་ཨར་ལས་འཛུགས་སྐྲུན་གྱི་ལས་གཞིའི་ཐད་འདས་པའི་ཕུན་ཚོགས་ཁང་གསར་གྱི་ཨར་ལས་ཉམས་མྱོང་གཞི་བཅོལ་གྱིས་མ་འོངས་ཡར་རྒྱས་དང་ཚགས་ཚུད་ཡོང་ཐབས་སུ་ཁྱད་ལས་པ་དང་། འབྲེལ་ཡོད་མི་སྣའི་ལམ་སྟོན་འོག་ཨར་ལས་འཛུགས་སྐྲུན་གྱི་ལས་གཞི་དང་འབྲེལ་བའི་ལམ་སྟོན་ཞེས་པའི་ཡིག་ཆ་ཞིག་ཕྱོགས་བསྒྲིགས་ཞུས་ནས་ཕྱི་ལོ་ ༢༠༠༥ ཟླ་ ༧ ཚེས་ ༢༠ གཏན་ལ་ཕབ། ཕྱི་ལོ་ ༢༠༠༥ ལོར་དི་ལླི་ལ་དྭགས་ནང་དགོན་དང་བུདྷ་ཝི་ཧར་དུ་དབུས་སྨན་རྩིས་ཁང་གི་བཀའ་འབྲེལ་བཞིན་དབུས་དང་ཡན་ལག་ཁག་གི་སྨན་པ་རྣམས་སྨན་བསྐོར་དུ་འགྲོ་མུས་ཡིན་ཡང་། བོད་སྨན་ཁང་མེད་པའི་དཀའ་ངལ་གྱིས་ས་གནས་ཀྱི་མི་མང་ཉམ་ཐག་ནད་མནར་རིགས་ལ་བོད་སྨན་སྐབས་རེར་མ་གཏོགས་མ་རག་པའི་དཀའ་ངལ་འོག་ནད་གཞི་དྲག་སྐྱེད་དུ་འགྲོ་བར་སྨན་ཁང་ཞིག་མེད་དུ་མི་རུང་བས། དེ་གའི་མི་མང་དང་གནད་ཡོད་མི་སྣའི་རེ་སྐུལ་ལྟར་སྨན་རྩིས་ཁང་ནས་དུས་བསྟུན་གྱི་ཕུགས་རྒྱང་རིང་བའི་དགོངས་བཞེས་གནང་སྟེ་ས་གནས་ཁག་གཉིས་ལ་ཡན་ལག་སྨན་ཁང་གཉིས་སྒོ་འབྱེད་ཞུས།
ཕྱི་ལོ་ ༢༠༠༧ ལོར་མུམ་བཻེ་མ་ལ་ཌ་དང་ཨཧ་མ་ད་བཱད་གཉིས་ལ་ཡན་ལག་སྨན་ཁང་གསར་འཛུགས་དང་ཕྱི་ལོ་ ༢༠༠༨ ལོར་ཇམ་ནགར་དུ་ཡན་ལག་སྨན་ཁང་གསར་འཛུགས་ཞུས་ཡོད་པ་རེད། དེ་བཞིན་དུ་ཕྱི་ལོ ༢༠༠༩ ལོར་རྟ་ཕོོ་ཡན་ལག་སྨན་ཁང་དང་སི་ཀནྡར་བཱད་ཡན་ལག་ཁག་གཉིས་གསར་འཛུགས་ཞུས་ཡོད་པ་རེད།
སྨན་མཛོད་དང་སྨན་ཚོང་སྡེ་ཚན་གྱི་ལས་དོན་རྣམས་སྔར་ལས་གོ་རིམ་ལྡན་པ་དང་། ཚགས་ཚུད་ཡོང་ཐབས་སུ་འབྲེལ་ཡོད་གོང་འོག་རྣམས་ཀྱིས་གོ་བསྡུར་རྟོགས་ཞིབ་ཀྱིས་སྡེ་ཚན་འདིའི་ལས་བྱེད་སོ་སོའི་ལས་འགན་དང་ལས་དོན་བྱ་ཕྱོགས་ལམ་སྟོན་ཞེས་པ་ཞིག་ཕྱི་ལོ་ ༢༠༠༥ ཟླ་ ༨ ཚེས་ ༥ ཉིན་གཏན་ལ་ཕབ་ཀྱིས་ལག་བསྟར་འགྲོ་མུས།
སྨན་རྩིས་ཁང་གི་འཛིན་སྐྱོང་ཚོགས་པ་དེབ་སྐྱེལ་བྱས་པའི་སྒྲིག་གཞི་བསྐྱར་བཅོས་གཏན་འབེབས་གནང་པའི་ནང་སྨན་རྩིས་རིག་གཞུང་ལྷན་ཚོགས་ཀྱི་དབང་ཚད་དང་ཞུ་སྒོ་ཁག་གསལ་སྟོན་ཞུས་པའི་འབྲུ་དོན་དང་། སྨན་རྩིས་རིག་གཞུང་ལྷན་ཚོགས་ནི་སྒྲིག་འཛུགས་འདིའི་ཆེས་མཐོའི་རིག་གཞུང་ལྷན་ཚོགས་ཡིན་དགོས་ལ་རྩ་འཛིན་དེབ་སྐྱེལ་ཡིག་ཆ་དང་། སྨན་རྩིས་ཁང་གི་སྒྲིག་གཞི་ཁག་གི་འབྲུ་དོན་སྟངས་འཛིན་འོག་ལ་འགྲོ་དགོས། ཞེས་གསལ་བའི་ཆ་རྐྱེན་འོག་སྨན་རྩིས་རིག་གཞུང་ལྷན་ཚོགས་ཀྱི་ཞིབ་ཕྲའི་ལས་དོན་བྱ་ཕྱོགས་ཀྱི་རྩ་འཛིན་བཟོ་འགོད་ཞུས་པ་ཕྱི་ལོ་ ༢༠༠༦ ཟླ་ ༤ ཚེས་ ༢༡ ཉིན་གཏན་འབེབས་ཞུས།
ཐོན་སྐྱེད་ཟིན་པའི་ཐོན་རྫས་ཁག་དགོས་མཁོ་བཞིན་ས་གནས་ས་ཐོག་ཏུ་དུས་ཐོག་གཏོང་ཐུབ་པ་དང་། སྐྱོན་ཆག་དང་བོར་བརླག་སོགས་མི་ཡོང་བ་བྱ་རྒྱུར། འགྲོ་ལུགས་ཚད་ལྡན་དང་སྟངས་འཛིན་ནན་པོ་ཞིག་དགོས་པ་ལྟར། མ་འོངས་ལས་དོན་བྱ་ཕྱོགས་ཀྱི་རྩ་འཛིན་ཞིག་བཟོ་འདོན་ཞུས་ཏེ་ཕྱི་ལོ་ ༢༠༠༦ ཟླ་ ༤ ཚེས་ ༡ ནས་གཏན་ལ་ཕབ།
སྨན་རྩིས་ཁང་གི་སྒྲིག་གཞི་དོན་ཚན་ཉི་ཤུ་རྩ་དྲུག་ངེས་སྟོན་པའི་དབང་ཚད་དང་ལས་འགན་ཞེས་པའི་ནང་གསེས་ ༣ ནང་གསལ། སྒྲིག་འཛུགས་འདི་ཉིད་ཀྱི་ལས་དོན་འཛིན་སྐྱོང་བྱེད་པའི་ཞུ་སྒོ་དང་སྲིད་བྱུས་བཟོ་འདོན་དགོས་རྒྱུ་ཞེས་གསལ་བ་ལྟར། བོད་གཞུང་སྨན་རྩིས་ཁང་གི་ལས་དོན་འཛིན་སྐྱོང་བྱ་ཕྱོགས་ཀྱི་སྲིད་ཇུས་དང་ཞུ་སྒོ་ཞེས་པ་བཟོ་འདོན་ཞུས་ཏེ་ཕྱི་ལོ་ ༢༠༠༥ ཟླ་ ༥ ཚེས་ ༡༦ ཉིན་སྨན་རྩིས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ལ་ཕུལ་ནས་སྣོན་འཕྲི་བསྐྱར་བཅོས་ཀྱི་དགོངས་འཆར་གང་མཆིས་ལྷུག་སྩོལ་ཡོང་པ་ཞུས་པར་དགོངས་འཆར་གནང་སོན་བྱུང་མེད་ཀྱང་ ༢༠༠༦ ལོར་སླར་ཡང་འགན་འཛིན་ལྷན་ཚོགས་བསྐྱངས་སྟེ་གཏན་འབེབས་བྱས།
སྤྱིར་འདས་ཟིན་པའི་ལོ་ཟླའི་ནང་ཡན་ལག་ཕལ་མོ་ཆེའི་ལས་དོན་ཁག་ཚགས་ཚུད་དང་ཡར་རྒྱས་ཀྱི་རྣམ་པ་གང་ལེགས་ཐོན་ཡོད་པ་དེ་ལྟར་ཡང་། ད་དུང་ཡན་ལག་རེ་ཟུང་དེ་ཙམ་ཚགས་ཚུད་མེད་པ་དངོས་ཡོད་གནས་སྟངས་ཆགས་ཡོད་པར་བརྟེན། འཛིན་སྐྱོང་ཚགས་ཚུད་དང་། ལས་དོན་ལེགས་འགྲུབ། ལས་གནས་གཏན་སྲུང་། འགན་འཁྲི་རྩད་གཅོད་སོགས་ལ་བྱ་ཕྱོགས་སྟབས་བདེ་དང་ཡིག་ཆ་ཞིག་ཕྱོགས་སྒྲིག་ཞུས་ཏེ་ཡན་ལག་སྨན་ཁང་ཁག་གི་སྨན་ལས་ཚང་མར་འགྲེམས་སྤྲོད་ཞུས་པས་སྔར་ལས་སྟབས་བདེར་གྱུར།
དབུ་འཛིན་འདིའི་སྐབས་རྩོམ་སྒྲིག་དང་དཔར་སྐྲུན་སྡེ་ཚན་དེ་བཞིན་གསོ་རིག་ཞིབ་འཇུག་སྡེ་ཚན་དུ་མིང་བསྒྱུར་ཞུས་རྗེས་སྨན་རམས་པ་པད་རྡོ་རྗེ་འགན་འཛིན་དུ་བསྐོས་པ་དང་། སྨན་རྩིས་པ་ཨེ་བ་བསོད་ནམས་རིན་ཆེན་གྱིས་གཙོས་སྐར་རྩིས་པ་སྐོར་ཞིག་ནས་བོད་རྩིས་རིག་པ་ཡར་རྒྱས་གཏོང་ཐབས་ལ་དམིགས་ཏེ་རྩིས་རིག་ཟབ་འཇུག་ཚན་པ་ཞིག་གསར་འཛུགས་ཀྱིས་ལོ་ཤས་རིང་རྩིས་རིག་སློབ་ཚན་གསར་སྒྲིག་སོགས་ཀྱི་ལས་གཞི་ཁག་ཅིག་མགོ་འཛུགས་ཞུས་ཀྱང་ལོ་ཤས་སོང་མཚམས་ཕྱིར་བསྡུ་བྱས་པའི་གནས་ཚུལ་བྱུང་། དིལླིར་ཡོད་པའི་རང་གཞུང་དཔལ་འབྱོར་བཟོ་ཁང་པ་ནི་པཏའི་ས་ཁང་གསར་ཉོ་བྱས་ཏེ་དེ་སྔ་སྨན་སྦྱོར་ཁང་དུ་སྤོས་བཟོའི་ལས་གཞི་དེ་བཞིན་པ་ནི་པཏར་སྤོ་ཤུད་བྱས་ཏེ་ད་ལྟ་གཟིམ་སྤོས་དང་རླུང་སྤོས་སོགས་སྤོས་སྣ་རྣམ་གྲངས་བཞི་དང་སྨན་བསངས་བཅས་བཟོ་སྐྲུན་གྱིས་ཕྱི་ནང་གི་ཡུལ་གྲུ་གང་སར་འགྲེམས་སྤེལ་བྱེད་ཐུབ་པ་བྱུང་། མཐོ་སློབ་གསར་རྒྱག་གི་ལས་གཞི་དང་ས་ཆ་འཚོལ་ཞིབ་སོགས་ཀྱི་ལས་འཆར་སྔར་ནས་ཡོད་པ་བཞིན་ཧི་མ་ཅལ་ཁྱབ་ཁོངས་ཅོན་ཏ་རར་ས་ཆ་རྒྱ་ཁྱོན་ཨེ་ཀ་བཞི་བཅུ་ཞེ་གཉིས་སྤུས་གཟིགས་ཀྱིས་བགྲེས་ཤག་གསར་རྒྱག་ལེགས་གྲུབ་བྱུང་ཡོད་ནའང་ཁུལ་དེར་མཐོ་སློབ་གསར་རྒྱག་དང་སྨན་སྦྱོར་ཁང་གསར་རྒྱག་གི་ལས་གཞི་ད་དུང་འགོ་འཛུགས་ཐུབ་མེད་ཀྱང་ལས་འཆར་དེས་གཙོས་འབྱུང་འགྱུར་གྱི་ལས་འཆར་ཁག་གཤམ་དུ་ཟུར་བཀོད་ཀྱི་ཚུལ་དགོད་རྒྱུ་ཡིན།
འགན་འཛིན་སྐབས་བཅུ་གསུམ་པའི་ལས་ཡུན་ལོ་ལྔའི་རིང་སྔར་ཡོད་འཛིན་སྐྱོང་སྡེ་ཚན་དང་རིག་གཞུང་སྡེ་ཚན་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་གནས་བབ་གཞིར་བཞག་ཐོག་འཛིན་སྐྱོང་སྡེ་ཚན་གྱི་ཁོངས་སུ་འཆར་འགོད་ཚན་པ་ཟུར་འཛུགས་དང་། རིག་གཞུང་སྡེ་ཚན་གྱི་ཁོངས་སུ་ཕབ་བསྒྱུར་སྡེ་ཚན་དང་། ༼༢༠༠༡ ལོར་འགོ་འཛུགས་བྱས་ཏེ་ ༢༠༠༩ ལོར་སྡེ་ཚན་གྱི་ངོ་བོར་བསྒྱུར།༽ འཇམ་དཔྱད་ཚན་པ། སྤུས་ཚད་བརྟག་དཔྱད་ཚན་པ་བཅས་གསར་འཛུགས་ཐུབ་པ་དེས་འབྱུང་འགྱུར་སྨན་རྩིས་ལས་དོན་ཐད་ཕན་རླབས་གང་ཆེ་ཡོང་ངེས་སུ་མཐོང་།
ཕྱི་ལོ་ ༢༠༠༦ ནས་བཟུང་སྨན་རྩིས་སློབ་མ་བསྡུ་ཕྱོགས་ལ་འགྱུར་བ་བཏང་ཞིང་། དེ་ཡང་འཛིན་རིམ་བཅུ་གཉིས་ཐོན་པ་ཤ་སྟག་དགོས་པའི་ཁར་སློབ་ཡོན་གང་འཚམས་འབུལ་དགོས་པའི་སྒྲིག་ཡིག་གཏན་འབེབས་ལྟར་སྨན་སློབ་སྐབས་བཅོ་ལྔ་དང་བཅུ་དྲུག་གི་སློབ་མ་དང་རྩིས་སློབ་སྐབས་བརྒྱད་པ་སློབ་འཇུག་གིས་སློབ་སྦྱོང་སྤྲོད་བཞིན་ཡོད། སྨན་རྩིས་ཁང་གི་སྒྲིག་གསལ་བཞིན་སློབ་མ་གསར་བསྡུའི་རྩ་འཛིན་ཡོད་པ་གཞི་རྩར་བཞག་སྟེ་སྔར་ལས་ལས་དོན་ཚགས་ཚུད་ཡོང་སླད་སྐབས་བབ་ཀྱི་འགྱུར་བ་ལ་བརྟེན་ནས་རྩ་འཛིན་བསྐྱར་བཅོས་བྱ་ཕྱིར་རིག་ལྷན་ནས་ཞིབ་འཇུག་གིས་གཏན་འབེབས་ཞུས་ཏེ་སྨན་སློབ་སྐབས་ ༡༥ གསར་བསྡུའི་སྐབས་ནས་ལག་ལེན་བསྟར་མུས་ཡིན་འདུག གཞན་ཡང་སྨན་རྩིས་ཁང་འདི་བཞིན་རིག་གཞུང་གི་སྡེ་ཚན་གལ་ཆེན་ཞིག་ཡིན་པ་དང་། དེ་ཡར་རྒྱས་གོང་འཕེལ་གཏོང་ཕྱོགས་ཐད་སྨན་རྩིས་ཁང་གི་ཚོགས་པའི་སྒྲིག་གཞིའི་དགོངས་དོན་བཞིན་སྨན་རྩིས་གཉིས་ཀྱི་རིག་གཞུང་སྟངས་འཛིན་དང་ཡར་རྒྱས་གཏོང་རྒྱུར་ཐད་ཀར་འགན་དབང་ཡོད་པའི་སྨན་རྩིས་རིག་གཞུང་ལྷན་ཚོགས་ཀྱི་ཟུར་རྒྱན་སྒྲིག་གཞི་ཞིག་དགོས་གལ་ལྟར། ཚོགས་ཆུང་ཟུར་འཛུགས་ཀྱིས་མ་ཟིན་ཆེད་སྒྲིག་དང་། བསྐྱར་ཞིབ་ཀྱིས་ཕྱི་ལོ་ ༢༠༠༦ ཟླ་ ༤ ཚེས་ ༢༡ ལ་གཏན་འབེབས་ཀྱིས་ལག་བསྟར་ཞུ་མུས་དང་།
ཕྱི་ལོ་ ༢༠༠༦ ཟླ་ ༩ ཚེས་ ༢༠ ཉིན་ཀ་སྦུག་ཡན་ལག་སྨན་ལས་པ་རྣམས་ཀྱི་ལས་ཤག་ཤིང་ཁང་དེ་དག་ཆེས་རྙིང་པ་དང་། ཤིང་རུལ་རྐྱེན་གྱིས་མེ་དང་ཆར་ཆུའི་གནོད་རྐྱེན་ཡོང་བའི་ཉེན་ཁར་གཟིགས་ཏེ་སྔོན་རྩིས་འཆར་འབུལ་བཞིན་ལས་ཤག་གསར་རྒྱག་བྱས་པ་དང་། མུམ་བཻ་ས་གནས་མལཌ་ Malad ཞེས་པར་ ༢༠༠༦ ཟླ་ ༡༡ ཚེས་ ༡༣ ཉིན་དབུས་ཡན་ལག་སྤྱི་ཁྱབ་འགན་འཛིན་ཚེ་རིང་རྡོ་རྗེ་དེ་གར་ཆེད་རྫོང་གིས་སྨན་ཁང་དབུ་འབྱེད་གནང་། དབུ་འབྱེད་མཛད་སྒོར་བཅར་སྐབས་འབྲེལ་ཡོད་མི་སྣ་ཉིས་བརྒྱ་ཙམ་ཕེབས་ཡོད་འདུག སྨན་ཁང་མཐུན་འགྱུར་རོགས་རམ་གནང་མཁན་ནི་ Shree malad jain yuvak-mandal medical relief centre ཚོགས་པས་གནང་བ་དང་། དེའི་བཟོ་བཅོས་འགྲོ་གྲོན་སྒོར་ ༡༥༠༠༠༠།༠༠ ཙམ་སོང་བ་དེ་དག་སྐུ་ཞབས་ Sangjey V.Shah མཆོག་ནས་གནང་བར་བརྟེན་བརྟག་དཔྱད་སྨན་ཁང་སྤུས་ལེགས་ཤིག་གསར་རྒྱག་ཐུབ་པ་བྱུང་འདུག
དེ་བཞིན་དུ་ཨཧ་མ་ད་བཱད་ཁུལ་དུ་དེ་སྔ་ནས་སྨན་རྩིས་ཁང་གི་སྨན་ཟ་བཞིན་པའི་ནད་པ་ཞིག་ནས་དེ་ཁུལ་ཡན་ལག་སྨན་ཁང་གསར་འཛུགས་ཡོང་བའི་རེ་སྐུལ་དང་སྨན་ཁང་འཛུགས་ཡུལ་དང་། ལས་ཤག་བཅས་ཁོ་རང་ནས་སྦྱིན་བདག་བྱ་རྒྱུ་ཡིན་པའི་རེ་འདུན་ལྟར། ཡན་ལག་སྤྱི་ཁྱབ་འགན་འཛིན་དང་། འཛིན་སྐྱོང་འགན་འཛིན་ཆེད་བསྐྱོད་ཀྱིས་དེ་གའི་དགོས་མཁོ་བཞིན་ཡོད་མིན་རྟོགས་ཞིབ་བྱས་ཏེ་བཟོ་བཅོས་དགོས་རིགས་རྣམས་བསྒྲུབས་མཚམས་ཏེ་ ༢༠༠༧ ལོར་གསར་འཛུགས་བྱས། དེ་བཞིན་དེ་ཁུལ་གྱི་ནད་པ་ཁག་ཅིག་ནས་ཀྱང་ཇམ་ནགར་ཁུལ་ལའང་སྨན་ཁང་སྒོ་འབྱེད་དང་མཐུན་རྐྱེན་རྣམས་ཕུལ་བ་བཞིན་སྨན་ཁང་གསར་རྒྱག་ཐུབ་པ་བྱུང་ཡང་སྨན་གཏུག་བྱེད་མཁན་ཉུང་རྐྱེན་གྱིས་ ༢༠༡༠ ལོར་སྨན་ཁང་དེ་བཞིན་སྒོ་རྒྱག་དགོས་བྱུང་།
ལོ་དེར་སྨན་སྦྱོར་ཁང་གི་མཛོད་ཁང་གཉིས་གྲང་མཛོད་དུ་བསྒྱུར་བ་དང་། ཉི་འོད་དྲོད་ཤུགས་ལ་བརྟེན་ནས་རིལ་བུ་སྐེམ་སྲེག་གི་འཕྲུལ་ཆས་གསར་བསྐྲུན་ཞུས་པ་དང་། སྨན་སྦྱོར་ཁང་ཡིག་ཚང་དང་། ཚན་རིག་བརྟག་དཔྱད་ཁང་གསར་རྒྱག་གི་ལས་གཞིའི་ས་ཁྲ་དང་། བཙོ་སྲེག་ཁང་གསར་རྒྱག་གི་ལས་གཞིའི་ས་ཁྲའི་བཀའ་འཁྲོལ་ཐོབ་སོན་བྱུང་བ་ལྟར་ཡིག་ཚང་གསར་རྒྱག་ལེགས་གྲུབ་བྱུང་། སྨན་རྩིས་ཁང་ཁྱོན་ཡོངས་དང་ལྷག་པར་ཏུ་སྨན་སྦྱོར་ཁང་དུ་གློག་གི་དཀའ་སེལ་སླད་རང་བདག་གློགས་ཤུགས་Transformer ཞིག་གསར་འཛུགས་ཞུས་པ་དང་། འཐུང་ཆུའི་དཀའ་སེལ་སླད་སྨན་སྦྱོར་ཡིག་ཚང་གསར་པའི་དམིགས་ཁོངས་སུ་འཐུང་ཆུའི་བརྒྱུད་ལམ་གཉིས་གསར་ཁྲིད་ཞུས། ཕྱི་ལོ་ ༢༠༠༧ ལོར་བོད་གཞུང་རྩིས་ཞིབ་ཁང་གི་རྩིས་པ་ཤེས་རབ་སྒྲོལ་མ་ལགས་ནས་སྨན་རྩིས་ཁང་དབུས་དངུལ་རྩིས་སྡེ་ཚན་དང་། སྨན་སྦྱོར་ཁང་། སྔོ་སྦྱོར། ཡན་ལག་སྤྱི་ཁྱབ། ནང་ཞིབ་བཅས་ཀྱི་རྩིས་པ་ཁག་ཅིག་དང་། སྨན་རྩིས་ཁང་གི་འགན་འཛིན་དང་དྲུང་ཆེ་དབུ་བཞུགས་ཐོག་སྨན་རྩིས་ཁང་གི་རྩིས་ཁྲ་ཁམས་དྭངས་དང་། ལོ་འཁོར་རྩིས་ཀྱི་མཇུག་སྡོམ་མྱུར་བ་ཡོང་ཕྱིར་སྡེ་ཚན་སོ་སོར་རྩིས་ཁྲ་ཉར་ཕྱོགས་དང་། ཕྱོགས་བསྡོམས་བྱེད་ཕྱོགས་ཐད་ལ་ཟབ་ཁྲིད་གནང་བས་རྒྱུན་ལྡན་གྱི་རྩིས་ཁྲ་དང་འབྲེལ་བའི་ལས་དོན་བྱེད་ཕྱོགས་ཐོག་ལ་ཕན་ཐོགས་ཆེན་པོ་བྱུང་།
ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༣༡ ཉིན་བལ་ཡུལ་སྤོག་ར་བཀྲ་ཤིས་གླིང་ཡན་ལག་སྨན་ཁང་གི་ཁང་པ་གསར་རྒྱག་དང་། བྱམས་པ་གླིང་ཡན་ལག་རྒྱ་བསྐྱེད་བཅས་ཀྱི་ལས་གཞི་མགོ་འཛུགས་ཞུ་ཆེད་དབུས་ས་ཁང་སྡེ་ཚན་ནས་ཨར་ལས་ལྟ་རྟོགས་པ་ཕུར་བུ་ཚེ་རིང་ཆེད་རྫོང་ཞུས། ལོ་དེར་ཅོན་ཏ་རར་རྒས་ཤག་གྲངས་ ༣༠ གསར་རྒྱག་གི་ལས་གཞི་ལེགས་གྲུབ་ཀྱིས་ ༢༠༡༠ ཟླ་ ༧ པའི་ནང་དབུ་འབྱེད་མཛད་སྒོ་བསྐྱངས་ཏེ་ད་ལྟ་སྨན་ལས་རྒས་ཡོལ་གནས་སྤོས་ཟིན་པ་མ་ཟད། ས་གནས་དེའི་དགོས་མཁོར་ཡན་ལག་སྨན་ཁང་ཞིག་ཀྱང་གསར་འཛུགས་གནང་སྟེ་བགྲེས་ཡོལ་ཁོངས་ནས་སྨན་རམས་པ་ངག་དབང་མཁྱེན་བརྩེ་ཞབས་གཡར་གྱིས་བརྟག་དཔྱད་སྨན་པར་ཆེད་བསྐོས་ཞུས་ཏེ་ནད་པར་སྨན་བཅོས་བྱེད་བཞིན་ཡོད། དེ་བཞིན་དུ་མུམ་བཻ་ཡན་ལག་སྨན་ལས་རྣམས་ཀྱི་ལས་ཤག་གསར་རྒྱག་གི་ལས་གཞི་གྲུབ་ནས་སྨན་ལས་རྣམས་ལས་ཤག་གསར་བར་སྤོས་པ་དང་། ལྷོ་ཕྱོགས་གྲོང་ཁྱེར་ཧེ་དྲབཱད་ལ་ཡན་ལག་སྨན་ཁང་གསར་པ་ཞིག་དབུ་འབྱེད་ཞུས། ཟླ་ ༨ ཚེས་ ༡ ཉིན་རྟ་ཕོ་ཡན་ལག་སྨན་ཁང་གསར་འཛུགས་ཞུས་ཏེ་དབུ་འབྱེད་གནང་།
སྔ་ལོའི་སྔོན་རྩིས་བཀའ་འཁྲོལ་ནང་གསལ་ལྟར་བདེ་སྐྱིད་གླིང་ཡན་ལག་སྨན་ཁང་གསར་རྒྱག་ཟིན་ཏེ་ ༢༠༡༠ ཟླ་ ༣ ཚེས་ ༨ ཉིན་དབུ་འབྱེད་ཞུས་པ་དང་། ཟླ་ ༡༠ ཚེས་ ༦ ཉིན་སྨན་སྦྱོར་བཙོ་སྲེག་ཁང་གསར་རྒྱག་གི་ལས་གཞི་ལེགས་པར་གྲུབ་སྟེ་བཙོ་སྲེག་གི་ལས་དོན་རྣམས་སྔར་ལས་སྟབས་བདེར་གྱུར་ཡོད་པ་བཅས་སོ།།
༣༽སྨན་སྐོར་དང་ཚོགས་ཞུགས་ཚོགས་སྐོང་།
ཕྱི་ལོ་ ༢༠༠༥ ལོར་ངེས་སྟོན་པ་གཞོན་པ་ྋསྐུའི་བླ་ཞབས་ཚེ་དབང་རྟ་མགྲིན་ལགས་སུད་སུ་པདྨ་ ༢༨ ཚོགས་པས་གདན་ཞུ་གནང་བ་ལྟར་དེ་གའི་བོད་སྨན་སྐོར་གྱི་ཚོགས་འདུ་ལ་ཚོགས་བཅར་ཞུས་ཏེ་གསུང་བཤད་དང་བགྲོ་གླེང་ནང་མཉམ་ཞུགས་གནང་བ་དང་ཞོར་དུ་ནད་པ་གང་མང་ལ་སྨན་བཅོས་ཞུས་པ་སོགས་ཀྱི་མཛད་འཕྲིན་གང་ལེགས་རྒྱས་འདུག སྨན་རྩིས་ཁང་འཛིན་སྐྱོང་གི་བཀའ་འབྲེལ་གསོ་རིག་ཞིབ་འཇུག་སྡེ་ཚན་གྱི་འགན་འཛིན་སྨན་རམས་པ་པདྨ་རྡོ་རྗེ་རྒྱ་གར་ས་གནས་བེངྒ་ལོར་དུ་རྒྱ་གར་གཞུང་ལག་བྲིས་ཡིག་ཆའི་ལྷན་ཁང་གིས་གོ་སྒྲིག་གནང་བའི་རྒྱ་གར་གྱི་སྲོལ་རྒྱུན་སྨན་ལུགས་འདྲ་མིན་གྱི་སྨན་དཔེ་ལག་བྲིས་མ་རྣམས་ཀྱི་བདག་གཅེས་བྱ་ཕྱོགས་ཀྱི་བགྲོ་གླེང་ཚོགས་འདུར་མཉམ་ཞུགས་གནང་། དེ་ཡང་ཚེས་ ༥ ཉིན་ FTLHT ཚོགས་ཁང་དུ་ཚོགས་འདུའི་དབུ་འབྱེད་དེ་གའི་མངའ་སྡེའི་སྲིད་སྐྱོང་ His Exellency.Governor of Karnataka. T.N.Chaturvedi དབུ་བཞུགས་ཐོག་ Sh.Darsham Shankar. FRLHT ཞེས་པའི་ཚོགས་པའི་དབུ་འཛིན། Dr.Sudha Gopala Krishan.NMM དང་། ཅི་ན་ཡེ་གཙུག་ལག་སློབ་གཉེར་ཁང་གི་གཙོ་འཛིན་ཆེན་མོ་ Prof.S.P.Thyagarajan. (Vice Chancellor,University of Madras.) རྒྱ་གར་དབུས་རིག་གཞུང་ཟུང་འབྲེལ་དྲུང་ཆེ། Mr.K.Jaya Kumar Das. (Joint Secretary.Ministry of Culture Govt.of India) Dr.G.G.Gangadharan. Joint Director of FRLHT བཅས་ཆིབས་བསྒྱུར་གྱིས་ལག་བྲིས་མའི་ཡིག་ཆ་ཁག་རྩ་ཆེན་བདག་གཅེས་ངེས་པར་དགོས་པའི་སྐོར་བཀའ་སློབ་ཟབ་རྒྱས་གནང་། སྐུ་མགྲོན་གཙོ་བོ་མཆོག་གིས་བོད་ཀྱི་གསོ་བ་རིག་པའི་ཕན་ནུས་སྐོར་ལའང་བཀའ་གསལ་གནང་སྟེ། ལག་བྲིས་མའི་ཡིག་ཆ་ཁག་བདག་གཅེས་བྱ་ཕྱོགས་དང་འབྲེལ་བའི་སྦྱོང་བརྡར་དགོས་མཁོ་ཁག་གི་དགོངས་འཆར་དང་། ལག་བྲིས་མའི་བདག་གཅེས་ཀྱི་ཐོག་ཏུ་ཛ་དྲག་གི་ལག་བསྟར་བྱ་རིམ་སྐོར་གྱི་ཐད་བགྲོ་གླེང་དང་གྲོས་བསྡུར་གནང་བ་མ་ཟད། སྨན་རྩིས་ཁང་ལ་སྨན་གྱི་ལག་བྲིས་མ་ཇི་ཡོད་ཀྱི་ཐོ་གཞུང་གནང་སྐྱོང་ཡོང་བ་དང་། Manuscript ཞེས་པ་ལག་བྲིས་མའི་ཡིག་ཆ་རྙིང་མའི་རིགས་ལ་ཟེར་བ་དེའི་ནང་བོད་ཀྱི་ཤིང་དཔར་དང་རྡོ་དཔར་རིགས་ལའང་གོ་ཡི་ཡོད་འདུག དེ་བཞིན་ལག་བྲིས་མ་དཀོན་པའི་རིགས་ཀྱི་ཡིག་གཟུགས་ལ་མཁས་པ་དེ་འདྲ་ཡོད་ན་ཚོགས་པ་དེར་འབྲེལ་བ་ངེས་པར་དུ་ཡོང་བའི་རེ་བསྐུལ་ཡང་གནང་ཡོད་འདུག
ལོ་དེའི་ཟླ་ ༡ ཚེས་ ༤ ནས་ཚེས་ ༡༧ བར་སྨན་པ་བསོད་ནམས་བདེ་སྐྱིད་ནས་ལ་དྭགས་བྱང་ཐང་ཁུལ་དུ་སྨན་བསྐོར་གནང་ཡོད་ཅིང་། ཐེངས་འདིའི་བསྐོར་སྐྱོད་གནང་སའི་ས་ཆ་ནི། ས་སྨད། སུམ་མདོ། ཧང་ལེ། གུ་ཡུལ། བཀག་གཞུང་། ཉི་མ་བཅས་ཀྱི་ནད་པ་གྲངས་ ༡༨༣ ཙམ་ལ་བརྟག་དཔྱད་གནང་སྟེ་ཕན་ཐོགས་གང་ལེགས་བྱུང་འདུག
དབུ་འཛིན་འདིའི་སྐབས་ས་གནས་ཡན་ལག་ཁག་གི་འགན་འཛིན་དང་དབུས་ཀྱི་སྨན་པ་ཁག་ཅིག་ཀ་ཛཀ་སི་ཏན་དུ་སྨན་བསྐོར་ཐེངས་ ༡༥ ཙམ་བསྐྱོད་དེ་ས་གནས་དེ་གའི་ནད་པ་གང་མང་ཞིག་ལ་བརྟག་དཔྱད་སྨན་བཅོས་གནང་བས་ཕན་ཐོགས་གང་ལེགས་བྱུང་བ་དང་། Health Company ཚོགས་པའི་ཚོགས་གཙོ་ Murat ནས་མངའ་སྡེའི་འཕྲོད་བསྟན་ལས་ཁུངས་ནས་ངོས་ལེན་དང་སྨན་ཁང་འཛུགས་རྒྱུ། སྨན་བཅོས་བྱེད་ཆོག་པའི་ཁྲིམས་ཐོག་ནས་འགན་ལེན་ཐུབ་པའི་ཡིག་ཆ་གང་དགོས་སྨན་པ་བློ་བཟང་བཟོད་པའི་མིང་ཐོག་ Tibetan Medical Centre བོད་པའི་སྨན་ཁང་ལྟེ་གནས་ཞེས་པའི་དེབ་སྐྱེལ་གྱིས་སྨན་པ་བཟོད་པ་གཏོང་གནང་ཡོང་བའི་རེ་སྐུལ་ཞུས་ཀྱང་སྨན་པ་གང་ཞིག་ས་གནས་གང་དུ་གཏོང་དགོས་མིན་ནི་སྨན་རྩིས་ཁང་རང་གི་འགྲོ་ལུགས་ལྟར་བྱེད་དགོས་སྟབས་དེ་ལྟར་ལག་ལེན་བྱུང་མེད།
གཞན་ཡང་ཟླ་ ༡ ཚེས་ ༦ ཉིན་ངེས་སྟོན་པ་གཞོན་པ་ྋསྐུའི་བླ་ཞབས་སྨན་རམས་པ་ཚེ་དབང་རྟ་མགྲིན་ལགས་སུ་དིལླིི་སྐུ་ཚབ་དོན་གཅོད་སྐུ་ངོ་བཀྲ་ཤིས་དབང་འདུས་ལགས་ནས་ཞལ་པར་གནང་དོན་ལྟར་ཆེད་བཅར་གྱིས་དེ་གའི་སྐུ་ཞབས་ Erkin དང་། Kenziv རྒྱ་གར་ཕྱི་སྲིད་བློན་ཆེན་ཟུར་བ་བཅས་ལ་བརྟག་དཔྱད་སྨན་བཅོས་ཞུས་པ་དང་། ཞོར་དུ་བོད་མི་ནད་པ་གྲངས་ ༢༧ ལའང་བརྟག་དཔྱད་སྨན་བཅོས་ཞུས། དེ་བཞིན་ཟླ་ ༣ ཚེས་ ༡༣ ཉིན་བཀའ་དྲུང་ཡིག་ཚང་བརྒྱུད་ཞལ་པར་སྔ་ཕྱི་ཕེབས་དོན་ལྟར་རྒྱ་གར་སྲིད་བློན་ཟུར་པ་སྐུ་ཞབས་ Nariyan གཟའ་མི་གཉིས་ལ་བརྟག་དཔྱད་དང་སྨན་བཅོས་ཞུས། སྲིད་འཛིན་ཟུར་པ་མཆོག་ནི་ད་རྒན་ཞེས་པ་ལོ་ནའི་བབ་ཀྱིས་སྒལ་ཚིགས་ཀྱི་འཕོང་རུས་ཉམས་ཟད་ཀྱིས་རྩ་གནད་འགུལ་སྐྱོད་ཞན་པ་དང་། གཞན་ཡང་སྙིང་ཁྲག་རྒྱུ་བ་ཞན་པ། མཁལ་མའི་བྱེད་ལས་བུལ་པ། ཕོ་རླུང་རྩ་འགགས་བཅས་ཀྱི་ནད་སྣ་མང་ཡང་། གནས་སྐབས་ལུས་ཀྱི་འགུལ་ཤུགས་ཇེ་ཡག་དང་། ཚོར་བ་ཇེ་བདེ། མཁལ་མའི་ནུས་པ་གསོ་བའི་ཆེད་དགོས་མཁོའི་ཟས་སྤྱོད་སྤང་བླངས་ཐོག་བོད་སྨན་ཟླ་ཤས་རིང་ཕུལ་འདུག སྐུ་ཟླ་ནི་རླུང་འབོག་བརྗེད་བྱེད་ནད་གཞིར་ད་ལྟ་ཕྱི་ལུགས་དང་སི་དཱའི་སྨན་བསྟེན་མུས་ཀྱིས་ཕན་ཐོགས་ཡོད་ཁར་བོད་སྨན་བསྟེན་མི་དགོས་ཀྱང་། མུ་མཐུད་ཕན་རླབས་མེད་ན་བོད་སྨན་བསྟེན་གནང་ཆོག་རྒྱུ་བཅས་སྙན་སྐུལ་ཞུས་ཡོད་འདུག ལོ་དེའི་ཟླ་ ༣ ནས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་གདན་ཞུ་གནང་བ་བཞིན་སྨན་པ་བསྟན་འཛིན་རྣམ་གྲོལ་དང་། བེངྒ་ལོར་ཡན་ལག་སྨན་པ་བཀྲ་ཤིས་དབང་འདུས། ཀ་ཏ་ཡན་ལག་འགན་འཛིན་སྨན་པ་བདེ་སྐྱིད་བཟང་མོ་སོགས་རིམ་པ་བཞིན་ལྷོ་ཨཕ་རི་ཀ་དང་། ནོར་ཝེ། ཨིན་ལནཌ་བཅས་སུ་སྨན་པསྐོར་དུ་བསྐྱོད་དེ་ས་གནས་དེ་གའི་ནད་པ་ ༡༣༣ ཙམ་ལ་བརྟག་དཔྱད་སྨན་བཅོས་དང་ཟས་སྤྱོད་སྤང་བླང་གི་ལམ་སྟོན་གནང་བ་དང་། འབྲེལ་ཡོད་མི་སྣ་ཚོས་གོ་སྒྲིག་གནང་བ་བཞིན་ཡུལ་དེ་དག་གི་མི་མང་འདུ་འཛོམས་སར་བོད་སྨན་ངོ་སྤྲོད་གནང་བས་ཕན་ཐོགས་གང་ལེགས་བྱུང་།
དེ་བཞིན་དུ་དེ་ལོར་དབུས་སྨན་རྩིས་ཁང་གི་བཀའ་འབྲེལ་བཞིན་སྨན་རམས་པ་པདྨ་རྡོ་རྗེ་དང་། སློབ་སྤྱི་སྨན་རམས་པ་རྣམ་རྒྱལ་ཚེ་རིང་། སྨན་པ་ཆུང་བདག མོན་གྷོ་གཞིས་གྲོང་དྲུག་པའི་ཡན་ལག་འགན་འཛིན་སྨན་རམས་པ་སྤྲུལ་སྐུ་ཐུབ་བསྟན་རྒྱལ་མཚན། སྨན་པ་རིག་འཛིན་བཟང་མོ་སོགས་རྒྱ་གར་གྱི་ས་གནས་གུཇ་རཱ་ཏ་དང་། མོམ་བཻ། ཅན་ཌི་གར། ལ་དྭགས་བྱང་ཐང་ཁུལ། འབྲས་ལྗོངས་ལྷོ་ནུབ་ཁུལ་བཅས་སུ་སྔ་ཕྱིར་སྨན་བསྐོར་དུ་བསྐྱོད་དེ་ནད་པ་གྲངས་ ༢༧༣༩ ལ་བརྟག་དཔྱད་སྨན་བཅོས་གནང་བས་ས་གནས་ཀྱི་ནད་པ་ཉམ་ཐག་རིགས་ལ་ཕན་ཐོགས་ཆེན་པོ་བྱུང་པ་དང་། ཟླ་ ༤ ཚེས་ ༡༧ ཉིན་དཔལ་ལྡན་བཀའ་ཤག་གི་བཀའ་འབྲེལ་བཞིན་སྨན་རམས་པ་པདྨ་རྡོ་རྗེ་ལགས་ཎ་སིག་ Nasik ཏུ་རྒྱ་གར་གཅེར་བུ་པའི་བླ་མ་ Muni Hitaruchni ཞུ་བར་བརྟག་དཔྱད་སྨན་བཅོས་ཞུ་བར་བསྐྱོད། སྐབས་དེར་བླ་མ་དེ་ནི་དགུང་ལོ་བཞི་བཅུར་ཕེབས་ཡོད་ཅིང་། ཕྱག་རྩ་དང་སྐུ་ཆབ་གཉིས་ལ་བརྟག་དཔྱད་ཞུས་པར་སྐུ་ཁམས་ཤིན་ཏུ་ཞན་པ། ཤ་འབྲོས། མེ་དྲོད་འཇུ་སྟོབས་ཞན་པ། ཕོ་རླུང་རྩ་འགགས་ཀྱི་ནད་གཞི་ཡོད་པ་ཞིག་ཡིན་པའི་ནད་རྟགས་ཐོན་པར་བཤད། དེ་ཡང་རྩ་རྒྱུད་ཞན་ལ་སྟོང་བ་དང་། སྐུ་ཆབ་ཆུ་ལྟར་སླ་ལ། ཝུ་བ་ཆེ་ལ་མི་བརྟན་པ། ཀུ་ཡ་དང་སྤྲིས་མ་སོགས་གང་ཡང་མི་གསལ་བས་སྐུ་ཁམས་ཞན་ལ། འཇུ་བྱེད་ཀྱི་མཐུ་ཉམས་ཏེ་མདངས་སྒྱུར་མཁྲིས་པའི་ཟུངས་ཁྲག་མ་སྨིན་པས་སྐྱ་རྦབ་དང་། ཕོ་རླུང་སོགས་རླུང་རྟགས་ཤིན་ཏུ་ཆེ་བ་ཡོད་འདུག ཁོང་ལ་རྒྱ་གར་ཚེ་ཡི་རིག་བྱེད་ཀྱི་སྨན་པ་མཚན་སྙན་ཤིན་ཏུ་ཆེ་བ་ཞིག་གིས་མེ་དྲོད་གསོ་བའི་གསོལ་སྨན་པི་པི་ལིང་གི་རྩ་བ་དང་། ཕོ་བ་རིས། སྐྱུ་རུ་ར་སོགས་བུ་རམ་དང་མཉམ་དུ་བཞེས་རྒྱུ་དང་།
རིན་ཆེན་ཐལ་སྦྱོར་གྱི་རིགས་ཤིག་ཀྱང་ཁོང་གི་ཆེད་དུ་སྦྱར་ནས་ཕུལ་བཞེས་གནང་མུས་སུ་ཡོད་འདུག བོད་སྨན་ཞོགས་པ་ཟླ་བདུད་དང་། ཉིན་གུང་རུ་རྟ་དྲུག་པ། ནུབ་དྭངས་གནས་དང་། ཉིན་གསུམ་རེའི་ཐོག་བཙོ་བཀྲུ་ཟླ་ཤེལ་མཆོད་རྒྱུ་དང་། གསོལ་ཚིགས་སྤྱིར་རྒྱ་གར་ཚེ་ཡི་རིག་བྱེད་སྨན་པ་དེས་བཞེས་འབྲས་ཆུ་ལྡབ་བཅུ་བཞིར་བཙོས་པ་ཞིག་མཆོད་བདེ་བ་དང་། འཇུ་སླ་བ། རྨྱ་བ་གསོ་བའི་ཆེད་དུ་དམིགས་ནས་ཕུལ་བཞིན་འདུག་པར་བཞེས་འབྲས་ལ་འོ་མ་སླ་བོ་ཅུང་བསྣན་ན་བསམ་པའི་འབོད་སྐུལ་དང་། དེ་མིན་གྲང་མོ་དང་། རྗེན་པ། བརྔོ་ཟས་ལྕི་བའི་རིགས་འཛེམས་དགོས་པའི་ལམ་སྟོན་གནང་འདུག བླ་མ་ཁོང་གིས་བོད་སྨན་གྱི་སྨན་རྒྱུ་དང་། རྒྱ་གར་ཚེ་རིག་གི་སྨན་གཉིས་མཉམ་གཏོང་བྱ་དགོས་ལ་སོང་། བོད་སྨན་གྱི་སྨན་རྒྱུ་རྣམས་ཤེས་ཐུབ་ན། སྨན་ནུས་ལྷག་ཐལ་མི་འགྲོ་བའི་ཁྱད་པར་ཡོད་ལུགས་གསུངས་པར་སྨན་རྒྱུ་ཇི་ཡོད་རོབ་ཙམ་སྙན་སེང་ཞུས་འདུག ཁོང་གིས་བོད་ཀྱི་གསོ་བ་རིག་པའི་ལག་ལེན་དྲི་མ་མེད་པར་གནས་བར་ཐུགས་དགྱེས་ཚོར་ཆེན་པོ་དང་། ཁོང་གི་བུ་སློབ་ཁ་ཤས་ལ་བོད་སྨན་སློབ་ཐབས་ཡོང་མིན་བཀའ་འདྲི་གནང་འདུག་པར། ད་ལྟའི་ཆར་བོད་སྨན་འདི་བོད་སྐད་གཙོ་བོར་མ་གཏོགས་སྐད་ཡིག་གཞན་གྱི་ཐོག་སློབ་ཁྲིད་གནང་གི་མེད་སྐོར་ལན་འདེབས་ཞུས་པ་སོགས་ཐེངས་འདིའི་སྨན་དཔྱད་འདི་བརྒྱུད་དེ་བོད་སྨན་གྱི་ཕན་ནུས་དང་དཔྱད་ཐབས་སོགས་གཞན་གྱིས་གདེངས་འཇོག་ཚད་མཐོར་ཡོད་པ་གསལ་བོར་གྱུར། ཟླ་ ༦ ཚེས་ ༢༤ ཉིན་འགན་འཛིན་གཞོན་པ་བླ་ཞབས་ཚེ་དབང་རྟ་མགྲིན་ལགས་ཌེ་རཱ་ཌུན་དང་སློབ་དམག་དཔོན་ཟུར་པ་ཞིག་ནས་བོད་གཞུང་བདེ་སྲུང་ལས་ཁུངས་བརྒྱུད་རེ་སྐུལ་ཞུས་པ་ལྟར་ཁོང་གི་འཕྲོད་བསྟེན་ཞབས་ཞུར་བཅར་བ་དང་། ཞོར་དུ་དང་སློབ་རྒན་གསོ་ཁང་གི་རྒས་ཡོལ་དམག་ཟུར་རྣམས་ལ་བརྟག་དཔྱད་སྨན་བཅོས་གནང་། དེ་བཞིན་བོད་གཞུང་གི་བཀའ་འབྲེལ་ལྟར་བཀྲ་ཤིས་ལྗོངས་སུ་རྟོགས་ལྡན་ཨ་འཁྲེང་རིན་པོ་ཆེའི་སྐུའི་འཕྲོད་བཞེས་ཞབས་ཞུར་བཅར་བ་དང་། དེ་རྗེས་ངེས་སྟོན་པ་ཁོང་དིལླིར་རྒྱ་གར་གཞུང་གི་ཕྱི་སྲིད་བློན་ཆེན་ཟུར་པ་ Shri Jaswant Singh མཆོག་གི་སྐུའི་འཕྲོད་བསྟེན་དང་། དེ་བཞིན་གཟིམ་ཆུང་བཀའ་འབྲེལ་དིལླིིར་རྩོམ་པ་པོ་གྲགས་ཅན་ Anis Jung ཞེས་པའི་སྐུའི་འཕྲོད་བསྟེན་ཞབས་ཞུར་བཅར་ཏེ་བོད་ལུགས་གསོ་རིག་གི་བརྟག་དཔྱད་དང་སྨན་བཅོས་གནང་བས་སྲིད་བློན་མཆོག་ནས་བོད་སྨན་ལ་ཚད་མཐོའི་གདེངས་འཇོག་གནང་།
ལོ་དེའི་ཟླ་ ༦ ཚེས་ ༢༣ ནས་ཚེས་ ༢༩ བར་དཔལ་ལྡན་རང་གཞུང་བཀའ་ཤག་དང་བོད་གཞུང་སྨན་རྩིས་ཁང་འཛིན་སྐྱོང་བཀའ་འབྲེལ་ཐོག་སྨན་རྩིས་ཁང་གསོ་རིག་ཞིབ་འཇུག་སྡེ་ཚན་གྱི་འགན་འཛིན་སྨན་རམས་པ་པདྨ་རྡོ་རྗེ་བཀུར་འོས་རྒྱ་གར་སྲིན་འཛིན་སྐུ་གཞོན་ཤི་ཁ་ཝཏཱ་མཆོག་དང་། སྲིད་བློན་ཟུར་པ་བཀུར་འོས་སྐུ་ཞབས་བ་ཇཱ་པ་ཡེ་མཆོག་རྣམ་གཉིས་ཀྱི་སྐུ་ཁམས་བརྟག་དཔྱད་ཀྱི་ཆེད་དུ་ཆེད་གཏོང་གནང་སྟེ་མི་རྗེ་རྣམ་གཉིས་ཀྱིས་དབུས་ནད་པ་ཁ་ཤས་ལ་དཔྱད་བརྟག་སྨན་བཅོས་གནང་འདུག་པ་སོགས་ཀྱི་སྟེང་ནས་ཀྱང་བོད་མི་རིགས་ཀྱི་རིག་གཞུང་གི་རིན་ཐང་ལ་སྤོབས་པ་བྱེད་ཆོག་པ་ཤེས་ཐུབ། གཞན་ཡང་ལོ་དེའི་ཟླ་ ༧ ཚེས་ ༦ ནས་དབུས་དང་ཕྱོགས་མཐའི་ཡན་ལག་སྨན་ཁག་ ༣༨ ནས་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་ན་དགུང་གྲངས་ ༧༠ ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་མོ་གཟབ་རྒྱས་ངང་སྲུང་གཙི་ཞུ་ཕྱིར་སྐུའི་འཁྲུངས་སྐར་ཉིན་རིས་མེད་ནད་པ་ཡོངས་ལ་ལག་དོད་མེད་པའི་ཐོག་སྨན་སྦྱིན་གནང་པ་མ་ཟད། ཉེ་འཁོར་གྱི་གྲོང་གསེབ་ས་གནས་ཁག་ ༡༣༩ ཙམ་གྱི་རྒྱ་གར་བ་ཉམ་ཐག་རིགས་ལ་བདུན་ཕྲག་གཅིག་རིང་སྨན་སྦྱིན་སྨན་བསྐོར་དང་། རྒྱལ་ས་ཁག་ཏུ་ཡོད་པའི་སྨན་ཁང་ཁག་ལྔ་ནས་ལག་དོད་མེད་པའི་ཐོག་ཉེ་འཁོར་ས་གནས་ཁག་ ༥ ཙམ་ལ་སྨན་བསྐོར་ཞུས་ཏེ་ཁྱོན་བསྡོམས་ནད་པ་གྲངས་ ༢༠༢༥༣ ཙམ་ལ་བརྟག་དཔྱད་སྨན་བཅོས་ཞུས་པ་དང་། ནད་པ་དེ་དག་ལ་སྨན་སྦྱིན་བཏང་བ་དངུལ་བསྒྱུར་ཧིན་སྒོར་ ༡༠༠༥༥༤༩།༦༢ སྨན་སྦྱིན་དགེ་རྩ་རྒྱ་དང་ས་གནས་དེ་དག་གི་ཡུལ་མི་རྣམས་ལ་ཕན་ཐོགས་ཆེན་པོ་བྱུང་བས་རྗེས་སུ་སླར་ཡང་འདི་ལྟར་སྨན་སྦྱིན་ཡོང་བའི་རེ་བསྐུལ་ཞུས་ཡོད་འདུག
ཕྱི་ལོ་ ༢༠༠༦ ལོར་རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་དུ་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་བཀའ་དྲིན་སྩལ་སྐབས་བླ་ཞབས་སྨན་རམས་པ་རྣམ་རྒྱལ་ཚེ་རིང་སོགས་ཆེད་བཅར་གྱིས་ཕྱི་ནང་གི་ཆོས་ཞུ་བ་ ༤༢༠༠༠ ཙམ་ལ་བརྟག་དཔྱད་སྨན་བཅོས་གནང་། དེ་དག་གི་ཁྲོད་ནས་བོད་ནས་གསར་དུ་ཕེབས་པ་དང་། རང་རིགས་ལོ་ན་བདུན་ཅུ་ཡན། ཉམ་ཐག་བཅས་ལ་སྨན་སྦྱིན་ཕུལ་བའི་དངུལ་བསྒྱུར་ཧིན་སྒོར་ ༡༤༤༣༤༧།༠༠ དང་། ལྷག་པར་ཏུ་ཆོས་ཞུ་བ་རྣམས་ལ་ཆམ་རིམས་སྔོན་འགོག་ཆེད་དམིགས་བསལ་གྱི་འཕྲུལ་ཐང་སྦྱོར་བསྐྲུན་གྱིས་རིན་མེད་ཐོག་འགྲེམས་སྤེལ་གནང་པས་རྒྱ་ཆེའི་ཆོས་ཞུ་བ་མང་པོར་དགེ་ཕན་ཆེན་པོ་བྱུང་།
ལོ་དེར་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སྨན་བསྐོར་ཆེད་སྨན་པ་གདན་ཞུ་འབྱོར་བར་འཛིན་སྐྱོང་ཚོགས་ཆུང་གོ་བསྡུར་གྱིས་གདན་ཞུ་ཚོགས་པས་དམིགས་བཀར་སྨན་པ་རེ་ཟུང་མིང་འབོད་བྱས་པ་ཕུད་དེ་སྔ་སྨན་པ་ཕྱིར་བསྐྱོད་བྱ་མྱོང་མེད་མཁན་ཚོར་གོ་སྐབས་སྤྲོད་རྒྱུའི་བསམ་ཚུལ་དགོངས་དོན་བཞིན། ནོར་ཝེ་དང་། ཁ་ཛཱག་སྤྱི་མཐུན་རྒྱལ་ཁབ་ནས་གདན་ཞུ་ཁག་གཉིས་དང་། ཨུཛ་བེ་ཀསྟཱན་བཅས་སུ་སྨན་པ་བསྐོ་གཏོང་ཞུས་པ་དང་། ནོར་ཝེ་སྨན་བསྐོར་གོ་སྒྲིག་པ་ཨེ་ནི་ཧ་རི་ལ་དང་འབྲེལ་ལམ་གྱིས་ལོ་དེའི་ནང་དུས་གཅིག་ཏུ་གོང་གསལ་ས་གནས་ཁག་གསུམ་ནང་སྨན་སྐོར་ཞུས་ནས་གྲུབ་འབྲས་གང་ལེགས་བྱུང་བས་རིམ་པ་བཞིན་སྨན་ལས་པ་ཁ་ཤས་ས་གནས་དེ་དག་ཏུ་སྨན་པ་བསྐོར་གཏོང་ཞུས་ཏེ་ནད་པ་རྣམས་ལ་བརྟག་དཔྱད་སྨན་བཅོས་གང་ལེགས་ཞུས། ཕྱི་ལོ་ ༢༠༠༦ ཟླ་ ༡ ཚེས་ ༢༦ ཉིན་གསུམ་རིང་ངེས་སྟོན་པ་གཞོན་པ་བླ་ཞབས་ཚེ་དབང་རྟ་མགྲིན་ལགས་ཇེ་ནེ་ཝར་ཡོད་པའི་སྲོལ་རྒྱུན་གྱི་འཕྲོད་བསྟེན་གྱི་བསླབ་བྱ་དང་། ཤེས་ཡོན་ཞེས་པའི་ཚོགས་པས་ནུབ་ཕྱོགས་དང་བོད་སྨན་ཞེས་པའི་སྨན་གྱི་ཚོགས་འདུ་བསྐྱངས་པར་ཆེད་ཕེབས་དང་། སྨན་རྫས་ཉམས་ཞིབ་པ་སྨན་པ་ཚུལ་ཁྲིམས་སྐལ་བཟང་མངའ་སྡེ་ཧ་རི་ཡ་ནའི་ནགས་ཚལ་སྡེ་ཚན་དང་། སྨན་རྩ་ལྷན་ཁང་ནས་གོ་སྒྲིག་གནང་བའི་སྨན་རྩ་འདེབས་ལས་དང་། བདག་ཉར་བྱ་ཕྱོགས་སྐོར་བགྲོ་གླེང་དང་། ཟབ་སྦྱོང་ཚོགས་འདུར་བཅར་ཏེ་བོད་ཀྱི་གསོ་བ་རིག་པ་ལས་འཕྲོས་པའི་གཏམ་བཤད་དང་ངོ་སྤྲོད་རྒྱས་པར་གནང་ཐུབ་པ་བྱུང་། གཞན་ཡང་ལོ་དེའི་ཟླ་ ༡༡ ཚེས་ ༣ ནས་ཚེས་ ༡༣ བར་ཝར་ཎ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་བཙན་བྱོལ་བོད་མིའི་གསོ་བ་རིག་པའི་ཟབ་སྦྱོང་དང་། བགྲོ་གླེང་ཚོགས་འདུར་སྨན་རྫས་ཉམས་ཞིབ་འགན་འཛིན་སྨན་པ་ཚེ་རིང་ནོར་བུ་ལགས་ནས་ར་འཇིབ་རྒྱག་སྟངས་ལག་ལེན་དང་། སྨན་རྫས་ངོ་སྤྲོད་ཞུས། ནད་བཅོས་ཉམས་ཞིབ་འགན་འཛིན་སྨན་པ་ཟླ་སྒྲོན་ལགས་ནས་མཁྲིས་རྡོའི་བཅོས་ཐབས་ཐོག་ངོ་སྤྲོད་གནང་།
ཕྱི་ལོ་ ༢༠༠༦ ཟླ་ ༢ ཚེས་ ༢༣ ནས་ཚེས་ ༢༧ བར་གསོ་རིག་ཞིབ་འཇུག་སྡེ་ཚན་གྱི་འགན་འཛིན་སྨན་རམས་པ་པདྨ་རྡོ་རྗེ་ལགས་དིལླིིར་རྒྱ་གར་ཕྱི་སྲིད་ལྷན་ཁང་གི་འབྲེལ་ཡོད་དཔོན་རིགས་ཁག་ལ་བརྟག་དཔྱད་གནང་བར་ཆེད་བཅར་ཞུས་པ་དང་། ངེས་སྟོན་པ་གཞོན་པ་བླ་ཞབས་ཚེ་དབང་རྟ་མགྲིན་ལགས་ཀྱང་བཀའ་ཤག་བཀའ་འབྲེལ་ལྟར་རྒྱ་གར་གཞུང་གི་བདེ་སྲུང་བློན་ཆེན་ཟུར་བ་ Geroge Fernandes མཆོག་གི་སྐུའི་འཕྲོད་བསྟེན་ཞབས་ཞུར་བཅར་བ་སོགས་སྔ་ལོའི་འབྲེལ་བ་བརྒྱུད་རྒྱ་གར་གྱི་དཔོན་རིགས་མང་པོས་བོད་ཀྱི་སྨན་ལ་དོ་སྣང་དང་ཡིད་མོས་ཆེན་པོ་གནང་སྟེ་བསྟེན་གཏུག་བྱེད་མཁན་དཔོན་རིགས་ཇེ་མང་དུ་གྱུར།
གཞན་ཡང་ལོ་དེའི་ཟླ་ ༣ ཚེས་ ༢༧ ནས་ཟླ་ ༤ ཚེས་ ༢ བར་ཉམས་ཞིབ་སྨན་པ་བསྟན་འཛིན་རྣམ་གྲོལ་ལགས་སུད་སི་ལ། སེམས་དང་། ཤེས་བྱ། རྒྱུན་འཛིན་ཐུབ་པ་ཞེས་པའི་བརྗོད་གཞིའི་ཐོག་ཚོགས་འདི་སྐོང་ཚོགས་བྱས་པར་མཉམ་ཞུགས་གནང་། ཐེངས་འདིའི་ཚོགས་འདུ་གོ་སྒྲིག་གནང་མཁན་ནི་འཛམ་གླིང་རྒྱུན་འཛིན་མཐུན་ཕྱོགས་རྒྱལ་འབྲེལ་གྱི་ཁྱབ་ཁོངས་རྒྱུན་འཛིན་ཐུབ་པའི་ཡར་རྒྱས་ཆེད་འཛམ་གླིང་སློབ་ཕྲུག་མང་ཚོགས་ཞེས་པའི་ཚོགས་པ་ཞིག་གིས་གོ་སྒྲིག་གནང་། དེང་སྐབས་འཛམ་གླིང་ནང་ཡར་རྒྱས་མང་པོ་ཞིག་ཕྱི་དངོས་པོ་ཁོ་ན་དང་། དེ་ཡང་དུས་ཡུན་ཐུང་ཐུང་གི་ཡར་རྒྱས་ཀྱི་རྣམ་པ་ཞིག་དང་། ནང་སེམས་དང་ཤེས་བྱ། དུས་བཞིན་དུས་ཡུན་རིང་པོར་རྒྱུན་འཛིན་ཐུབ་པའི་ཡར་རྒྱས་དང་བྲལ་བས་ཉེ་བའི་ཆར་གོ་ལ་ཁྱོན་ཡོངས་སུ་དཀའ་ངལ་དང་། འཁོར་ཡུག འཛམ་གླིང་གནམ་གཤིས་ཀྱི་གནས་སྟངས་ལ་སོགས་པ་གང་ཅིའི་ཐོག་རྐྱེན་ངན་ཕྲད་དང་འཕྲད་མུས་ཡིན་པ་བཞིན་ཚོགས་འདུ་དེ་བརྒྱུད་འཛམ་གླིང་ནང་རིག་གནས་གང་ཅིའི་ཐད་ཡར་རྒྱས་རྒྱུན་འཛིན་དང་། ཕྱིར་ཁོར་ཡུག་དང་། མིའི་ཀུན་སྤྱོད། གཤིས་ཀ་ལ་ཡང་རྒྱུན་འཛིན་ཡར་རྒྱས་ཐུབ་པའི་དམིགས་ཡུལ་ཁྱེར་ཏེ་ཚོགས་སྐོང་བྱས་པ་ཞིག་ཡིན་འདུག ཚོགས་འདུའི་སྐབས་སུ་རྒྱལ་ཁབ་འདྲ་མིན་གྱི་མཐོ་སློབ་ཁང་མང་པོ་ནས་མཁས་དབང་དང་སློབ་མ་མང་པོས་གཏམ་བཤད་དང་འཇིག་རྟེན་འདིའི་དཀའ་ངལ་ལ་གདོང་ལེན་བྱེད་སྟངས་སོགས་ལས་འཕྲོས་ཏེ་གཏམ་བཤད་རིམ་པར་གནང་བ་བཞིན། ཉམས་ཞིབ་སྨན་པ་བསྟན་འཛིན་རྣམ་གྲོལ་ལགས་ཀྱིས་ཀྱང་སྤྱིར་བོད་ཀྱི་རིག་གཞུང་དང་། དམིགས་སུ་བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས། ལྟ་གྲུབ། ནད་གཞི་ངོས་འཛིན། སྨན་བཅོས་གནང་སྟངས་སོགས་ཀྱི་སྐོར་ལ་གཏམ་བཤད་གནང་ཡོད་པ་ལ་བརྟེན་ཕྱི་ལོར་ལོ་འཁོར་ཚོགས་འདུ་དེ་ཉིད་ཉི་ཧོང་ཀྲོ་ཀོ་ཡོ་མཐོ་སློབ་ཏུ་ཚོགས་གཏན་འཁེལ་བ་བཞིན་བོད་ཀྱི་སྨན་རྩིས་ཁང་ནས་ཆེད་ལས་པ་ཞིག་ཕེབས་ཐུབ་ན་དགེ་མཚན་ཆེ་བའི་བསམ་ཚུལ་ཆེན་པོ་བྱུང་བ་དང་། ཚོགས་འདུའི་གོ་སྒྲིག་པ་རྣམ་པས་ཀྱང་ད་ལན་སྨན་རྩིས་ཁང་ནས་སྨན་པ་བཏང་བ་འདིས་ཚོགས་འདུའི་སྐབས་ཕན་རླབས་ཆེན་པོ་བྱུང་བ་མ་ཟད་ལས་གཞི་ ༢༡ (PROJECT 21) འོག་བོད་ཀྱི་གསོ་བ་རིག་པའི་ཐོག་འཆར་གཞི་ཡོད་པ་འདི་ཁུངས་བཙན་དུ་ཕྱིན་པའི་བསམ་ཚུལ་ཡང་གསུངས་ཡོད་འདུག
ཕྱི་ལོ་ ༢༠༠༦ དང་ ༢༠༠༧ ལོར་དབུས་སྨན་རྩིས་ཁང་གི་བཀའ་འབྲེལ་བཞིན་དབུས་དང་ཡན་ལག་ཁག་གི་སྨན་པ་སྐོར་ཞིག་ཕྱི་རྒྱལ་ཁག་ལ་ཆེད་གཏོང་ཞུས། སྔ་ཕྱི་རིམ་པར་སྨན་རམས་པ་པདྨ་རྡོ་རྗེ་དང་། བླ་ཞབས་སྨན་རམས་པ་ཟླ་སྒྲོན། བདེ་གླིང་ཡན་ལག་འགན་འཛིན་སྨན་རམས་པ་བསོད་ནམས་ལྷ་མོ། སྨན་རྫས་ཉམས་ཞིབ་འགན་འཛིན་སྨན་པ་ཚེ་རིང་རྡོ་རྗེ། སྨན་རམས་པ་སྤེན་པ་ཚེ་རིང་། ཀ་ཏ་ཡན་ལག་འགན་འཛིན་སྨན་པ་བསྟན་འཛིན་འོད་ཟེར་སོགས་ཨ་རི་དང་། ནོར་ཝེ། ཨིིན་ལན། ཉི་ཧོང་། ཨུཛ་བེ་ཀིསྟཱན། སྭི་ཌེན། སིངྒ་པུར་སོགས་ཕྱི་རྒྱལ་ཁག་ཏུ་སྨན་བསྐོར་དུ་ཕེབས་ཤིང་། གདན་ཞུ་གནང་མཁན་གྱི་གོ་སྒྲིག་པ་རྣམས་ཀྱིས་ལུང་པ་དེ་དག་གི་ཉམ་ཐག་ནད་པ་རྣམས་ལ་བོད་སྨན་གྱིས་ཕན་རེ་ཆེན་པོ་བཅངས་སྟེ། ས་གནས་གང་སར་བརྙན་འཕྲིན་དང་རླུང་འཕྲིན་ཁག་ཏུ་བརྒྱུད་བསྒྲགས་ཤུགས་ཆེན་བྱས་ཡོད་པ་དང་། བོད་ཀྱི་སྨན་པ་རྣམ་པས་ཀྱང་ནད་པར་བརྟག་དཔྱད་དང་ཟས་སྤྱོད་སྤང་བླང་གིས་མཚོན། ཚོགས་འདུ་དང་མི་མང་འདུ་སར་བོད་སྨན་གྱི་གཞུང་ལུགས་འདི་ཅི་ལྟར་ཡར་རྒྱས་སུ་ཕྱིན་པ་དང་། རྩ་བ་དང་ཁུངས་གང་ཞིག་ལ་གཏུགས་ཡོད་པ། དེང་དུས་ཀྱི་ཚན་རིག་དང་མཉམ་དུ་མདུན་སྐྱོད་ཅི་ལྟར་བྱེད་བཞིན་པ། གསོ་རིག་འདིའི་ནད་ཅི་ལྟར་ངོས་འཛིན་བྱེད་བཞིན་པ། ནད་ཀྱི་རྩ་བ་གང་ལ་ཐུག་པ་སོགས་གསལ་བཤད་དང་། དེ་བཞིན་རྩིས་ཀྱི་འཕེལ་རིམ་དང་། བོད་སྨན་དང་བོད་ཀྱི་རྩིས་རིག་གཉིས་ཀྱི་འབྲེལ་བ་ཇི་འདྲ་ཡིན་མིན་སོགས་གསུང་བཤད་གནང་བས། ས་གནས་ཀྱི་མང་ཚོགས་ཀྱིས་བོད་སྨན་ལ་དགའ་མོས་དང་ཡིད་ཆེས་ཆེན་པོ་གནང་བ་དང་། ཕྱི་ལུགས་ཀྱི་སྨན་བསྟེན་ནས་དྲག་སྐྱེད་མ་བྱུང་བའི་ནད་གཞི་རྙིང་བ་ཅན་སྐོར་ཞིག་ཀྱང་ཆེད་དུ་བརྟག་དཔྱད་གནང་དུ་ཕེབས་པར་ཕན་ཐོགས་ཆེན་པོ་བྱུང་། དེ་བཞིན་དུ་འདི་ལོར་སྨན་རམས་པ་པདྨ་རྡོ་རྗེ་དང་། བླ་ཞབས་སྨན་རམས་པ་ཟླ་སྒྲོན། ཀོ་ལི་སྒར་ཡན་ལག་འགན་འཛིན་སྨན་པ་རྟ་མགྲིན་བཟང་མོ། སྨན་རམས་པ་བསྟན་འཛིན་ལྷ་སྒྲོན་སོགས་སྔ་ཕྱིར་རྒྱ་གར་བྱང་ཤར་ཁུལ་གྱི་བོད་མིའི་གཞིས་སྒར་ཁག་དང་། ཁུ་ནུ། རི་གོང་པིའོ། སྒང་ཏོག རྡོར་གླིང་། ཀ་སྦུག ཧུན་སུར། བདེ་སྐྱིད་སླར་གསོ། ཇམ་ནགར་སོགས་སུ་སྨན་བསྐོར་དུ་ཕེབས་ཏེ་ནད་པ་ཉམ་ཐག་མང་པོར་སྨན་བཅོས་དང་། ཟས་སྤྱོད་སྤངས་བླངས་ཀྱིས་མཚོན་ལམ་སྟོན་གནང་བས་ཡུལ་མི་དེ་དག་ལ་ཕན་ཐོགས་ཆེན་པོ་བྱུང་།
ཕྱི་ལོ་ ༢༠༠༧ ལོར་དོན་གཅོད་ཁང་ནས་རིག་གཞུང་ཁྱབ་སྤེལ་གྱི་ལས་འཆར་ལྟར་རྩིས་རམས་པ་རྡོ་རྗེ་དབང་རྒྱལ་དང་སྨན་རམས་པ་སྤེན་པ་ཚེ་རིང་གཉིས་ཉི་ཧོང་དུ་གཞུང་འབྲེལ་ཕྱོགས་བསྐྱོད་བྱས། ས་གནས་སུ་ཕེབས་ཏེ་སྨན་རམས་པ་སྤེན་པ་ཚེ་རིང་ནས་བོད་སྨན་སྐོར་གྱི་གཏམ་བཤད་བྱས་པར་དོན་གཉེར་ཅན་མི་གྲངས་ ༥༠ ཙམ་ཚོགས་བཅར་ཞུས་ཡོད་འདུག སྐབས་དེར་རྩིས་རམས་པ་རྡོ་རྗེ་དབང་རྒྱལ་ནས་བོད་ཀྱི་སྐར་རྩིས་ཀྱི་སྐོར་གཏམ་བཤད་བྱས་པར་དོན་གཉེར་ཅན་མི་གྲངས་ ༢༠ ལྷག་ཙམ་ཚོགས་བཅར་ཞུས། གཏམ་བཤད་གྲུབ་རྗེས་སྨན་རྩིས་གཉིས་སོ་སོར་ཆུ་ཚོད་ཕྱེད་ཀ་ཙམ་རིང་དྲི་བ་དྲིས་ལན་ཡང་ཞུས་པ་བཅས་རིག་གཞུང་ཁྱབ་སྤེལ་གྱི་ཞབས་འདེགས་མི་དམན་པ་ཙམ་བྱུང་ཡོད་པ་རེད། ཉིན་བདུན་རིང་སྨན་རྩིས་པ་སོ་སོ་ནས་དོན་གཅོད་ཁང་དུ་ནད་པ་བརྟག་དཔྱད་དང་རྩིས་འབྲས་བསྐོར་བ་བཅས་ཀྱི་ལས་འཁུར་ཞུས་རིང་ནད་པ་གྲངས་ ༤༥ དང་། རྩིས་འབྲས་གྲངས་ ༥༤ བཅས་པར་བརྟག་དཔྱད་སྨན་བཅོས་དང་ཟས་སྤྱོད་ལམ་སྟོན་དང་། རྩིས་འབྲས་སྐོར་མི་རེར་རྩིས་འབྲས་ཀྱི་བླང་དོར་ལམ་སྟོན་བྱས་པ་སོགས་རེ་བ་སྐོང་ཐབས་ཞུས། ཐེངས་དེའི་སྨན་བཅོས་ལག་དོད་དང་སྨན་དོད། རྩིས་འབྲས་བསྐོར་བ་དང་། སྲུང་བ་སོགས་ལ་ཁྱོན་བསྡོམས་ཧིན་སྒོར་༨༣༣༡༥༠།༠༠ བྱུང་ཡོད་འདུག
ཕྱི་ལོ་ ༢༠༠༧ ཟླ་ ༨ ཚེས་ ༣༠ ནས་ཟླ་ ༩ ཚེས་ ༢༢ བར་སྨན་རྩིས་ཁང་འཛིན་སྐྱོང་གི་བཀའ་འབྲེལ་བཞིན་གསོ་རིག་ཞིབ་འཇུག་སྡེ་ཚན་འགན་འཛིན་སྨན་རམས་པ་པདྨ་རྡོ་རྗེ་དང་། སྨན་པ་ཉི་མ་རྒྱལ་མཚན་གཉིས་སྔ་ཕྱིར་ནོར་ཝེ་དང་། སྭི་ཌེན། ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ Brazil Argentina Chile, Peru དང་ Columbia བཅས་ཁག་ལྔ་ལ་རིམ་པས་ཕེབས་ཏེ་དེ་གའི་སྨན་གྱི་གཙུག་ལག་སློབ་གྲྭ་ཁག་འགར་བོད་ཀྱི་གསོ་བ་རིག་པའི་གཞི་རྩའི་ངོ་སྤྲོད་ཀྱི་གཏམ་གནང་། སྐབས་དེར་སྨན་རམས་པ་པདྨ་རྡོ་རྗེ་ལགས་ཀྱིས་ཟླ་ ༩ ཚེས་ ༢ ནས་ཚེས་ ༥ བར་ Brazil རྒྱལ་ས་ Sao Paulo ནང་སྙན་གྲགས་ཤིན་ཏུ་ཆེ་བའི་གསོ་རིག་གཙུག་ལག་ཁང་ཆེན་མོ་ Federal University of Sao Paulo School of Medicine ཞེས་པར་དེ་གའི་མཁས་དབང་ཁག་དང་། ཉམས་ཞིབ་པ་ཁག སྨན་པ་གསར་ཐོན་ཉམས་གསོག་པ། དམིགས་བསལ་སྐུ་མགྲོན་ཁག་ཅིག་བཅས་ཆེད་དུ་བདམས་པའི་མི་གྲངས་ ༧༢ ལ་བོད་ཀྱི་གསོ་བ་རིག་པའི་གཞུང་ནས་གསུངས་པའི་ནད་མེད་ཀྱི་གོ་དོན། ནད་ཅན་གྱི་རྒྱུ་རྐྱེན་བརྟག་ཐབས། བཅོས་ཐབས་རྣམ་པ་བཞི། སྙིང་རྩའི་ནད། ཕོ་བ་དང་། རྩ་དཀར་དབང་རྩའི་ནད་ཀྱི་སྐོར་རྒྱས་བཤད་བྱས། དེ་བཞིན་དེ་གའི་ཚོམས་ཆེན་ཞིག་ཏུ་གཙུག་ལག་སློབ་གྲྭའི་ལས་བྱེད་པ་དང་། ཉམས་ཞིབ་པ། སློབ་ཕྲུག གཞན་ཡང་བོད་ཀྱི་གསོ་བ་རིག་པ་ལ་དོ་སྣང་ཡོད་མཁན་མི་གྲངས་ ༤༠༠ ལྷག་ཙམ་ལ་བོད་ཀྱི་གསོ་བ་རིག་པའི་གཞུང་ནས་གསུངས་པའི་ཟས་སྤྱོད་སྤང་བླང་དང་འབྲེལ་བའི་ལུས་སེམས་ཀྱི་འཕྲོད་བསྟེན་བྱ་ཕྱོགས་སྐོར་གཏམ་བཤད་དང་ནད་པར་བརྟག་དཔྱད་སྨན་བཅོས་སོགས་གནང་སྟེ་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཁག་ལྔའི་ནང་བོད་ཀྱི་གསོ་རིག་གི་ངོ་སྤྲོད་གཏིང་ཟབ་བྱེད་ཐུབ་པ་བྱུང་།
ཕྱི་ལོ་ ༢༠༠༨ ཟླ་ ༡ ཚེས་ ༡༦ ནས་ཚེས་ ༢༠ བར་སྨན་རྩིས་ཁང་གི་འཛིན་སྐྱོང་བཀའ་འབྲེལ་བཞིན་གསོ་རིག་ཞིབ་འཇུག་སྡེ་ཚན་གྱི་འགན་འཛིན་སྨན་རམས་པ་པདྨ་རྡོ་རྗེ་ལགས། རང་གཞུང་ཕྱི་དྲིལ་ལྷན་ཁང་ནས་རྒྱ་གར་མངའ་སྡེ་གུཇ་རཱཏ་ཁྱབ་ཁོངས་ཨཧ་མ་དབཱད་གྲོང་ཁྱེར་དུ་བོད་ཀྱི་བྱམས་བརྩེའི་དུས་སྟོན་ Tibet Festival ཞེས་པ་གོ་སྒྲིག་གནང་ཁོངས་སུ་ནད་པར་བརྟག་དཔྱད་སྨན་བཅོས་དང་བོད་སྨན་ངོ་སྤྲོད་གནང་དུ་ཕེབས། དེ་རྗེས་རྒྱ་གར་སྲོལ་རྒྱུན་སྨན་གྱི་ལྷན་ཁང་ནས་རྒྱ་གར་གནའ་སྲོལ་ཚེའི་རིག་བྱེད་ Ayurveda དང་ཁ་ཆེའི་ལུགས་ཀྱི་སྨན་དཔྱད་ Siddhi System ཞེས་པའི་སྨན་གྱི་ལུགས་ལས་རྒས་པ་གསོ་བའི་ཐབས་ལམ་སྐོར་བགྲོ་གླེང་ཚོགས་སྐོང་གནང་བར་ཚོགས་བཅར་གྱིས་རྒས་པ་གསོ་ཐབས་ནི་རྒས་པ་རྣམས་ལ་བྱམས་སྐྱོང་དང་གུས་འདུད་དང་དོ་ཁུར་དགོས་པ་དང་། ཚེ་བསྲིང་བའི་ཐབས་གཙོ་བོ་མདངས་མཆོག་འཕེལ་ཐབས་ཡིན་ན་སེམས་གདུང་སེམས་ཞུམ་སེམས་ངལ་མི་འབྱུང་བ་དང་། རྒྱུན་དུ་འཛུམ་མདངས་ཀྱི་ངང་གནས་ཐབས་དགོས་པའི་སྐོར་གྱི་སློབ་སྟོན་ཞུས་པ་མ་ཟད། མི་སུ་ཡིན་ཡང་ལོ་ན་མཐོ་པོར་སླེབས་ཚེ་སྣུམ་འཁོར་ལོ་མང་བཀོལ་ཟད་སོང་བ་ལྟར་ལུས་ཀྱི་བཅུད་ཉམས་ནས་རླུང་འཕེལ་བས་ཕྱིར་ཏིལ་སྣུམ་གྱིས་བྱུགས་པ་དང་། ཁོང་དུའང་སྣུམ་དེ་བེད་སྤྱོད་བྱས་ན་ཕན་ཐོགས་ཡོད་སྐོར་བོད་ཀྱི་གསོ་བ་རིག་པའི་གཞུང་ནས་གསུང་ཡོད་སྐོར་སོགས་གཏམ་བཤད་གནང་སྟེ་ཚོགས་འདུར་ཞུགས་མཁན་རྣམས་ལ་བོད་ཀྱི་གསོ་རིག་ངོ་སྤྲོད་བྱེད་ཐུབ་པ་བྱུང་འདུག
ཕྱི་ལོ་ ༢༠༠༨ ཟླ་ ༢ ཚེས་ ༡༨ ནས་ ༢༢ བར་བླ་ཞབས་ཟླ་སྒྲོན་དང་སྨན་རམས་པ་བསྟན་འཛིན་ནོར་བུ། རྩིས་པ་བཀྲ་ཤིས་རྣམ་རྒྱལ། སྨན་སྤྲོད་ཚེ་དབང་དང་ཟླ་བ་སྒྲོལ་མ་བཅས་ནས་རྒྱ་གར་གུཇ་རཱ་ཏ་དང་ཇམ་ནཱགར་དུ་སྨན་བསྐོར་དུ་ཕེབས། ཐེངས་འདིར་ས་གནས་སེ་ཝག་ཚོགས་པའིཚོགས་མི་མི་དྷི་པགས་བྷ་ཡེ་ Depakbhai ནས་འགྲོ་གྲོན་སྦྱིན་བདག་རྐང་ལེན་ཞུས་ཏེ། དང་བླངས་ཚོགས་མི་དྷི་ལིབ་བྷ་ཡེ་དང་། བི་ནུ་བྷ་ཡེ། ཏུ་ཤར་བྷ་ཡ། རས་ཀར་བྷ་ཡེ་སོགས་ཀྱིས་གོ་སྒྲིག་ཚགས་ཚུད་འོག་སྨན་ལས་རྣམས་ནས་ཉིན་ལྟར་ནད་པ་གྲངས་བརྒྱ་རེ་ཙམ་ལ་བརྟག་དཔྱད་དང་སྨན་བཅོས་གནང་སྟེ། ཁྱོན་བསྡོམས་ཉིན་ལྔ་ལ་འཛིན་གསལ་ནད་གྲངས་བཞི་བརྒྱ་བརྒྱད་ཅུ་ཙམ་ལ་བརྟག་དཔྱད་དང་སྨན་བཅོས་ཞུས། ཚེས་ ༢༣ ཉིན་སྔ་དྲོར་ཇམ་ནགར་ནས་ཐོན་ཏེ་རཱཇ་ཀོ་ཊ་ལ་ནད་གྲངས་ ༣༥ ཙམ་བརྟག་དཔྱད་ཀྱིས་ཁྱོན་བསྡོམས་ནད་གྲངས་ལྔ་བརྒྱ་བཅོ་ལྔ་ཙམ་ལ་སྨན་བཅོས་ཞུས་ཏེ་ས་གནས་མི་མང་གི་འཕྲོད་བསྟེན་ཕྱོགས་ལ་ཕན་ཐོགས་ཆེན་པོ་བྱུང་།
ལོ་དེའི་ཟླ་ ༣ ཚེས་ ༡ ནས་ཚེས་ ༡༢ བར་དབུས་སྨན་རྩིས་ཁང་གི་བཀའ་འབྲེལ་བཞིན་སྨན་རམས་པ་ཚེ་རིང་ནོར་བུས་ཨུ་རུ་སུའི་རྒྱལ་སར་སྨན་བསྐོར་གནང་། ཐེངས་དེའི་སྨན་སྐོར་དེ་ནི་ཨུ་རུ་སུའི་ཚོགས་པ་ཞིག་གི་རེ་ཞུ་ལྟར་དེ་ཁུལ་གྱི་ནད་པར་བོད་ལུགས་གསོ་རིག་གི་སྨན་བཅོས་རྟེན་གཞི་གསར་འཛུགས་གནང་རྒྱུའི་སྐོར་འཛིན་སྐྱོང་དང་བཀའ་བསྡུར་ཐག་གཅོད་བྱུང་བའི་ལས་གཞི་མགོ་འཛུགས་ཆེད་ཆེད་དུ་བཏང་བ་ཞིག་རེད། སྨན་རམས་པ་ཚེ་རིང་ནོར་བུ་ཨུ་རུ་སུར་འབྱོར་རྗེས་གོ་སྒྲིག་གནང་མཁན་ཚོའི་སྨན་ཁང་དུ་གཟིགས་སྐོར་དང་། ཁུལ་དེའི་ནད་པ་གྲངས་ ༧༢ ཙམ་བརྟག་དཔྱད་སྨན་བཅོས་དང་ཟས་སྤྱོད་སློབ་སྟོན། དེ་བཞིན་ཞོར་དུ་སྨན་ཁང་གི་སྨན་ལས་རྣམས་ལ་བོད་སྨན་གྱི་གཞི་རྩའི་རྨང་གཞི་དང་། ནད་གཞི་གང་དང་གང་ལ་བོད་སྨན་ཕན་བསྐྱེད་ཡོད་མེད་སྐོར་ངོ་སྤྲོད་གཏམ་བཤད་ཡོང་བའི་རེ་བ་ལྟར་ངོ་སྤྲོད་ཞུས། ལས་གཞི་གོ་སྒྲིག་གནང་མཁན་ནས་ཐེངས་འདིའི་སྨན་སྐོར་དང་བོད་སྨན་ལ་ཐུགས་ཡིད་ཚིམ་པོ་གནང་བ་མ་ཟད་རྗེས་མར་ཡང་བསྐྱར་ཕེབས་དགོས་པའི་བསམ་ཚུལ་ཀྱང་ཞུས་ཡོད་འདུག
ལོ་དེའི་ཟླ་ ༤ ཚེས་ ༦ ནས་ཟླ་ ༥ ཚེས་ ༢ བར་ྋདཔལ་ལྡན་ྋསྐུ་སྒེར་ཡིག་ཚང་གི་བཀའ་འབྲེལ་བཞིན་སྨན་རམས་པ་སློབ་སྤྱི་ཚེ་དབང་རྟ་མགྲིན་ྋསྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་ལགས་ཀྱི་སྐུ་ཁམས་བརྟག་དཔྱད་སྨན་བཅོས་སུ་ཕེབས། ཐེངས་འདིར་ྋསྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག་གི་སྙུང་གཞི་ལ་བརྟག་དཔྱད་སྨན་བཅོས་གང་ཟབ་གནང་བ་དང་། ཞོར་དུ་ས་གནས་ཀྱི་རྒས་གསོ་ཁང་དང་། ཅ་སྤེལ་ཡན་ལག་སྨན་ཁང་བཅས་སུ་ནད་པ་ ༤༠༠ ཙམ་ལ་བརྟག་དཔྱད་སྨན་བཅོས་དང་ཟས་སྤྱོད་སྤང་བླང་སྐོར་ལམ་སྟོན་ཞུས་པ་དང་། དེ་བཞིན་བླ་ཞབས་ཚེ་དབང་རྟ་མགྲིན་ལགས་དང་བླ་ཞབས་བསྟན་འཛིན་ལྷ་སྒྲོན་གཉིས་རྒྱ་གར་དཔོན་རིགས་ཁག་ཅིག་ལ་བརྟག་དཔྱད་ཞུ་བར་ཆེད་གཏོང་ཞུས་པ་བཞིན་དཔོན་རིགས་ཁག་གི་སྐུའི་འཕྲོད་བཞེས་ཐད་བརྟག་དཔྱད་ཞིབ་ནན་གནང་། དེ་རྗེས་བླ་ཞབས་བསྟན་འཛིན་ལྷ་སྒྲོན་ཨ་རིར་ཆིབས་ཞབས་དང་འབྲེལ་གཞུང་འབྲེལ་སྨན་སྐོར་དུ་བསྐྱོད། ཐེངས་འདིའི་ལས་འགན་གཙོ་བོ་ནི་ྋགོང་ས་མཆོག་གི་སྐུའི་འཕྲོད་བཞེས་ཐད་ཕྱག་རྩ་ཞུ་བ་སོགས་དང་ཞོར་དུ་བོད་སྨན་བསྟེན་གཏུགས་བྱེད་འདོད་ཡོད་པའི་རང་རིགས་དང་གཞན་རིགས་སྐྱེ་བོ་གང་མང་ཞིག་ལ་བརྟག་དཔྱད་དང་། ཕྱི་རྒྱལ་ཚན་རིག་པ་དང་ཕྱི་ལུགས་གསོ་རིག་ཐད་གྱི་བགྲོ་གླེང་དང་གཏམ་བཤད་སོགས་བྱས་ཏེ་རང་འཁྲིའི་ལས་འགན་རྣམ་ལྷག་བསམ་ཆེར་བསྐྱེད་ཀྱིས་ལེགས་གྲུབ་བྱུང་། ལོ་དེར་དབུས་ཀྱི་བཀའ་འབྲེལ་བཞིན་སྨན་རམས་པ་པདྨ་རྡོ་རྗེ་དང་། སྨན་པ་རིག་འཛིན་བཟང་མོ། སྨན་པ་ཚེ་རིང་ནོར་བུ། ཚན་དགེ་ཚེ་དབང་རྒྱ་མཚོ་བཅས་སྔ་ཕྱིར་རྒྱ་གར་བྱང་ཤར་ཁུལ་དང་། ཨམྲྀཏ་སཱར། མུམ་བཻ། ཇེཡ་པུར་བཅས་སུ་སྔ་ཕྱིར་ཕེབས་ཏེ་ས་གནས་མི་མང་ལ་འཕྲོད་བསྟེན་སྐོར་བརྟག་བཅོས་དང་། ཨ་ཡུ་ཨི་ཚོགས་པས་གོ་སྒྲིག་གནང་བའི་ཐེངས་གསུམ་པའི་འཛམ་གླིང་ཨ་ཡུར་ཝེ་ཏ་ཚོགས་ཆེན་ལ་འཁྲོག་སྨན་ཁག་ཅིག་ངོ་སྤྲོད་དང་གཏམ་བཤད་གནང་བ་སོགས་བྱས་འདུག
གཞན་ཡང་སྨན་རམས་པ་ཟླ་བ་དང་། སྨན་པ་ཐོགས་མེད་དཔལ་འབྱོར་གཉིས་ཨ་རི་དང་། ཉི་ཧོང་གཉིས་སུ་སྔ་ཕྱིར་ྋསྐུའི་ཆིབས་ཞབས་དང་། ཨ་ཡུར་ཝེ་ཏ་ཚོགས་པས་ཉི་ཧོང་དུ་སྨན་གྱི་ཚོགས་ཆེན་སྐོང་ཚོགས་གནང་བར་སྨན་རྩིས་ཁང་གི་སྐུ་ཚབ་ཀྱི་ངོ་བོའི་ཐོག་བསྐོ་གཏོང་ཞུས། ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་རྫོགས་ནས་ཞི་བའི་སྒེར་ལངས་ཀྱིས་རྒྱ་དམར་ཚོགས་པ་སྒེར་གཅོད་ཀྱི་སྲིད་ཇུས་ཀྱི་བྱེད་བབ་ལ་མི་འདོད་པའི་རྣམ་འགྱུར་ཤུགས་ཆེར་བསྟན་པར། རྒྱ་གཞུང་གིས་ཆེས་བསམ་ཡུལ་ལས་འདས་པའི་མི་གསོད་ཁྲག་སྦྱོར་གྱི་དྲག་གནོན་བྱས་པའི་ལོ་ཞིག་ཡིན་པར་བརྟེན། བོད་མི་སྤྱི་མཚུངས་ལྟར་སྨན་རྩིས་ཁང་ལས་བྱེད་རྣམས་ཀྱིས་ཀྱང་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ཁག་ཏུ་མཉམ་ཞུགས་ཞུས་ཡོད་པ་རེད།
ཕྱི་ལོ་ ༢༠༠༩ ལོར་འགན་འཛིན་གཞོན་པ་བླ་ཞབས་རྣམ་རྒྱལ་ཚེ་རིང་དང་། བླ་ཞབས་བསྟན་འཛིན་ལྷ་སྒྲོན། སྨན་རམས་པ་ཡེ་ཤེས་རྡོ་རྗེ་སོགས་སྔ་ཕྱིར་ཝ་ར་ཎ་སི་དང་།བི་ཧར། རཱཇ་ཀོཊ། ཇམ་ནགར། བལ་ཡུལ་སོགས་ལ་རིམ་པས་ཕེབས་ཏེ་བོད་ཀྱི་གསོ་རིག་ངོ་སྤྲོད་དང་འབྲེལ་ནད་པ་མི་གྲངས་ ༧༣༠ ཙམ་ལ་བརྟག་དཔྱད་སྨན་བཅོས་གནང་སྟེ་ས་གནས་ཀྱི་ཡུལ་མི་དང་ནད་པ་ཉམ་ཐག་ཚོར་ཕན་ཐོགས་ཆེན་པོ་བྱུང་།
དེ་བཞིན་དུ་ལོ་དེར་ཨུ་རུ་སུ་ནཱ་རན་བོད་སྨན་ཁང་གི་འགན་འཛིན་སྨན་པ་སོའི་ཐཱ་ལར་ནཱ་ལགས་ཟླ་ ༤ པའི་ནང་སྨན་རྩིས་ཁང་དུ་ཆེད་ཕེབས་ཀྱིས་ཁོང་གི་སྨན་ཁང་དང་། སྨན་རྩིས་ཁང་བར་ཡུན་རིང་མཉམ་རུབ་ཐོག་ནས་བོད་སྨན་ཁང་གཉེར་རྒྱུའི་རེ་འདུན་ཞུས་པ་བཞིན་འགན་འཛིན་ཟླ་བ་ལགས་ཨུ་རུ་སུར་ཕྱོགས་བསྐྱོད་ཀྱིས་རྒྱུས་ལོན་བྱས་པར། སྨན་པ་སོའི་ཐཱ་ལ་ནཱ་ལགས་ཀྱི་ཚོགས་པ་དེ་ཁོང་གི་སྤུན་མཆེད་དང་ཁོང་གཉིས་མཉམ་རུབ་ཐོག་བཙུགས་པ་ཞིག་ཡིན་པ་མ་ཟད། ཡུལ་དེའི་ཁྲིམས་མཐུན་དེབ་སྐྱེལ་ཟིན་པའི་བོད་སྨན་ཁང་ཐོག་མ་དེ་ཡིན་པ་དང་། སྐབས་དེར་མོ་སི་ཁོའོ་གྲོང་ཁྱེར་ནང་སྨན་ཁང་ཁག་དྲུག་ཙམ་གསར་འཛུགས་བྱས་ཏེ་བུ་རི་ཡཱ་ཏ་དང་། བོད་ཀྱི་སྨན་རྩིས་ཁང་། རྒྱ་གར་ནང་གི་སྒེར་བ་ཁག་གི་སྨན་ཉོ་བཞིན་ཡོད་པའི་གནས་ཚུལ་ཞིབ་ཕྲར་རྟོགས་ཞིབ་བྱས་འདུག
གཞན་ཡང་དེ་སྔ་ལོ་ཤས་སྔོན་བོད་སྨན་ཁང་ Tibet Clinic ཞེས་པ་སྒེར་པ་གཞན་ཞིག་ནས་གསར་འཛུགས་བྱས་པའི་སྨན་ཁང་གི་འགན་འཛིན་ལས་རོགས་སྨན་རྩིས་ཁང་དུ་ཆེད་བཅར་གྱིས་དེ་གའི་སྨན་ཁང་དུ་སྨན་རྩིས་ཁང་གི་སྨན་དང་། སྨན་པ་གཏོང་རྒྱུའི་རེ་སྐུལ་ཞུས་ཡོད་ན་སྨན་པ་འགའ་ཐེངས་ཤས་དེ་གར་སྨན་བསྐོར་དུ་སྐྱོད་པའི་ཉམས་མྱོང་དང་རྒྱུས་ལོན་བྱུང་བ་ལྟར་ན། བོད་སྨན་ཚོང་བསྒྱུར་ཁོ་ནར་དམིགས་ཏེ་ཁེ་བཟང་ལྡབ་འགྱུར་ལེན་ཐབས་བྱེད་བཞིན་པའི་གནས་ཚུལ་ཤེས་རྟོགས་བྱུང་བ་མ་ཟད། ལྷག་པར་དུ་ྋགོང་ས་མཆོག་གི་མཚན་གང་བྱུང་བེད་སྤྱོད་བྱེད་པ་སོགས་ཀྱི་བྱ་སྤྱོད་གསར་ཤོག་སོགས་ལས་ཤེས་རྟོགས་བྱུང་བར་བརྟེན་ཕྱིས་སུ་འཛིན་སྐྱོང་ནས་གོ་བསྡུར་གྱིས་འབྲེལ་ལམ་གཙང་བཅད་གནང་དགོས་བྱུང་འདུག
ཕྱི་ལོ་ ༢༠༠༩ ཟླ་ ༧ ཚེས་ ༡༨ ནས་ཚེས་ ༣༠ བར་སྨན་རམས་པ་པདྨ་རྡོ་རྗེ་དང་། སྨན་རམས་པ་ཆོས་ལོ་ཐར། སྨན་རམས་པ་མཁྱེན་རབ་སོགས་སྔ་ཕྱིར་ཝར་ཎ་དབུས་བོད་ཀྱི་ཆེས་མཐོའི་སློབ་གཉེར་ཁང་ནས་ཐུགས་རེ་གནང་བ་དང་། བོད་གཞུང་སྨན་རྩིས་ཁང་གི་བཀའ་འབྲེལ་བཞིན་ཝར་ཎ་བོད་ཀྱི་ཆེས་མཐོའི་སློབ་གཉེར་ཁང་དུ་དེ་གའི་སྨན་སློབ་ཀྱི་སློབ་ཚན་འཆར་འགོད་ཚོགས་འདུ་ལ་ཞུགས་ཏེ་སློབ་ཚན་ཆེད་སྒྲིག་གི་སྒྲོམ་གཞི་བསྐྲུན།
ལོ་དེར་རྒྱ་གར་གྱི་མཁས་པ་ཁག་ཅིག་ནས་རེ་སྐུལ་གནང་དོན་ལྟར་བོད་དང་རྒྱ་དཀར་ནག དེང་རབས་བཅས་ཀྱི་སྨན་གྱི་སྲོལ་རྒྱུན་ཐོག་སྨན་པ་ལྷན་འཛོམས་ཀྱིས་ལུགས་སོ་སོའི་ལྟ་གྲུབ་དང་། གཞུང་ལུགས། ཕྱག་ལེན་བཅས་ཀྱི་ཐོག་བགྲོ་གླེང་ཚོགས་འདུ་ལ་མཉམ་ཞུགས་གནང་ཡོད་པ་རེད། ཐེངས་འདིའི་ཚོགས་འདུ་ལ་མཉམ་ཞུགས་གནང་མཁན་ནི་རྒྱ་གར་གཞུང་གི་གྲོས་ཚོགས་ལྕམ་ Dr.Mrs Kapila Vatsyayanji མཆོག་དང་། ཝར་ཎ་དབུས་བོད་ཀྱི་ཆེས་མཐོའི་སློབ་གཉེར་ཁང་གི་ངེས་སྟོན་པའམ་རིག་བདག་དགེ་བཤེས་ངག་དབང་བསམ་གཏན་རྣམ་གཉིས་དབུ་བཞུགས་ཐོག་རྣ་བའི་སྐམ་ཁབ་དང་ Taichi ལུས་སྦྱོང་ལ་མཁས་པའི་ཕི་རཱན་སི་ནས་ཡིན་པ་གཏན་ཞལ་གཉིས། རྒྱ་གར་ཚེ་ཡི་རིག་བྱེད་ལ་མཁས་པའི་འཚོ་བྱེད་གསུམ། བོད་ཀྱི་གསོ་བ་རིག་པའི་སྨན་པ་རྣམ་རྒྱལ་ཁྱུ་གསར་ལགས། ཝར་ཎ་སྨན་གྱི་སློབ་དཔོན་སྨན་པ་རྡོ་རྗེ་དགྲ་འདུལ་ལགས། སྨན་པ་བཀྲ་ཤིས་ཟླ་བ་བཅས་ཡོད་པ་རེད།
ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༧ ཉིན་སྨན་རམས་པ་བསོད་ནམས་སྒྲོལ་མ་ནས་བོད་གཞུང་སྨན་རྩིས་ཁང་གི་བཀའ་འབྲེལ་བཞིན་རྒྱ་གར་རྒྱལ་ཡོངས་མི་རིགས་སྐྱེ་འཕེལ་ཚོགས་པའི་གོ་སྒྲིག་གནང་བའི་ཚོགས་འདུ་ལ་ཚོགས་བཅར་གནང་སྟེ། བོད་སྨན་ཐོག་ནས་མི་རིགས་སྐྱེ་འཕེལ་དང་འབྲེལ་བའི་གནད་དོན་ཐོག་གཏམ་བཤད་གནང་།
ལོ་དེར་སྨན་པ་ཚུལ་ཁྲིམས་སྐལ་བཟང་དང་། སྨན་པ་རྣམ་གྲོལ་ལྷ་མོ་གཉིས་ནས་རྒྱ་གར་ལྷོ་ཕྱོགས་ཀེར་ལའི་ནང་རྒྱ་གར་ཚེ་ཡི་རིག་བྱེད་ལུགས་ཀྱི་ལས་ལྔའི་ནང་ནས་བྱུག་ལུམས་དུགས་གསུམ་ལ་ཟླ་གསུམ་རིང་སློབ་སྦྱོང་བྱས་ཏེ་ཕྱིར་དབུས་སུ་སླེབས་མཚམས་སྨན་རྩིས་རིག་གཞུང་ལྷན་ཚོགས་ཀྱི་ཚོགས་མི་རྣམས་དང་མཐོ་སློབ་ཀྱི་དགེ་སློབ་བཅས་པར་སྔར་ཕྱིར་རྒྱ་གར་ཚེའི་རིག་བྱེད་ཀྱི་ལས་ལྔའི་སྐོར་གྱི་བརྙན་འཕྲིན་འཁོར་ཐག་སྤྱན་འབུལ་གྱི་ལམ་ནས་ངོ་སྤྲོད་ཞུས། གཞན་ཡང་ཟླ་ ༣ ཚེས་ ༡༥ དང་ཚེས་ ༡༦ གཉིས་སུ་བོད་གཞུང་སྨན་རྩིས་ཁང་དང་སྨན་པའི་ལྷན་ཚོགས་ཟུང་འབྲེལ་ཐོག་གོ་སྒྲིག་ཞུས་པའི་རྒྱལ་ཡོངས་བོད་ཀྱི་གསོ་བ་རིག་པའི་བགྲོ་གླེང་ཚོགས་ཆེན་ཐེངས་གཉིས་པར་འགན་འཛིན་ཟླ་བ་མཆོག་དང་། སློབ་སྟོན་པ་བླ་ཞབས་ཚེ་དབང་རྟ་མགྲིན། སློབ་སྟོན་པ་སྨན་རམས་པ་པདྨ་རྡོ་རྗེ། སྐར་རྩིས་འགན་འཛིན་རྩིས་རམས་པ་རྡོ་རྗེ་དབང་རྒྱལ། སྨན་རམས་པ་རྡོ་རྗེ་རབ་བརྟན་བཅས་ནས་ཆེད་རྩོམ་སྒྲོགས་སྦྱང་གནང་བ་སོགས་ཀྱིས་ཚོགས་ཆེན་འདིའི་ཐོག་མཉམ་ཞུགས་གནང་མཁན་གྱི་སྨན་པ་རྣམས་ལ་ཕན་ཐོགས་བྱུང་ཡོད།
ལོ་དེའི་ཟླ་ ༧ ཚེས་ ༢༠ ནས་ཚེས་ ༢༩ བར་བླ་ཞབས་ཚེ་དབང་རྟ་མགྲིན་དང་། སྨན་རམས་པ་པདྨ་རྡོ་རྗེ། འཕྲོད་བསྟེན་དྲུང་ལས་སྐལ་བཟང་ལྷ་མོ་བཅས་སྔ་ཕྱིར་པི་ཏི་ཁུལ་དུ་རྟ་བོ་དང་ཅང་རྒྱུ་སུམ་མདོ། བྷན་དཱ་ར། མེན་པཌར། ཨོ་རི་ས་བཅས་ལ་རིམ་བསྐྱོད་གནང་སྟེ་ནད་པ་གྲངས་ ༡༣༦༠ བཅས་ལ་བརྟག་བཅོས་དང་ཟས་སྤྱོད་ཀྱི་ལམ་སྟོན་ཞུས་པ་དང་། སྨན་རམས་པ་པདྨ་རྡོ་རྗེ་སི་པན་དུ་གདན་ཞུས་ལྟར་ཆེད་ཕེབས་གནང་སྟེ་ནད་མནར་ཉམ་ཐག་རིགས་ལ་སྨན་བཅོས་དང་། མི་སྣ་གལ་ཆེན་ཁག་ལ་ཐུག་འཕྲད་སོགས་བྱས་ཤིང་། གོ་སྒྲིག་ཚོགས་པས་འདུ་ཚོགས་ཐོག་ཏུ་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ངོ་སྤྲོད་དང་། བཙན་བྱོལ་གྱི་བོད་གཞུང་སྨན་རྩིས་ཁང་གི་བྱེད་སྒོ་སོགས་ཀྱི་གཏམ་བཤད་གནང་།
ལོ་དེའི་ཟླ་ ༩ པ་ནས་སྨན་རྩིས་ཁང་གི་ངེས་སྟོན་པ་ཟླ་བ་དང་། སྨན་རམས་པ་པདྨ་རྡོ་རྗེ་རྣམ་གཉིས་སྔ་ཕྱིར་འབྲུག་ཡུལ་དང་། ཨ་རི། བྷཱ་མ་བཅས་ལ་རིམ་བསྐྱོད་གནང་སྟེ་འབྲུག་ཡུལ་དུ་ཨེ་ཤ་ཡའི་གནའ་སྲོལ་སྨན་གྱི་རྒྱལ་སྤྱིའི་ཚོགས་ཆེན་ཐོག་མཉམ་ཞུགས་ཀྱིས་གསུང་བཤད་དང་། ཨ་རི་བཅས་སུ་བོད་སྨན་ངོ་སྤྲོད་གསུང་བཤད་གནང་ཞིང་། ཞོར་དུ་ནད་མནར་རིགས་ལ་སྨན་བཅོས་བརྟག་དཔྱད་སོགས་གནང་སྟེ་བོད་ཀྱི་གསོ་བ་རིག་པའི་འཕེལ་རིམ་ལ་ཕན་ཐོགས་ཆེན་པོ་བྱུང་།
དབུ་འཛིན་འདིའི་ལས་རྒྱུན་རིང་ཡན་ལག་སྨན་ཁང་ཁག་གིས་སྔར་རྒྱུན་བཞིན་ས་གནས་ཀྱི་གྲོང་གསེབ་ཁག་ལ་སྨན་སྐོར་ཏུ་བསྐྱོད་པ་དང་། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ྋསྐུའི་འཁྲུངས་སྐར་དང་། ཞི་བདེའི་གཟེངས་རྟགས་ཀྱི་ཉི་མ་སོགས་གལ་ཆེའི་དུས་ཆེན་ཁག་ཏུ་གྲོང་ཁྱེར་དང་གོ་སྒྲིག་ཚོགས་པ་འདྲ་མིན་གྱི་རེ་འདོད་བཞིན་བསྐོར་བསྐྱོད་གནང་སྟེ་ནད་པ་ཉམ་ཐག་རིགས་ལ་སྨན་བཅོས་དང་། སྨན་སྦྱིན་སོགས་གནང་སྟེ་རྒྱ་གར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཁག་ཏུ་བོད་སྨན་ལ་དགའ་མོས་ཆེན་པོ་དང་། ཡན་ལག་སྨན་ཁང་གསར་འཛུགས་ཡོང་བའི་འབོད་སྐུལ་ཡང་ཡང་ཞུ་བཞིན་ཡོད་ཅེས་དེའི་སྐབས་སུ་ཉར་ཚགས་སུ་གནང་བའི་ཡིག་ཆ་ཁག་ཏུ་གསལ།
༤༽ལས་དོན་སྐྱོད་སྐོར།
ཕྱི་ལོ་ ༢༠༠༥ ཟླ་ ༤ ཚེས་ ༢༤ ཉིན་དྲུང་ཆེ་ཚེ་རིང་ཕུན་ཚོགས་དང་། སྨན་སྦྱོར་འགན་གཞོན་སྨན་རམས་པ་འཇམ་དབྱངས་བཀྲ་ཤིས་དང་སྨན་ལས་པ་གཉིས་བཅས་པོན་ཊ་ཡན་ལག་སྨན་ཁང་བཟོ་བཅོས་ཀྱི་ལས་གཞི་ལས་བཀོད་བྱ་རྒྱུ་དང་། སྨན་སྦྱོར་ཁང་གི་སྨན་ཐུམ་རས་ཁུག་གི་རས་ཆ་དང་སྨན་བྱེ་འཇོག་སྣོད་ཀྱི་ལྕགས་རིགས་སྤུས་ཚད་དང་རིན་གོང་རྟོགས་ཞིབ་ཆེད་བསྐྱོད། ཟླ་ ༨ ཚེས་ ༢༧ ཉིན་ངེས་སྟོན་པ་སྨན་རམས་པ་ཟླ་བ་ལགས་བལ་ཡུལ་དུ་སློབ་གྲྭ་ཞིག་གི་ས་ཁང་ཚོང་བསྒྱུར་ཞུ་ཡི་ཡོད་པ་དེ་དག་ལ་གཟིགས་ཞིབ་དང་། ཉོ་ཚོང་བྱ་ཕྱོགས་སྐོར་རྟོགས་ཞིབ་དང་ལས་དོན་མངགས་ཆ་ཞུ་དགོས་རིགས་གནང་བར་ཕེབས་པ་དང་། ཟླ་ཤས་སྔོན་དེ་གར་རིན་ཆེན་རིལ་བུའི་སྨན་དོ་གཅིག་བོར་བརླག་སོང་བ་དེ་གའི་ཡུལ་མི་ཞིག་ནས་བརྐུས་ཏེ་ཚོང་འགྲེམ་བྱེད་བཞིན་ཡོད་པའི་གནས་ཚུལ་སྐོར་ཞིབ་རྟོགས་ཀྱིས་སྨན་རྩིས་ཁང་དང་འབྲེལ་བ་ཡོད་པའི་མི་སྣ་ཁག་དང་གོ་བསྡུར་གྱིས་བལ་ཡུལ་སྐོར་སྲུང་བར་རྩིས་སྤྲོད་བྱས་ཏེ། ཡུལ་ཁྲིམས་འགྲོ་ལུགས་ལྟར་གནང་ཕྱོགས་ལ་མངགས་ཆ་ཞུས་པ་དང་། གངས་ཅན་སྨན་རྩིས་ཚོགས་པའི་ཚོགས་མི་གསར་པ་རྣམས་ལ་ཐུག་འཕྲད་དང་། མ་འོངས་དེ་གའི་ཡན་ལག་སྨན་ཁང་ལ་དཀའ་རྙོག་འཕྲད་པའི་སྐབས་རོགས་མགོན་གནང་རྒྱུའི་རེ་སྐུལ་ཞུས། ཞོར་དུ་དི་ལླིར་སྨན་སྦྱོར་ཁང་གི་སྨན་ལས་གཉིས་དང་ལྷན་དུ་སྨན་སྦྱོར་ཁང་གི་དགོས་མཁོའི་འཕྲུལ་ཆས་དང་། དེ་འབྲེལ་གྱི་ཅ་དངོས་ཁག་ཅིག་མངགས་ཉོའི་ཆེད་འབྲེལ་ཡོད་ས་གནས་ཁག་ལ་ཆེད་བསྐྱོད་ཀྱིས་སྨན་སྦྱོར་ཁང་གི་སྨན་བཟོ་དང་སྨན་བསྒྲིལ་འཕྲུལ་ཆས་སོགས་སྔར་ལས་སྤུས་ཚད་ཇེ་མཐོར་གཏོང་ཐུབ་པ་བྱུང་བ་རེད།
ཕྱི་ལོ་ ༢༠༠༧ ལོར་བོད་གཞུང་སྨན་རྩིས་ཁང་གི་ལས་དོན་འདྲ་མིན་གྱི་ཆེད་སྨན་རྩིས་པ་རྣམས་ལྡི་ལི་དང་། སིམ་ལ། ཨསྟྲི་ཡ། སྤི་ཏི། དིལླིི། སྦིར་ཅོན་ཏ་ར། ཨཧ་མ་ད་བཱད། ཇམ་ནགར། རཱཇཱ་ཀོཊ་སོགས་རྒྱ་གར་ནང་ལོགས་ཀྱི་ས་གནང་མང་བོར་ཕྱོགས་བསྐྱོད་གནང་ཡོད་འདུག།
ཕྱི་ལོ་ ༢༠༠༨ ཟླ་ ༦ ནས་ཕྱི་ལོ་ ༢༠༠༩ ཟླ་ ༣ བར་ཡན་ལག་སྤྱི་ཁྱབ་འགན་འཛིན་ཚེ་རིང་རྡོ་རྗེ་ལགས་ཡན་ལག་སྨན་ཁང་གསར་བ་དབུ་འབྱེད་དང་། ཡན་ལག་སྨན་ཁང་ཁག་བདུན་ལ་ལྟ་ཞིབ་ཆེད་ཆེད་གཏོང་ཞུས། འགན་འཛིན་སྨན་རམས་པ་ཟླ་བ་ལགས་དང་། དྲུང་ཆེ་ཚེ་རིང་ཕུན་ཚོགས་གཉིས་སྔ་ཕྱིར་ཅན་རྡི་སྒར་ཡན་ལག་སྨན་ཁང་གསར་རྒྱག་ཆེད་དགོས་ངེས་ས་ཆ་ཉོ་རྒྱུའི་ལས་དོན་དང་། སྒེར་པ་ཞིག་ནས་སྨན་རྩིས་ཁང་ལ་ས་ཆ་ཞིག་ཞལ་འདེབས་སུ་འབུལ་རྒྱུ་ཡོད་སྐོར་བཀའ་མོལ་བྱུང་དོན་ལྟར་ས་ཆར་གཟིགས་ཞིབ་དང་འབྲེལ་ཡོད་སྦྱིན་བདག་ལ་བཀའ་མོལ་གནང་སྟེ་ས་ཆ་ཁག་གཉིས་རང་བདག་བྱུང་ཡོད་པ་བཞིན། འབྱུང་འགྱུར་ས་གནས་དེའི་མང་ཚོགས་ཀྱི་དགོས་མཁོ་ལ་གཞིགས་ཏེ་ཡན་ལག་སྨན་ཁང་རྒྱག་འཆར་ཡོད་པ་རེད།
ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༩ ནས་ཚེས་ ༡༤ བར་འགན་འཛིན་སྨན་རམས་པ་ཟླ་བ་མཆོག་ལྷོ་ཕྱོགས་གཞིས་ཆགས་ཁག་ཏུ་ཡོད་པའི་སྨན་རྩིས་ཁང་ཡན་ལག་སྨན་ཁང་ཁག་ཏུ་གཟིགས་སྐོར་དང་། དེ་ཁུལ་ས་གནས་གཞིས་འགོ་བཅས་པར་འཚམས་གཟིགས་ཆེད་བསྐྱོད་ཡོད། ཚེས་ ༢༩ ཉིན་དིལླིར་རྟེན་གཞི་བྱས་པའི་ནོར་ཝེ་གཞུང་ཚབ་ཏུ་ཆེད་བཅར་གྱིས་སྨན་རྩིས་མཐོ་སློབ་གསར་རྒྱག་གི་འཆར་གཞི་ངོ་སྤྲོད་ཞུས་པ་མ་ཟད། འགན་འཛིན་སྨན་རམས་པ་ཟླ་བ་མཆོག་ནས་ནོར་ཝེ་ཁྱད་ལས་པ་མི་སྣ་མཉམ་དུ་དིལླིར་ནོར་ཝེ་གཞུང་ཚབ་པར་མཇལ་བཅར་གྱིས་ཅོན་ཏ་རའི་མཐོ་སློབ་ཀྱི་ལས་འཆར་ངོ་སྤྲོད་ཞུས་པར་ཐུགས་རེ་ཆེན་པོ་གནང་བ་མ་ཟད། ལས་གཞི་ཡོངས་རྫོགས་ཐད་རོགས་རམ་དགོངས་བཞེས་གནང་རྒྱུའི་ཞལ་བཞེས་གནང་། གཞན་ཡང་ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༡ ནས་ ༢༠༡༠ ཟླ་ ༣ ཚེས་ ༣༠ བར་སྨན་སྦྱོར་འགན་འཛིན་སྨན་རམས་པ་འཇམ་དབྱངས་བཀྲ་ཤིས་སོགས་སྨན་ལས་འགའ་ནས་འཕྲུལ་ཆས་མཁོ་སྒྲུབ་དང་། སྨན་རྒྱུ་མཁོ་སྒྲུབ། བཅའ་དངོས་ཉོ་སྒྲུབ་སོགས་ཀྱི་དོན་ལྡི་ལི་དང་། ཨམྲྀཏ་སཱར། མ་ནཱ་ལི། ཇེཡ་པུར་སོགས་སུ་གཞུང་དོན་ཕྱོགས་བསྐྱོད་ཐེངས་ ༢༥ ཙམ་ཞུས། དེ་བཞིན་དུ་ཡན་ལག་སྤྱི་ཁྱབ་འགན་འཛིན་ཚེ་རིང་རྡོ་རྗེ་ནས་ཡན་ལག་ཁག་བཅུ་གསུམ་ལ་རྟོགས་ཞིབ་ཏུ་ཆེད་བསྐྱོད་ཞུས་པ་བཅས་སོ།།
ང༽ལས་བྱེད་འཕོ་འགྱུར།
ཕྱི་ལོ་ ༢༠༠༥ ལོར་སྨན་རྩིས་དང་ཕྱོགས་མཐའི་ཡན་ལག་སྨན་ཁང་ཁག་ཏུ་དགོས་ངེས་ལས་བྱེད་གསར་བསྐོའི་ཐད་སྒྲིག་གསལ་བཞིན་སྨན་རྩིས་ཁང་ལས་བྱེད་འདེམས་བསྐོ་དང་བཀོད་སྒྲིག་ཚོགས་ཆུང་དུ་གོ་བསྡུར་ཐག་གཅོད་ཀྱིས་གཤམ་གསལ་ལས་བྱེད་རྣམས་གསར་བསྐོས་བྱས། ངེས་སྟོན་པ་གཞོན་པའི་ལས་དྲུང་ ༡། དབུས་དང་པ་ནི་པཏིར་ཁ་ལོ་བ་ ༣། དབུས་སུ་ཆོད་གན་ཨར་ལས་དོ་དམ་པ་ ༡། སྨན་སྦྱོར་དང་སྔོ་སྦྱོར་སྡེ་ཚན་དུ་ལས་བྱེད་གྲངས་ ༧། དབུས་སུ་ཚན་རིག་པ་ ༢། ལྡི་ལི་ཕྱིར་ཚོང་ཁང་དུ་ཟོག་གཉེར་དང་ལས་དྲུང་གཅིག་ལྕོགས ༡། ལ་དྭགས་རིག་བསྟིར་སྨན་པ་གཅིག་དང་མ་བྱན་གཅིག་བཅས་ལས་བྱེད་གྲངས་ ༢། ཕྱོགས་མཐའི་ཡན་ལག་སྨན་ཁང་ཁག་ཏུ་སྨན་སྤྲོད་རྩིས་པ་གྲངས་ ༡༠། དེ་བཞིན་ལོ་དེའི་ནང་སྨན་རྩིས་ཁང་ལས་བྱེད་འདེམས་བསྐོ་དང་བཀོད་སྒྲིག་ཚོགས་ཆུང་ཚོགས་ཐེངས་ ༢༦ ནང་སྒྲིག་གསལ་ལྟར་སྨན་རྩིས་ཁང་གི་ལས་དོན་སྐྱོན་གནད་དང་། རང་འཁྲིའི་ཞུ་སྒོ་ཁག་གི་ཐད་འགལ་འཛོལ་བྱུང་ཡོད་པར་ཞིབ་འཇུག་མཐིལ་ཕྱིན་བགྱིས་ཏེ་ལས་བྱེད་ལྔ་ལ་ཉེན་བརྡ་བཏང་བ་དང་། ལས་བྱེད་གཅིག་གནས་དབྱུང་། ལས་བྱེད་གཅིག་ལོ་གཅིག་རིང་ལས་མཚམས་འཇོག་རྒྱུའི་ཉེས་ཆད་བཀལ་ཡོད།
ཟླ་ ༥ ཚེས་ ༡ ཉིན་སྤྱི་ཐབ་མ་བྱན་ཟླ་ཆུང་སྨན་སྦྱོར་ཁང་དུ་གནས་སྤོས་གནང་། རྡོར་གླིང་ཡན་ལག་སྨན་ཁང་གི་སྨན་པ་བཤད་སྒྲུབ་ཚེ་རིང་བྷེལ་ཀོབ་ཡན་ལག་སྨན་ཁང་དུ་གནས་སྤོས་གནང་། བྷེེལ་ཀོབ་ཡན་ལག་སྨན་ཁང་གི་ཁང་སྲུང་གད་པ་གཅིག་ལྕོགས་ཨ་དཱ་དོན་འགྲུབ་ཆོས་འཕེལ་རྒན་ཡོལ་རྩ་དགོངས་གནང་། སྨན་པ་ཀུན་དགའ་དབང་ཕྱུག་གིས་ཀྱང་རྩ་དགོངས་ཞུས་ཏེ་ཨ་རིར་བསྐྱོད།
ཕྱི་ལོ་ ༢༠༠༦ ལོར་སྨན་པ་བསྟན་འཛིན་སྐྱིད་པ་གཞུང་འབྲེལ་ NSTG Holland དུ་ལོ་གསུམ་རིང་སྨན་པ་ཞབས་གཡར་ཆོད་གན་དུ་གཏོང་གནང་མཛད། ཟླ ༧ པའི་ནང་སྨན་སྦྱོར་ཁང་དུ་ལས་བྱེད་ ༤ གསར་བསྐོ་གནང་བ་དང་། ལས་བྱེད་བདེ་སྐྱིད་ཆོས་འཛོམས་ལ་དྭགས་རིག་བསྟི་ནས་སྨན་སྦྱོར་ཁང་དུ་གནས་སྤོས་གནང་། ཟླ་ ༡༠ པའི་ནང་མུམ་བཻ་ཡན་ལག་སྨན་ཁང་གི་ལས་བྱེད་བསྟན་འཛིན་སྒྲོལ་མ་སྨན་སྦྱོར་ཁང་དུ་གནས་སྤོས་དང་འཛིན་སྐྱོང་སྤྱི་གཉེར་དཔལ་འབྱོར་ལགས་སྨན་སྦྱོར་ཁང་དུ་གནས་སྤོས་གནང་། ལས་བྱེད་རྟ་མགྲིན་ཚེ་རིང་པཱ་ནི་པ་ཏིར་གནས་སྤོས་སོང་། སྨན་སྦྱོར་ཁང་གི་ལས་བྱེད་རྡོ་རྗེ་ཟླ་བ་འཛིན་སྐྱོང་ནས་རྩ་དགོངས་ཞུས། སྨན་སྦྱོར་ལས་མི་ཡ་ཏ་དང་ཐུབ་བསྟན་འོད་ཟེར་གཉིས་ཚོད་ལྟའི་ལས་བྱེད་དུ་བསྐོ་བཞག་དང་། སྨན་སྦྱོར་ལས་བྱེད་བསྟན་འཛིན་དབྱངས་འཛོམས་ཕྱིར་བསྐྱོད་རྩ་དགོངས་སོང་། སྨན་སྦྱོར་ལས་བྱེད་བདེ་ཆེན་དང་བསྟན་འཛིན་སྒྲོལ་མ་པཱ་ནི་པཏིར་གནས་སྤོས་སོང་། དེ་བཞིན་སྨན་རམས་པ་ཟླ་བ་སྒྲོལ་མ་ལགས་ཕྱི་ལོ་ ༡༩༧༥ ཟླ་ ༤ ཚེས་ ༡ ནས་ ༢༠༠༦ ཟླ་ ༧ ཚེས་ ༡ ཉིན་ཞབས་ལོ་ ༣༠ ཧྲིལ་པོ་འཁོར་ཟིན་ཀྱང་སྡེ་ཚན་གྱི་ལས་མཇུག་འགའ་དང་ལས་ཚབ་ལམ་སེང་བཀོད་སྒྲིག་གནང་མ་ཐུབ་པར་བརྟེན་ཕྱི་ལོ་ ༢༠༠༨ ཟླ་ ༧ ཚེས་ ༡ བར་བགྲེས་ཡོལ་འཕར་འགྱངས་གནང་། ཟླ་ ༤ ཚེས ༡ ཉིན་སྨན་པ་པད་མ་དབྱངས་ཅན་ལགས་ས་གནས་འགན་འཛིན་ནས་དགོངས་འཁྲོལ་བྱུང་དོན་བཞིན་སྨན་པ་བསྟན་འཛིན་བདེ་བྱེད་དིལླིི་ནི་ཛ་མུ་དིིན་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པར་བསྐོ་བཞག་གནང་། ཚེས་ ༡༠ ཉིན་དི་ལླིི་གསར་པ་ནི་ཛ་མུ་དིིན་ཡན་ལག་སྨན་ཁང་གི་སྣེ་ལེན་པ་ཟླ་བ་ལྷ་མོ་ཀ་ཏ་ཡན་ལག་སྨན་ཁང་དུ་གནས་སྤོས་དང་། སྨན་སྤྲོད་སྒྲོལ་མ་ཚེ་རིང་དིལླིི་ལ་དྭགས་ནང་དགོན་ཡན་ལག་སྨན་ཁང་དུ་གནས་སྤོས་གནང་། ལས་ཚབ་ཏུ་སྨན་སྤྲོད་ལྷག་པ་ཕན་ཐོགས་ཟླ་དྲུག་རིང་ཚོད་བལྟ་དང་རྗེས་ནས་ལས་བྱེད་ངོ་མར་བསྐོ་བཞག་གནང་། ཟླ་ ༤ ཚེས་ ༡༣ ཉིན་སྤྱི་ཐབ་མ་བྱན་སེང་གེ་རིལ་འཐུམ་ཁང་ལ་གནས་སྤོས་གནང་། ཟླ་ ༥ ཚེས་ ༡ ཉིན་ཚེ་རིང་ཆོས་སྐྱིད་རྒན་ཡོལ་ཞུས། ཟླ་ ༥ ཚེས་ ༢༢ ཉིན་བོད་ནས་གསར་དུ་ཕེབས་པའི་སྨན་པ་ཆོས་ལྡན་ལགས་སྦེལ་ཀོབ་ཡན་ལག་སྨན་ཁང་དུ་ཚོད་ལྟའི་ཐོག་བསྐོ་བཞག་གནང་། ཚེས་ ༢༥ ཉིན་སྨན་སྦྱོར་ཁང་གི་ལས་བྱེད་བཀྲ་ཤིས་ཟླ་བ་སྨན་མཛོད་དོ་དམ་པའི་ལས་རོགས་སུ་བསྐོས། ཟླ་ ༥ ཚེས་༢༥ ཉིན་མགོན་པོ་སྨན་མཛོད་ནས་སྨན་སྦྱོར་ཁང་དུ་གནས་སྤོས་གནང་། ཟླ་ ༦ ཚེས་ ༡ ཉིན་སྐར་རྩིས་པ་བསྟན་འཛིན་དཔག་བསམ་གྱིས་རྩ་དགོངས་ཞུས་པ་དང་རིན་ཆེན་རུལ་བུའི་དོ་དམ་པ་མགོན་པོ་སྨན་སྦྱོར་ཁང་དུ་གནས་སྤོས་གནང་། དེ་བཞིན་སྦེང་ལོར་ཡན་ལག་སྨན་ཁང་གི་མ་བྱན་བློ་གྲོས་ཀྱིས་རྩ་དགོངས་ཞུས་ཤིང་ཁོང་གི་ཚབ་ཏུ་མོན་གྷོ་ནས་བཀྲ་ཤིས་དབང་འདུས་ལགས་སྦེང་ལོར་ཡན་ལག་སྨན་ཁང་གི་མ་བྱན་དང་ཁང་སྲུང་གཅིག་ལྕོགས་སུ་བསྐོ་བཞག་གནང་། ཚེས་ ༤ ཉིན་སྨན་པ་བསྟན་འཛིན་བདེ་བྱེད་ནི་ཛ་མུ་དིན་ཡན་ལག་སྨན་ཁང་གི་ས་གནས་འགན་འཛིན་སྨན་པར་བསྐོ་བཞག་གནང་། མན་སྤར་ཡན་ལག་སྨན་ཁང་གི་སྨན་སྤྲོད་པ་བསྟན་འཛིན་རྒྱལ་མཚན་སྦེང་ལོར་ཡན་ལག་སྨན་ཁང་དུ་གནས་སྤོས་གནང་། ཟླ་ ༦ ཚེས་ ༢༣ ཉིན་སྦེང་ལོར་ཡན་ལག་སྨན་ཁང་གི་ཁ་ལོ་བ་ཚེ་དབང་དོན་འགྲུབ་ཀོལླི་གལ་ཡན་ལག་སྨན་ཁང་དུ་གནས་སྤོས་སོང་། ཁོང་གི་ཚབ་ཏུ་ཀོལླིི་གལ་ཡན་ལག་སྨན་ཁང་གི་ཁ་ལོ་བ་བློ་བཟང་རྡོ་རྗེ་བསྐོ་གཏོང་བྱས། ཟླ་ ༧ ཚེས་ ༡ ཉིན་ཐུབ་བསྟན་འོད་ཟེར་དང་ཡ་ཏ་གཉིས་ཚོད་བལྟའི་ལས་བྱེད་ནས་ལས་བྱེད་ངོ་མར་བསྐོ་བཞག་གནང་། ཟླ་ ༧ ཚེས་ ༦ ནས་ཟླ་ ༩ ཚེས་ ༩ བར་བྷེལ་ཀོབ་ཡན་ལག་སྨན་ཁང་གི་སྨན་པ་བཤད་སྒྲུབ་ཚེ་རིང་ལགས་ཀོལླི་གལ་དོན་ལྡན་གླིང་གི་ཡན་ལག་སྨན་ཁང་དང་། བེངྒ་ལོར་ཡན་ལག་སྨན་ཁང་གཉིས་སུ་སྨན་ཚབ་ཏུ་དབུས་ནས་བསྐོས་གཏོང་མཛད། ཟླ་ ༧ ཚེས་ ༡༢ ཉིན་སྨན་སྦྱོར་སྨན་རམས་པ་བསྟན་འཛིན་མཐའ་ཡས་ལགས་ནས་ཟླ་གྲངས་ ༡༨ རིང་དགོངས་ཞུས་ཀྱིས་ཨ་རིར་སློབ་སྦྱོང་ཆེད་བསྐྱོད་ཞུས། སྨན་སྦྱོར་སྨན་པ་སྐལ་བཟང་དབང་རྒྱལ་གྱིས་ལོ་གཉིས་རིང་དགོངས་ཞུས་ཀྱིས་ཨ་རིར་ཤེས་ཡོན་ཡར་རྒྱས་གཏོང་ཐུབ་ཏུ་ཆེད་བསྐྱོད་བྱས། དེ་བཞིན་སྨན་སྦྱོར་སྨན་པ་བསྟན་འཛིན་ལེགས་བཟང་ལོ་གཉིས་ལ་དགོངས་ཞུས་ཀྱི་མ་ལེ་ཤི་ཡ་རུ་སློབ་སྦྱོང་ཆེད་བསྐྱོད་ཀྱིས་རྩ་དགོངས་སུ་སོང་། དངུལ་དྲུང་བདེ་སྐྱིད་ལགས་དང་། སྨན་པ་བསྟན་འཛིན་ཉི་མ་ནས་རྩ་དགོངས་ཞུས། ཟླ་ ༧ ཚེས་ ༡༥ ཉིན་ངྷ་སྟེང་ཕྱིར་ཙོང་ཟོག་ཚོང་བ་ཟླ་བ་སྒྲོལ་མ་སྨན་མཛོད་རྩིས་པར་བསྐོ་བཞག་གནང་། ཚེས་ ༣༠ བསྐོར་བསྐྱོད་སྨན་པ་བདེ་ཆེན་ཆོས་སྒྲོན་ལགས་ནས་རྩ་དགོངས་ཞུས་དོན་ལྟར་འཁྲོལ་ཆ་སོང་། བསྟན་འཛིན་སྣང་གསལ་སྐོར་བསྐྱོད་རྩིས་པ་ཟླ་ ༡༠ ཚེས་ ༡ ཉིན་ལས་བྱེད་ངོ་མར་བསྐོ་བཞག་གནང་། ཟླ་ ༨ ཚེས་ ༡ ནས་ཕྱི་ལོ་ ༢༠༠༧ ཟླ་ ༧ ཚེས་ ༡ བར་སྨན་ཚོང་རྩིས་པ་ཚེ་རིང་མཚོ་མོ་ལོ་གཅིག་གི་རིང་ལས་མཚམས་ཉེས་ཆད་ཐོག་སྡོད་དུ་བཅུག ཟླ་ ༨ ཚེས་ ༣ ཉིན་ཕབ་བསྒྱུར་སྡེ་ཚན་གྱི་སྨན་པ་པ་སངས་དབང་འདུས་སྨན་སྦྱོར་སྨན་པར་བསྐོ་བཞག་གནང་། ཟླ་ ༨ ཚེས་ ༡༥ ཉིན་སྨན་ཚོང་སྨན་སྤྲོད་ཆོས་འཛིན་དབང་མོ་རྩ་དགོངས་སོང་། སྒྲོལ་མ་བདེ་མཚོ་ལགས་རང་འཇགས་དིལླི་ནི་ཛ་མུ་དིན་སྣེ་ལེན་པར་གནས་སྤོས་སོང་། ཟླ་ ༨ ཚེས་ ༢༡ ཉིན་ར་ཝང་ཡན་ལག་སྨན་ཁང་གི་སྨན་པ་ངག་དབང་བཟོད་པ་སྨན་སྦྱོར་སྨན་པ་དང་། རྩིས་པ་ལྷ་མོ་ཚེ་རིང་སྨན་སྦྱོར་དངུལ་གཉེར་དང་ལས་དྲུང་གཅིག་ལྕོགས་བཅས་ལ་གནས་སྤོས་གནང་།
ཕྱི་ལོ་ ༢༠༠༦ ལོར་སྨན་རྩིས་ཁང་དབུས་དང་ཕྱོགས་མཐའ་ཁག་ལ་དགོས་ངེས་ལས་བྱེད་ཀྱི་ས་མིག་ཏུ་ལས་བྱེད་གསར་བསྐོ་ཞུ་དགོས་བྱུང་མཚམས་ལས་བྱེད་འདེམས་བསྐོ་དང་བཀོད་སྒྲིག་ཚོགས་ཆུང་ནང་གོ་བསྡུར་ཐག་གཅོད་བྱུང་དོན་ལྟར་གཤམ་གསལ་ལས་བྱེད་གྲངས་ ༢༡ དང་། དེ་བཞིན་ལས་བྱེད་རྣམས་ནས་ཞུ་སྙན་འབྱོར་བ་དང་། འཛིན་སྐྱོང་གི་དགོས་གལ་རྐྱེན་པས་སྨན་པ་གྲངས་ ༡༡ དང་ལས་བྱེད་གྲངས་ ༡༧ གནས་སྤོས་བཀོད་སྒྲིག་བྱས་འདུག འཆར་ལོའི་ནང་ལས་བྱེད་རྩ་དགོངས་ཞུས་པར་འཛིན་སྐྱོང་ཚོགས་ཆུང་དུ་གོ་བསྡུར་གྱིས་སྨན་པ་གྲངས་ ༥ དང་། སྐར་རྩིས་པ་ ༡། ལས་བྱེད་ ༡༡ རྩ་དགོངས་ཞུ་འཁྲོལ་སོང་བ་དང་། འདས་གྲོངས་སུ་གྱུར་གཅིག་བཅས་བྱུང་འདུག ཟླ་ ༩ ཚེས་ ༡ ཉིན་སྐར་རྩིས་པ་བསོད་ནམས་རིན་ཆེན་མཐོ་སློབ་ནས་རྩིས་ཀྱི་ཟབ་འཇུག་ཚོགས་ཆུང་གནས་སྤོས་གནང་། བྷེལ་ཀོབ་ཡན་ལག་སྨན་ཁང་གི་སྨན་པ་བཤད་སྒྲུབ་ཚེ་རིང་སེ་ར་ཡན་ལག་སྨན་ཁང་དུ་གནས་སྤོས་གནང་། ཟླ་ ༩ ཚེས་ ༡༨ ཉིན་ལས་དྲུང་སྐལ་བཟང་བདེ་སྐྱིད་ནས་རྩ་དགོངས་ཞུས། ནི་ཛ་མུ་ཏི་ཡན་ལག་སྨན་ཁང་གི་འཕྲལ་སེལ་གླ་བ་བློ་བཟང་བསོད་ནམས་ཁང་གཉེར་ལས་ཀར་བཀོད་སྒྲིག་བྱས། ཚེས་ ༢༡ ཉིན་སྒྲོལ་མ་བདེ་མཚོ་འཛིན་སྐྱོང་དགོས་དབང་གིས་རྡ་ས་ནས་གངས་སྐྱིད་དུ་སྣེ་ལེན་ལས་འགན་ཐོག་གནས་སྤོས་གནང་བར་བརྟེན། གངས་སྐྱིད་ཡན་ལག་སྣེ་ལེན་པ་ཟླ་བ་ལྷ་མོ་ཀ་ཏ་ཡན་ལག་སྨན་ཁང་ལས་དྲུང་དང་རྩིས་པ་གཅིག་ལྕོགས་ཀྱི་ལས་འགན་ཐོག་གནས་སྤོས་གནང་། ཟླ་ ༡༠ ཚེས་ ༡ ནས་ནང་ཞིབ་འགན་འཛིན་ཉི་མ་ཚེ་རིང་ལགས་དབུས་དངུལ་རྩིས་སྡེ་ཚན་གནས་སྤོས་གནང་། ཟླ་ ༡༠ ཚེས་ ༩ ཉིན་ལས་དྲུང་ཚེ་རིང་ཆོས་འཛོམས་ཀ་ཏ་ཡན་ལག་སྨན་ཁང་ནས་སྐར་རྩིས་སྡེ་ཚན་དུ་གནས་སྤོ་གནང་། ཚེས་ ༡༦ ཉིན་བེངྒ་ལོར་ཡན་ལག་སྨན་ཁང་གི་སྨན་སྤྲོད་བསྟན་འཛིན་ཀུན་བཟང་དབུས་ཡན་ལག་སྤྱི་ཁྱབ་སྡེ་ཚན་གྱི་རྩིས་པར་བསྐོ་བཞག་གནང་ཚབ་སུ་སྨན་སྤྲོད་བདེ་སྐྱིད་སྒྲོལ་དཀར་བསྐོ་གཏོང་བྱས། ཟླ་ ༡༠ ཚེས་ ༢༤ ཉིན་སྐར་རྩིས་པ་ཕུར་བུ་ཚེ་རིང་ནས་རྩ་དགོངས་ཞུས། སྨན་པ་ཀརྨ་སྒྲོལ་མ་དང་། སྨན་པ་རྡོ་རྗེ་ཚེ་བརྟན། སྨན་པ་རི་ཞིང་བསྟན་འཛིན་གྲགས་པ། སྨན་པ་ཚེ་རིང་མཐར་ཕྱིན། སྨན་པ་བདེ་ཆེན་ཆོས་སྒྲོན། སྐར་རྩིས་པ་ངག་དབང་ཐར་འདོད་བཅས་ནས་རྩ་དགོངས་ཞུས། སྨན་རམས་པ་བསོད་ནམས་རྡོ་རྗེ་རང་བཞིན་གྱིས་བུད། ཟླ་ ༡༡ ཚེས་ ༡ ཉིན་སྤྱི་གཉེར་ཟུར་པ་ཐུབ་བསྟན་བྱམས་པ་རིན་ཆེན་རིལ་བུའི་དོ་དམ་པ་བཅས་སུ་བསྐོ་བཞག་གནང་། ཟླ་ ༡༡ ཚེས་ ༥ ཉིན་རིན་ཆེན་རིལ་བུའི་དོ་དམ་པ་བཀྲ་ཤིས་རྣམ་རྒྱལ་གངས་སྐྱིད་ཡན་ལག་སྨན་ཁང་ཏུ་གནས་སྤོས་གནང་། ཟླ་ ༡༢ ཚེས་ ༡ ནས་སྨན་སྤྲོད་ལྷག་པ་ཕན་ཐོགས་སྨན་སྤྲོད་སྒྲོལ་མ་ཚེ་རིང་དིལླིི་ལ་དྭགས་ནང་དགོན་ཡན་ལག་སྨན་ཁང་དུ་གནས་སྤོས་སོང་། སྨན་པ་ཆུང་བདག་ལགས་ནས་རྩ་དགོངས་ཞུས་ཏེ་ཁེ་ན་ཊར་བསྐྱོད། དེ་བཞིན་སྨན་པ་བདེ་སྐྱིད་བཟང་མོ་ལགས་ནས་ཀྱང་རྩ་དགོངས་ཞུས་ཏེ་ཨ་རིར་བསྐྱོད།
ཕྱི་ལོ་ ༢༠༠༦ ལོར་སློབ་སྤྱི་སྨན་བླ་ཞབས་སྨན་རམས་པ་རྣམ་རྒྱལ་ཚེ་རིང་རིག་གཞུང་འགན་འཛིན་དུ་བསྐོ་བཞག་གནས་སྤོས་སོང་ཚབ་ཏུ་ ༢༠༠༧ ལོར་བླ་ཞབས་སྨན་རམས་པ་ཚེ་དབང་རྟ་མགྲིན་མཆོག་སློབ་སྤྱིར་བསྐོ་བཞག་གནང་། ཕྱི་ལོ་ ༢༠༠༧ ཟླ་ ༡ ཚེས་ ༥ ཉིན་སྐོར་བསྐྱོད་རྩིས་པ་བཀྲ་ཤིས་རྣམ་རྒྱལ་ལགས་སྨན་མཛོད་དང་སྨན་ཚོང་སྡེ་ཚན་ནས་གངས་སྐྱིད་ཡན་ལག་སྨན་ཁང་དུ་བསྐོ་བཞག་གནང་། དེ་བཞིན་བོད་ནས་ཕེབས་པའི་སྨན་པ་ཆོས་ལྡན་ལགས་བྷེེལ་ཀོབ་ཡན་ལག་སྨན་གི་ལས་བྱེད་ངོ་མར་བསྐོ་བཞག་གནང་། ཟླ་ ༡ ཚེས་ ༡༠ ཉིན་མེན་པཌ་ཡན་ལག་སྨན་ཁང་གི་སྨན་སྤྲོད་ཤེས་རབ་ཆོས་འཛོམས་གངས་སྐྱིད་ཡན་ལག་སྨན་ཁང་གི་སྨན་སྤྲོད་པར་བསྐོ་བཞག་གནང་། དེ་རྗེས་ཟླ་ ༣ ཚེས་ ༡ ནས་འཛིན་སྐྱོང་ཡིག་ཚང་གི་དངུལ་གཉེར་དུ་བསྐོ་བཞག་གནང་འདུག།ཟླ་ ༡ ཚེས་ ༣༡ ཉིན་ནས་སྐབས་ ༡༣ པའི་སྨན་སློབ་རྣམས་ཡན་ལག་སྨན་ཁང་ཁག་ཏུ་ཉམས་མྱོང་གསོག་ཏུ་བཏང་། ཟླ་ ༧ ཚེས་ ༡ ནས་སྨན་རམས་པ་ངག་དབང་མཁྱེན་བརྩེ་དང་ཚེ་རིང་རྡོ་རྗེ་གཉིས་རྒན་ཡོལ་དུ་ཕེབས། ཟླ་ ༩ ཚེས་ ༥ ཉིན་དིལླིི་གསར་པ་ནི་ཛ་མུ་དིན་ཡན་ལག་སྨན་ཁང་གི་སྨན་པ་མིག་དམར་ལྷ་མོ་ལགས་ཨཧ་མ་ད་བཱད་ཡན་ལག་སྨན་ཁང་གསར་པར་གནས་སྤོས་པའི་ཚབ་ཏུ་མ་ནཱ་ལི་ཡན་ལག་སྨན་པ་དཀོན་མཆོག་དཔལ་འཛོམས་གནས་སྤོས་བཏང་། ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༡ ནས་སྨན་སློབ་སྐབས་བཅུ་གསུམ་པ་གྲངས་ ༢༤ རྣམས་དབུས་ཀྱི་སྡེ་ཚན་སོ་སོའི་ལས་ཀའི་ངོ་བོ་དང་འཆར་གཞི་བཞིན་ཕབ་སྒྱུར་སྡེ་ཚན་དང་། ནད་བཅོས་ཉམས་ཞིབ་སྡེ་ཚན། སྨན་རྫས་ཉམས་ཞིབ་སྡེ་ཚན། སྨན་སྦྱོར་ཁང་། སྔོ་སྦྱོར་ཉམས་ཞིབ། སྐར་རྩིས་སྡེ་ཚན་བཅས་དང་ཡན་ལག་སྨན་ཁང་ཁག་ཏུ་ལས་བསྐོས་ཞུས། དེ་བཞིན་དབུས་དང་ཡན་ལག་ཁག་གི་ལས་ཀའི་ངོ་བོ་དང་དགོས་མཁོར་གཞིགས་ཏེ་ལས་བྱེད་གྲངས་ ༡༥ བཅས་ཁྱོན་བསྡོམས་སྨན་ལས་གྲངས་ ༣༩ ལས་ཀའི་ཐོག་གསར་དུ་བསྐོ་བཞག་ཞུས། དེ་བཞིན་ལོ་དེར་སྨན་པ་པ་སངས་ལྷ་མོ་དང་། སྨན་པ་བསྟན་འཛིན་དབྱངས་སྐྱིད། སྨན་པ་སྐལ་བཟང་དབང་རྒྱལ་བཅས་ནས་རྩ་དགོངས་ཞུས།
ཕྱི་ལོ་ ༢༠༠༨ ལོར་སློབ་སྤྱི་བླ་ཞབས་སྨན་རམས་པ་རྟ་མགྲིན་ཚེ་དབང་མཆོག་མཐོ་སློབ་སོགས་སྡེ་ཚན་ཁག་ཅིག་གི་སློབ་སྟོན་པར་བསྐོ་བཞག་གནང་བས། སྨན་རམས་པ་བསྟན་པ་ཆོས་འཕེལ་སློབ་སྤྱིར་བསྐོ་བཞག་གནང་། ཟླ་ ༧ ཚེས་ ༡ ཉིན་སྨན་རམས་པ་ཟླ་བ་སྒྲོལ་མ་ལགས་རྒན་ཡོལ་དུ་སོང་ཞིང་། ཟླ་ ༡༢ ཚེས་ ༡ ནས་སྨན་དགེ་བསྟན་འཛིན་ལྷ་སྒྲོན་ནད་བཅོས་སྡེ་ཚན་དུ་གནས་སྤོས་གནང་བ་དང་། སྨན་པ་ཚེ་རིང་རྡོ་རྗེ་དང་། སྨན་པ་བསྟན་འཛིན་ཆོས་ལྡན། སྨན་པ་བསྟན་འཛིན་ལུང་རིགས། སྨན་པ་བསྟན་འཛིན་ལེགས་བཟང་བཅས་ནས་རྩ་དགོངས་ཞུས།
ལོ་དེར་སྐར་རྩིས་པ་མདུན་ཆུ་བསོད་ནམས་རྡོ་རྗེ་མཆོག་རྩིས་དགེ་གནང་མུས་སྐབས་འདས་གྲོངས་སུ་སོང་། ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༡ ཉིན་སྨན་དགེ་མཁྱེན་རབ་རྒྱ་མཚོ་སློབ་སྤྱི་གཞོན་པར་བསྐོ་བཞག་གནང་། ཟླ་ ༡༢ ཚེས་ ༧ ཉིན་སྨན་པ་ཉི་སྒྲོན་གྱིས་རྩ་དགོངས་ཞུས་ཏེ་ཨསྟྲིཡར་བསྐྱོད། སྨན་པ་ཀུན་བཟང་ཚེ་དབང་དང་། སྨན་པ་བློ་བཟང་དོན་འགྲུབ། སྨན་པ་ཆོས་དབྱིངས་སྒྲོལ་མ། སྨན་པ་ངག་དབང་རྒྱ་མཚོ། སྨན་པ་བཀྲ་ཤིས་དོན་འགྲུབ། སྐར་རྩིས་པ་ཆོས་ཉིད་བཟང་མོ། སྐར་རྩིས་པ་ཟེའུ་དབང་འཕྲིན་ལས་བཅས་ནས་རྩ་དགོངས་དང་། རྒྱལ་ནང་བློ་བཟང་ནོར་བུ་མཆོག་རྒན་ཡོལ་དུ་ཕེབས་པ་བཅས་འགན་འཛིན་དེའི་སྐབས་ཏེ་བཅུ་གསུམ་པའོ།།
སྨན་སྦྱོར་འཕྲུལ་ལས་ཅན་དུ་བསྒྱུར་བས་གཙོས།།
ལས་དོན་སྤྱི་དང་བྱེ་བྲག་བསྒྲུབས་དང་ལྷན།།
ཁྲིམས་སྒྲིག་འཆར་ཟིན་མང་པོ་གཏན་འབེབས་ཀྱིས།།
ཕན་འབྲས་གང་ལེགས་བྱུང་བ་བསྔགས་པའི་གནས།། །།
མཐའ་མའི་འདོན་ཐེངས་།: 16.04.2016 ཉིན། 11:17 AM
<< སྔ་མ།