སྨན་རྩིས་དྲ་བ། - སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ།

འགན་འཛིན་སྐབས་བཅུ་གཉིས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 08.04.2016
སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ། >>

<< བོད་གཞུང་སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ། >>


འགན་འཛིན་སྐབས་བཅུ་གཉིས་པའི་སྐབས།

(2001-2005)

ཀ༽འགན་འཛིན་གྱི་ངོ་སྤྲོད་མདོ་ཙམ།

ལྷ་རྩེ་བསམ་འགྲུབ་མཆོག་ནི་ཕྱི་ལོ་༡༩༥༡ ལོར་བོད་དུ་སྐྱེས་ཤིང་། ༡༩༥༩ ལོར་བོད་གཞུང་དུས་འགྱུར་གྱི་རྐྱེན་པས་བལ་ཡུལ་བརྒྱུད་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་རྗེས་ ༡༩༧༠ ལོར་མ་སུ་རི་གཏན་སློབ་ནས་ཐོན་ཏེ་དི་ལླིི་མཐོ་སློབ་ Delhi University ནས་ B.A བྱ་རྒྱུའི་གོ་སྐབས་བཟང་པོ་ཐོབ་པ་དང་།  ༡༩༧༣ ལོར་མཐོ་སློབ་ཐོན་སྐབས་གཞིས་ཆགས་ཁང་གི་ཉིན་སློབ་ཁག་ཏུ་དགེ་རྒན་དགོས་མཁོ་ཆེན་པོ་ཡོད་པའི་གནས་སྟངས་དང་བསྟུན་ཤེས་རིག་ནས་མེན་པཌ་ཕན་བདེ་གླིང་དུ་བསྐོ་གཏོང་གནང་བ་བཞིན་དང་ལེན་ཞུས། དགེ་རྒན་བྱེད་པར་འོས་སྦྱོང་དེ་བས་གལ་ཆེ་བར་སོང་། ༡༩༧༥ ལོར་ཝར་ཎ་ B.H.U ནས་B.E.D དགེ་རྒན་འོས་སྦྱོང་ཐོན་ཕྲལ། ༡༩༧༦ ལོར་ལ་དྭགས་ཅོག་ལམ་སའི་ཉིན་སློབ་ཏུ་བསྐོ་གཏོང་གནང་དོན་བཞིན་དང་ལེན་ཞུས། དེ་རྗེས། ༡༩༧༩ ལོར་ཤེས་རིག་ནས་བལ་ཡུལ་ཤར་ཁུམ་བདེ་ལེགས་གླིང་ཉིན་སློབ་ཀྱི་དགེ་ཆེར་བསྐོ་བཞག་གནང་ཀྱང་ས་གནས་སུ་འབྱོར་སྐབས་ས་གནས་གཞུང་ནས་ཆབ་སྲིད་ཀྱི་དམ་དྲག་གིས་རྐྱེན་པས་ཟླ་ཤས་རྗེས་འཐར་ཇེ་ཁེས་ཉིན་སློབ་ནང་གངས་ཅན་བདེ་རྩའི་བཀོད་མངགས་འོག་དགེ་རྒན་ལས་འཁུར་ཞུས་རྗེས། ༡༩༨༠ ལོར་དཔལ་འབྱོར་ཁྱབ་ཁོངས་ཧི་མ་ལ་ཡའི་རུམ་གདན་ཕྱིར་ཚོང་ཁང་གི་འཛིན་སྐྱོང་འོག་བལ་ཡུལ་སྤོག་ར་བཀྲ་ཤིས་གླིང་བཟོ་གཞིས་འགན་འཛིན་གྱི་ལས་འགན་བྱས། ༡༩༨༢ ལོར་ས་གནས་མི་མང་གི་དགོས་འདུན་ལྟར་བཟོ་གཞིས་འགན་འཛིན་དུ་གཞུང་ཞབས་ཁོངས་བསྐོ་བཞག་བསྩལ་བ་བཞིན་བཟོ་གཞིས་མི་མང་ལ་ཞབས་འདེགས་ཞུས། ༡༩༩༠ ལོར་སྤོག་ར་བཀྲ་ཤིས་དཔལ་འཁྱིལ་བཟོ་གཞིས་འགན་འཛིན་དུ་གནས་སྤོས་བྱུང་རྗེས། ༡༩༩༦ ལོར་ཤེས་རིག་ལས་ཁུངས་ཀྱི་ཟུང་དྲུང་ས་མིག་ཏུ་གནས་སྤོས། ༡༩༩༧ ལོའི་ཟླ་ ༨ ནང་བལ་དོན་ཁང་དུ་གནས་སྤོས་བསྩལ་བ་དང་། ༡༩༩༨ ལོར་བལ་ཡུལ་སྐུ་ཚབ་དོན་གཅོད་ཀྱི་ས་མིག་བསྐོ་བཞག་ཆེད་བསྩལ་གནང་།  ༢༠༠༡ ལོར་འཆར་འགོད་ལས་ཁུངས་ཀྱི་དྲུང་ཆེའི་ས་མིག་ཏུ་གནས་སྤོས་བྱུང་ནས་ཟླ་ཤས་རྗེས་བོད་གཞུང་སྨན་རྩིས་ཁང་གི་འགན་འཛིན་དུ་བསྐོ་བཞག་བསྩལ་བ་དང་འབྲེལ། རང་གཞུང་བཀའ་ཤག་སྐབས་བཅུ་གཉིས་པའི་སྲིད་བྱུས་ལམ་སྟོན་ལྟར་སྨན་རྩིས་ཁང་གི་འཛིན་སྐྱོང་འགན་འཛིན་རང་གཞུང་ནས་བསྐོ་གཏོང་མ་དགོས་པར་རང་སྐྱོང་སྒྲིག་འཛུགས་ཀྱི་ངོ་བོར་སྒྲིག་གཞི་དང་རྩ་འཛིན་བསྐྱར་བཅོས་དགོས་གལ་གཏན་འབེབས་གནང་སྟེ་སྨན་རྩིས་ཁང་གི་འགན་འཛིན་རང་ཁོངས་ནས་བཀོད་སྒྲིག་ལེགས་སྒྲུབ་བྱུང་རྗེས། ༢༠༠༤ ཟླ་ ༡༢ ཚེས་ ༡ ནས་བོད་གཞུང་རྩིས་ཞིབ་ལས་ཁང་གི་དྲུང་ཆེར་བསྐོ་བཞག་གནས་སྤོས་བྱུང་བ་དང་། ༢༠༠༦ ལོར་བདེ་སྲུང་འཛིན་སྐྱོང་དྲུང་ཆེར་གནས་སྤོས་བྱུང་བ་དང་། ༢༠༡༠ ཟླ་ ༡༠ ཚེས་ ༢༧ ནས་བཙན་བྱོལ་གཞུང་གི་ལས་བྱེད་པ་རྣམས་ཀྱི་བླང་དོར་སྒྲིག་གཞིའི་དགོངས་དོན་བགྲེས་ཡོལ་སྔ་བསྣུར་བཀའ་འཁྲོལ་བསྩལ་དོན་བྱུང་བ་འཚོ་ཞིང་བཞུགས་མུས་ཡིན་པ་བཅས་ལོ་རྒྱུས་མདོར་བསྡུས་སོ།།

 

ཁ༽གནས་བབས་སྤྱི།

ཕྱི་ལོ་ ༢༠༠༡ ཟླ་ ༡༢ ནང་འགན་འཛིན་པདྨ་དགྲ་འདུལ་མཆོག་གི་ལས་ཡུན་ཡོངས་སུ་རྫོགས་ཏེ་རང་གཞུང་དཔལ་འབྱོར་ལས་ཁུངས་སུ་གནས་སྤོས་སོང་ཚབ་ཏུ་ལོ་དེའི་ཟླ་ ༡༢ ཚེས་ ༢༢ ནས་ལྷ་རྩེ་བསམ་འགྲུབ་ལགས་དབུ་འཛིན་དུ་བསྐོ་བཞག་བསྩལ། དེ་དུས་དྲུང་ཆེ་སྨན་རམས་པ་པདྨ་རྡོ་རྗེ་ཡིན་ཞིང་། ཕྱི་ལོ་ ༢༠༠༡ ནི་བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་ཀྱི་ངོས་ནས་མང་གཙོའི་འཕེལ་རིམ་ནང་ཆེས་གལ་གནད་ཅན་གྱི་ལོ་ཞིག་ཡིན། དེ་ཡང་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་ལམ་སྟོན་ལྟར་བཀའ་བློན་ཁྲི་བ་མང་ཚོགས་ནས་ཐད་ཀར་འོས་འདེམས་ཀྱི་ལམ་ནས་བསྐོ་བཞག་གནང་བའི་མང་གཙོའི་གོམ་སྟབས་ཚད་མཐོར་བཏང་བའི་ལོ་ཚིགས་ཤིག་ཡིན། ལྷ་རྩེ་བསམ་འགྲུབ་མཆོག་གིས་ ༢༠༠༢ ཙམ་ནས་ཕྱི་ལོ་ ༢༠༠༤  ལོ་མཇུག་སྟེ་ཕྱི་ཟླ་ ༡༢ ཚེས་ ༢༥ བར་སྨན་རྩིས་ཁང་གི་འགན་བཞེས་གནང་ཞིང་།  དབུ་འཛིན་འདིའི་ལོ་ཡུན་ལོ་གསུམ་ལྷག་རིང་ྋགོང་ས་མཆོག་གི་ྋསྐུའི་འཕྲོད་བཞེས་དང་། དགུང་ཀེག་ཀེག་སེལ་སོགས་ཀྱིས་མཚོན་པའི་སྨན་རྩིས་ཁང་ལས་དོན་ཆེ་ཕྲ་ཚང་མའི་འགྲོ་ལུགས་སྔར་རྒྱུན་བཞིན་ཡིན། དེ་ཡང་སྨན་རྩིས་ཁང་འདི་ཉིད་འཛིན་སྐྱོང་གི་སྡེ་ཚན་གཅིག་དང་།  རིག་གཞུང་གི་སྡེ་ཚན་གཅིག་བཅས་སྡེ་ཚན་ཆེན་པོ་གཉིས་སུ་བཀར་ཡོད་ལ། སྐབས་དེར་འཛིན་སྐྱོང་སྡེ་ཚན་གྱི་ཁྱབ་ཁོངས་སུ་ཁྱབ་ཁོངས་རྒྱུད་བཞི་ཕབ་བསྒྱུར་ཚན་པ། ས་ཁང་དང་ཆུ་གློག་ཚན་པ། གློག་རྡུལ་འཕྲུལ་ཆས་ཚན་པ། སྦྲགས་ཁང་། སྤྱི་ཐབ་བཅས་ཡོད། ཡན་ལག་སྤྱི་ཁྱབ་སྡེ་ཚན། ཁྱབ་ཁོངས་སྨན་ཁང་ཁག་ ༤༣ ཡོད། དངུལ་རྩིས་སྡེ་ཚན། ལྡི་ལི་ཕྱིར་ཚོང་འབྲེལ་མཐུད་སྡེ་ཚན། ནང་ཞིབ་སྡེ་ཚན། སྨན་མཛོད་སྨན་ཚོང་སྡེ་ཚན་བཅས་ཡོད།

 

རིག་གཞུང་སྡེ་ཚན་ཁོངས། སྨན་རྩིས་མཐོ་སློབ་སྡེ་ཚན།༼ཁྱབ་ཁོངས་དཔེ་མཛོད་ཁང་།༽ སྨན་སྦྱོར་སྡེ་ཚན། སྐར་དཔྱད་རྩིས་རིག་སྡེ་ཚན། ནད་བཅོས་ཉམས་ཞིབ་སྡེ་ཚན། སྨན་རྫས་ཉམས་ཞིབ་སྡེ་ཚན། རྩོམ་སྒྲིག་དང་དཔར་སྐྲུན་སྡེ་ཚན། སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་བཅས་ཡོད། འཛིན་སྐྱོང་ཚགས་ཚུད་དང་མཉམ་རུབ་ཆེད་སྒྲིག་གསལ་ལས་ཀའི་ངོ་བོའི་ཆ་ནས་དབང་ཚད་བགོ་འགྲེམས་བྱས་ཡོད་པའི་ཚོགས་ཆུང་ཁག་བཅུ་དྲུག་གཤམ་གསལ།

 

འགན་འཛིན་ལྷན་ཚོགས། འཛིན་སྐྱོང་ཚོགས་ཆུང་། སྨན་རྩིས་རིག་གཞུང་ལྷན་ཚོགས། དངུལ་རྩིས་ཚོགས་ཆུང་། ལས་བྱེད་འདེམས་བསྐོ་དང་བཀོད་སྒྲིག་ཚོགས་ཆུང་། ས་ཁང་ཚོགས་ཆུང་། ལས་ཤག་གོ་སྒྲིག་ཚོགས་ཆུང་། སྨན་རྒྱུ་མཁོ་སྒྲུབ་ཚོགས་ཆུང་། སྤྱི་ཐབ་ཚོགས་ཆུང་།  དཔེ་མཛོད་ཚོགས་ཆུང་། སྨན་རྩིས་ཨིན་བོད་དུས་དེབ་ཚོགས་ཆུང་། ཡིག་ཚད་ཚོགས་ཆུང་། ཁོར་ཡུག་སྲུང་སྐྱོབ་ཚོགས་ཆུང་། ལས་བྱེད་བདེ་དོན་ཚོགས་ཆུང་། ལས་བྱེད་སྤྲོ་སྐྱིད་ཚོགས་ཆུང་། བུ་བཅོལ་ཁང་ཨ་མའི་ཚོགས་ཆུང་བཅས་ཡོད་འདུག འགན་འཛིན་འདིའི་རིང་སྔར་ཡོད་ལས་བྱེད་གསར་ཞུགས་བྱེད་མཁན་གྲངས་ ༨༤ བྱུང་ཡོད་པས་ལས་རྒྱུན་དེའི་རིང་ལས་བྱེད་ཁྱོན་བསྡོམས་ ༥༠༡ ཡོད་པར་འཁོད།

 

བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་ནས་ལོ་ངོ་ ༣༦༠ འཁོར་བའི་དུས་དྲན་སྲུང་གཙིའི་ལས་རིམ་དང་བསྟུན་བོད་མིའི་གཞིས་སྒར་ཁག་ཏུ་སྨན་སྐོར་དང་འགྲེམས་སྟོན་སོགས་ཀྱི་ལས་གཞི་གང་མང་སྤེལ་བ་མ་གཏོགས་གཞན་རྒྱུན་ལྡན་གྱི་ལས་གཞི་ཁག་སྔར་བཞིན་ལྷག་ཆད་མེད་པར་བསྒྲུབས།

 

ཕྱི་ལོ་ ༢༠༠༢ ལོར་རྡ་ས་སྟེང་ཤོད་གཉིས་ཀྱིས་གཙོས་ཡན་ལག་སྨན་ཁང་ཁག་ཏུ་བོད་སྨན་བསྟེན་གཏུགས་བྱེད་མཁན་ནད་པ་གྲངས་  ༥༡༩༡༠༨ ལ་བལྟ་རེག་དྲི་གསུམ་གྱི་སྒོ་ནས་སྨན་བཅོས་ཞུས་འདུག་ལ། གོང་གསལ་ནད་གྲངས་དེ་ལས་ཉམ་ཐག་ནད་པ་དང་། བྱ་བྲལ་སོགས་ལ་རིན་མེད་སྨན་བཅོས་དང་།  གསར་འབྱོར་བ་དང་གྲྭ་བཙུན་སྔགས་གསུམ་གྲངས་ ༦༠༧༣༤ ཕྱེད་བཅག་གིས་ཧིན་སྒོར་ ༡༩༥༣༥༠༦།༨༡ སོང་ཡོད། ཉམ་ཐག་ནད་པ་གྲངས་ ༡༡༧༥༨༡ སྨན་སྦྱིན་བཏང་བ་དངུལ་བསྒྱུར་སྒོར་ ༦༣༧༢༡༦༦།༦༦ སོང་།  ལོ་དེར་སྨན་སྦྱིན་དང་། ཕྱེད་བཅག སྨན་དོད་ཡོད་པ་བཅས་ཁྱོན་བསྡོམས་ནད་པ་གྲངས་ ༥༡༩༡༠༨  ལ་སྒོར་ ༤༢༣༨༣༤༤༩༠།༦༧ བཅས་ཀྱི་མ་གནས་ཡོད།

 

ཕྱི་ལོ་ ༢༠༠༣ ལོར་སྨན་རམས་པ་ཟླ་བ་ལགས་སྨན་རྩིས་ཁང་གི་དྲུང་ཆེར་བསྐོས་ཤིང་། ལོ་དེར་ངྷ་ས་སྟེང་ཤོད་གཉིས་ཀྱིས་གཙོས་ཡན་ལག་སྨན་ཁང་ཁག་ཏུ་བོད་སྨན་བསྟེན་གཏུགས་བྱེད་མཁན་ནད་པ་གྲངས་ ༤༨༩༩༤༥ ལ་བལྟ་རེག་དྲི་གསུམ་གྱི་སྒོ་ནས་སྨན་བཅོས་ཞུས་འདུག་ལ། དེ་བཞིན་ཉམ་ཐག་ནད་པ་དང་།  བྱ་བྲལ་སོགས་ལ་རིན་མེད་སྨན་བཅོས་དང་། གསར་འབྱོར་བ་དང་གྲྭ་བཙུན་སྔགས་གསུམ་གྲངས་ ༦༠༩༥༧ ཕྱེད་བཅག་གིས་ཧིན་སྒོར་ ༢༣༥༥༥༧༤།༥༣ སོང་ཡོད། ཉམ་ཐག་ནད་པ་གྲངས་ ༡༠༧༥༢༦༧ སྨན་སྦྱིན་བཏང་བ་དངུལ་བསྒྱུར་སྒོར་ ༧༡༧༢༨༣༥།༠༤ དང་། ལོ་དེར་སྨན་སྦྱིན་དང་།  ཕྱེད་བཅག སྨན་དོད་ཡོད་པ་བཅས་ཁྱོན་བསྡོམས་ནད་པ་གྲངས་ ༤༨༩༩༥༤  ལ་སྒོར་ ༤༩༢༢༤༣༤༢།༧༥ མ་གནས་བཏང་ཡོད།

 

ཕྱི་ལོ་ ༢༠༠༤ ལོར་ངྷ་ས་སྟེང་ཤོད་གཉིས་ཀྱིས་གཙོས་ཡན་ལག་སྨན་ཁང་ཁག་ཏུ་བོད་སྨན་ལ་བསྟེན་གཏུགས་བྱེད་མཁན་ནད་པ་གྲངས་ ༤༩༧༥༠༦ ལ་བལྟ་རེག་དྲི་གསུམ་གྱི་སྒོ་ནས་སྨན་བཅོས་ཞུས་འདུག་ལ། དེ་བཞིན་ཉམ་ཐག་ནད་པ་དང་། བྱ་བྲལ་སོགས་ལ་རིན་མེད་སྨན་བཅོས་དང་། གསར་འབྱོར་བ་དང་གྲྭ་བཙུན་སྔགས་གསུམ་ནད་པ་གྲངས་ ༦༤༠༠༡ ཕྱེད་བཅག་གིས་ཧིན་སྒོར་ ༢༧༧༦༡༠༠།༠༤ སོང་ཡོད། ཉམ་ཐག་ནད་པ་གྲངས་ ༡༡༤༥༤༤ སྨན་སྦྱིན་བཏང་བ་དངུལ་བསྒྱུར་སྒོར་ ༧༩༨༡༤༢༢།༡༤ དང་། ལོ་དེར་སྨན་སྦྱིན་དང་། ཕྱེད་བཅག སྨན་དོད་ཡོད་པ་བཅས་ཁྱོན་བསྡོམས་ནད་པ་གྲངས་ ༤༩༧༥༠༦ ལ་སྒོར་ ༥༠༥༤༨༧༠༣།༨༢ བྱུང་ཡོད་པ་བཅས་ལོ་གསུམ་གྱི་སྤྱིའི་གནས་བབ་མདོར་བསྡུས་ཙམ་ངོ་སྤྲོད་བྱས་པའོ།།

 

ག༽གལ་ཆེའི་ལས་གཞི་ཁག

༡༽རིག་གཞུང་དང་འབྲེལ་བའི་སྐོར།

སྨན་རྩིས་ཁང་ནས་བོད་སྨན་འདི་ཉིད་རྒྱལ་སྤྱིའི་ངོས་ནས་དེང་རབས་ཀྱི་ཚན་རིག་དང་མཐུན་པ་ངེས་ལེན་ཡོང་ཐབས་སུ་དམིགས་ཏེ། བོད་སྨན་ནང་དངུལ་ཆུ་དང་ཞ་ཉེའི་སྐོར་ལ་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གི་གཏན་འབེབས་ཚད་གཞི་དང་། རྒྱལ་ཁབ་སོ་སོའི་རྒྱུན་སྲོལ་སྨན་གྱི་ཁྲིམས་ཀྱི་འགྲོ་ལུགས་དང་མཐུན་པའི་སྨན་བཟོ་སྦྱོར་ཐོག་ལོ་ནས་ཉམས་ཞིབ་འགོ་ཚུགས་པ་དང་། ཟུར་དུ་སྨན་སྦྱོར་བྱས་པའི་ནང་སྨན་རྒྱུ་བརྟག་དཔྱད་ཀྱི་ལམ་ནས་སྨན་བཟོ་སྦྱོར་བྱས་རྗེས་བསྐྱར་དུ་བརྟག་དཔྱད་ཀྱིས་འདོད་བློ་ཁེངས་པའི་སྤུས་ཚད་ཡོང་བཞིན་ཡོད་པ་དང་། ཕྱི་རྒྱལ་མཐོ་སློབ་དང་མཉམ་འབྲེལ་གྱིས་ཚན་རིག་གི་ལམ་ནས་དངུལ་ཆུའི་ཕན་གནོད་ཐོག་ལ་ཉམས་ཞིབ་བརྟག་དཔྱད་བྱས་ཡོད། དེ་ཡང་བོད་ཀྱི་གསོ་བ་རིག་པའི་གཞུང་ནས་དུག་འདོན་གཡའ་ཕྱིས་སོགས་ལག་ལེན་གཏིང་ཟབ་པ་དང་། རྒྱ་ཆེ་བའི་སྒོ་ནས་དངུལ་ཆུའི་ནུས་པ་སྨན་དུ་བསྒྱུར་བའི་ཐུན་མིན་ཁྱད་ཆོས་དང་ལྡན་པའི་འདས་པའི་ལོ་རྒྱུས་ཀྱི་ཚད་ལྡན་རྒྱབ་བརྟེན་ཡོད་པ་དེ་ལྟར་ཡང་། དེང་དུས་ཚན་རིག་གི་ཐོག་ནས་བོད་སྨན་གྱི་ཕན་ནུས་དང་། ངོས་ལེན་ཡོང་ཐབས་ཐོག་སྔར་ལས་ལྷག་པའི་ཉམས་ཞིབ་དང་བརྟག་དཔྱད་ལས་གཞིའི་ཐོག་འབྲེལ་ལས་རྣམས་དང་གོ་བསྡུར་གྱིས་དི་ལླིར་ཡོད་པའི་ Shri Ram Research Centre མཉམ་དུ་གོ་བསྡུར་དང་། གསོལ་སྨན་ཚད་ལྡན་ཡོང་ཆེད་སྐོར་ལ་འབྲེལ་ལས་སྨན་པ་རྣམས་ལ་ཟབ་སྦྱོང་དང་། མ་འོངས་པར་མཉམ་མཐུན་བརྟག་དཔྱད་ཁང་འཛུགས་སྐྲུན་དང་། འབྲེལ་ལས་ཁག་ལ་དགོས་ངེས་ཚན་རིག་གི་སྦྱོང་བརྡར་སྤྲོད་ཕྱོགས་ཐད་གོ་བསྡུར་མོས་མཐུན་གང་ལེགས་གནང་ཡོད་པ་དང་། དངུལ་ཆུ་དང་འབྲེལ་བའི་སྐོར་ལ་འབྲེལ་ལས་སྨན་པ་དང་སྨན་རྩྭའི་བརྟག་ཞིབ་བྱས་པའི་ཚོགས་ཆུང་ཟུར་འཛུགས་ཀྱིས་ཚན་རིག་གི་ལམ་ནས་ཉམས་ཞིབ་བྱེད་རྒྱུའི་ལས་གཞིར་འབད་བརྩོན་དམ་དོན་དང་།  དེ་བཞིན་སྨན་རྩིས་ཁང་གི་སྒྲིག་གཞི་སྔོན་ཡོད་བསྐྱར་བཅོས་གནང་གལ་དུ་གཟིགས་ཏེ། ཚོགས་ཆུང་ཟུར་འཛུགས་ཀྱིས་ཚོགས་ཆུང་གི་སྒྲིག་གཞི་ཨིན་ཡིག་ཐོག་བཟོ་འགོད་ཀྱིས་བོད་བསྒྱུར་ཞུས་པའི་ཐོག་བསྐྱར་བཅོས་གནང་འོས་གནང་སྟེ་གཏན་འབེབས་གནང་བ་དང་། རྒྱ་གར་གཞུང་ལ་དེབ་སྐྱེལ་ཞུས་ཏེ་དབུས་དང་། ས་གནས་ཡན་ལག་ཡོངས་ལ་འགྲེམས་སྤེལ་ཞུས་པ་ནས་བཟུང་ལག་བསྟར་ཞུས།

 

ཕྱི་ལོ་ ༢༠༠༢  ལོར་རང་གཞུང་བཀའ་ཤག་གི་བཀའ་འབྲེལ་བཞིན་འབྲུག་རྒྱལ་ཁབ་ཀྱི་སྨན་པ་ངག་དབང་བཟང་པོ་ལགས་ལ་སྨན་སྦྱོར་གྱི་ལག་ལེན་ཟབ་སྦྱོང་ཟླ་ཤས་རིང་སྤྲད་པ་དེ་ནི་བཙན་བྱོལ་དུ་སླེབས་པ་ནས་འབྲུག་གི་ཡུལ་མི་ཞིག་ལ་གསོ་རིག་སློབ་སྦྱོང་སྤྲད་པ་ཕལ་ཆེར་དང་པོ་ཡིན་པར་སྙམ།

 

ཕྱི་ལོ་ ༢༠༠༢ ལོར་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་དབུ་བརྙེས་ཏེ་ལོ་ངོ་ ༣༦༠ འཁོར་བའི་དུས་དྲན་སྲུང་གཙི་ཞུ་སླད་རང་རིགས་འདུས་སྡོད་གཞིས་ཆགས་ཁག་ལ་སྨན་དང་རྩིས་ཀྱི་འགྲེམས་སྟོན་དང་།  གཏམ་བཤད་བཅས་བྱ་རྒྱུ་ཐུགས་གཏན་འཁེལ་བ་ལྟར་ ༢༠༠༢ ཟླ་ ༦ ཚེས་ ༡༦ ནས་ཉིན་གཉིས་རིང་དྲུང་ཆེ་སྨན་རམས་པ་པདྨ་རྡོ་རྗེ་ལགས་དང་།  སྐར་རྩིས་པ་ཕུར་བུ་ཚེ་རིང་བཅས་རྒྱ་གར་ས་གནས་ཨམ་ད་བྷ་རྡཱ་དང་། ལ་དྭགས་ས་གནས་སུ་ཆེད་ཕེབས་ཀྱིས་འགྲེམས་སྟོན་དང་འབྲེལ་སྨན་རྩིས་སྐོར་ལ་གཏམ་བཤད་གནང་།   དེ་བཞིན་ཟླ་ ༨ ཚེས་ ༢༣ ནས་སྨན་རམས་པ་ལྷ་དབང་སོགས་སྨན་རྩིས་པ་རྣམས་ནས་བེངྒ་ལོར་དང་། མད་རཱས། ཨོ་རོ་ལྦིལ་བོད་ཀྱི་རིག་གཞུང་ཁང་། ལྷོ་གཞིས་ཁག་གསུམ་བཅས་པར་བསྐྱོད་དེ་གསོ་རིག་སྨན་དང་གཙུག་ལག་རྩིས་ཀྱི་འགྲེམས་སྟོན་དང་ཡོན་མེད་པའི་ཐོག་ནད་པར་བརྟག་དཔྱད་སྨན་བཅོས་གནང་ཡོད་པ་རེད། བེངྒ་ལོར་རྒྱལ་ས་རུ་སྐུ་མགྲོན་གཙོ་བོ་མངའ་སྡེའི་བློན་ཆེན་ Dr. Mallika Reddy མཆོག་གདན་ཞུས་ཀྱིས་དབུ་འབྱེད་མཛད་སྒོ་ལེགས་པར་གྲུབ་རྗེས། སྨན་པ་ལྷ་དབང་ལགས་ཀྱིས་འཕྲོད་བསྟེན་བློན་ཆེན་གྱི་ཕྱག་རྩ་ཞུས་པར་ཁོང་ཐུགས་དགྱེས་ཚོར་ཆེན་པོའི་ངང་ས་གནས་ཚགས་པར་འགོད་མཁན་དང་།  གཟུགས་མཐོང་རླུང་འཕྲིན་བཅས་པར་བོད་སྨན་གྱི་ཕན་ནུས་སྐོར་ལ་བསྔགས་བརྗོད་ཚད་མཐོར་གནང་། ཉིན་གཉིས་འགྲེམས་སྟོན་དང་ཆབས་ཅིག་སྨན་པ་གཉིས་ཀྱིས་ནད་པར་བརྟག་དཔྱད་སྨན་བཅོས་དང་།  རྩིས་པས་རྩིས་འབྲས་འགྲེལ་བརྗོད། གསོ་རིག་སྨན་གྱི་ལོ་རྒྱུས་ Healing Through Compassion དང་ Sowa Rigpa ཞེས་པ་གཉིས་གློག་བརྙན་འཕྲུལ་ཆས་གཡར་ནས་རེས་མོས་ཀྱིས་བསྟན་ཏེ་ལྟད་མོ་བ་རྣམས་སྤྲོ་སྣང་ལྡན་པའི་ངང་བོད་སྨན་ལ་དམིགས་བསལ་དོ་སྣང་ཆེན་པོ་བྱུང་། སྐབས་དེར་བོད་ཀྱི་གསོ་རིག་སྨན་དང་གཙུག་ལག་རྩིས། དེ་བཞིན་བོད་ཀྱི་རྩ་དོན་སྐོར་ནང་སྲིད་བཀའ་བློན་ཟུར་པ་སྐུ་ངོ་བསྟན་པ་ཚེ་རིང་མཆོག་དང་ཧིན་བོད་མཛའ་ཚོགས་ཀྱི་ཚོགས་གཙོ་ FTR Colaso བཅས་ཀྱིས་བགྲོ་གླེང་ཚོགས་འདུར་གསུང་བཤད་གནང་སྟེ་ཉིན་གཉིས་ཀྱི་འགྲེམས་སྟོན་ལེགས་པར་གྲུབ། དེ་བཞིན་དུ་མད་རཱས་སམ་ཅི་ན་ཡེའིི་རྒྱལ་ས་དང་ཨོ་རོ་ལྦིལ། ཅི་ན་ཡེ་ཞེས་པ་ལྷོ་ཕྱོགས་ཏ་མིལ་ནཱ་ཌུའི་རྒྱལ་ས་བཅས་ལ་འགྲེམས་སྟོན་བྱེད་སྐབས་འགྲེམས་སྟོན་དབུ་འབྱེད་ཀྱི་སྐུ་མགྲོན་གཙོ་བོ་རྒྱལ་སྤྱིའི་མཁས་དབང་ Prof.N.Rangabashyam མཆོག་གདན་ཞུས་ཀྱིས་བདེན་ཚིག་སྨོན་ལམ་དང་གཞས་སྣའི་སྔོན་བསུས་ཏེ་འགྲེམས་སྟོན་གྱི་ལས་སྒོ་དང་ནད་པར་བརྟག་དཔྱད་སྨན་བཅོས། རྩིས་འབྲས་འགྲེལ་བཤད། ཞར་ཞོར་གསོ་རིག་སྨན་གྱི་སྐོར་དང་དེ་བཞིན་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཀྱིས་མཚོན་པའི་གྲགས་ཆེའི་གློག་བརྙན་ཁག་དང་རིག་དངོས་བཅས་གཟིགས་འབུལ་ཞུས་ཏེ་ལྟད་མོ་བ་རྣམས་ཀྱི་འདོད་བློ་ཁེངས་པ་བྱས། སྐབས་དེའི་འགྲེམ་སྟོན་ཐད་ས་གནས་རྒྱ་གར་བ་དང་བོད་རིགས་མི་མང་བཅས་ནས་རྐང་འགན་བཞེས་ཏེ་འགྲེམས་སྟོན་དབུ་འབྱེད་དང་འགྲེམས་སྟོན་སྐབས་སུ་ཚགས་པར་ཁག་ལ་ཁྱབ་བསྒྲགས་ཀྱི་ཡིག་ཆ་འགྲེམས་སྤེལ། Press conference རྩིག་སྦྱར་དཔེ་རིས་དང་གདན་ཞུའི་ཡིག་ཆ། བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་ཏེ་ལོ་ ༣༦༠ འཁོར་བའི་དུས་སྟོན་གྱི་དེབ་ཆུང་པོ་ཏཱ་ལའི་མདུན་ཤོག་ཅན་དེབ་གྲངས་ ༥༠༠། གསོ་རིག་སྨན་དང་བོད་ཀྱི་རྒྱལ་རབས་ལོ་རྒྱུས་མཚོན་པའི་གློག་བརྙན་གཟིགས་འབུལ་བཅས་གོ་སྒྲིག་གནང་ཐུབ་པ་བྱུང་བས་ཕན་ཐོགས་རྒྱ་ཆེར་བྱུང་། 

 

དེ་རྗེས་ཧོན་སུར་གཞིས་ཆགས་དང་། ཀོལླེ་གལ། མོན་གྷོ་འདོད་རྒུ་གླིང་བཅས་ལ་ཆེད་བསྐྱོད་ཀྱིས་སྨན་རྩིས་འགྲེམས་སྟོན་དང་ནད་པར་བརྟག་དཔྱད་བཅས་གནང་ཞིང་། ཞོར་དུ་ལྕགས་ཀུར་གཞིས་ཆགས་ལ་ཡང་ཆེད་བསྐྱོད་ཀྱིས་ནད་པར་སྨན་བཅོས་དང་རྩིས་འབྲས་བསྐོར་བ། གསོ་རིག་སྨན་དང་གཙུག་ལག་རྩིས་ཀྱི་འགྲེམས་སྟོན་སོགས་རྒྱ་ཆེར་གནང་བ་དང་། སྦྲུམ་མའི་འཕྲོད་བསྟེན། བྱིས་པ་བཙའ་ཐབས་སོགས་མི་མང་འདུ་འཛོམས་སར་ལམ་སྟོན་རྒྱས་པར་གནང་སྟེ་ཕན་ཐོགས་ཆེན་པོ་བྱུང་།

 

ལོ་དེར་སྨན་རམས་པ་རྡོ་རྗེ་རབ་བརྟན་དང་། སྨན་རམས་པ་སྤེན་པ་ཚེ་རིང་། སྐར་རྩིས་པ་ཕུར་བུ་ཚེ་རིང་བཅས་ནས་ཨི་ཌ་ལིའི་ས་གནས་ཀྲ་སེ་ཁ་ན་རུ་དུས་ཆེན་དང་སྦྲགས་རིག་གཞུང་འགྲེམས་སྟོན་གནང་། འགྲེམས་སྟོན་སྐབས་སྐུ་མགྲོན་གཙོ་བོ་བོད་ཁྱིམ་དབུ་འཛིན་རྗེ་བཙུན་པདྨ་ལགས་དང་བཀའ་ཟུར་བསྟན་པ་ཚེ་རིང་ལགས་རྣམ་གཉིས་འགྲེམས་སྟོན་དུ་གཟིགས་སྐོར་འཚམས་འདྲི་བསྐྱངས་པ་དང་། ལྷན་དུ་ Global World Foundation གྱི་གཙོ་འཛིན་ཡང་གཟིགས་སྐོར་དུ་ཕེབས་སྐབས་སྨན་རམས་པ་རྡོ་རྗེ་རབ་བརྟན་ལགས་ནས་བརྟག་དཔྱད་སྨན་བཅོས་ཞུས་པ་དང་ཆབས་ཅིག་གསོ་རིག་གསོལ་ཇ་དང་རླུང་སྤོས་སོགས་ཀྱི་ཕྱག་རྟགས་ཕུལ། མི་མང་ཡང་ཧ་ཅང་མང་པོ་འདུ་འཛོམས་བྱུང་ཡོད་པ་མ་ཟད། གློག་བརྙན་འཁྲབ་སྟོན་མཁན་སྐད་གྲགས་ཅན་དེ་འདྲ་ཡང་སྨན་རྩིས་འགྲེམས་སྟོན་གཟིགས་བསྐོར་དུ་ཕེབས་ཡོད་པས་ཐེངས་འདིར་འགྲེམས་སྟོན་གྱི་ཉིན་དང་འགྲེམས་སྟོན་སྔ་རྗེས་སུ་བརྟག་དཔྱད་སྨན་བཅོས་ཞུས་པ་ནད་པ་གྲངས་ ༤༠ ཙམ་དང་། མི་གྲངས་ ༡༥ ཙམ་ལ་རྩིས་འབྲས་བསྐོར་བ་སོགས་ཀྱི་ཕན་འབྲས་མི་དམན་ཙམ་བྱུང་།

 

ལོ་དེར་བླ་ཞབས་སྨན་རམས་པ་ཟླ་བ་སྒྲོལ་མ་དང་། སྐར་རྩིས་པ་ཆོས་ཉིད་བཟང་མོ། ཡན་ལག་སྤྱི་ཁྱབ་འགན་འཛིན་སྨན་རམས་པ་ངག་དབང་མཁྱེན་བརྩེ། སྐར་རྩིས་པ་བསྟན་འཛིན་སྙན་གྲགས་བཅས་ནས་རྒྱ་གར་བྱང་ཤར་ཁུལ་དུ་བོད་མི་གནས་སྡོད་ཁག་དང་། བོད་མིའི་སྡོད་སྒར་མོན་གྷོ་འདོད་རྒུ་གླིང་དང་། མེན་པཌ་ཕན་བདེ་གླིང་། བྷན་དཱ་ར་ནོར་རྒྱས་གླིང་བཅས་ལ་བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་ནས་ལོ་ངོ་ ༣༦༠ འཁོར་བའི་དུས་དྲན་སྲུང་གཙི་ཞུ་ཆེད་ཆེད་གཏོང་གནང་བར། ས་གནས་ཁག་ཏུ་སྦྲུམ་མའི་འཕྲོད་བསྟེན་དང་། བྱིས་པའི་ཉེར་སྤྱོད། སྨན་རྩིས་ངོ་སྤྲོད་གཏམ་བཤད། ནད་པར་བརྟག་དཔྱད་སྨན་བཅོས། སྐྱེ་རྟགས། རྩིས་འབྲས་བསྐོར་བ་སོགས་གནང་། བསྐོར་སྐྱོད་འདིའི་སྐབས་བླ་ཞབས་མཆོག་ནས་ནད་པ་གྲངས་ ༡༠༣༩ ལ་བརྟག་དཔྱད་སྨན་བཅོས་དང་། སྐར་རྩིས་པས་ ༤༥༡ ལ་རྩིས་འབྲས་བསྐོར། ལོ་དེར་རྒྱ་གར་རྒྱལ་ས་དི་ལླིའི་བོད་གཞུང་དོན་གཅོད་ཁང་གི་གོ་སྒྲིག་འོག་བྱམས་བརྩེའི་དུས་སྟོན་སྲུང་གཙི་ཞུ་སྐབས་སྨན་རྩིས་ཁང་ནས་སྨན་རམས་པ་ཟླ་བ་སྒྲོལ་མ་དང་། དབྱངས་ཅན་ལགས། རྩིས་པ་ཕུར་བུ་ཚེ་རིང་སོགས་སྨན་ལས་མི་གྲངས་བརྒྱད་ནས་སྨན་རྩིས་ཀྱི་འགྲེམས་སྟོན་དང་། མི་གྲངས་ ༦༠༠ ཙམ་ལ་རིན་མེད་བརྟག་དཔྱད། ནད་པ་གྲངས་ ༥༥༩ ལ་རིན་མེད་སྨན་བཅོས། མི་གྲངས་ ༡༨༤ ལ་རྩིས་འབྲས་རིན་མེད་དུ་བསྐོར་བ་སོགས་སྨན་རྩིས་དོན་གཉེར་ཅན་རྣམས་ལ་ཕན་ཐོགས་གང་ལེགས་བྱུང་།

 

བོད་རབ་བྱུང་བཅུ་བདུན་པའི་ཤིང་སྤྲེལ་སྣོད་བཅུད་སྨན་དུ་བྱིན་གྱིས་བརླབས་པའི་དུས་མཐའ་སྐར་མ་རྀ་ཤི་འཆར་བ་ཁྲུམས་ཟླའི་ཡར་ངོའི་ཚེས་ ༡༡ ནས་ཚེས་ ༡༥ བར་དང་། ཕྱི་ལོ་ ༢༠༠༤ ཟླ་ ༩ ཚེས་ ༢༤ ནས་ཚེས ༢༨  བར་ཁྱོན་ཉིན་ལྔའི་རིང་བོད་གཞུང་སྨན་རྩིས་ཁང་དུ་རྣམ་གྲྭའི་མཁན་ཟུར་སྐྱབས་རྗེ་བྱ་དོ་རིན་པོ་ཆེ་དང་། དབུ་མཛད་དགེ་འདུན་བཅུ་ཕྲག་དབུ་བཞུགས་ཐོག་དབུས་སྨན་རྩིས་ཁང་གི་སྨན་པ་དང་སྨན་རྩིས་དགེ་སློབ་བཅས་པ་མཉམ་ཞུགས་ཀྱིས་ཟབ་ཆོས་གཡུ་ཐོག་སྙིང་ཐིག་གི་སྒོ་ནས་སྨན་སྒྲུབ་ཀྱི་ཆོ་ག་གནད་སྨིན་ཚོགས་ཏེ་ཏིང་སྔགས་རྫས་གསུམ་གྱི་སྒོ་ནས་གསོལ་སྨན་རྣམས་ལ་བྱིན་རླབས་ཕབ། ལོ་དེའི་ཟླ་ ༡༠ ཚེས་ ༡༤ ཚེས་ ༣༡ བར་ཉིན་ ༡༨ རིང་མོ་སི་ཀོའི་བོད་ཁང་གིས་གོ་སྒྲིག་གནང་བའི་བོད་ཀྱི་རིག་གཞུང་འགྲེམས་སྟོན་ཆེད་སྨན་རྩིས་ཁང་ནས་སྨན་རམས་པ་བསྟན་འཛིན་བདེ་བྱེད་དཀར་ཚང་དང་སྐར་རྩིས་པ་ཕུར་བུ་ཚེ་རིང་གཉིས་ཕྱོགས་བསྐྱོད་བྱས། མོ་སི་ཀོའི་རྒྱལ་སར་བསླེབས་ཏེ་ཉིན་གསུམ་གྱི་འགྲེམས་སྟོན་གྲ་སྒྲིག་བྱས། དངོས་གཞིའི་འགྲེམ་སྟོན་དབུ་འབྱེད་གནང་སྟེ་མཛད་སྒོའི་སྐབས་ཨུ་རུ་སུའི་བོད་ཀྱི་དོན་གཅོད་བཀྲ་ཤིས་ལགས་དང་ཨུ་རུ་སུའི་དཔོན་རིགས་དང་གསར་འགོད་པ། མང་ཚོགས་སོགས་མི་སྣ་སྟོང་ཕྲག་ལྷག་ཕེབས་པར་བོད་ཀྱི་གནས་སྟངས་དང་བོད་ཀྱི་གསོ་རིག་གི་འཕེལ་རིམ། ད་ལྟའི་གནས་སྟངས་སོགས་ངོ་སྤྲོད་གང་ཐུབ་བྱུང་།  སྐབས་དེར་ཀལ་མིག་གི་སྲིད་འཛིན་དང་། ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་རི་ཅར་སྒི་རི། བོད་ཀྱི་ནང་ཆོས་རིག་པའི་མཁས་དབང་རོ་བྷརཀྲ་ཐར་མན་སོགས་ལ་མཇལ་འཕྲད་བྱུང་ཡོད་པ་བཅས་སོ།།

 

༢༽ཕྱིའི་འཛུགས་སྐྲུན་སྐོར།

ཕྱི་ལོ་ ༢༠༠༢ ལོར་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་ན་ཝི་མུམ་བཻ་རུ་ཡན་ལག་སྨན་ཁང་ཞིག་གསར་འཛུགས་གནང་ཐུབ་ཡོད་པ་དང་། ཨི་ཊ་ནགར་ནང་པའི་ཆོས་ཚོགས་ནས་ཨི་ཊ་ནགར་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་ཞིག་འཛུགས་ཐབས་ཡོང་བ་ཞེས་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་སེང་ཞུས་པར་བརྟེན། ཕྱི་ལོ་ ༢༠༠༣ ཟླ་ ༡༡ ཚེས་ ༡༤ ཉིན་སྨན་པ་གཅིག་དང་སྨན་སྤྲོད་རྩིས་པ་གཅིག་ལྕོགས་གཅིག་བཅས་བསྐོ་བཞག་ཐོག་ཡན་ལག་སྨན་ཁང་ཞིག་གསར་འཛུགས་བྱས། ལོ་དེར་ལ་དྭགས་རིག་གཞུང་བསྟི་གནས་ཁང་ལེགས་གྲུབ་ཀྱིས་དབུ་འབྱེད་མཛད་སྒོ་ཚོགས་པའི་གཙོ་མགོན་དུ་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གདན་ཞུས་ཆིབས་བསྒྱུར་བཀའ་དྲིན་ཐོབ། གཞན་ཡང་སྨན་རྩིས་ཁང་གི་བོད་སྒར་ཡན་ལག་སྨན་ཁང་འདི་བཞིན་ནད་པ་བསྟེན་གཏུགས་བྱེད་མཁན་མང་ཡང་འགྲོ་བསྐྱོད་ཀྱི་དཀའ་ངལ་ཆེ་བ་དང་། ཛ་དྲག་གི་སྐབས་སྣུམ་འཁོར་སོགས་ཀྱིས་ནད་པར་ཕན་ཐོགས་བྱ་རྒྱུའི་འགྲུལ་བཞུད་ཀྱི་ལམ་ཁ་མེད་པ་སོགས་དཀའ་ངལ་དངོས་འབྲེལ་ཡོད་པར་སོང་།  ༢༠༠༢ ལོར་སྨན་རྩིས་ཁང་གི་དབུ་འཛིན་དང་དྲུང་ཆེ་གཉིས་སྨན་ཁང་རྒྱག་ཡུལ་ལ་དྭགས་བྷུདྷ་བི་ཧར་ནས་དི་ལླིི་བོད་སྒར་གྱི་བར་གང་རུང་ཞིག་ཏུ་ཡན་ལག་སྨན་ཁང་གསར་རྒྱག་གི་ས་ཆ་སྐྱབས་འཇུག་ཡོང་ཐབས་སྐོར་སྙན་སེང་ཞུ་ཆེད་དི་ལླིར་ཆེད་བཅར་སྐབས་བློན་ཆེན་བཞུགས་མེད་ཀྱང་། ཁོང་གི་སྐུ་མཆེད་ལྕམ་སྐུ་ Rama Dhawan མཆོག་ལ་མཇལ་བཅར་གྱིས་སྙན་སེང་ཞུས་པས་ཐུགས་སྣང་ཆེན་པོས་འབྲེལ་ཡོད་ས་གནས་རྫོང་དཔོན་ལ་བཀའ་ཁྱབ་གནང་ནས་བཀའ་གསལ་གནང་རྒྱུ་གསུངས་པ་བཞིན་ལོ་དེར་དི་ལླིའི་ནི་ཛ་མུན་དིན་ཡན་ལག་སྨན་རྩིས་ཁང་གི་འགན་འཛིན་སྨན་པ་དང་ལས་དྲུང་བརྒྱུད་དི་ལླི་བྱང་ཕྱོགས་ཀྱི་ D.C རྫོང་དཔོན་སོགས་ལ་མཇལ་འཕྲད་ཀྱིས་ས་ཆ་ཐབས་འཚོལ་ལན་མང་གནང་བས་ཐོག་མའི་རེ་འདུན་ལྟར་ ༢༠༠༥ ལོར་བྷུདྷ་བི་ཧརནས་ཡན་ལག་སྨན་ཁང་གསར་རྒྱག་ཐུབ་པ་བྱུང་།

ཕྱི་ལོ་ ༢༠༠༢ ལོར་སྨན་སྦྱོར་བཟོ་གྲྭ་ནས་སྨན་རྒྱུར་ཧམ་རུལ་དང་འབུ་སྐྱོན་གྱིས་སྨན་ནུས་མི་འཆོར་བའི་ཆེད་དུ་ཨ་རལན་༼ལྕགས་རྫས༽འཐེན་བྱེད་དང་དྲོད་ཚད་སྙོམས་བྱེད་ཀྱི་འཕྲུལ་འཁོར་བཞི་གསར་འཛུགས་བྱས་པ་མ་ཟད། སྨན་བཟོ་སྐྲུན་མྱུར་བའི་ཆེད་དུ་རིལ་ཚགས་འཕྲུལ་འཁོར་ཞིག་གསར་འཛུགས་ཞུས་ཤིང་། རིལ་བུ་ཆེ་ཆུང་དང་ཁ་དོག་སྔ་ཕྱི་མི་འཛོལ་བའི་ཆེད་དུ་ཐུན་ཚད་སོགས་ཚད་གཞི་གཅིག་མཚུངས་ཅན་གྱི་འཇོག་སྒྲོམ་གསར་པ་ཞིག་ཀྱང་བཟོས། བར་སྐབས་བོད་སྨན་ནང་དངུལ་ཆུ་སོགས་ལྕགས་རིགས་ཡོད་པར་བསྙད་དེ་ཕྱི་རྒྱལ་དང་རང་རེའི་སྤྱི་ཚོགས་ནང་ཐུགས་དོགས་མང་དག་ཅིག་བྱུང་བར་སོང་། སྨན་རྩིས་ཁང་ནས་གྲོས་བསྡུར་གྱིས་རྡ་རི་ས་གནས་སུ་ལས་ཁུངས་ཤིག་བཙུགས་ཏེ་སྨན་པ་གཅིག་དང་ལས་བྱེད་དྲུག་ཆེད་འཛུགས་ཀྱིས་བཟོ་སྐྲུན་བྱས་པའི་སྨན་སྣ་རྣམས་རེ་རེ་བཞིན་ལྡི་ལི་ཤི་རི་རམ་ཚན་རིག་སྡེ་ཚན་དང་། ཧོ་ལནཌ་དུ་བརྟག་དཔྱད་ཀྱིས་འབྲས་བུ་ཧ་ཅང་ལེགས་པོ་བྱུང་བར་བརྟེན་ཕྱི་རྒྱལ་དུ་སྨན་པ་བསྐོར་སྐྱོད་སོགས་ཀྱི་སྐབས་དེ་ནས་བཟོས་པའི་སྨན་རྣམས་གཏོང་མགོ་ཚུགས་ཀྱང་ལོ་ཤས་རྗེས་སུ་རྒྱུན་འཁྱོངས་བྱེད་ཐུབ་མེད།

 

མེག་ལོཌ་ཡན་ལག་སྨན་ཁང་དང་ལས་ཤག་གསར་རྒྱག མཐོ་སློབ་བུའི་ཉལ་ཁང་ཐོག་རྩེག་དང་པོ་རླུང་འཚུབ་ཀྱིས་གཏོར་སྐྱོན་བཏང་བར་ཞིག་གསོ་དང་ཁྲུས་ཁང་གསར་རྒྱག་བྱས་པས་སློབ་ཕྲུག་ཚོར་ཕན་ཐོགས་གང་ལེགས་བྱུང་། ཡིག་ཚང་ཐོག་ཁར་མཆོད་ཁང་གསར་རྒྱག་དང་། མོན་རྟ་དབང་སྨན་ཁང་། ཕུན་ཚོགས་ཁང་གསར་གྱི་སྒྲོམ་གཞི་བརྟན་བཟོའི་སླད་དི་ལླིི་ནས་དམིགས་བསལ་ཞིབ་འཇུག་ཆེད་ལས་པའི་ལམ་སྟོན་ལྟར་ Guniting & Grnmding རིག་པའི་ཐོག་ནས་བཟོ་བཅོས་དང་། ས་གནས་ Dhari ས་ཁུལ་དུ་སྨན་སྦྱོར་བསྐྲུན་ཆེད་ལྕགས་ཤོག་རྙིང་པ་ལས་གྲུབ་པའི་ཁང་ཆེན་ཞིག་བཟོ་བཅོས་ཞུས་པ། གཞན་ཡང་སྨན་སྦྱོར་རིལ་སྒྲིལ་ཁང་རྒྱ་བསྐྱེད་དང་སྨན་རིལ་སྐེམ་སའི་དཀའ་ངལ་སེལ་ཆེད་དགོས་མཁོ་དང་བསྟུན་བཟོ་བཅོས། སྔོ་སྨན་སྨན་རྫས་ཉམས་ཞིབ་སྡེ་ཚན་གྱི་དགོས་མཁོ་ལྟར་སྔོ་སྨན་ལྡུམ་ར་གསར་རྒྱག མཐོ་སློབ་ཁང་ཡིག་ཚང་བཟོ་བཅོས། ལས་ཁུངས་འོག་གི་མཛོད་ཁང་ས་ཁང་ཚན་པའི་ཡིག་ཚང་དུ་བཟོ་བཅོས་ཞུས། དེ་བཞིན་དུ་ས་ལུ་སྒ་རའི་ཡན་ལག་སྨན་ཁང་གི་སྨན་ཁང་རྒྱ་སྐྱེད་ལས་གཞི་མགོ་འཛུགས་གནང་ཞིང་། དེ་བཞིན་མེན་པཌ་ཡན་ལག་སྨན་ཁང་གི་སྨན་ཁང་གསར་རྒྱག་གི་ལས་གཞི་གཏན་འཁེལ་བྱུང་སྟེ་ ༢༠༠༣ ཟླ་ ༡༢ ཚེས་ ༦ ནས་མགོ་འཛུགས་ཀྱིས་ལས་གཞི་ཚགས་ཚུད་ཡོང་ཆེད་ས་གནས་སུ་ཚོགས་ཆུང་ཞིག་ཀྱང་ཟུར་འཛུགས་བྱས་པ་དང་། ཕྱི་ལོ ༢༠༠༤ ལོར་ཀྲུ་ཀྲིང་ཡན་ལག་སྨན་ཁང་གསར་འཛུགས་གནང་བ།

 

སིམ་ལ་ཡན་ལག་སྨན་ཁང་གི་ལས་ཤག་དང་དི་ལླིི་བོད་སྒར་ཡན་ལག་སྨན་ཁང་གི་ལས་ཤག་བཟོ་བཅོས་བྱས་པ་སོགས་ཀྱིས་མཚོན་ཨར་ལས་གསར་རྒྱག་བཟོ་བཅོས་དང་ཞིག་གསོ་སོགས་འཛུགས་སྐྲུན་གང་ལེགས་གནང་། ལོ་དེར་བོད་གཞུང་སྨན་རྩིས་ཁང་ཁོངས་གཏོགས་ལས་བྱེད་ཡོངས་ཀྱི་བླང་དོར་དང་ཐོབ་ཐང་རྩ་འཛིན་ཆེད་ཕྱི་ལོ་ ༡༩༨༣ ལོར་གཏན་འབེབས་བྱས་པའི་སྒྲིག་གཞི་དོན་ཚན་བཅུ་དང་། ཕྱི་ལོ་ ༡༩༨༤ ལོ་དང་ཕྱི་ལོ་ ༡༩༨༧ ལོར་སྒྲིག་གཞི་ཁ་སྣོན་ཟུར་རྒྱན་ཁག་གཉིས། ༡༩༩༥ ལོར་རང་གཞུང་བཀའ་ཤག་བཀའ་ཕེབས་བཞིན་བཟོ་འགོད་ཞུས་པའི་སྒྲིག་ཟིན་དག་ལ་བསྐྱར་བཅོས་གནང་སྟེ། ཕྱི་ལོ་ ༢༠༠༤ ཟླ་ ༨ ཚེས་ ༢༥ དང་ཟླ་ ༩ ཚེས་ ༤ ཉིན་གྱི་འགན་འཛིན་ལྷན་ཚོགས་ཐེངས་སོ་དགུ་དང་བཞི་བཅུ་བཅས་སོ་སོར་གོང་གསལ་སྒྲིག་ཟིན་གཉིས་ཀྱི་ཐོག་སྙན་སེང་གོ་བསྡུར་ཐུགས་ཞིབ་ཀྱིས་ལག་བསྟར་ཆོག་པའི་བཀའ་འཁྲོལ་ཐོབ་པ་བྱུང་བ་བཞིན་ལག་བསྟར་གནང་འགོ་ཚུགས། དི་ལླིའི་ཤི་རི་རམ་ཚན་རིག་ཉམས་ཞིབ་བྱ་ཕྱོགས་སྐོར་གོ་བསྡུར་སླད་ཕྱི་ལོ་ ༢༠༠༤ ཟླ ༨ ནང་ཤི་རི་རམ་ཚན་རིག་ཉམས་ཞིབ་ཁང་གི་འགན་འཛིན་གཙོས་པའི་འབྲེལ་ཡོད་མི་སྣ་འགའ་ཞིག་ངྷ་ས་སྨན་རྩིས་ཁང་དུ་ཆེད་ཕེབས་ཀྱིས་ལས་འཆར་ཐད་གཉིས་མོས་ཆོད་གན་བཞག་སྟེ་མཚན་རྟགས་བསྐྱོན། དེ་བཞིན་སྨན་རྩིས་ཁང་རྒྱ་སྐྱེད་གཏོང་འཆར་ལྟར་བོད་གཞུང་དཔལ་འབྱོར་ལས་ཁུངས་ཀྱིས་པ་ནི་པཏའི་ས་ཁང་ཉོ་སྒྲུབ་དང་འཆར་འགོད་ལས་གཞི་མགོ་བརྩམས་པ་དང་། སྨན་རྩིས་མཐོ་སློབ་ཁང་གསར་རྒྱག་ཆེད་འཆར་འགོད་དང་། ས་ཆ་འཚོལ་ཞིབ་ཀྱིས་ལས་གཞི་སོགས་སྤེལ་འདུག་པ་བཅས་སོ།།

 

༣༽ སྨན་བསྐོར་དང་ཚོགས་ཞུགས་ཚོགས་སྐོང་།

ཕྱི་ལོ་ ༢༠༠༡ ཟླ་ ༡༢ ནང་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་ཞབས་སོར་བཀའ་དྲིན་བསྐྱངས་སྐབས་སྨན་རམས་པ་ཚེ་དབང་རྟ་མགྲིན་ལགས་ྋསྐུའི་འཕྲོད་བསྟེན་ཞབས་ཞུའི་ཆེད་མོན་གྷོར་ཆེད་བསྐྱོད་གནང་སྟེ། ཚེས་ ༢༡ ནས་ ༢༤ བར་ཉིན་ལྟར་ཞོགས་པ་ཆུ་ཚོད་ ༥།༣༠ ནས་ ྋསྐུ་བཅར་གྱིས་ྋསྐུའི་ཕྱག་རྩ་དང་སྐུ་ཆབ་གཉིས་ལ་བརྟག་དཔྱད་སོགས་ཀྱི་ཞབས་ཞུ་ཞུས། གཞིས་གྲོང་གསུམ་པའི་ཡན་ལག་སྨན་ཁང་འགན་འཛིན་ཚེ་འཕེལ་ལགས་དང་འབྲེལ་རྒན་གསོ་ཁང་དང་གཞིས་གྲོང་ཁག་གི་ནད་པ་ཛ་དྲག་རིགས་ལ་བརྟག་དཔྱད་སྨན་བཅོས་ཞུས། དེ་བཞིན་ལོ་དེའི་ཟླ་ ༡༢ ཚེས་ ༡ དང་ ༡༥ དང་ཕྱི་ལོ་ ༢༠༠༢ ཟླ་ ༡ ཚེས་ ༡ དང་ ༧ དང་ ༡༩ རྣམས་ལ་སྨན་རམས་པ་ཚེ་དབང་རྟ་མགྲིན་ལགས་རྒྱ་གར་ཕྱི་སྲིད་བློན་ཆེན་མཆོག་གི་སར་བཅར་ཏེ་ཁོང་གི་སྙུན་གཞི་ལ་བརྟག་དཔྱད་སྨན་བཅོས་ཞུས་པས་ཕན་ཐོགས་ཆེན་པོ་བྱུང་འདུག

 

ལོ་དེར་ྋགོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བཀའ་དྲིན་བསྐྱངས་སྐབས་སྨན་རམས་པ་རྣམ་རྒྱལ་ཚེ་རིང་ལགས་དང་། སྨན་རམས་པ་ཟླ་བ་ལགས། རྩིས་པ་ཚེ་རིང་མཚོ་མོ་ལགས་སོགས་གནས་མཆོག་རྡོར་གདན་དུ་ཕེབས་ཏེ་སྨན་ཁང་ས་གནས་གསུམ་དུ་བཙུགས་སྟེ་བོད་ནས་གསར་འབྱོར་བ་དང་། གྲྭ་བཙུན། ཕྱི་རྒྱལ་ཁག་ནས་ཕེབས་པའི་ཆོས་ཞུ་བ་སོགས་ནད་པ་མང་བོར་ནད་བཅོས་བརྟག་དཔྱད་དང་སྨན་བཅོས་སྨན་སྦྱིན་སོགས་ཀྱི་ཞབས་ཕྱི་རྒྱ་གང་ཆེ་བྱུང་།  སྐབས་དེར་གསུང་ཆོས་གནང་སའི་ཉེ་འགྲམ་དུ་ཡོད་པའི་ཡན་ལག་སྨན་ཁང་གི་སྨན་ལས་པ་རྣམས་ཀྱིས་ནད་པར་བརྟག་དཔྱད་སྨན་དོད་བྱུང་སྒོར་ ༨༧༩༤།༣༥ དང་། རིན་ཆེན་རིལ་བུ་ནས་བྱུང་སྒོར་ ༣༣༢༥༠༠།༠༠ དང་ལག་དོད་ནས་སྒོར་ ༡༦༨༣༥།༠༠ ནད་དེབ་ནས་སྒོར་ ༣༠༠༠།༠༠ ཞལ་འདེབས་སྒོར་ ༢༥༠།༠༠ བཅས་ཁྱོན་བསྡོམས་སྒོར ༤༤༠༥༦༠།༠༠ བྱུང་འདུག། སྨན་སྦྱིན་དང་ཕྱེད་བཅག་སོང་སྒོར་ ༢༣༥༡༠།༩༥ དང་།  མི་མང་བཞུགས་ཡུལ་ཡན་ལག་སྨན་ཁང་གི་སྨན་ལས་པ་རྣམས་ཀྱིས་སྨན་བཅོས་བརྟག་དཔྱད་གནང་བར་སྨན་དོད་སྒོར་ ༩༣༧༧༠།༡༡ དང་། རིན་ཆེན་རིལ་བུ་ནས་བྱུང་སྒོར ༢༢༧༦༠༠།༠༠ ལག་དོད་ནས་སྒོར་ ༢༤༥༦༢།༠༠ དང་། ཞལ་འདེབས་ནས་བྱུང་སྒོར་ ༥༩༡༦།༠༠ བཅས་གོང་གསལ་ཁག་ཁྱོན་བསྡོམས་སྒོར་ ༣༥༡༨༤༩།༡༡ བྱུང་བ་དང་། སྨན་སྦྱིན་ཁོ་ནར་སོང་བ་སྒོར་ ༧༧༢༡༥།༥༥ ཟིན་ཡོད།

 

སེ་འབྲས་དགའ་གསུམ་བཞུགས་ཡུལ་གྱི་ཡན་ལག་སྨན་ཁང་དུ་སྨན་པ་རྣམས་ཀྱིས་སྨན་བཅོས་དང་བརྟག་དཔྱད་གནང་བའི་སྨན་དོད་ནས་བྱུང་བ་སྒོར་ ༡༧༨༧༨།༨༢ དང་། རིན་ཆེན་རིལ་བུ་ནས་བྱུང་བ་སྒོར་ ༡༠༦༧༥༩།༠༠ དང་།  ལག་དོད་ནས་སྒོར་ ༢༥༥༣།༠༠ གཞན་སོགས་ནས་སྒོར་ ༥༦༢།༢༢ བཅས་ཁྱོན་བསྡོམས་སྒོར་ ༡༢༧༧༥༣།༠༥ དང་། སྨན་སྦྱིན་ཁོ་ནར་སོང་བ་སྒོར་ ༦༨༣༧།༨༢ ཟིན།

 

ཕྱི་ལོ་ ༢༠༠༢ ཟླ་ ༡ ཚེས་ ༦ ནས་ ༡༥ བར་སྨན་རམས་པ་ངག་དབང་མཁྱེན་བརྩེས་གཙོས་སྨན་པ་མི་གྲངས་ ༨ མུམ་བཻར་སྨན་སྐོར་དུ་ཕེབས་ཏེ། གྷ་ཀྲ་ཀོ་པ་ཞེས་པའི་ས་གནས་དེར་ཉིན་ལྔའི་རིང་ཉིན་རེར་ནད་པ་མི་གྲངས་ ༢༤༠ ཙམ་རེར་བརྟག་དཔྱད་ཞུས་ཤིང་། སྐབས་དེར་ཁྱོན་བསྡོམས་ནད་པ་མི་གྲངས་ ༡༢༠༠ ཙམ་བྱུང་བ་དང་། པེ་རེམ་པུ་རི་ཨ་ཤ་རམ་ཞེས་པའི་ས་གནས་སུ་ཉིན་རེར་ནད་པ་མི་གྲངས་ ༡༣༠ ནས་ ༡༤༠ བར་བརྟག་དཔྱད་ཞུས་པས་ཉིན་ལྔའི་རིང་ནད་པ་མི་གྲངས་ ༡༡༥༠ ཙམ་བྱུང་བ་དང་།  གོང་གསལ་ས་གནས་ཁག་གཉིས་བསྡོམས་ནད་པ་མི་གྲངས་ ༢༣༥༠ ཙམ་ལ་བརྟག་དཔྱད་བྱས་པའི་སྨན་དོད་དང་། ལག་དོད། རིན་ཆེན་རིལ་བུ། ཕྱིར་བཙོང་ཅ་དངོས་བཅས་ལས་བྱུང་སྒོར་ ༥༠༦༥༥༠།༠༠ བྱུང་བ་དང་། ཞལ་འདེབས་འབུལ་མཁན་མི་གྲངས་ ༡༣ ཙམ་ལས་བྱུང་བ་སྒོར་ ༡༥༠༣༥༠།༠༠ བྱུང་བ་བཅས་བསྡོམས་སྒོར་ ༦༥༦༩༠༠།༠༠ བྱུང་འདུག

 

གཞན་ཡང་ལོ་དེར་བོད་གཞུང་སྨན་རྩིས་ཁང་གི་བཀའ་འབྲེལ་དང་ཕྱི་རྒྱལ་ཁག་གིས་གདན་ཞུས་གནང་བ་ལྟར་སྨན་རམས་པ་བསྟན་འཛིན་ནོར་བུ་དང་། སྨན་རམས་པ་ངག་དབང་མཁྱེན་བརྩེ། སྨན་པ་བསྟན་འཛིན་རྣམ་གྲོལ། སྨན་རམས་པ་བསོད་ནམས་ལྷ་མོ་སོགས་སྔ་ཕྱིར་ནོར་ཝེ་དང་།  ཨིིན་ལན། སྭི་ཌེན། ཨཕ་རི་ཀ སོག་ཡུལ་སོགས་རྒྱལ་ཁབ་ཁ་ཤས་སུ་ཐེངས་གཉིས་ཙམ་ལ་སྨན་བསྐོར་ལ་རིམ་ཕེབས་གནང་སྟེ་ནད་པ་གྲངས་ ༤༢༨༠ ལ་བརྟག་དཔྱད་སྨན་བཅོས་གནང་སྟེ་ཕན་ཐོགས་གང་ལེགས་བྱུང་བ་མ་ཟད། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་བོད་སྨན་ལ་ཆེས་མཐོའི་གདེངས་འཇོག་དང་ཡུན་རིང་ནད་མནར་གྱིས་ཕྱི་ལུགས་སྨན་པར་བསྟེན་ཀྱང་དྲག་སྐྱེད་མ་བྱུང་བའི་ནད་པ་སྐོར་ཞིག་ལ་བོད་སྨན་གྱིས་ཕན་འབྲས་དམིགས་བསལ་ཐོན་པས། ས་གནས་དེ་དག་གི་གསར་འགོད་པ་དང་། སློབ་ཕྲུག་རྣམས་ཀྱིས་བོད་སྨན་སྐོར་ལ་ཤེས་འདོད་དང་། དྲི་བ་སྣ་ཚོགས་དྲིས་ཏེ་བོད་སྨན་གྱི་ཁྱད་ཆོས་དང་།  ནད་པར་བརྟག་ཐབས་སོགས་ཁྱབ་བསྒྲགས་དང་། གསོ་རིག་བགྲོ་གླེང་ཚོགས་འདུ་སོགས་ཀྱི་སྟེང་བོད་སྨན་སྐོར་གྱི་གཞུང་ལུགས་དང་། བོད་སྨན་གྱི་ལག་ལེན། བོད་སྨན་གྱི་ཕན་ནུས་སོགས་གཏམ་བཤད་སོགས་གནང་སྟེ་དགེ་ཕན་གང་ལེགས་བྱུང་། དེ་བཞིན་དབུ་འཛིན་དེའི་སྐབས་སུ་སྨན་རམས་པ་བསྟན་འཛིན་ཚེ་འཕེལ་དང་སྨན་པ་ཚེ་རིང་མཚོ་མོ། སྨན་པ་སྐལ་བཟང་དབང་རྒྱལ། སྨན་པ་ཆུང་བདག་བཅས་རིམ་པ་བཞིན་ཁ་ཛྭག་སྤྱི་མཐུན་རྒྱལ་ཁབ་ཏུ་སྨན་བསྐོར་ཐེངས་ ༡༥ ཙམ་བསྐྱོད་༼ནད་པའི་གྲངས་འབོར་ཁ་གསལ་གྱི་ཡིག་ཆ་མི་འདུག༽དེ་ནད་པར་བརྟག་དཔྱད་སྨན་བཅོས་དང་ཟས་སྤྱོད་སྤང་བླང་ལམ་སྟོན་ཞུས་པས་ས་གནས་ཀྱི་མང་ཚོགས་ལ་ཕན་ཐོགས་གང་ལེགས་བྱུང་བ་དང་།  ཡང་ལོ་དེར་རྒྱ་གར་ས་གནས་མུམ་བཻ་དང་། ཀ་སྦུག སྒང་ཏོག ས་ལུ་སྒ་ར། ཀ་ཏ། ལ་དྭགས། གོ་རག་པུར། རྡོ་རྗེ་གདན་སོགས་སུ་ྋསྐུའི་བླ་སྨན་བློ་བཟང་དབང་རྒྱལ་དང་། ངེས་སྟོན་པ་བླ་ཞབས་ཚེ་དབང་རྟ་མགྲིན། སྨན་རམས་པ་པདྨ་རྡོ་རྗེ། སྨན་རམས་པ་སྤེན་པ་ཚེ་རིང་། སྨན་པ་སྐལ་བཟང་དབང་རྒྱལ་སོགས་སྨན་སྐོར་དུ་ཕེབས་ཏེ་༼ས་གནས་ཁ་ཤས་སུ་ཐེངས་གཉིས་ནས་གསུམ་བསྐྱོད་ཡོད།༽ས་གནས་དེ་གའི་ནད་པ་གྲངས་ ༥༥༡༩ ༼ས་གནས་ཁ་ཤས་ཀྱི་ནད་པའི་གྲངས་འབོར་ཁ་གསལ་མི་འདུག༽ལ་བརྟག་དཔྱད་སྨན་བཅོས་དང་། ཟས་སྤྱོད་སྤངས་བླང་གི་ལམ་སྟོན་གནང་བ་དང་། ྋསྐུའི་བླ་སྨན་བློ་བཟང་དབང་རྒྱལ་དང་། སྨན་རམས་པ་ཚེ་དབང་རྟ་མགྲིན། སྨན་རམས་པ་པདྨ་རྡོ་རྗེ་གསུམ་རྒྱ་གར་གྱི་སྲིད་བློན་ཟུར་བ་ V.P.Singh གི་སྙུན་གཞི་ལ་བརྟག་དཔྱད་དུ་སྔ་ཕྱིར་ཆེད་བསྐྱོད་ཀྱིས་སྨན་བཅོས་གནང་པས་ཕན་འབྲས་གང་ལེགས་བྱུང་ཞིང་།  སྤྱིར་རྒྱ་གར་མཐོ་རིམ་མི་སྣ་དེ་དག་ལ་ཕྱི་ལུགས་སྨན་བཅོས་ཀྱི་མཐུན་རྐྱེན་ཚད་མཐོ་ཤོས་ཡོད་བཞིན་དུ་བོད་སྨན་ལ་བསྟེན་གཏུགས་བྱེད་པ་དེའི་སྟེང་ནས་བོད་ཀྱི་རིག་གཞུང་གི་དངོས་ཡོད་རིན་ཐང་དང་ཕན་ནུས་གང་ཡོད་པ་མཚོན་ཐུབ་ཀྱི་ཡོད།

 

ཕྱི་ལོ་ ༢༠༠༢ ལོར་སྨན་རམས་པ་ངག་དབང་མཁྱེན་བརྩེ་དང་། སྨན་པ་ཆོས་ལོ་ཐར། སྨན་པ་ཚེ་རིང་ཐར་སོགས་དབུས་གཞུང་གི་སྨན་རྩིས་པ་སྐོར་ཞིག་སྔ་ཕྱིར་ལྡི་ལི་དང་། རྒྱ་གར་བྱང་ཤར་ཁུལ་གྱི་ས་ལུ་སྒ་ར། ཀ་རྡོར་སྒང་གསུམ། ར་ཝང་ལ། མེའོ། ཏི་ཛུ། ཤི་ལོང་། བལ་ཡུལ་ཅ་སྤེལ་དང་། ཆ་ཏ་པ་ཀྲི། ལ་དྭགས། སྤོག་ར་བཀྲ་ཤིས་དཔལ་འཁྱིལ། བྱམས་པ་གླིང་།  རྡོ་རྗེ་གདན་སོགས་སུ་དབུས་སྨན་རྩིས་ཁང་གི་ལས་དོན་ཆེད་སྔ་ཕྱིར་ཕྱོགས་བསྐྱོད་གནང་སྟེ་ལས་དོན་བྱེད་ཕྱོགས་དང་ས་གནས་ཀྱི་གནས་བབ་དང་དཀའ་ངལ་ཅི་ཡོད་སོགས་ལ་ཞིབ་འཇུག་བརྟག་དཔྱད་བྱས།

 

ཕྱི་ལོ་ ༢༠༠༢ ཟླ་ ༧ ཚེས་ ༡༨ ནས་ཚེས་ ༢༤ བར་ཤར་ཇར་མན་གྱི་གྲོང་ཁྱེར་ཧེ་ལེ་ཞེས་པའི་ས་གནས་སུ་ཨེ་ཤ་ཡའི་ཡུལ་གོམས་སྲོལ་རྒྱུན་གྱི་སྨན་ལུགས་རིག་པའི་ཚོགས་ཆེན་ཐེངས་ལྔ་པའི་སྐབས་ཚོགས་འདུའི་འགན་འཁུར་བ་སྐུ་ཞབས་ Rahul Peter Das ནས་རེ་སྐུལ་གནང་བ་བཞིན། སྨན་རྩིས་ཁང་གི་སྐུ་ཚབ་བླ་ཞབས་སྨན་རམས་པ་ཚེ་དབང་རྟ་མགྲིན་ཆེད་བཅར་གནང་སྟེ། དུས་ཐོག་དེར་བོད་སྨན་ཨེ་ཤ་ཡའི་ནང་དར་ཁྱབ་འགྲོ་ལུགས་སྐོར་གྱི་གསུང་བཤད་དང་། ཇར་མན་རླུང་འཕྲིན་གི་གསར་འགོད་པར་དེང་རབས་ཀྱི་སྨན་དང་བོད་སྨན་གཉིས་ཀྱི་བར་མི་འདྲ་བའི་ཁྱད་པར། འབྱུང་བ་བཞི་དང་ལུས་སེམས་གཉིས་བར་གྱི་འབྲེལ་ལམ། མེ་བཙས་ནད་གཞི་གང་དང་གང་ལ་ཕན་ལུགས། རྒྱའི་སྨན་དང་བོད་པའི་སྨན་གཉིས་ཀྱི་བར་ཁྱད་པར་ཅི་ཡོད། རྩ་བརྟག་ཐབས་སོགས་ཀྱི་དྲི་བར་དྲིས་ལན་མཛད་པར་མ་ཟད། རྒྱའི་གཙུག་ལག་སློབ་དཔོན་ཆེན་མོ་ཞིག་གིས་དེང་སང་རྒྱ་ནག་ནང་དུ་བོད་པའི་སྨན་གྱི་ཕན་ནུས་ཅི་ཡོད་སྐོར་ལ་གསུང་བཤད་གནང་། དེ་བཞིན་འཇར་མན་གྱི་སྨན་པ་ཞིག་ནས་ཀྱང་བོད་སྨན་ཡར་རྒྱས་དང་འབྲེལ་བའི་ཞིབ་འཇུག་སྐོར་ལ་གཏམ་བཤད་གནང་བ་དང་།  ཇར་མན་རྩ་ཁམས་རིག་པའི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་ཞིག་གིས་མགོ་གཟེར་ནད་ལ་བོད་སྨན་གྱི་ཕན་ནུས་སོགས་གསུང་བཤད་གནང་པ་མ་ཟད། སོག་པོའི་འཕྲོད་འསྟེན་བཀའ་བློན་ཟུར་བས་སོག་ཡུལ་དུ་བོད་སྨན་ད་ལྟ་དང་མ་འོངས་བའི་སྐོར་དང་།  ཇར་མན་གྱི་བུ་མོ་ཞིག་གིས་བོད་སྨན་སྲུང་སྐྱོབ་དང་ཉམས་ཞིབ་ཀྱི་སྐོར་ལ་གཏམ་བརྗོད་སྤེལ། དེ་བཞིན་སྨན་རྩིས་ཁང་གི་དྲུང་ཆེ་སྨན་རམས་པ་པདྨ་རྡོ་རྗེ་དང་།  སློབ་སྤྱི་གཞོན་པ་སྨན་རམས་པ་བསྟན་པ་ཆོས་འཕེལ། ད་ལི་བོད་སྒར་ཡན་ལག་སྨན་རྩིས་ཁང་གི་འགན་འཛིན་སྨན་རམས་པ་ཡེ་ཤེས་མཁའ་འགྲོ་བཅས་ཅན་དྷི་སྒར་ཉེ་འཁྲིས་སུ་ཡོད་པའི་ Pinjore ཚོགས་པས་གོ་སྒྲིག་གནང་བའི་ International Workshop on Ayurveda,Yoga & Alternative Medicine ཞེས་པའི་ཚོགས་འདུ་ལ་ཆེད་བཅར་ཞུས་ཏེ་ཚོགས་འདུའི་སྐབས་སྨན་རྩིས་དྲུང་ཆེས་བོད་སྨན་དང་རྒྱ་གར་ཚེ་རིག་གི་ལྟ་གྲུབ་(Tibetan Medicine and Ayurvedic Philosophy) ཞེས་པའི་སྐོར་ལ་གསུང་བཤད་གནང་། དེ་ཡང་ཉེས་པ་ཞེས་པའི་དོན། ཉེས་པ་རླུང་མཁྲིས་བད་ཀན་གསུམ་དང་དེ་རྣམས་ཀྱི་རྒྱུ་དུག་གསུམ། དེའི་རྒྱུ་བདག་འཛིན་མ་རིག་པ་བཅས་ཀྱི་འབྲེལ་བའི་སྐོར། དེ་བཞིན་དུ་བོད་ཀྱི་གསོ་བ་རིག་པར་ཟས་དང་སྤྱོད་ལམ་གཉིས་པོ་གལ་ཆེར་འཛིན་གྱི་ཡོད་སྐོར། ཟས་སྤྱོད་དམན་ལྷག་ལོག་པས་ཉེས་པ་རླུང་མཁྲིས་བད་ཀན་གསུམ་འཕེལ་ཟད་འཁྲུགས་པ་ནད་ཀྱི་རྐྱེན་དུ་འགྱུར་སྟངས། ནད་ལ་བལྟ་རེག་དྲི་བ་གསུམ་གྱིས་བརྟག་དཔྱད་བྱེད་སྟངས། ཟས་སྤྱོད་སྨན་དཔྱད་བཞིས་ནད་གཞི་བཅོས་སྟངས་དང་འབྱུང་བ་བཞིའམ་ལྔས་སྣང་སྲིད་ཀྱི་དངོས་པོ་སྨན་དང་ཟས་ཀྱི་རྣམ་པར་ཤར་བ་དང་། སེམས་ཅན་གྱི་ལུས་གྲུབ་སྟངས་སོགས་ཀྱི་སྐོར། མཐར་ལུས་བདེ་ཐང་ངང་ཚེ་རིང་བར་གནས་པས་ཆོས་དང་ནོར་དང་བདེ་བ། ཐར་བ་བཞི་སྒྲུབ་དགོས་ལུགས་སོགས་ཀྱི་གཏམ་བཤད་གནང་པས་རྒྱ་གར་ཚེ་ཡི་རིག་བྱེད་དང་བོད་ཀྱི་གསོ་བ་རིག་པ་གཉིས་ཤིན་ཏུ་འདྲ་བར་སྣང་ཡང་། རྩ་ཆུའི་བརྟག་ཐབས་དང་། རྒྱ་བོད་གཉིས་སུ་ཡུལ་གྱི་གནས་བབ་དང་ཚ་དྲོད་སོགས་ཀྱི་ཁྱད་པར་གྱིས་སྐྱེ་བའི་སྨན་རྫས་ཀྱི་སྤྱོད་སྟངས་སོགས་ལ་མི་འདྲ་བ་ཡོད་པའི་སྐོར་ལ་གཏམ་བཤད་གནང་བས་ཚོགས་པ་དེས་བོད་ཀྱི་སྨན་པ་རྣམས་ལ་ཆེ་བསྟོད་དང་། ཚོགས་བཅར་ཀྱི་ལག་ཁྱེར་བཅས་གནང་། རྩར་བརྟག་དཔྱད་ཀྱི་ཐད་རྒྱ་གར་ཚེ་ཡི་རིག་བྱེད་ཀྱི་སྨན་པའི་སློབ་མ་རྣམས་ཀྱིས་དམིགས་བསལ་དོ་སྣང་གིས་དོགས་འདྲི་མང་པོ་གནང་པ་དང་། འགའ་ཤས་ཀྱིས་བོད་ལུགས་རྩ་བརྟག་ཐབས་ལ་ཡ་མཚན་སྐྱེས་ཏེ་དྲི་བ་ཡང་བྱུང་བར་བོད་ལུགས་ཀྱི་ཚོན་ཀན་ཆག་གསུམ་གྱི་འོག་གི་རྩའི་བརྟག་ཐབས་སྐོར་ཞིབ་བརྗོད་བྱས་པས་བོད་ལུགས་གསོ་རིག་དང་རྒྱ་གར་ཚེ་ཡི་རིག་བྱེད་གཉིས་རྩ་བའི་ཆ་ནས་རིག་གཞུང་མི་གཅིག་པ་གཉིས་ཡིན་པ་དང་། བརྟག་དཔྱད་གནང་ཐབས་མི་འདྲ་བའི་ཁྱད་པར་མངོན་ཡོད་པ་ཤེས་རྟོགས་ཐུབ་ཏུ་བཅུག་པ་སོགས་ཕན་ཐོགས་གང་ལེགས་བྱུང་འདུག

 

ཕྱི་ལོ་ ༢༠༠༢ ཟླ་ ༡༠ ཚེས་ ༡༨ ནས་སྨན་རྩིས་དྲུང་ཆེ་སྨན་རམས་པ་པདྨ་རྡོ་རྗེ་དང་སློབ་སྤྱི་གཞོན་པ་སྨན་རམས་པ་བསྟན་པ་ཆོས་འཕེལ་གཉིས་ཨ་རིའི་ཧ་ཝ་ཡེ་ལ་སྨན་བསྐོར་དུ་བསྐྱོད་པ་དང་། ཐེངས་འདིའི་ལས་འགན་གཙོ་བོ་ནི་ Kohala Natural Healing Art (KNHA) ཚོགས་པས་བོད་གཞུང་སྨན་རྩིས་ཁང་ལ་བོད་སྨན་གྱི་སློབ་གྲྭ་ཞིག Hawaii འཛུགས་གནང་ཡོང་བའི་རེ་སྐུལ་གནང་བ་མ་ཟད། ཕྱིའི་མཐུན་རྐྱེན་ཚང་མ་ KNHA ཚོགས་པས་སྦྱར་རྒྱུ་དང་། སློབ་གྲྭའི་འཛིན་སྐྱོང་དབང་ཚད་ཚང་མ་སྨན་རྩིས་ཁང་ནས་གནང་རྒྱུ་གསུངས་པ་ལྟར་དམིགས་བསལ་དགོས་པ་གཟིགས་ནས་དབུས་ཀྱི་བཀའ་འབྲེལ་བཞིན་ཞིབ་གཟིགས་གནང་བར་ཕེབས་ཡོད་པ་དང་།  དེར་ཕེབས་པའི་ཞོར་དུ་ནད་པ་བརྒྱ་ལྷག་ལ་སྨན་བཅོས་བརྟག་དཔྱད་དང་། མཐོ་སློབ་ཁག་ཅིག་གི་སློབ་མར་བོད་སྨན་ངོ་སྤྲོད་དང་རྩའི་བརྟག་ཐབས་སྐོར་གྱི་སློབ་ཁྲིད་གནང་ཡོད་པ་དང་།  ཨ་རིའི་ཤེས་རིག་ལྷན་ཁང་གི་སྐུ་ཞབས་ Jonathan Jaines མཆོག་ནས་མ་འོངས་སྨན་གྱི་སློབ་གྲྭ་འཛུགས་འཆར་ལ་དེབ་སྐྱེལ་བྱ་རྒྱུ་སོགས་ལ་ཐུགས་རེ་ཆེན་པོ་གནང་ཡོད་པ་བཅས་ལ་བརྟེན་མ་འོངས་བོད་སྨན་མཐོ་སློབ་ཐུགས་གཏན་འཁེལ་ཚེ་རོགས་རམ་གནང་དགོས་ཞུས་དོན་བཞིན་ཞལ་བཞེས་གནང་འདུག དེ་བཞིན་ Hawaii སློབ་གྲྭའི་སྐོར་ལ་སྐུ་ཞབས་ Jonathan Jaines དང་ Terra གཉིས་དང་ལྷན་དུ་སློབ་གྲྭ་རྒྱ་བསྐྱེད་ལས་གཞི་དང་། ལག་ཁྱེར་ངོས་ལེན་བྱེད་ཕྱོགས་སོགས་ལ་གོ་བསྡུར་ཞིབ་ཕྲ་གནང་།

 

ཕྱི་ལོ་ ༢༠༠༣ ལོར་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་གདན་ཞུས་ལྟར་བླ་ཞབས་སྨན་རམས་པ་པདྨ་རྡོ་རྗེ་དང་། བླ་ཞབས་སྨན་རམས་པ་ཟླ་སྒྲོན། སྨན་པ་ཀརྨ་སྒྲོལ་མ། སྨན་པ་བསྟན་འཛིན་རྣམ་གྲོལ་སོགས་རིམ་པ་བཞིན་ཨཕ་རི་ཀ་དང་། ཁེན་ཉི་ཡ། ཨུཛ་བེ་ཀིསྟཱན། ཨུ་རུ་སུ། ནོར་ཝེ། ཨིན་ལནཌ་བཅས་སུ་སྨན་བསྐོར་དུ་སྔ་ཕྱི་ལན་གཉིས་ཙམ་བསྐྱོད་པ་དང་། སྐོར་སྐྱོད་འདིའི་སྐབས་སུ་ས་གནས་ཀྱི་ཉམ་ཐག་ནད་མནར་རིགས་ལ་སྨན་བཅོས་གང་ཟབ་དང་། ཚོགས་འདུ་ཁ་ཤས་ཀྱི་སྟེང་བོད་སྨན་དབྱིན་བསྒྱུར་སྐོར་ལ་འགྲེལ་བཤད་དང་། གསོ་རིག་ལོ་རྒྱུས་ལས་འཕྲོས་ཏེ་ད་ལྟའི་གནས་བབ་སྐོར་གསལ་བཤད་གནང་བ་ཕྱི་རྒྱལ་དེ་དག་གི་གསར་ཤོག་སྟེང་དང་། བརྙན་འཕྲིན་བརྒྱུད་ལམ་ཁག་ཏུ་ཁྱབ་བསྒྲགས་གང་ལེགས་གནང་ཐུབ་ཡོད།

 

ལོ་འདིར་སྐུའི་བླ་ཞབས་སྨན་རམས་པ་ཚེ་དབང་རྟ་མགྲིན་དང་། བླ་ཞབས་སྨན་རམས་པ་པདྨ་རྡོ་རྗེ། སྨན་རམས་པ་གཡང་འབུམ་རྒྱལ། པོན་ཊ་ཡན་ལག་སྨན་པ་བསོད་ནམས་རྡོ་རྗེ། རཱཇ་པུར་ཡན་ལག་སྨན་པ་བློ་བཟང་བཟོད་པ་སོགས་རྒྱ་གར་ནང་ལོགས་ཀྱི་ས་གནས་གུཇ་རཱཏ། རཱཇསྠཱན་དང་། སྦིར་བལ་ལས། ཅོན་ཏ་ར། ལ་དྭགས། བོམ་བེ། འབྲས་ལྗོངས་ཀྱི་ས་གནས་ཁག་དང་། མངའ་སྡེ་སི་ཧོར། ཨཧ་མ་ད་བཱད། ཨོ་རི་སའི་གྲོང་ཁྱེར་ཁ་ཤས་ཀྱི་ནང་དུ་སྨན་བསྐོར་དུ་བསྐྱོད་དེ་བོད་རིགས་དང་རྒྱ་གར་མི་རིགས་ནད་པ་གྲངས་ ༥༣༢༣ ༼ས་གནས་ཁ་ཤས་ཀྱི་ནད་པའི་གྲངས་འབོར་ཁ་གསལ་མི་འདུག༽ལ་བརྟག་དཔྱད་སྨན་བཅོས་གནང་བ་དང་། གདན་ཞུའི་སྦྱིན་བདག་རྣམ་པས་སྨན་བསྐོར་འདི་དག་གི་ཁྲོད་ནས་ས་གནས་ཀྱི་ཡུལ་མི་ལ་ཕན་ཐོགས་ཆེན་པོ་བྱུང་བར་ངོས་འཛིན་དང་། དབུས་སྨན་རྩིས་ཁང་ལ་ཐུགས་རྗེ་ལེགས་འབུལ་ཕུལ་ཡོད་པ་མ་ཟད་སྨན་བསྐོར་འདི་བཞིན་ཡང་ཡང་ས་གནས་སུ་ཕེབས་གནང་ཡོང་བའི་གདན་ཞུ་གནང་ཡོད། ལོ་དེའི་ཟླ་ ༡༢ པའི་ནང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་དུས་དབང་ཐེངས་ཉེར་བརྒྱད་པ་བཀའ་དྲིན་བསྐྱངས་སྐབས། ྋསྐུའི་བླ་སྨན་ཞབས་ཞུ་བ་ཚེ་དབང་རྟ་མགྲིན་ལགས་དང་། སྨན་རམས་པ་ཟླ་སྒྲོན། སྨན་དགེ་མཁྱེན་རབ། སྐར་རྩིས་པ་བསྟན་འཛིན་ཤེས་རབ། སྨན་པ་ངག་དབང་མཁྱེན་བརྩེ། སྨན་རམས་པ་བསྟན་འཛིན་མཐའ་ཡས། རྩིས་པ་སྐལ་ལྡན། སྐར་རྩིས་པ་ཕུར་བུ་ཚེ་རིང་། ཌལ་ཧོར་ཡན་ལག་སྨན་ཁང་གི་སྨན་པ་ཀུན་བཟང་སོགས་ལས་བྱེད་ཉི་ཤུ་རྩ་ལྔས་ཟླ་གཅིག་དང་ཕྱེད་ཀ་ཙམ་ལ་སྤྱི་ཚོགས་ཞབས་ཞུ་ཞུས། སྐབས་དེར་རིལ་ཆེན་རིལ་བུ་ལེན་མཁན་དང་དེ་དག་དང་འབྲེལ་བའི་སྤང་བླང་གི་བསླབ་བྱ་ཞུ་མཁན། གསོལ་སྨན་རང་འཇགས་ཞུ་མཁན་རིགས་མ་བརྩིས་པར། སྨན་པས་བརྟག་དཔྱད་སྨན་བཅོས་ཁོ་ན་བྱས་པའི་ནད་པའི་གྲངས་འབོར་ནི། བླ་ཞབས་སྨན་རམས་པ་རྟ་མགྲིན་ལགས་ནས་ནད་པ་གྲངས་ ༩༩༣ དང་། སྨན་རམས་པ་མཁྱེན་བརྩེ་ལགས་ནས་ནད་པ་གྲངས་ ༡༥༤༤། སྨན་རམས་པ་ཟླ་སྒྲོན་ལགས་ནས་ནད་པ་གྲངས་ ༣༡༦། སྨན་རམས་པ་མཐའ་ཡས་ལགས་ནས་ནད་པ་གྲངས་ ༡༢༥༦། སྨན་རམས་པ་ཀུན་བཟང་སྒྲོལ་མ་ལགས་ནས་ནད་པ་གྲངས་ ༧༥༣། སྨན་དགེ་མཁྱེན་རབ་ནས་ནད་པ་གྲངས་ ༡༡༥༨ བཅས་ཁྱོན་བསྡོམས་ནད་པ་གྲངས་ ༦༠༢༠ ལ་བརྟག་དཔྱད་གནང་ཡོད་འདུག སྐར་རྩིས་པ་ཕུར་བུ་ཚེ་རིང་དང་ཤཀྱཱ་རྒྱལ་མཚན་གཉིས་ཀྱིས་འགྲེམས་སྟོན་དུ་ཕེབས་མཁན་རྣམས་ལ་སྨན་རྩིས་གཉིས་ཀྱི་འགྲེམས་སྟོན་ཅ་དངོས་ཁག་ངོ་སྤྲོད་དང་འགྲེལ་བརྗོད་དང་།  བསྟན་འཛིན་ཀུན་དགའ་ལགས་ནས་ཕྱིར་ཚོང་ཅ་དངོས་དང་སྨན་རྩིས་དཔེ་དེབ་བཅས་འགྲེམས་སྟོན་ཁང་ནས་འགྲེམས་སྤེལ་ཞུས། དེ་བཞིན་དུ་སྐར་རྩིས་པ་ཕུར་བུ་ཚེ་རིང་ལགས་ཀྱིས་གཤིན་རྩིས་ཁག་ལྔ་བསྐོར་ཡོད་ལ། ཐེངས་འདིའི་སྨན་བསྐོར་སྐབས་རིན་ཆེན་རིལ་བུ་དང་སྨན་དཀྱུས་མ། སྨན་རྩིས་དཔེ་དེབ་སོགས་ནས་བྱུང་བ་ཧིན་སྒོར་ ༡༤,༣༥༧༢༢།༢༠ དང་། སྨན་སྦྱིན་དང་ཕྱེད་བཅག་ལ་སོང་བ་ཧིན་སྒོར་ ༣༨༤༡༧༢།༨༥ བྱུང་སོང་ཁ་འཐབ་ལྷག་སྒོར་ ༡༠༥༡༥༤༩།༤༠ ཡོད་འདུག

 

ཕྱིི་ལོ་ ༢༠༠༣ ལོར་སྔ་ཕྱིར་རྒྱ་གར་གྱི་མངའ་སྡེ་ཨུཏ་རཱན་ཅལ་དུ་སྐྱེ་དངོས་སྨན་རྫས་དང་འབྲེལ་བའི་སྔོ་སྨན་འདེབས་ལས་ལས་གཞིའི་སྐོར་གྱི་ཚོགས་འདུར་སྨན་རྫས་ཉམས་ཞིབ་པ་སྨན་པ་ཚུལ་ཁྲིམས་སྐལ་བཟང་ལགས་ཆེད་བཅར་ཞུས་ཡོད་འདུག ཨུཏ་རཱན་ཅལ་ཞེས་པའི་མངའ་སྡེ་དེ་ཨུཏྟར་པྲདེཤ་མངའ་སྡེའི་ཁོངས་སུ་ཟུར་དུ་ཐོན་པའི་མངའ་སྡེ་གསར་བ་ཞིག་ཡིན་སྟབས་སྔོ་སྨན་དང་འབྲེལ་བའི་ལས་གཞི་མང་པོ་ཞིག་ཀྱང་གསར་ཏུ་འགོ་འཛུགས་གནང་བ་མ་ཟད། སྨན་གྱི་ཚོགས་འདུ་ཐེངས་གཉིས་ཚོགས་སྐོང་གནང་ཞིང་། ཚོགས་བཅར་གྱི་ཚོགས་གཙོར་ཤིང་ནགས་དང་གྲོང་གསེབ་ལས་ཁུངས་ཀྱི་འགན་འཛིན་ Dr.R.S.Tolia དབུ་བཞུགས་ཐོག་ཚོགས་བཅར་བ་མི་གྲངས་ ༥༠ ལྷག་ཚོགས་འདུར་བཅར་ཡོད། ཚོགས་བཅར་བ་མང་ཆེ་བ་སྨན་དང་འབྲེལ་བའི་མི་སྣ་ཡིན་འདུག་པ་དང་འཕྲོས་རྣམས་སྨན་རྩྭ་འདེབས་ལས་ཀྱི་ལས་གཞི་དང་འབྲེལ་ཡོད་ཞིང་པ་དག་རེད། མངའ་སྡེ་འདིས་སྔོ་སྨན་འདེབས་འཛུགས་ཀྱི་ལས་གཞི་ས་ཁུལ་རྫོང་ཁག་བདུན་ཙམ་གྱི་ནང་ལ་མགོ་བརྩམས་འདུག་ཅིང་། དེ་ཡང་ Chamoli, Uttarkashi, Dehradun, Pithoragarh, Nainital, Udham Singh Nagar and Haridivar བཅས་རྫོང་ཁག་དེ་དག་གི་ནང་སྔོ་སྨན་མང་པོ་བཏབ་འདུག་ཀྱང་ད་ལྟ་གྲུབ་འབྲས་ལག་སོན་བྱུང་བ་སྔོ་སྨན་གྲངས་བཅུའི་ནང་ནས་རང་རེའི་སྨན་གཞུང་དུ་ངོས་འཛིན་ཡོད་པ། བོང་ང་དཀར་པོ། རུ་རྟ། སྒོག་པ། ཧོང་ལེན་མཆོག ཀ་ཀོ་ལ། གོ་སྙོད། སྟར་བུ། རྩ་བ་ལ། གཞན་ཡང་སྨན་རྫས་རིག་སྐོར་ལ་གནད་ཡོད་མཁས་པ་ཉམས་མྱོང་ཅན་ཁག་ཅིག་ལ་བོད་དང་ས་འབྲེལ་རྒྱ་གར་ས་ཁུལ་སོགས་ལ་སྔོ་སྨན་ཡོད་མེད་སྐོར་བཀའ་འདྲི་ཞུས་པར་ཁོང་ཚོས་འདོད་ཚུལ་གཞིར་བཞག་ན་རང་རེའི་སྨན་ལ་འགྲོ་བའི་སྔོ་སྨན་ཕལ་མོ་ཆེ་ས་ཁུལ་དེ་དག་ཏུ་ཡོད་ལུགས་གསུངས་པ་སོགས་བོད་སྨན་ལ་དགའ་མོས་དང་ངོས་ལེན་ཡོད་པའི་རྣམ་འགྱུར་གསལ་བོར་བསྟན་པས་བོད་སྨན་གྱི་སྐོར་རྒྱ་གར་གྱི་ངོས་ལེན་ཡོང་ཐབས་སོགས་ལ་ཕན་ཐོགས་ཆེན་པོ་བྱུང་། དེ་བཞིན་དུ་ལོ་དེར་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲན་དུ་ National Comprehensive Cancer Care & Management Through Alternative Therapies ཞེས་སྨན་ལུགས་ཐབས་སྲོལ་གཞན་གྱི་ཐོག་ནས་འབྲས་ནད་ཀྱི་སྨན་བཅོས་དང་། གསོ་སྐྱོང་བྱེད་སྟངས་སྐོར་གྱི་ཚོགས་ཆེན་ཞིག་ཚུགས་པར། སྨན་རམས་པ་རྡོ་རྗེ་རབ་བརྟན་ལགས་གཞུང་འབྲེལ་ཐོག་གདན་ཞུ་གནང་བ་བཞིན་ཉིན་བཞིའི་རིང་ཚོགས་བཅར་གྱིས་རང་ལུགས་གསོ་རིག་གཞུང་ནས་འབྲས་ནད་སྐོར་དཔྱད་ཞིབ་རྣམས་གྲངས་དང་། འབྲས་ནད་ཅན་ལ་བརྟག་དཔྱད་བྱས་པའི་ཉམས་མྱོང་ཅི་བྱུང་གི་གཏམ་བཤད་དོན་ཕན་ལྡན་པ་ཞུས་འདུག

 

ཕྱི་ལོ་ ༢༠༠༣ ཟླ་ ༥ ཚེས ༣༠ ནས་ཕྱི་ཟླ་ ༦ ཚེས་ ༢ བར་བེངྒ་ལོར་ཡན་ལག་སྨན་རྩིས་ཁང་གི་འགན་འཛིན་སྨན་རམས་པ་རྡོ་རྗེ་རབ་བརྟན་དང་།  སྨན་པ་བསོད་ནམས་སྒྲོལ་མ། རྩིས་པ་ཕུར་བ་ལགས་བཅས་ཇར་མ་ནིའི་རྒྱལ་ས་མུ་ཡུ་ནིག་ཏུ་ Medicine in its Cultural ཞེས་པའི་སྨན་གྱི་ཚོགས་ཆེན་དུ་ཉིན་གསུམ་རིང་མཉམ་ཞུགས་གནང་སྟེ། བོད་སྨན་གྱི་གཞུང་བཤད་ལག་ལེན་དང་། དེ་བཞིན་ཉམས་ཞིབ་ཀྱི་གནས་སྟངས། གཙུག་ལག་རྩིས་ཀྱི་འགྲོ་ལུགས་བཅས་ཀྱི་བརྗོད་གཞིའི་སྟེང་གཏམ་བཤད་བྱས། ཁྱད་པར་དུ་སྲོལ་རྒྱུན་གཞན་གྱི་སྨན་པ་དང་མཁས་དབང་། དེ་བཞིན་གྲོང་ཁྱེར་གྱི་གསར་འགོད་མཁན་མང་དག་ཅིག་ཕེབས་འདུག་པར། ཕན་ཚུན་བགྲོ་གླེང་དོན་ཕན་ལྡན་པ་བྱུང་མཐར། དམིགས་བསལ་ཕྱི་ཟླ་ ༦ ཚེས་ ༢ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་གྱིས་ཚོགས་ཁང་ཆེན་མོར་བོད་སྨན་དང་འབྲེལ་བའི་བགྲོ་གླེང་དང་འཛམ་གླིང་ཞི་བདེར་སྨན་པའི་བཀའ་སློབ་ཀུན་དགའི་དཔལ་དུ་གྱུར་བ་བསྩལ་འདུག ཕྱི་ལོ་ ༢༠༠༣ ཟླ་ ༨ ཚེས་ ༢ ནས་ཚེས་ ༧ བར་བདུན་ཕྲག་གཅིག་རིང་རྒྱ་གར་ Andhra Pradesh གྲོང་ཁྱེར་ཅི་ཏུར་དུ་ Experience Festival ཞེས་རྒྱལ་ཡོངས་ཀྱི་མཁས་དབང་ཁག་མི་འདྲ་བ་ ༣༠༠ ཙམ་འདུ་འཛོམས་ཀྱིས་སེམས་ཁམས་རིག་པའི་ཉམས་ལེན་དང་།  ཐར་པ་སྒྲུབ་ཕྱོགས། ལུས་སེམས་ཀྱི་བདེ་བ་སྒྲུབ་ཕྱོགས་སྐོར་ལ་བགྲོ་གླེང་དང་ཟབ་སྦྱོང་བཅས་ཚོགས་པར། བེངྒ་ལོར་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་རམས་པ་རྡོ་རྗེ་རབ་བརྟན་ནས་བོད་གཞུང་སྨན་རྩིས་ཁང་གི་སྐུ་ཚབ་ཞུས་ཏེ་བོད་སྨན་གྱི་ལུས་སེམས་འབྲེལ་བའི་སྐོར་དང་། སེམས་ཀྱི་ལྟ་བའི་སྐོར་སོགས་ཉིན་གསུམ་རིང་ཟབ་སྦྱོང་ཕུལ་བ་དང་། ཟླ་ ༩ ཚེས་ ༣ ནས་སྨན་རྩིས་ཁང་དབུས་འཛིན་སྐྱོང་བཀའ་འབྲེལ་སྨན་རམས་པ་པདྨ་རྡོ་རྗེས་གཙོས་སྨན་ལས་ཁག་ཅིག་ཅན་ཌི་གར་དུ་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་གྱི་ཚོགས་ཞུགས་དང་ཞོར་དུ་ནད་པར་སྨན་བཅོས་དང་སྨན་རྩིས་འགྲེམས་སྟོན་ཞུས། དེ་བཞིན་ཟླ་ ༡༠ པའི་ནང་སྨན་རམས་པ་པདྨ་རྡོ་རྗེ་རྡེ་ར་ལྡུན་སྲོང་བཙན་དཔེ་མཛོད་ཁང་དུ་རང་གཞུང་འཕྲོད་བསྟེན་སྨན་ཁང་གི་གོ་སྒྲིག་བསྐྱངས་པའི་བོད་གཞུང་གི་འཕྲོད་བསྟེན་ལས་རིམ་བལྟ་ཞིབ་ཚོགས་འདུ་དང་། ཟླ་ ༡༡ ཚེས་ ༡ ནས་ཚེས་ ༡༢ བར་ཨ་རི་ཝ་ཤིང་ཀྲན་དུ་འཚོགས་བཞིན་པའི་བོད་སྨན་ཚོགས་འདུར་བཅར་ཏེ་བོད་ཀྱི་གསོ་བ་རིག་པའི་བརྟག་ཐབས་སོགས་ལས་བརྩམས་ཏེ་ངོ་སྤྲོད་གཏམ་བཤད་གནང་བ་དང་།  ལམ་ཞོར་དུ་རྒྱ་གར་གྱི་ཁྲིམས་དཔོན་ར་ཝལ་མཆོག་ལ་སྨན་བཅོས་ཞུས།

 

ཕྱི་ལོ་ ༢༠༠༤ ལོར་དབུས་སྨན་རྩིས་ཁང་དུ་ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་ནས་གདན་ཞུས་གནང་བ་བཞིན་འཛིན་སྐྱོང་བཀའ་འབྲེལ་སྨན་རམས་པ་པདྨ་རྡོ་རྗེ་དང་། སྨན་རམས་པ་ཐོགས་མེད་དཔལ་འབྱོར། བསྟན་འཛིན་རྣམ་གྲོལ་སོགས་སྔ་རྗེས་སུ་ཨ་ཛ་བི་སི་ཏན་དང་། ནོར་ཝེ། ལྷོ་ཨཕ་རི་ཀ་བཅས་སུ་ཐེངས་ཁ་ཤས་བསྐྱོད་དེ་ཕྱི་རྒྱལ་ནད་པ་གྲངས་ ༡༧༩༠ ༼སྐོར་སྐྱོད་ཁ་ཤས་ལ་ནད་གྲངས་མི་གསལ་བ་ཡང་ཡོད།༽ལ་བརྟག་དཔྱད་སྨན་བཅོས་གནང་བ་དང་།  གོ་སྒྲིག་ཚོགས་པས་རེ་འདུན་བཞིན་ས་གནས་ཁ་ཤས་སུ་ཤེས་ལྡན་པ་དང་།  སློབ་ཕྲུག བོད་དོན་རྒྱབ་སྐྱོར་བ། གསར་འགོད་པ་སོགས་མི་མང་འདུ་འཛོམས་ཀྱི་སར་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་དང་། ནད་གཞི་ངོས་འཛིན་གནང་ཐབས། ནད་གཞི་ཅི་ལྟར་འབྱུང་བ། གསོ་བ་རིག་པ་འདི་ཉིད་ཀྱི་ད་ལྟའི་གནས་སྟངས་དང་དར་རྒུད་ཅི་བྱུང་སོགས་ཀྱི་སྐོར་ལ་གཏམ་བཤད་དང་དྲི་བ་དྲིས་ལན་གནང་སྟེ་བོད་ཀྱི་གསོ་རིག་གི་བསྟན་པ་འདི་ཉིད་ས་ཕྱོགས་དེ་དག་ཏུ་དར་རྒྱས་སུ་འགྲོ་བའི་རྨང་གཞི་ཇེ་བརྟན་དུ་བཏང་། དེ་བཞིན་རྒྱ་གར་ས་གནས་མུམ་བཻ་གེ་རོ་གའུང་། སིཧོར། (Sihor) བལ་ཡུལ་སྤོག་ར། ཝི་ཤཱཀཔཌ་ནཱམ། རྒྱ་གར་བྱང་ཤར་ཁུལ་གྱི་བོད་མིའི་གཞིས་སྒར་ཁག་དང་། འབྲས་ལྗོངས་གྱི་ས་ཁུལ་ཁག གུཇ་རཱཏའི་དང་སི་ཧོར་སོགས་ལ་འཛིན་སྐྱོང་བཀའ་འབྲེལ་བླ་ཞབས་སྨན་རམས་པ་ཚེ་དབང་རྟ་མགྲིན་དང་། སྨན་རམས་པ་པདྨ་རྡོ་རྗེ། མུམ་བཻེ་ཡན་ལག་སྨན་པ་ཀརྨ་སྒྲོལ་མ། སྨན་པ་པ་སངས་དོན་འགྲུབ། སྨན་པ་སྐལ་བཟང་རྒྱལ་མཚན། སྨན་པ་ཚུལ་ཁྲིམས་སྐལ་བཟང་། སྨན་པ་བསྟན་འཛིན་ནོར་བུ་སོགས་སྔ་ཕྱིར་སྨན་སྐོར་དུ་ཆེད་བསྐྱོད་ཀྱིས་ནད་པ་གྲངས་ ༦༡༢༡ ༼སྨན་སྐོར་ཁ་ཤས་ཀྱི་ནད་གྲངས་སོགས་མི་གསལ།༽ཙམ་ལ་བརྟག་དཔྱད་སྨན་བཅོས་གནང་འདུག་ལ། ས་གནས་ཁག་གི་གོ་སྒྲིག་ཞུ་མཁན་ཚོས་ངོས་ནས་ཀྱང་བོད་སྨན་ལ་དང་དོད་ཆེན་པོ་གནང་གིན་ཡོད་པ་གཤམ་གྱི་སྨན་བསྐོར་འདིའི་སྟེང་ནས་ཀྱང་མཚོན་ཐུབ། ལོ་དེའི་ཟླ་ ༨ ཚེས ༡༢ ནས་ ༡༨ བར་སྨན་བསྐོར་འགན་འཛིན་སྨན་པ་རྣམ་གྲོལ་ལགས་དང་། སྨན་པ་བཅོ་ལྔ་ལྷ་མོ། སྨན་པ་བདེ་ཆེན་ཆོས་སྒྲོན། རྩིས་པ་ཚེ་དབང་། སྨན་སྤྲོད་ཚེ་རིང་རྒྱལ་མཚན། བསྟན་འཛིན་རྒྱལ་མཚན་བཅས་མི་དྲུག་གུཇ་རཱཏའི་ས་གནས་སི་ཧོར་གཉིས་སུ་སྨན་བསྐོར་ཕྱོགས་སྐྱོད་བྱེད་སྐབས་སི་ཧོར་རོ་ཊེ་རི་དགེ་རྩ་ཚོགས་པ Rotary Foundation-Sihor ནས་གོ་སྒྲིག་གནང་། ས་གནས་སུ་འབྱོར་རྗེས་དབུ་འབྱེད་མཛད་སྒོ་སྟབས་བདེ་ཞིག་ཚོགས་པ་དང་། སྐུ་མགྲོན་གཙོ་བོ་མོ་ཧེ་ཤ་ཝར་དགོན་པའི་བླ་མ་སོ་མི་ཇི་མཆོག་ནས་ཀྱང་གོ་སྒྲིག་གནང་། ས་གནས་དེེར་ནད་པ་གྲངས་ ༢༤༠ ཙལ་ལ་བརྟག་དཔྱད་དང་སྨན་བཅོས་གནང་རྗེས་ཨམ་རེ་ལི་ལ་སྨན་བསྐོར་གནང་། ཉིན་གསུམ་རིང་ནད་པ་གྲངས་ ༢༦༠ ལ་བརྟག་དཔྱད་དང་སྨན་བཅོས་གནང་། སྐབས་དེར་ཨཧ་མ་ད་བཱདའི་ Manoj Bai དང་ Dr.Ajiay Patel གཉིས་ཀྱི་རེ་འདུན་བཞིན་ཉིན་གཅིག་ལ་བསྐྱོད། ཁུལ་དེའི་སྨན་པ་ཨ་ཇེ་པ་ཊེལ་དང་བཀའ་མོལ་གོ་བསྡུར་གནང་སྟེ་སྨན་རྩིས་ཁང་གི་དགོས་མཁོ་དང་འབྲེལ་འཆར་གཞི་གང་དང་གང་ཡིན་མིན་ཁ་གསལ་ཞིག་གནང་ན། སྨན་ཁང་གསར་པའི་ས་ཆ་དང་ཁང་པའི་ཐད་ཁོང་རྣམས་ལ་དཀའ་ངལ་གང་ཡང་མེད་ལུགས་འགྲེལ་བརྗོད་བྱས་པ་དང་། སྨན་པ་ཨ་ཇེ་པ་ཊེལ་མཆོག་འདི་ལོ་ཕྱི་ཟླ་ ༡༡ ནང་རྡ་སར་ཕེབས་རྩིས་ཡོད་པས་སྐབས་དེར་སྨན་ཁང་གསར་འཛུགས་སྐོར་དང་། གཉན་སྲིན་འཁྲུགས་པའི་ནད་པ་འགའ་ཤས་ཀྱི་ཡིག་ཆའི་སྐོར་ལའང་བཀའ་མོལ་ཞིབ་ཕྲ་ཡོད་པའི་བཀའ་མོལ་གནང་བ་སོགས་བོད་ཀྱི་གསོ་བ་རིག་པ་འདི་ཉིད་ལ་མཐོང་ཆེན་དང་ཡིད་ཆེས་ཆེན་པོ་གནང་ཡོད།

 

ཕྱི་ལོ་ ༢༠༠༤ ཟླ་ ༡ ཚེས་ ༥ ནས་ཉིན་གཉིས་རིང་རང་གཞུང་འཕྲོད་བསྟེན་ལྷན་ཁང་ནས་གོ་སྒྲིག་ཞུས་པའི་གསོ་རིག་སྨན་པའི་ལྷན་ཚོགས་སུ་བེངྒ་ལོར་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་རམས་པ་རྡོ་རྗེ་རབ་བརྟན་ལགས་ཚོགས་བཅར་གྱིས་རང་གཞུང་སྨན་རྩིས་ཁང་དང་། བོད་ཀྱི་གསོ་རིག་ཆགས་འཇིག་གི་གནད་དོན་དང་འབྲེལ་བའི་སྐོར་ལ་བགྲོ་གླེང་དང་ཞུ་སྙན་སྒྲོགས་སྦྱངས་ཞུས། དེ་བཞིན་དུ་སྨན་རམས་པ་པདྨ་རྡོ་རྗེ་དང་སྨན་པ་བསྟན་འཛིན་རྣམ་གྲོལ་གཉིས་མུམ་བེེེེ་སྨན་གྱི་ཚོགས་འདུ་ Panacea ‘2004; Body, Mind & Soul ཞེས་པའི་སྟེང་ཞུགས་ཏེ་སེམས་ནད་སྐོར་དང་། ཟ་ཁུ་གཅིན་སྙིའི་སྐོར་ལ་གསུང་བཤད་གནང་བ་མ་ཟད། སྐབས་དེར་ལུགས་འདྲ་མིན་གྱི་གསོ་དཔྱད་སྐོར་ལ་ཕྱི་རྒྱལ་དང་རྒྱ་གར་གྱི་སྨན་པ་གྲགས་ཅན་དང་། མཁས་དབང་འདྲ་མིན་མཉམ་དུ་གོ་བསྡུར་ལྷུག་པོར་གནང་། ཞོར་དུ་ཨན་ཨེམ་སྦུ་དྲ་སྨན་གྱི་ཐེབས་རྩ་ཚོགས་པས་ N.M. Bhuta Medical Foundation གོ་སྒྲིག་གནང་སྟེ་གུཇ་རཱཏ་མངའ་སྡེ་སི་ཧོར་ལ་སྨན་སྐོར་དུ་བསྐྱོད་ནས་ཁྱོན་བསྡོམས་ནད་པ་གྲངས་ ༨༠༤ ལ་སྨན་བཅོས་གནང་། དེ་བཞིན་ཕྱི་ཟླ་ ༣ པའི་ནང་དིལླིར་གསོ་རིག་སྨན་གྱི་ཚོགས་འདུར་བཅར་ནས་བོད་ཀྱི་གསོ་རིག་འབྱུང་ཁུངས་ལོ་རྒྱུས་དང་། གསོ་རིག་ཡར་རྒྱས་གཏོང་ཐབས། ཉམས་ཞིབ་ཀྱི་ལམ་ནས་སྨན་གྱི་ཕན་ནུས་སོགས་ཀྱི་སྐོར་གསུང་བཤད་གནང་།

 

ལོ་དེའི་ཟླ་ ༤ ཚེས་ ༡༥ ནས་ཚེས་ ༡༧ བར་སྨན་རྩིས་ཁང་གི་ཚོགས་ཁང་ཆེན་མོ་རུ་ཕྱི་ལུགས་ཉམས་ཞིབ་ཀྱི་རིག་པའི་གཞུང་ལུགས་ཐད་ཆེད་དོན་བགྲོ་གླེང་ཚོགས་འདུ་ཞིག་འཚོགས། བགྲོ་གླེང་སྐབས་གསུང་བཤད་གནང་མི་ཕ་རན་ཀ་ཕར་ཀྲ་སྨན་གྱི་མཐོ་སློབ་སློབ་དཔོན་ཀལཱ་ས་ཡོཀ་དང་།  སྨན་པ་ཀེཏ་ཇིན་ཇེ་གར། སྨན་པ་ཀི་རི་སི་ཀྲོབ། སྨན་པ་སི་སྦིལ་བཅས་ཡིན། བགྲོ་གླེང་ལ་ཞུགས་མཁན་ངྷ་ས་སྨན་རྩིས་ཁང་ལ་འབྲེལ་ཡོད་ཀྱི་སྨན་པ་ཡོངས་དང་། སྨན་རྩིས་སློབ་མ་ཡོངས། སྨན་རྫས་ཉམས་ཞིབ་ཀྱི་ཚན་རིག་པ་གཉིས་བཅས་མཉམ་ཞུགས་བྱས། བགྲོ་གླེང་དབུ་འབྱེད་སྐབས་བོད་གཞུང་བདེ་ལེགས་སྨན་ཁང་གི་ྋསྐུའི་བླ་སྨན་ཚེ་བརྟན་རྡོ་རྗེ་མཆོག་ཆེད་ཕེབས་གནང་སྟེ་གསུང་བཤད་གནང་། བགྲོ་གླེང་ཉིན་གསུམ་རིང་ཚན་རིག་དང་། ཉམས་ཞིབ། ཉམས་མྱོང་ལ་གཞིགས་པའི་དཔྱད་ཞིབ་ཀྱི་གོ་དོན་དང་།  སྨན་གྱི་ལོ་རྒྱུས་ནང་ཉམས་ཞིབ་ཀྱི་ཐབས་ལུགས་ངོ་སྤྲོད། ཕྱི་ལུགས་སྨན་གྱི་ཐ་སྙད་རིག་པ། ནད་བཅོས་ཉམས་ཞིབ་ཐབས་ཚུལ་དང་ཚད་ལྡན་གཅིག་གྱུར་ཡོང་ཐབས། ཇར་མན་སྔོ་སྦྱོར་སྨན་གྱི་ལག་ལེན་གྱི་ཁྲིམས་ལུགས་གནས་སྟངས་བཅས་ཀྱི་ཐོག་གསུང་བཤད་བགྲོ་གླེང་གནང་ཡོད། གཞན་ཡང་ཟླ་ ༥ པའི་ནང་སྨན་རམས་པ་ཟླ་བ་སྒྲོལ་མ་ཀོ་རི་ཡ་ Kyung Hee University རུ་ཡུལ་སྲོལ་སྨན་ལུགས་ཀྱི་ཚོགས་འདུ་དང་། ཉི་ཧོང་སྐུ་ཚབ་དོན་གཅོད་ཁང་དུ་གཏམ་བཤད་སོགས་ཀྱི་ཆེད་ཀོ་རི་ཡར་ཕྱོགས་སྐྱོད་གནང་།  ཀོ་རི་ཡར་ཚོགས་འདུ་དབུ་འཛུགས་ཀྱིས་ཤར་གླིང་རྒྱལ་ཁབ་ཀོ་རི་ཡ་དང་། རྒྱ་ནག ཐའེ་ལནཌ། འབར་མ། ཉི་ཧོང་། ཐེ་ཝན། སིངྒ་པུར། བོད་བཅས་ཀྱི་སྐུ་ཚབ་རྣམས་ནས་རང་རང་སོ་སོའི་ཡུལ་སྲོལ་སྨན་ལུགས་ངོ་སྤྲོད་གནང་།  ཚོགས་འདུའི་སྙིང་དོན་གསུང་བཤད་གནང་མཁན་སློབ་དཔོན་མི་ཡོན་ཏོ་ཀིམ་མཆོག་ནས་ (Prof.Myon To Kim, School of Nursing Johns Hopkings University.USA) རང་རེའི་གསོ་རིག་གཞུང་ལས་གསུངས་པའི་གསོ་བ་པོ་སྨན་པའི་རྒྱུ་དྲུག་གི་འགྲེེལ་བརྗོད་ཞུས་པར་བོད་ཀྱི་སྨན་པ་དང་སྨན་ཞབས་ཀྱི་ངེས་ཚིག་དེ་མིག་དཔེར་འོས་པའི་བསྔགས་བརྗོད་གནང་བ་མ་ཟད་། སྨན་རམས་པ་ཟླ་བ་སྒྲོལ་མ་ལགས་ཀྱིས་ཆེད་བྲིས་བརྗོད་གཞི་ཀོ་རི་ཡའི་ཡུལ་སྐད་ནང་ཕབ་བསྒྱུར་གྱིས་ཕྱོགས་བསྡོམས་དེབ་ནང་བཀོད་པ་སོགས་བོད་ཀྱི་གསོ་རིག་ལ་གདེང་འཇོག་ཆེན་པོ་གནང་།  ཀོ་རི་ཡའི་ཚོགས་འདུ་གྲོལ་རྗེས་ཉི་ཧོང་དོན་གཅོད་ཁང་གིས་གོ་སྒྲིག་ཞུས་པ་བཞིན་ཚེས་ ༢༡ ཉིན་གྱི་དགོང་དྲོ་ཀོ་རི་ཡ་ནས་ཉི་ཧོང་དུ་ཕེབས་ཏེ་བོད་ལུགས་གསོ་རིག་གཞུང་ནས་མི་ན་བར་གནས་ཐབས་དང་། རྒས་ཁ་སྲ་ཐབས་སྐོར་གཏམ་བཤད་དང་། གློ་བུར་ནད་ཡམས་ཀྱི་རིགས་སྔོན་འགོག་བྱ་ཐབས་དང་སྨན་རྩིས་ཁང་ནས་རིམས་སྲུང་རིལ་བུ་བཟོ་བསྐྲུན་གནང་བའི་སྐོར་ལ་གཏམ་བཤད་དང་དྲི་བར་ལན་འདེབས་ཞུས་བ་མ་ཟད།  ཉིན་གསུམ་གྱི་རིང་ནད་པ་རྣམས་ལ་བརྟག་དཔྱད་དང་སྨན་བཅོས་ཞུས་པས་ས་གནས་དེ་དག་གི་མི་མང་གི་འཕྲོད་བསྟེན་དཀའ་ངལ་ཐད་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་བཅས་སོ།།

 

ང༽ལས་བྱེད་འཕོ་འགྱུར།

ཕྱི་ལོ་ ༢༠༠༢ ལོར་སྨན་རམས་པ་བསྟན་འཛིན་དཔལ་མཆོག་སྐུ་གཤེགས་པ་དང་།  སྨན་པ་བློ་བཟང་དོན་ལྡན། སྨན་པ་ཚེ་རིང་ལྷ་མོ་དང་།  སྨན་པ་བཀྲ་ཤིས་ལྷ་མོ། སྨན་པ་ཐུབ་བསྟན་སྒྲོལ་མ། སྨན་པ་འཆི་མེད་སྒྲོལ་དཀར། སྨན་པ་སྤེན་པ་སྒྲོལ་མ་བཅས་ནས་རྩ་དགོངས་ཞུས། སློབ་སྤྱི་སྨན་རམས་པ་ཚེ་རིང་རྡོ་རྗེ་དཔར་སྐྲུན་སྡེ་ཚན་གྱི་འགན་འཛིན་དུ་གནས་སྤོས་སོང་བས། ཕྱི་ལོ་ ༢༠༠༢ ལོར་བླ་ཞབས་སྨན་རམས་པ་རྣམ་རྒྱལ་ཚེ་རིང་སློབ་སྤྱིར་བསྐོ་བཞག་གནང་།  དེ་བཞིན་སྨན་རམས་པ་ཟླ་སྒྲོན་ཟླ་ ༣ པའི་ནང་ཨ་རིར་སྨན་ཁང་གསར་འཛུགས་གནང་བར་ཆེད་རྫོངས་གནང་ཡང་ས་ཆུ་མ་འཕྲོད་རྐྱེན་ཕྱིར་ལོག་བྱ་དགོས་བྱུང་། སླར་ཟླ་ ༥ པའི་ནང་དིལླི་ནི་ཛ་མུ་དིན་དུ་གནས་སྤོ་གནང་ཞིང་ཟླ་ ༧ ཚེས་ ༡ ཉིན་སྐུ་སྒེར་ཡིག་ཚང་ནས་བླ་སྨན་ཞབས་ཞུ་བའི་གྲས་སུ་བསྐོ་བཞག་དང་ཉམས་ཞིབ་འགན་འཛིན་དུ་བསྐྱར་བསྐོ་གནང་། སྨན་རམས་པ་བསྟན་འཛིན་ལྷ་སྒྲོན་དིལླི་ནི་ཛ་མུ་དིན་ཡན་ལག་སྨན་ཁང་གི་སྨན་པར་བསྐོ་བཞག་གནང་། ཟླ་ ༤ ཚེས་ ༡༥ ཉིན་སྨན་པ་སྐལ་བཟང་རྡོ་རྗེ་སྒང་ཏོག་ཡན་ལག་སྨན་ཁང་གི་འགན་འཛིན་དུ་བསྐོ་བཞག་གནང་། དེ་བཞིན་འབྲས་ནད་ཉམས་ཞིབ་ཀྱི་འབྲེལ་མཐུད་པ་སྨན་རམས་པ་བསྟན་འཛིན་སྐྱིད་འཛོམས་ཟླ་ ༧ ཚེས་ ༡༥ ནས་ལོ་གཅིག་རིང་ཨ་རིར་ནང་མི་དཀའ་སེལ་ཆེད་སྒེར་དགོངས་ཞུས། སྨན་པ་བཀྲ་ཤིས་ལྷ་མོས་ཀྱང་རྩ་དགོངས་ཞུས་ཏེ་ཨ་རིར་བསྐྱོད། སྨན་པ་གཡང་འབུམ་རྒྱལ་ཨ་རིར་ལོ་གཉིས་ཀྱི་སློབ་སྦྱོང་དུས་ཡུན་རྫོགས་མཚམས་ཟླ་ ༩ པའི་ནང་ནད་བཅོས་ཉམས་སྡེ་ཚན་གྱི་སྨན་པར་བསྐོ་བཞག་གནང་། ལས་དྲུང་རྣམ་རྒྱལ་བློ་གྲོས་སྣེ་ལེན་འབྲེལ་མཐུད་པར་གནས་སྤོས་གནང་། བསྟན་འཛིན་ཆོས་འཕེལ་དང་ཕུར་བུ་སྒྲོལ་མ་གཉིས་དིལླི་དང་བེངྒ་ལོར་གཉིས་ལ་འབྲས་ནད་ཉམས་ཞིབ་པའི་ཆེད་ལས་གསར་བསྐོ་གནང་རྗེས་སླར་ཕུར་བུ་སྒྲོལ་མ་སྔོ་སྦྱོར་ཉམས་ཞིབ་ཁང་དུ་གནས་སྤོས་གནང་། སིམ་ལ་ཡན་ལག་སྨན་ཁང་གི་སྨན་པ་ཀརྨ་སྒྲོལ་མ་དང་། རྩིས་པ་ཟླ་བ་རྣམ་གཉིས་མུམ་བེེ་ཡན་ལག་སྨན་ཁང་དུ་གནས་སྤོས་གནང་བར་བརྟེན། དེའི་ཚབ་ཏུ་རྒྱུད་བཞི་ཨིན་སྒྱུར་ཚན་པའི་སྨན་པ་པ་སངས་དབང་འདུས་དང་སྨན་པ་བསོད་ནམས་སྒྲོལ་མ། སེ་ར་ནས་རྩིས་པ་པདྨ་རྣམ་རྒྱལ་བཅས་ནས་སིམ་ལ་ཡན་ལག་སྨན་ཁང་དུ་ལས་བཅར་ཞུས།

 

ཕྱི་ལོ་ ༢༠༠༣ ཟླ་ ༤ ཚེས་ ༡ ཉིན་སྨན་སྦྱོར་སྡེ་ཚན་དུ་ལས་བྱེད་གསར་པ་སྨན་པ་བསྟན་འཛིན་ལེགས་བཟང་དང་རྩིས་པ་ཚེ་རིང་དབྱངས་ཅན་ལགས་བསྐོ་བཞག་བྱས། ཕྱི་ཟླ་ ༡༠ པའི་ནང་སྡེ་ཚན་རྩིས་པ་བསོད་ནམས་སྟོབས་རྒྱལ་སྦེང་ལོར་ཡན་ལག་སྨན་ཁང་དུ་གནས་སྤོས་སོང་།  ཕྱི་ལོ་ ༢༠༠༤ ཟླ་ ༢ ཚེས་ ༢༨ ཉིན་སྨན་སྦྱོར་རྩིས་པ་ཚེ་རིང་དབྱངས་ཅན་ལགས་རྩ་དགོངས་ཞུས་ཏེ་དེའི་ཚབ་ནང་ཞིབ་རྩིས་པ་ཆོས་ལྡན་ལགས་ལས་བསྐོས་གནང་།  སྨན་སྦྱོར་ལས་བྱེད་ཚེ་རིང་རྡོ་རྗེ་བཟའ་མིའི་རྙོག་གླེང་བྱུང་བར་འཛིན་སྐྱོང་ནས་ལོ་གཅིག་རིང་ལས་བཅར་མི་ཆོག་པའི་བཀའ་ཆད་གནང་། སྨན་སྦྱོར་ལས་བྱེད་ཆོས་སྒྲོན་བུ་བཅོལ་ཁང་དུ་གནས་སྤོས་དང་།  བུ་བཅོལ་ཁང་གི་གླ་པ་བྱམས་པ་ཆོས་སྒྲོན་སྨན་སྦྱོར་ཁང་དུ་གནས་སྤོས་གནང་། ལོ་འདིར་སྨན་པ་ཉི་མ་ཚེ་རིང་སྒྲིག་ཁུངས་ནས་རང་བཞིན་གྱིས་བུད་པ་དང་།  སྨན་པ་བློ་བཟང་ཆོས་དར་དང་། སྨན་པ་བསྟན་འཛིན་སྐྱིད་འཛོམས། སྨན་པ་བསོད་ནམས། སྨན་པ་དབྱངས་ཅན། སྨན་པ་ཕུར་བུ་སྒྲོལ་མ། སྨན་པ་དོན་འགྲུབ་ཚེ་རིང་བཅས་ནས་རྩ་དགོངས་ཞུས། ཟླ་ ༤ པའི་ནང་མོན་གྷོ་གཞིས་གྲོང་གསུམ་པའི་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པ་ཚེ་འཕེལ་དང་སྨན་པ་བསྟན་འཛིན་སྐྱིད་པ་གཉིས་བྷེལ་ཀོབ་གཞིས་གྲོང་དང་པོའི་ཡན་ལག་སྨན་རྩིས་ཁང་དུ་གནས་སྤོས་གནང་། བྷེལ་ཀོབ་ཡན་ལག་འགན་འཛིན་སྨན་པ་སྐྱིད་འཛོམས་ལགས་ཀོལླེ་གལ་ཡན་ལག་ཏུ་གནས་སྤོས་གནང་།

 

དམག་སྒར་ཡན་ལག་སྨན་ཁང་གི་སྨན་པ་ནོར་བུ་ཚེ་རིང་ལགས་མོན་གྷོ་གཞིས་གྲོང་གསུམ་པའི་ཡན་ལག་སྨན་རྩིས་ཁང་གི་འགན་འཛིན་དུ་གནས་སྤོས་བྱས།

 

དེ་བཞིན་སྨན་པ་བསྟན་འཛིན་མཆོག་ལྡན་སེ་ར་ཡན་ལག་སྨན་ཁང་ནས་ཧོན་སུར་ཡན་ལག་སྨན་ཁང་གི་སྨན་པར་བསྐོ་བཞག་གནང་། ཕྱི་ལོ་༢༠༠༣ ཟླ་ ༥ ཚེས་ ༡༩ ཉིན་ྋསྐུའི་བླ་སྨན་བློ་བཟང་དབང་རྒྱལ་མཆོག་སྐུ་གཤེགས། ཟླ་ ༦ པའི་ནང་ཨོ་རི་ས་ཕུན་ཚོགས་གླིང་སྨན་ཁང་གི་སྨན་པ་བསྟན་འཛིན་མཁྱེན་རབ་གནས་སྤོས་སུ་སོང་། དེ་བཞིན་སྨན་པ་པ་སངས་དོན་འགྲུབ་གནས་སྤོས་ཀྱིས་སྨན་པ་པ་སངས་ཚེ་རིང་ཨོ་རི་ས་ཕུན་ཚོགས་གླིང་གི་ཡན་ལག་སྨན་ཁང་གི་འགན་འཛིན་དུ་བསྐོ་བཞག་གནང་།

 

༢༠༠༣ ཟླ་ ༧ ཚེས་ ༢༢ ཉིན་ཀོལླི་གལ་སྨན་རྩིས་ཁང་གི་འགན་འཛིན་སྨན་པ་ཐུབ་བསྟན་ནོར་བུ་དང་རྩིས་པ་ཉི་མ་མཚམས་གཅོད་གཉིས་མོན་གྷོ་གཞིས་གྲོང་གསུམ་པའི་ཡན་ལག་སྨན་ཁང་དུ་གནས་སྤོས་དང་། གཞིས་གྲོང་གསུམ་པའི་ཡན་ལག་སྨན་རྩིས་ཁང་གི་འགན་འཛིན་ནོར་བུ་ཚེ་རིང་རཱཇ་པུར་ཡན་ལག་སྨན་རྩིས་ཁང་དུ་གནས་སྤོས་དང་། སྨན་སྤྲོད་བུ་མོ་བྱང་ཆུབ་ལྷ་མོ་ལགས་དབུས་སྨན་རྩིས་ཁང་གི་བཀའ་འབྲེལ་ལྟར་ཇེ་གའོན་ཡན་ལག་སྨན་ཁང་དུ་གནས་སྤོར་བྱས། དེ་བཞིན་དུ་སྐར་རྩིས་པ་བསྟན་འཛིན་དཔག་བསམ་ལགས་བྷེལ་ཀོབ་ནས་མོན་གྷོ་གཞིས་གྲོང་གསུམ་པའི་སྨན་ཁང་དུ་ལས་བགོས་བྱས། བལ་ཡུལ་ཅ་སྤེལ་ཀེ་ལ་ཤིའི་སྨན་ཁང་གི་འགན་འཛིན་སྨན་པ་ཚེ་རིང་ཆོས་སྐྱིད་ལོ་གཉིས་རིང་ངལ་གསོས་དགོངས་ཞུས་ཚབ། འགན་འཛིན་གསར་པ་སྨན་པ་པ་སངས་སྒྲོལ་དཀར་བསྐོ་བཞག་གནང་། རྩིས་པ་བུ་མོ་ཚེ་བརྟན་ཚབ་སིམ་ལའི་རྩིས་པ་པདྨ་རྣམ་རྒྱལ་བསྐོ་བཞག་གནང་།

 

དེ་བཞིན་དུ་བདེ་གླིང་ཡན་ལག་སྨན་ཁང་གི་སྨན་པ་ཚེ་རིང་དོན་འགྲུབ་ལགས་ར་ཇུ་སྤུར་སྨན་རྩིས་ཁང་གི་འགན་འཛིན་ལ་གནས་སྤོས་གནང་།  སྨན་པ་པདྨ་བཟང་མོ་ལགས་ཨ་སཱམ་ནས་བདེ་གླིང་སྨན་ཁང་དུ་གནས་སྤོས་བྱས།

 

ཕྱི་ལོ་ ༢༠༠༣ ཟླ་ ༨ ཚེས་ ༥ ཉིན་སྒང་ཏོག་ཡན་ལག་སྨན་རྩིས་ཁང་གི་འགན་འཛིན་སྨན་པ་སྐལ་བཟང་རྡོ་རྗེ་ལགས་ཀྱིས་དགོངས་ཞུ་དང་ཚབ་ཏུ་བེངྒལོར་སྨན་ཁང་གི་སྨན་པ་ཚེ་རིང་མཐར་ཕྱིན་སྒང་ཏོག་ཡན་ལག་སྨན་ཁང་གི་འགན་འཛིན་དུ་བསྐོ་བཞག་གནང་།

 

ཕྱི་ལོ་ ༢༠༠༣ ཟླ་ ༨ ཚེས་ ༡༨ ཉིན་ནད་བཅོས་ཉམས་ཞིབ་སྡེ་ཚན་གྱི་སློབ་སྟོན་པ་ྋསྐུའི་བླ་སྨན་བློ་བཟང་དབང་རྒྱལ་མཆོག་སྐུ་ཚེའི་འཕེན་པ་རྫོགས་སྟབས་སྐུ་ཚབ་ཏུ་སྨན་རམས་པ་པདྨ་རྡོ་རྗེ་ལགས་བསྐོ་བཞག་གནང་།  ༢༠༠༣ ཟླ་ ༩ ཚེས་ ༨ ཉིན་སྨན་པ་འཇམ་དབྱངས་སྒྲོལ་མ་ལགས་རྗ་གའོན་ཡན་ལག་སྨན་ཁང་ནས་འཕྲལ་སེལ་རིང་ནད་གསོ་ཁང་གི་སྨན་པར་བསྐོ་བཞག་གནང་། དེ་བཞིན་སྨན་སྤྲོད་སྒྲོལ་མ་ཚེ་རིང་ལགས་ཕྱིར་ཚོང་དུ་གནས་སྤོས་བསྐོ་བཞག་གནང་། ཀུན་འཛོམས་བཟང་མོ་དང་མིག་དམར་ལྷ་མོ་གཉིས་ཕྱིར་ཚོང་སྡེ་ཚན་ནས་གངས་སྐྱིད་ཡན་ལག་སྨན་ཁང་གི་སྨན་སྤྲོད་དུ་གནས་སྤོས་བསྐོ་བཞག་གནང་བ་དང་། བཀྲ་ཤིས་རྣམ་རྒྱལ་ལགས་བསྐོར་སྐྱོད་རྩིས་པར་བསྐོ་བཞག་གནང་། ཟླ་ ༡༠ ཚེས་ ༡༤ ཉིན་སྨན་པ་པདྨ་དབྱངས་འཛོམས་ལགས་འདས་གྲོངས་སུ་སོང་།

 

ཉམས་ཞིབ་ཀྱི་ཚན་རིག་ཆེད་ལས་པ་བསོད་ནམས་སྒྲོལ་མ་ལགས་དབུས་ཡིག་ཚང་གི་ཆོད་གན་བཞིན་ཕྱི་ ༢༠༠༣ ཟླ་ ༧ ཚེས་ ༡ ནས་ལས་ཀ་དབུ་འཛུགས་ཞུས་ཏེ་ ༢༠༠༣ ཟླ་ ༡༢ ཚེས་ ༣༡ ནས་ལས་མཚམས་བཞག

 

ཕྱི་ལོ་ ༢༠༠༣ ཟླ་ ༩ ཚེས་ ༢༣ ཉིན་ཛ་དྲག་དགོས་གལ་ཐོག་བྷུབ་ནེཤྭར་རུ་ཡན་ལག་སྨན་ཁང་གི་སྨན་སྤྲོད་རྩིས་པ་གཅིག་ལྕོགས་པ་དེ་ནད་མནར་ལྕི་བས་སྨན་བཅོས་བྱ་དགོས་པ་ལ་བརྟེན་དེའི་ལས་ཚབ་ཅིག་ཡིག་རྒྱུགས་ཀྱི་ལམ་ནས་གསར་བསྐོ་བྱས། དེ་བཞིན་ཡན་ལག་སྨན་ཁང་གཞན་ལྔ་ཙམ་ལ་སྨན་སྤྲོད་རྩིས་པ་གསར་བསྐོ་བྱ་དགོས་གལ་ལྟར་ ༢༠༠༣ ཟླ་ ༡༢ ཚེས་ ༣༠ ཉིན་སྨན་སྤྲོད་དང་རྩིས་པ་ལས་བྱེད་གྲངས་ལྔ་ཡིག་རྒྱུགས་གྲུབ་འབྲས་རྩེར་ཐོན་བཞིན་གསར་བསྐོ་བྱས།

 

ཕྱི་ལོ་ ༢༠༠༤ ཟླ་ ༨ ཚེས་ ༡ ཉིན་སྨན་པ་གཡང་འབུམ་རྒྱལ་དང་། སྨན་པ་བཀྲ་ཤིས་སྟོབས་རྒྱལ། སྨན་པ་འཇམ་དབྱངས་རྒྱ་མཚོ། སྨན་པ་ངག་དབང་འཆི་མེད་བཅས་ནས་རྩ་དགོངས་ཞུས་པ་དང་། སྨན་པ་སྐལ་བཟང་རྡོ་རྗེ་རང་བཞིན་གྱིས་བུད་དེ་ཁེ་ན་ཊར་བསྐྱོད། དེ་བཞིན་སྨན་པ་བློ་བཟང་ཚུལ་ཁྲིམས་ནས་ཀྱང་རྩ་དགོངས་ཞུས། སྨན་རམས་པ་ཚེ་རིང་དོན་འགྲུབ་ནས་རྩ་དགོངས་ཞུས་ཏེ་ཨསྟྲིི་ཡར་བསྐྱོད། ཟླ་ ༢ ཚེས་ ༢༡ ཉིན་སྨན་པ་ཚེ་བརྟན་རྡོ་རྗེ་འདས་གྲོངས་སུ་གྱུར། ཟླ་ ༡༠ ཚེས་ ༢༠ ཉིན་སྨན་པ་བསྟན་འཛིན་གྲགས་པས་རྩ་དགོངས་ཞུས་པ་བཅས་འགན་འཛིན་དེའི་སྐབས་ཏེ་བཅུ་གཉིས་པའོ།།

 

སྨན་རྩིས་རིག་པ་སྨྲ་བའི་སྐྱེད་ཚལ་དུ།།

ཟོལ་མེད་ལྷག་བསམ་དྲང་ཚུགས་བརྟན་པོ་ཡིས།།

ལོ་གསུམ་རིང་དུ་སྐབས་བབ་ལས་དོན་རྣམས།།

འཕེལ་འགྲིབ་མེད་པར་བསྐྱངས་པ་བསྟོད་པར་འོས།། །།


མཐའ་མའི་འདོན་ཐེངས་།: 16.04.2016 ཉིན། 11:16 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།