འགན་འཛིན་སྐབས་དྲུག་པ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 08.04.2016 |
<< བོད་གཞུང་སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ། >>
འགན་འཛིན་སྐབས་དྲུག་པའི་སྐབས།
(1985-1988)
ཀ༽དབུ་འཛིན་གྱི་ངོ་སྤྲོད་མདོ་ཙམ།
ལྕམ་སྐུ་སྟག་ལྷ་རྣམ་རྒྱལ་ལྷ་མོ་ལགས་ནི་བོད་ཀྱི་རྒྱལ་ས་ལྷ་སར་ཕྱི་ལོ་ ༡༩༤༢ ཟླ་ ༦ ཚེས་ ༢༡ ཉིན་འབྲི་གུང་སྐྱབས་མགོན་སྐུ་ཕྲེང་བདུན་པའི་ཡབ་ཚ་རོང་སྐུ་ངོ་བདུད་འདུལ་རྣམ་རྒྱལ་མཆོག་གི་སྲས་མོར་འཁྲུངས་ཤིང་། ཕྱི་ལོ་ ༡༩༦༡ ལོར་རྒྱ་གར་རྡོར་གླིང་དུ་ཡོད་པའི་ཨིན་ཇིའི་སློབ་གྲྭ་ Mt. Hermon ནས་ཡིག་རྒྱུག་Cambridge U.K GCE O Level བརྒྱུད་འཛིན་རིམ་བཅུ་པ་སློབ་མཐར་ཕྱིན་པ་དང་། ཕྱི་ལོ་ ༡༩༦༢ ལོར་རྒྱ་གར་གྱི་གྲོང་ཁྱེར་ཀལ་ཀཏ་ཏར་ Pitman Secretarial སློབ་གྲྭ་ནས་དྲུང་ཡིག་གི་སློབ་སྦྱོང་གནང་། དེའི་ཞར་ལ་ཀལ་ཀཏ་ཏ་ Alliance Francaise ནས་ཧྥ་རིན་ཇ་སྐད་ཡིག་གི་སློབ་སྦྱོང་ཡང་གནང་། ཕྱི་ལོ་ ༡༩༦༦ ཟླ་བ་བཞི་པ་ནས་ཕྱི་ལོ་ ༡༩༧༡ ཟླ་བ་གཉིས་པ་བར་སུཛར་ལནཌ་བོད་ཀྱི་ཡིག་ཚང་ནང་ལས་ཞོར་དུ་དྲུང་ཡིག་གཞོན་པ་དང་གསུང་བསྒྱུར་གཅིག་ལྕོགས་ཀྱི་ཕྱག་ལས་གནང་།
ཕྱི་ལོ་ ༡༩༧༡ ཟླ་བ་བཞི་པ་ནས་ཕྱི་ལོ་ ༡༩༧༤ ཟླ་བ་བཞི་པ་བར་ཨ་རིའི་ནེའུ་ཡོག་བོད་པའི་རི་མོ་དང་ལག་ཤེས་ཚོགས་པར་ཕྱག་ལས་གནང་། ཕྱི་ལོ་ ༡༩༧༤ ཟླ་བ་དྲུག་པའི་ཚེས་ ༣ ནས་ཕྱི་ལོ་ ༡༩༧༨ ཟླ་བ་བཞི་པ་བར་ནེའུ་ཡོག་ BOARD ROOM རུ་དངུལ་རྩིས་དང་ཐོབ་ཁྲའི་སྡེ་ཚན་ནང་ཕྱག་ལས་གནང་། ཕྱི་ལོ་ ༡༩༧༨ ཟླ་བ་བདུན་པའི་ནང་རྒྱ་གར་ལ་ཕྱིར་ལོག་གནང་སྟེ་དེ་ལོའི་ཟླ་བ་དགུ་པ་ནས་ཕྱི་ལོ་ ༡༩༨༠ ཟླ་བ་གསུམ་པ་བར་ངྷ་སར་སེ་རའི་དགེ་བཤེས་བསམ་གྲུབ་ལགས་དང་གསེར་ཀོང་མཚན་ཞབས་རིན་པོ་ཆེའི་དྲུང་ནས་ནང་ཆོས་ལ་ཐོས་བསམ་གནང་། ཕྱི་ལོ་ ༡༩༨༠ ཟླ་ ༤ ཚེས་ ༤ ནས་ཕྱི་ལོ་ ༡༩༨༥ ཟླ་༡༢ ཚེས་ ༣༡ བར་སྨན་རྩིས་ཁང་གི་འགན་འཛིན་མཆོག་གི་ཨིན་དྲུང་དང་སྐུའི་བླ་སྨན་པ་རྣམས་ཀྱི་དམིགས་བསལ་ལས་རོགས་དང་གསུང་སྒྱུར་གནང་། ཕྱི་ལོ་ ༡༩༨༦ ཟླ་ ༡ ཚེས་ ༡ ནས་ཕྱི་ལོ་ ༡༩༨༨ ཟླ་ ༡༡ ཚེས་ ༡༤ བར་སྨན་རྩིས་ཁང་གི་དབུ་འཛིན་གནང་། ཕྱི་ལོ་ ༡༩༨༨ ཟླ་ ༡༡ ཚེས་ ༡༥ ནས་ཕྱི་ལོ་ ༡༩༩༤ ཟླ་ ༧ ཚེས་ ༡༤ བར་བོད་གཞུང་འཕྲོད་བསྟེན་ལས་ཁུང་གི་དྲུང་ཆེ་གནང་། ཕྱི་ལོ་ ༡༩༩༤ ཟླ་ ༧ ཚེས་ ༡༥ ནས་ཕྱི་ལོ་ ༡༩༩༧ ཟླ་ ༢ ཚེས་ ༡༩ བར་ཨ་རིའི་གློག་བརྙན་ཚོགས་པ་ཧོ་ལི་ཝུཊ་ (Holly Wood) ནས་བཟོ་བསྐྲུན་བྱ་བཞིན་པའི་ྋརྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་སྐུ་ཚེའི་ལོ་རྒྱུས་སྐོར་གྱི་གློག་བརྙན་ “སྐུ་མདུན་” ཞེས་པའི་ཆེད་ལས་སློབ་སྟོན་པ་གནང་།
ཕྱི་ལོ་ ༡༩༩༧ ཟླ་ ༡ ཚེས་ ༢༠ ནས་ཕྱི་ལོ་ ༡༩༩༨ ཟླ་ ༡ ཚེས་ ༡༩ བར་བོད་གཞུང་མ་དངུལ་བསྡུ་རུབ་ལས་ཁུང་གི་དྲུང་ཆེ་གནང་སྟེ་སྤྱི་ཚོགས་དང་ཐོན་ཁུངས་འཕེལ་རྒྱས་ལས་ཁུངས་ཞེས་པའི་ལྷན་ཚོགས་གསར་པ་ཞིག་དེབ་སྐྱེལ་དབུ་བཙུགས་གནང་། ཕྱི་ལོ་ ༡༩༩༨ ཟླ་ ༡ ཚེས་ ༢༠ ནས་ཕྱི་ལོ་ ༢༠༠༠ ཟླ་དྲུག་པ་བར་བོད་གཞུང་འཆར་འགོད་ལས་ཁུངས་ཀྱི་དྲུང་ཆེ་གནང་། ཕྱི་ལོ་ ༢༠༠༠ ཟླ་བ་དགུ་པ་ནས་རྒྱ་གར་གྲོང་ཁྱེར་ཌེ་ར་ཌུན་དུ་ཡོད་པའི་འབྲི་གུང་བཀའ་བརྒྱུད་ལྟེ་གནས་ཁང་ལ་སྤྱི་ཚོགས་ཞབས་ཞུ་གནང་བར་ཕེབས། ཕྱི་ལོ་ ༢༠༠༠ ཟླ་ ༡༢ ཚེས་ ༡༧ ནས་ཕྱི་ལོ་ ༢༠༠༢ ཟླ་ ༣ ཚེས་ ༨ བར་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ནས་རེ་བསྐུལ་ཞུས་པ་བཞིན་དང་བླངས་ཐོག་མངོན་དགའ་སློབ་གྲྭའི་འགན་འཛིན་གནང་། ཕྱི་ལོ་ ༢༠༠༢ ཟླ་ ༣ ཚེས་ ༡༠ ནས་ཕྱི་ལོ་ ༢༠༠༤ ཟླ་ ༡༠ ཚེས་ ༡༨ བརཌེ་ར་ཌུན་དུ་སྲོང་བཙན་དཔེ་མཛོད་ཁང་ཞེས་པའི་བོད་དང་ཧི་མ་ལ་ཡའི་སློབ་སྦྱོང་གི་ལྟེ་གནས་ཁང་ཞིག་གསར་བཞེངས་གནང་སྟེ་དཔེ་མཛོད་ཁང་དེའི་འགན་འཛིན་གནང་། ཕྱི་ལོ་ ༢༠༠༤ ཟླ་ ༡༠ ཚེས་ ༡༩ ནས་ལོ་གཅིག་རིང་འབྲི་གུང་བཀའ་བརྒྱུད་བསམ་གཏན་གླིང་བཙུན་དགོན་གྱི་འགན་འཛིན་གནང་བ་དང་། དེའི་རྗེས་སུ་བཙུན་དགོན་དེའི་འགན་འཛིན་དུ་བསྐོ་བཞག་གིས་ལྕམ་སྐུ་རང་ཉིད་ད་ལྟའི་བར་བཙུན་དགོན་དེའི་སློབ་སྟོན་པ་གནང་མུས་ཡིན་པ་བཅས་སོ།།
ཁ༽གནས་བབས་སྤྱི།
ཕྱི་ལོ་ ༡༩༨༥ ཟླ་ ༩ ནང་ལྕམ་སྐུ་སྟག་ལྷ་རྣམ་རྒྱལ་ལྷ་མོ་ལགས་བཀའ་འབྲེལ་ལྟར་བོད་གཞུང་སྨན་རྩིས་ཁང་གི་དབུ་འཛིན་དུ་བསྐོ་བཞག་གནང་བ་ལྟར་ ༡༩༨༨ ཟླ་ ༡༡ བར་ཐུགས་འགན་དངོས་སུ་བཞེས། དྲུང་ཆེ་དགའ་གདོང་བློ་བསྟན་གྱི་ཚབ་ཏུ་ཐང་སྤེ་ཕུན་ཚོགས་རྣམ་རྒྱལ་ལགས་དྲུང་ཆེར་བསྐོས། དབུ་འཛིན་འདིའི་སྐབས་སུ་བོད་གཞུང་སྨན་རྩིས་ཁང་ལ་ལས་དོན་བྱེད་ཕྱོགས་ཀྱི་ཆ་ནས་འཛིན་སྐྱོང་སྡེ་ཚན་དང་། རིག་གཞུང་སྡེ་ཚན་གཉིས་ཡོད་ཅིང་། འཛིན་སྐྱོང་ཁོངས་སུ་དབུས་འཛིན་སྐྱོང་དང་། དངུལ་རྩིས་སྡེ་ཚན། ཡན་ལག་སྤྱི་ཁྱབ་ཡིག་ཚང་སྡེ་ཚན་གཉིས་ཡོད། ཁོ་མོའི་ལས་ཡུན་རིང་ཡན་ལག་སྤྱི་ཁྱབ་ཡིག་ཚང་ཁོངས་སུ་ཡན་ལག་སྨན་ཁང༼༢༦༽ཡོད། དབུས་འཛིན་སྐྱོང་ལ་སློབ་ཡོན་འབྲེལ་མཐུད་ཚན་པ་དང་། གསར་འཕྲིན་ཚན་པ་གཉིས་ཡོད། རིག་གཞུང་སྡེ་ཚན་ལ། སྨན་རྩིས་མཐོ་སློབ་སྡེ་ཚན། སྨན་སྦྱོར་སྡེ་ཚན། སྐར་དཔྱད་རྩིས་རིག་སྡེ་ཚན་བཅས་གསུམ་ཡོད། སྐབས་དེར་དབུས་མ་ལག་དང་བཅས་པའི་ནང་དུ་སྔར་ཡོད་ལས་བྱེད་སྟེང་ལས་བྱེད་གསར་ཞུགས་བྱེད་མཁན་བརྒྱ་དང་ཉི་ཤུ་རྩ་བརྒྱད་འཛུལ་ཞུགས་བྱུང་ཡོད་པའི་ལས་བྱེད་གྲངས་ ༡༣༠ ཙམ་ཡོད་པ་བཞིན་འཛུལ་ཞུགས་ཀྱི་ལོ་དུས་སོགས་ལས་བྱེད་འཕོ་འགྱུར་སྐབས་སུ་གསལ་འགོད་ཞུས་ཡོད།
སྔར་བཞིན་བོད་གཞུང་སྨན་རྩིས་ཁང་ལ་བགྱིད་སྒོ་གང་མང་ཡོད་པའི་ནང་ནས་གཙོ་ཆེ་ཤོས་ནི་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་དབུ་ཁྲིད་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ྋསྐུའི་འཕྲོད་བཞེས་ལས་ལྷག་མེད་པ་བཞིན་ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་ལགས་དང་། བླ་སྨན་འཇམ་དབྱངས་བཀྲ་ཤིས་ལགས། བླ་སྨན་བློ་བཟང་དབང་རྒྱལ་རྣམ་གསུམ་ནས་ྋསྐུའི་འཕྲོད་བཞེས་ཀྱི་ཞབས་ཞུ་གང་ལེགས་ཞུས་ཡོད་པ་དང་། སྐར་རྩིས་སྡེ་ཚན་གྱི་རྩིས་རིག་སློབ་དཔོན་བྲག་མཐོན་བྱམས་པ་རྒྱལ་མཚན་ལགས་ཀྱིས་ལོ་རེའི་ྋསྐུའི་དགུང་ཀེག་ཀེག་རྩིས་སོགས་ཀྱི་ཞུ་སྒོ་མཐའ་དག་ཞུས།
ཕྱི་ལོ་ ༡༩༨༥ ལོར་ཁྱབ་ཁོངས་ངྷ་ས་སྟེང་ཤོད་ཡན་ལག་སྨན་ཁང་གཉིས་ཀྱིས་མཚོན་ཕྱོགས་མཐའི་ཡན་ལག་སྨན་ཁང་ཁག་ཏུ་ནད་པ་བསྟེན་གཏུགས་བྱེད་མཁན་རང་རེ་བོད་རིགས་དང་། ཕྱི་རྒྱལ་བ་རྒྱ་གར་སོགས་ལོ་དེའི་ནང་ནད་པ་གྲངས་ ༦༩༥༢༣ ལ་སྨན་པ་རྣམ་པས་བལྟ་རེག་དྲི་བ་གསུམ་གྱི་སྒོ་ནས་ནད་གཞི་ངོས་འཛིན་གྱིས་སྨན་ཐུན་གྲངས་ ༡༩༨༧༥༢༢ མཁོ་སྤྲོད་བྱས་ཡོད་ལ། དེའི་ནང་དུ་རང་གཞུང་གི་སྲི་ཞུ་ལས་བྱེད་དང་ཉམ་ཐག བྱ་བྲལ་བ། བོད་ནས་གསར་དུ་འབྱོར་བའི་ནད་པ་བཅས་སུ་རིན་མེད་སྨན་སྦྱིན་དང་། གྲྭ་བཙུན་སྔགས་གསུམ་དང་སློབ་ཕྲུག་བཅས་ལ་སྨན་རིན་ཕྱེད་བཅག་གནང་བར་བསྡོམས་སྒོར་ ༡༦༤༡༩༨།༤༠ བཏང་འདུག ལོ་འདིར་རྒྱ་གར་ས་གནས་ཁག་དང་ཕྱི་རྒྱལ་ཡུལ་གྲུ་ནས་སྦྲགས་ཁང་བརྒྱུད་དེ་སྨན་ཐུན་གྲངས་ ༥༥༡༣༥༢ མཁོ་སྤྲོད་གནང་ཐུབ་པ་བྱུང་འདུག
ཕྱི་ལོ ༡༩༨༦ ལོར་ཡང་འདི་ག་བཞུགས་སྒར་ངྷ་ས་སྟེང་ཤོད་སྨན་ཁང་གཉིས་ནས་ཕྱི་ནང་ནད་པ་མི་གྲངས་ ༣༨༦༨༨ ལ་སྨན་སོགས་སྤྲད་པ་རིན་བསྒྱུར་སྒོར་༡༤༤༢༦༩༧།༨༢ ཟིན་འདུག་པའི་ནང་རང་གཞུང་སྲི་ཞུའི་ལས་བྱེད་རྣམས་ལ་རིན་མེད་ཐོག་ཐེངས་༡༩༣༦ བརྟག་དཔྱད་སྨན་སྦྱིན་གནང་ཡོད་ཅིང་། གཞན་ཡང་ངྷ་ཤོད་ཡན་ལག་སྨན་ཁང་ཁོངས་ནད་གསོ་ཁང་དང་། རང་རིགས་དངོས་འབྲེལ་ཉམ་ཐག་དང་། བྱ་བྲལ་བ། བོད་ནས་གསར་འབྱོར་བཅས་ལ་སྨན་སྦྱིན་དང་། རིས་མེད་ཆོས་ལུགས་ཁག་གི་གྲྭ་བཙུན་སྔགས་གསུམ་དང་། སློབ་ཕྲུག་བཅས་ལ་སྨན་རིན་ཕྱེད་བཅག་ཞུས་པའི་རིན་བབ་སྒོར་ ༡༤༡༣༡༩།༧༠། སྔར་ལོ་དང་བསྡུར་ན་སྨན་སྦྱིན་ཧིན་སྒོར་ཉིས་ཁྲི་ཙམ་གྱིས་ཉུང་དུ་ཕྱིན་འདུག
ཕྱི་ལོ་ ༡༩༨༦ ལོར་ཁྱབ་ཁོངས་ཡན་ལག་སྨན་ཁང་ཁག་༼༢༣༽ལ་བསྟེན་གཏུགས་བྱེད་མཁན་གྱི་ནད་གྲངས་ཁ་གསལ་གྱི་ཡིག་ཆ་འཚོལ་རྙེད་མ་བྱུང་། ༡༩༨༧ ལོར་ཁྱབ་ཁོངས་ལག་སྨན་ཁང་ཁག་ལ་བསྟེན་གཏུགས་བྱེད་མཁན་ཕྱི་རྒྱལ་དང་རྒྱ་གར་བ་སོགས་ཀྱི་ནད་པ་གྲངས་ ༩༧༨༩༦ ལ་བལྟ་རེག་དྲི་བ་གསུམ་གྱི་སྒོ་ནས་བརྟག་དཔྱད་གནང་སྟེ་སྨན་ཐུན་གྲངས་ ༣༨༢༦༡༩༢ མཁོ་སྤྲོད་གནང་ཡོད་ཅིང་། དེ་བཞིན་དུ་བོད་གཞུང་སྲི་ཞུ་བ་དང་བོད་རིགས་ཉམ་ཐག བྱ་བྲལ་བ། བོད་ནས་གསར་འབྱོར་བཅས་ལ་སྔ་ཕྱིར་རིམ་པས་ཐེངས་ ༨༩༨༩༠ ལ་སྨན་སྦྱིན་དང་། རིས་མེད་དགེ་བཙུན་སྔགས་གསུམ་དང་སློབ་ཕྲུག་བཅས་ལའང་ཐེངས་ ༡༥༢༢༥ ལ་སྨན་སྦྱིན་ཕྱེད་བཅག་བཅས་ཀྱི་མ་གནས་བབ་སྒོར་ ༥༥༡༥༩༦ ཟིན་འདུག གཞན་ཡང་རྒྱ་གར་དང་ཕྱི་རྒྱལ་ཁག་ནས་སྦྲགས་ཐོག་བརྒྱུད་སྨན་བཏང་བ་ཐུན་གྲངས་ ༣༣༢༦༧༡ ལ་བབ་སྒོར་ ༥༦༣༦༨།༠༠ ཟིན་ཡོད་པས་སྔར་ལོ་ལ་བསྡུར་ན་ཇེ་མང་དུ་སོང་འདུག ༡༩༨༨ ལོར་ངྷ་ས་ཁུལ་གྱི་ཡན་ལག་སྨན་ཁང་གཉིས་གྱིས་གཙོས་ཡན་ལག་སྨན་ཁང་ཡོངས་ནས་ཕྱི་ནང་གི་ནད་པ་རྣམས་ལ་ཐེངས་ ༡༡༢༧༨༤ ལ་བོད་ལུགས་བརྟག་ཐབས་བརྒྱུད་ནས་ནད་བཅོས་གནང་ཡོད་ཅིང་། དེ་དག་ལ་སྨན་ཐུན་གྲངས་ ༥༢༡༣༩༡༢ མཁོ་སྤྲོད་བྱས་ཤིང་། སྔར་ལོ་ལྟར་རང་གཞུང་སྲི་ཞུ་པ་སོགས་ལ་རིན་མེད་སྨན་སྦྱིན་དང་། གྲྭ་བཙུན་སྔགས་གསུམ་སློབ་ཕྲུག་བཅས་ལ་ཕྱེད་བཅག་གིས་མི་གྲངས་སམ་ཐེངས་ ༡༠༨༢༡༣ ལ་སྨན་སྦྱིན་གནང་བའི་རིན་བསྒྱུར་སྒོར་ ༥༤༧༢༨༥།༠༠ ཟིན་འདུག་པས་སྔར་ལོའི་སྨན་སྦྱིན་སོགས་ཀྱི་དངུལ་བབ་དང་བསྡུར་ན་ཆིག་ཁྲི་ཙམ་ལས་ཉུང་དུ་སོང་འདུག་པ་བཅས་རྒྱུན་ལྡན་ལས་དོན་བྱེད་ཕྱོགས་ཀྱི་གནས་བབས་མདོ་ཙམ་མོ།།
ག༽གལ་ཆེའི་ལས་གཞི་ཁག
༡༽རིག་གཞུང་དང་འབྲེལ་བའི་སྐོར།
ཤེས་ཡོན་སློབ་གསོ་དང་འབྲེལ་བའི་ལས་གཞི་གལ་ཆེན་གང་མང་སྤེལ་བའི་ནང་ནས་ཕྱི་ལོ་ ༡༩༨༥ ལོར་ྋསྐྱབས་རྗེ་དིལ་འགོ་མཁྱེན་བརྩེ་རིན་པོ་ཆེ་གདན་ཞུས་ཀྱིས་གཡུ་ཐོག་སྙིང་ཐིག་གི་དབང་ཞུས། གཞན་ཡང་རྒྱུན་གཏན་སྨན་བླའི་ཆོ་ག་ཞུ་མུས་ཐོག་ལོ་འདིར་འབྲི་གུང་ཆེ་ཚང་རིན་པོ་ཆེ་དང་། ས་སྐྱའི་མཁན་རིན་པོ་ཆེ། རྣམ་གྲྭ་མཁན་རིན་པོ་ཆེ་བཅས་རིམ་པས་གདན་ཞུས་ཀྱིས་རབ་གནས་དང་། སྦྱིན་སྲེག་མཛད་པ། ལྷག་པར་ྋསྐྱབས་རྗེ་དིལ་འགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་ནས་སྨན་པ་དང་། སྨན་སློབ་རྣམས་ལ་རིན་ཆེན་བཙོ་བཀྲུའི་ཕྱག་བཞེས་དང་། གཡུ་ཐོག་སྙིང་ཐིག་གི་ལྗགས་ལུང་གནང་བ་སོགས་ཀྱི་བསྐལ་བཟང་གི་བགོ་སྐལ་ཐོབ། ལོ་དེར་དབུས་སྨན་རྩིས་ཁང་དུ་སྨན་པ་རྣམ་པ་དང་། རྩིས་པ་བཅས་བདུན་རེའི་རེས་གཟའ་པ་སངས་ཕྱི་དྲོ་འཆར་ཅན་ལ་ལྷན་འཛོམས་ཀྱིས་ཉམས་མྱོང་ངོ་སྤྲོད་དང་། རྒྱུད་གཞུང་སློབ་སྦྱོང་། དྲི་བ་དྲི་ལན་བཅས་ཀྱི་སློབ་སྦྱོང་གི་བྱེད་སྒོ་ཞིག་གསར་འཛུགས་གནང་བ་ད་ལྟ་ཡང་རྒྱུན་སྐྱོང་བྱེད་བཞིན་ཡོད།
མེ་སྟག་ཕྱི་ལོ་ ༡༩༨༦ ཙམ་ནས་བཟུང་སྟོད་མངའ་རིས་སྒར་དཔོན་གྱི་བླ་སྨན་ཟུར་པ་རོང་བྱམས་ཆེན་སྨན་པ་བློ་བཟང་ཚུལ་ཁྲིམས་སམ་བསྟན་འཛིན་དཔལ་མཆོག་༼ཨེམ་རྗེ་རྒྱ་བོ་ལགས༽མཆོག་གིས་གཙོ་འགན་བཞེས་ཏེ་ལྕགས་པོ་རི་སྨན་པའི་གྲོང་ཁྱེར་གྱི་ཕྱག་སྲོལ་ལྟར་གཡུ་ཐོག་སྙིང་ཐིག་གི་བླ་སྒྲུབ་བརྒྱུད་པའི་གསོལ་འདེབས་དང༌། ལས་བྱང་དཔག་བསམ་ལྗོན་ཤིང༌། དམ་ཅན་གྱི་མངོན་རྟོགས། བྱིན་རླབས་བླ་སྒྲུབ་ལས་རྩ་བ་གསུམ་གྱི་མདངས་བསྐང༌། ཆོས་སྐྱོང་གི་གསོལ་ཁ་མྱུར་མགྱོགས་གློག་གི་འོད་འབར་སོགས་དང༌། གཞན་ཡང་ཚོགས་མཆོད་འབུལ་རྒྱུའི་མཚོན་ཆོ་གའི་ལག་ལེན་དག་སྨན་རྩིས་མཐོ་སློབ་ཁང་གི་སློབ་མ་རྣམས་ལ་སྤེལ་གནང་མཛད་དེ་ཚེས་བཅུ་ནམ་འཆར་ལ་ཁོང་སྐུ་ངོ་མ་དབུ་བཞུགས་ཐོག་སློབ་མ་ཚང་འཛོམས་ཀྱིས་སྙན་པའི་དབྱངས་རྟ་དང༌། རོལ་མོའི་སྒྲ་སྙན་རབ་ཏུ་དཀྲོལ་བའི་སྒོ་ནས་སྨན་གྱི་ཆོ་གའི་སྒྲུབ་ཞག་ཚུལ་བཞིན་གནང་བའི་མགོ་ཚུགས། དེ་ལྟར་ཏིང་སྔགས་རྫས་གསུམ་གྱི་ནུས་པ་ཆེན་པོ་མེད་ནའང་སྐྱེས་ཆེན་དམ་པ་དག་གིས་ཇི་ལྟར་ཐུགས་སྨོན་དྲི་མ་མེད་པའི་སྒོ་ནས་ཆེད་རྩོམ་གནང་བའི་ཆོ་ག་ཆད་ལྷག་མ་ཤོར་བར་སྨན་སྒྲུབ་གནང་ཐུབ་བྱུང་ཚེ་རྟེན་འབྲེལ་ཆོས་ཉིད་ལས་སྨན་གྱི་ནུས་པ་མཐུ་ཆེན་དུ་འགྲོ་བའི་ཕན་ཐོགས་ཡོད་ངེས། དེ་ཡང་བོད་སྨན་ལ་གཞན་དང་མི་འདྲ་བའི་ཕན་རླབས་ཤིན་ཏུ་ཆེ་བར་བརྟེན་དེང་སང་ཡུལ་ཕྱོགས་གང་སར་སྨན་རྩིས་ཁང་ནས་ཐོན་པའི་སྨན་རྣམས་འཆི་མེད་རིལ་བུ་ལྟ་བུར་བརྩིས་ནས་ཡིད་ཆེས་བྱེད་པ་ཀུན་གྱི་མཐོང་ཆོས་ལྟར་ལགས་སོ།།
ཕྱི་ལོ་ ༡༩༨༧ ཟླ་༼ལོ་དེ་ནི་ཞི་བའི་དོན་ཚན་བཅུ་ཡོངས་བསྒྲགས་གནང་བའི་ལོ་དེ་ཡིན་ཞིང་།༽ ༧ ཚེས་ ༡༦ རེས་གཟའ་ཕུར་བུའི་ཉིན། དུས་སྦྱོར་དང༌། སྨན་དཔྱད་འཁོར་ལོ། བདུད་རྩི་ཐུན་མཚམས་བཅས་གཟའ་སྐར་དགེ་བའི་དུས་དང་བསྟུན་དབུ་འཛུགས་ཀྱིས་སྨན་སྦྱོར་འགན་འཛིན་སྨན་པ་བསྟན་འཛིན་རྣམ་རྒྱལ་ལགས་དང་འགན་འཛིན་ལས་རོགས་སྨན་པ་རྣམ་རྒྱལ་ཚེ་རིང་གཉིས་ཀྱི་གཟིགས་རྟོག་འོག་སྨན་པ་སྤེན་པ་ཚེ་རིང་ལགས་དང༌། སྨན་པ་བསྟན་འཛིན་བདེ་བྱེད་ལགས། གཞན་ཡང་སྨན་སྦྱོར་ལས་བྱེད་བརྒྱད་བཅས་ཁྱོན་བསྡོམས་སྨན་ལས་མི་གྲངས་བཅུ་གཉིས་ཀྱིས་ཟ་འཆིང་ཁམས་སོ་སོའི་བཙོ་སྲེག་ལེགས་བསྒྲུབས་དང༌། ཉེར་མཁོའི་སྟ་གོན་མཐའ་དག་འཐུས་ཚང་སྔོན་དུ་ཟིན་པའི་སྒོ་ནས་དངོས་གཞིའི་ཟླ་བ་གཅིག་ཙམ་གྱི་རིང་བཅུད་ཀྱི་རྒྱལ་པོ་དངུལ་ཆུ་བཙོ་བཀྲུ་ཆེན་མོ་ཐེངས་གཉིས་པ་དེ་བཞིན་ལམ་ལྷོང་དང་ལྡན་པའི་སྒོ་ནས་ལེགས་གྲུབ་བྱུང་བ་མ་ཟད། ཐེངས་འདིར་ལོ་ངོ་སྟོང་ལ་ཉེ་བའི་ལོ་རྒྱུས་ནང་ལྕི་བ་དང་སོལ་མེ་ཁོ་ནར་བརྟེན་ནས་དངུལ་ཆུ་བཙོ་སྦྱངས་བྱེད་པའི་ལོ་རྒྱུས་མཇུག་བསྒྲིལ་ཏེ་རླངས་ཞུན་ཐབ་ GAS བེད་སྤྱོད་ཚོད་ལྟ་གནང་བར་གྲུབ་འབྲས་ཐོན་པ་དེ་ནི་བོད་ཀྱི་གསོ་བ་རིག་པའི་མདུན་མཆོངས་ཆེན་པོ་ཞིག་དང་གསར་གཏོད་ཀྱི་རང་བཞིན་ཞིག་ལ་བརྩིས་ཆོག་ཅིང༌། དེས་ད་དུང་སྨན་ལས་པའི་ལས་ཆོད་དང་ཚད་ལྡན་ངོ་བོ་གཅིག་ཏུ་བརྟན་སྲུང་བྱེད་དགོས་པའི་མེ་ཤུགས་རྙོག་འཛིངས་ཀྱི་གནད་དོན་དེ་ཡང་སེལ་ཐུབ་པ་བྱུང་ཡོད། ལོ་འདིར་སྐབས་བདུན་པའི་སྨན་སློབ་གྲངས་ཉེར་གཉིས་སྔར་སྲོལ་བཞིན་རྒྱུགས་བཞེས་ཚོགས་ཆུང་ཟུར་འཛུགས་ཐོག་ཡིག་རྒྱུགས་ལམ་ནས་གཏན་སློབ་ཁག་དང༌། གྲྭ་བཙུན། ཧི་མ་ལ་ཡའི་མི་རིགས། བོད་ནས་གསར་དུ་འབྱོར་བ་བཅས་ཡོང་ཁུངས་འདྲ་མིན་ནས་བོད་ཡིག་ཨང་རིམ་རྩེ་བཏོག་གིས་བསྡུ་བཞེས་གནང༌།
ཕྱི་ལོ་ ༡༩༨༧ ཟླ་ ༣ ཚེས་ ༢༣ ཉིན་ཨེ་ཌ་ལིའི་མི་རིགས་ཡིན་པ་མིང་འདོན་འདོད་མེད་པའི་གཏོང་ཕོད་ཅན་ཞིག་ནས་སྦྱིན་བདག་གནང་བའི་སྨན་རྩིས་མཐོ་སློབ་ཐོག་ཁང་ཆེན་མོ་གསར་རྒྱག་ལེགས་གྲུབ་ཟིན་པའི་དབུ་འབྱེད་མཛད་སྒོའི་གཙོ་མགོན་དུ་ྋགོང་ས་ལྷ་མིའི་རྣམ་འདྲེན་ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དེ་སྔོན་ནས་གསོལ་བ་བཏབ་པ་ལྟར་བཀའ་བཞེས་བཟང་པོ་སྤྱི་བོའི་རྒྱན་དུ་སྨིན་ཏེ་ྋཆིབས་བསྒྱུར་བཀའ་དྲིན་ལེགས་པར་བསྐྱངས། བརྗིད་ཉམས་ལྡན་པའི་མཛད་སྒོ་དེར་ྋགོང་ས་མཆོག་དབུ་བཞུགས་ཐོག རང་གཞུང་བཀའ་བློན་རྣམ་པ་དང༌། སྤྱི་འཐུས་རྣམ་པ། གཞན་ཡང་དམིགས་བསལ་གདན་ཞུས་བྱས་པའི་གནད་ཡོད་མི་སྣ་ཁག་བཅས་གྲལ་བསྟར་བཞུགས་གྲལ་འཁོད་མཚམས། སྨན་རྩིས་ལས་སློབ་ཡོངས་ནས་རྒྱལ་བའི་གསོལ་འདེབས་སོགས་སྙན་པོའི་དབྱངས་རྟ་ལ་དྲངས་ཏེ་འདོན་བསྐུལ་དང་འབྲེལ་འབྲས་བསིལ་འདེགས་འབུལ་ཞུས། དེ་ནས་མཛད་རིམ་ལྟར་སྐབས་དེའི་བཀའ་བློན་ཁྲི་བ་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་ནས་སྐུའི་བླ་སྨན་རྣམ་གཉིས་ལ་འཚོ་བྱེད་སློབ་དཔོན་ཆེན་མོའི་ཕྱག་འཁྱེར་དང༌། སྐབས་གསུམ་པ་ཡན་གྱི་སྨན་པ་རྣམས་དང་སྨན་རྩིས་པ་རྒན་གྲས་ཚོར་སྨན་རམས་པ་དང་རྩིས་རམས་པ་ཆེ། འབྲིང༌། ཆུང་གསུམ་གྱི་ཕྱག་འཁྱེར་སྩལ། དེ་བཞིན་སྐབས་ལྔ་བའི་སློབ་ཐོན་སྨན་པ་རྣམས་ལ་དཀའ་བཅུ་བའི་ཕྱག་འཁྱེར་གསོལ་རས་བསྩལ་པ་གྲུབ་མཚམས། ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་མ་འོངས་ལམ་སྟོན་གྱི་བཀའ་སློབ་ཟབ་མོ་དང་སྦྲགས་གསུངས་དོན། དེང་སང་འཛམ་གླིང་ནང་བོད་ཀྱི་བཅུ་ཕྲག་རིག་པ་ལས། ནང་དོན་རིག་པ་དང་གསོ་བ་རིག་པ་གཉིས་ཀྱིས་མི་མང་པོར་ཕན་ཐོགས་ཡོང་གི་ཡོད་པར་བརྟེན་ཕལ་ཆེ་བས་དེ་གཉིས་ལ་དོ་སྣང་བྱེད། མི་སུ་འདྲ་ཞིག་ཡིན་ཀྱང་ལུས་ཀྱི་བདེ་སྡུག་དང༌། སེམས་ཀྱི་བདེ་སྡུག་ཁག་གཉིས་ཡོད། གསོ་བ་རིག་པས་ལུས་པོ་བདེ་ཐང་བཟོ་བ་དང༌། ནང་དོན་རིག་པས་སེམས་ལ་ཞི་བདེ་བཟོ་གིན་ཡོད་པས་རིག་གནས་དེ་གཉིས་ལ་མདུན་ལམ་ཆེན་པོ་ཡོད་ཅེས་དང༌། ཡང་ཁྱེད་ཚོ་ཚང་མས་ལྷག་བསམ་རྣམ་དག་གི་སྒོ་ནས་ཞུམ་མེད་ཀྱི་སྙིང་སྟོབས་བསྐྱེད་དེ་ཧུར་ཐག་བྱ་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན། ནད་པར་བལྟ་སྐབས་ཀྱང་ཕན་པའི་བསམ་པའི་ཐོག་ནས་བལྟ་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན། ཕན་པའི་བསམ་པ་དེ་མིག་གིས་མཐོང་རྒྱུ་མེད་ན་ཡང་ཕན་སེམས་དེའི་ནུས་པའི་ཐོག་ནས་ཕན་ཐོགས་ཆེ་བ་ཡོང་གི་ཡོད།
ཕན་སེམས་ནི་མི་ཚེའི་སྙིང་པོ་དང༌། བདེ་སྐྱིད་ཀྱི་རྩ་བ་ཡིན་ལ། མཐའ་མ་མི་ཚེ་རྫོགས་པའི་སྐབས་ཀྱང་བློ་བདེ་པོའི་ངང་ནས་འགྲོ་རྒྱུ་ཡིན། ལྷག་པར་དུ་ཡང་ཁྱེད་རང་སྨན་པ་ཚོས་དེ་འདྲའི་ལྷག་བསམ་གྱིས་ཀུན་ནས་བསླངས་ཏེ་ནད་པར་ལྟ་སྐྱོང་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་ཡིན་ཞེས་པ་སོགས་གསུང་གི་བདུད་རྩི་བསྩལ་གནང་བ་དང༌།
དེ་རྗེས་ཉིན་ཤས་རིང་སྔོན་འཆར་མཛད་རིམ་ལྟར་བོད་ཀྱི་གསོ་བ་རིག་པའི་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ་གོ་སྒྲིག་ཞུས་ཏེ། སྨན་རྩིས་ལས་སློབ་ཡོངས་དང་ཕྱི་ནང་ཡུལ་གྲུ་སོགས་ཕྱོགས་གང་ས་ནས་སྨན་པ་མཁས་པ་མི་ཉུང་བ་ཚོགས་ཞུགས་གནང་སྟེ་སྨན་པ་སོ་སོའི་ཉམས་མྱོང་གི་དཔྱད་རྩོམ་ཚོགས་ཐོག་ཏུ་སྒྲོག་སྦྱངས་དང་། བགྲོ་གླེང༌། དོགས་གཅོད་སོགས་ལྷུག་པོར་གནང་བ་སོགས་མཛད་རིམ་ཁག་སྔོན་འཆར་ལྟར་ལེགས་གྲུབ་བྱུང་བ་མ་ཟད་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པ་བྱུང་།
༼དོན་དངོས་སྨན་སྦྱིན་སློབ་ཁང་གསར་འཛུགས་གནང་བའི་ཟླ་ཚེས་གཞིར་བཟུང་གིས་སྨན་རྩིས་ཁང་དབུ་བརྙེས་པའི་ལོ་ཟླ་ཚེས་གྲངས་ནི། ཕྱི་ལོ་ ༡༩༦༡ ཟླ ༩ ཚེས ༡༡ཡིན་ནའང་། ༽ ལོ་ ༡༩༨༧ ཟླ་ ༣ ཚེས་ ༢༣ ཉིན་དང་བསྟུན་ཐེངས་འདིའི་མཛད་སྒོར་ཕྱོགས་མཐའ་ཁག་ནས་ཕེབས་པའི་སྨན་པ་མང་པོ་ལྷན་འཛོམས་ཀྱིས་གསོ་རིག་བགྲོ་གླེང་ཚོགས་ཆེན་ཚོགས་ཐེངས་དང་པོ་བསྐྱངས་པ་སོགས་ཀྱི་ལོ་རྒྱུས་ཀྱི་རང་བཞིན་དང་གཟི་བརྗིད་ལྡན་པ་བྱུང་བ་བཅས་ལ་བརྟེན་ཉིན་དེ་ནི་འཕགས་ཡུལ་འགྲོ་ཕན་སྨན་རྩིས་ཁང་དབུ་བརྙེས་པའི་ཉིན་མོར་གཏན་འབེབས་ཀྱིས་ལོ་ལྟར་སྲུང་བརྩི་ཞུ་མུས་ཡིན། སྐབས་དེ་ནས་སྨན་རྩིས་རིག་གཞུང་ལ་ཡིད་ཆེས་དང་དད་གུས་ཡོད་པའི་མི་སྣ་རྣམས་སྨན་རྩིས་ཁང་གི་མི་འབོར་ཁོངས་ཚོགས་ཞུགས་ཀྱིས་རིག་གཞུང་དར་སྤེལ་གྱི་ལས་གཞི་ཞིག་སྤེལ་བ་བཞིན་ཕྱི་ལོ་ ༡༩༨༥ ལོར་ཕྱི་རྒྱལ་བ་མི་གྲངས་ ༩༡ དང་། རྒྱ་གར་བ་མི་གྲངས་ ༥༧ བཅས་མི་གྲངས ༡༤༨ བྱུང་ཞིང་། ༡༩༨༦ ལོར་དམིགས་ཚོགས་ཞུགས་པ་དུ་བྱུང་གི་ཡིག་ཆ་མི་གསལ་ཡང་། ༡༩༨༧ ལོར་རྒྱ་གར་དང་ཕྱི་རྒྱལ་བ་བཅས་མི་གྲངས་ཉིས་བརྒྱ་ཙམ་སྨན་རྩིས་ཁང་གི་ཚོགས་མིར་ཞུགས་ཡོད་པ་དང་། ལོ་དེ་ནི་ྋགོང་ས་མཆོག་ནས་ཞི་བའི་དོན་ཚན་བཅུ་ཡོངས་ཁྱབ་གསལ་བསྒྲགས་གནང་བའི་ལོ་ཡིན་པ་མ་ཟད། བོད་ཀྱི་རྒྱལ་ས་ལྷ་ས་ནས་ཞི་བའི་གྱེན་ལངས་ཐེངས་དང་པོ་གནང་བའི་དུས་སྐབས་ཤིག་ཀྱང་ཡིན་པར་བརྟེན་བོད་ཀྱི་གནད་དོན་འཛམ་གླིང་དང་རྒྱལ་སྤྱིའི་ཐོག་སྔར་ལྷག་ལས་ཡོངས་གྲགས་དང་རྒྱལ་སྤྱི་ཅན་དུ་འགྱུར་བའི་དུས་ཚིགས་ཤིག་ཀྱང་ཡིན།
ཕྱི་ལོ་ ༡༩༨༨ ལོར་སྨན་རྩིས་ཡར་རྒྱས་ལ་དམིགས་པའི་རྒྱབ་སྐྱོར་ཚོགས་ཞུགས་ཀྱི་ལས་འགུལ་ནང་ཕྱི་རྒྱལ་བ་ ༡༠༠ དང་རྒྱ་གར་བ་ ༣༩ གསར་ཞུགས་གནང་འདུག་པ་དེ་དག་གིས་ཀྱང་སྨན་རྩིས་རིག་གཞུང་ལ་ཕན་འབྲས་མི་དམན་ཙམ་བྱུང་ཡོད་ངེས།
༢༽ཕྱིའི་འཛུགས་སྐྲུན་སྐོར།
ཕྱི་ལོ་ ༡༩༨༦ ཙམ་ནས་འབྲུག་ནས་འབྱོར་བའི་བོད་མི་བཙན་བྱོལ་བ་རྣམས་ལ་རང་གཞུང་ནས་གསར་རྒྱག་བྱས་པའི་ཌེ་ར་ཌུུན་བདེ་སྐྱིད་གླིང་གཞིས་ཆགས་སུ་ཡན་ལག་སྨན་ཁང་ཞིག་གསར་འཛུགས་དབུ་འབྱེད་བྱས།
ཕྱི་ལོ་ ༡༩༨༧ ལོར་སྦིར་དང༌། ལ་དྭགས་ཅོག་ལམ་སར། བལ་ཡུལ་ཆ་ཏར་པ་ཌེ། ཀོ་ལླེ་གལ། མཱ་ན་ལི་བཅས་སུ་ཡན་ལག་སྨན་ཁང་རེ་གསར་འཛུགས་ཐུབ་པ་བྱུང་ཡོད་པ་དང་། ཕྱི་ལོ་ ༡༩༨༨ ལོར་སྒང་ཏོག་དང་། བྷུབ་ནེ་ཤྭར། བྷན་དྭ་ར། དི་ལླིི་བོད་སྒར། པོན་ཌ་བཅས་སུ་ཡན་ལག་སྨན་ཁང་ལྔ་གསར་འཛུགས་གནང༌ཐུབ་པ་བྱུང་པས་ད་ལྟའང་སྨན་ཁང་དེ་དག་གཞི་རྐང་བརྟན་པོར་གྱུར་ཏེ་ས་གནས་མང་ཚོགས་ཀྱི་འཕྲོད་བསྟེན་ཞབས་ཕྱི་གང་ལེགས་ཞུ་བཞིན་ཡོད། མེ་ཡོས་ཕྱི་ལོ་ ༡༩༨༧ ཟླ་ ༣ ཚེས་ ༢༣ ཉིན། ཨེ་ཊ་ལིའི་མི་རིགས་ཤིག་ནས་སྦྱིན་བདག་གནང་བའི་སྨན་རྩིས་མཐོ་སློབ་ཐོག་ཁང་ཆེན་མོ་གསར་རྒྱག་ལེགས་གྲུབ་བྱུང་།
དབུ་འཛིན་སྟག་ལྷ་རྣམ་རྒྱལ་ལྷ་མོ་ལགས་དང་། སྨན་སྦྱོར་འགན་འཛིན་སྨན་པ་བསྟན་འཛིན་རྣམ་རྒྱལ་ལགས། སྨན་པ་རྣམ་རྒྱལ་ཚེ་རིང་བཅས་རྒྱ་གར་གྲོང་ཁྱེར་ཆེ་ཤོས་བོམ་བེེ་རུ་སྨན་སྦྱོར་ཁང་ལ་མཁོ་གལ་ཆེ་བའི་འཕྲུལ་ཆས་འགའ་དང་། སྨན་རྒྱུ། སྔོ་སྨན་བཅས་ཉོ་བར་ཕེབས་པའི་ཞར་ལ་ཕྱི་ལུགས་སྨན་སྦྱོར་བཟོ་གྲྭ་ Hoechst Pharmaceutical Co. Ltd ཞེས་པར་གཟིགས་སྐོར་དུ་ཕེབས་ཏེ་འཕྲུལ་ཆས་ཁག་གི་རིན་བསྡུར་སྔོན་རྩིས་བླང་བས་ཕྱིས་སུ་སྟབས་བདེ་བསྐྲུན།
ལོ་དེར་གསར་ཉོ་ཞུས་པའི་འཕྲུལ་ཆས་གཉིས་དང་རིལ་བུའི་ཕྱི་ཤུན་འཐུམ་རྒྱག་གི་འཕྲུལ་ཆས་ཆེ་བ་བཅས་ཉོས་པས་སྔར་ལས་ཕན་རླབས་རྒྱ་ཆེར་བྱུང་། ྋགོང་ས་མཆོག་ནས་དུས་རྟག་ཏུ་བོད་ལུགས་གསོ་རིག་གི་རིན་ཐང་དེས་སྐྱེ་འགྲོ་མང་པོའི་འཕྲོད་བཞེས་ཞབས་འདེགས་གང་མང་ཞུ་ཐུབ་པའི་ཐུགས་རེ་གནང་དོན་ལྟར་ཕྱི་ལོ་ ༡༩༨༨ ལོར་༼ལོ་དེ་ནི་སུད་སི་སི་བྷག་གི་གྲོས་འཆར་ཡོངས་བསྒྲགས་གནང་བའི་ལོ་དེ་ཡིན།༽རྒྱ་གར་རྒྱལ་ས་དི་ལླིར་སྨན་སྦྱོར་ཁང་ཞིག་དང་། དམིགས་བསལ་འབྲས་ནད་པའི་སྨན་ཁང་ཞིག་བཅས་གསར་རྒྱག་གི་ལས་འཆར་ཐད་ཐབས་འཚོལ་གང་ཐུབ་ཞུས་ཡོད་མོད་དཀའ་ངལ་སྣ་ཚོགས་ཀྱི་རྐྱེན་གྱིས་ལས་གཞི་དེ་དག་ལེགས་གྲུབ་བྱུང་མེད། ཡིན་ནའང་དི་ལླིིར་ནི་ཛ་མུ་དིན་ཡན་ལག་སྨན་ཁང་གི་ལས་འཆར་སྔ་ལོ་ནས་ཡོད་པ་དེ་ལེགས་གྲུབ་བྱུང་སྟེ་ད་ལྟ་ཡན་ལག་སྨན་ཁང་ཆེ་ཤོས་དང་གལ་གནད་ཅན་གྱི་སྨན་བཅོས་བྱེད་ཡུལ་ཞིག་ཏུ་གྱུར་ཡོད། སྔར་ནས་འཆར་ལོའི་ནང་ཤྲི་ནགར་དང་། ཏི་ཛུ། མེན་པཌ། ལ་དྭགས་བྱང་ཐང་། ལ་དྭགས་ཟངས་དཀར་བཅས་སུ་ཡན་ལག་སྨན་ཁང་གསར་རྒྱག་གི་ལས་གཞི་མགོ་འཛུགས་ཞུས་ཤིང་། ཕྱི་ལོ་ ༡༩༨༨ ལོར་བྷ་དཱ་ར་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་དང༌། ཅག་ར་ཏཱ་དྭང་སློབ། དི་ལླིའི་མཇ་ནུ་ཀྲི་ལ། པོན་ཊ་བཅས་ས་ཁུལ་བཞི་ལ་ཡན་ལག་སྨན་ཁང་གསར་འཛུགས་བྱས། དེ་བཞིན་རྒྱ་གར་གྱི་བྱང་ཤར་ཁུལ་དུ་ཡོད་པའི་གྲོང་ཁྱེར་ཆེན་པོ་ཀལ་ཀཏ་ཏ་དང༌། ཨ་རུ་ན་ཅཱལ་མངའ་སྡེའི་ནང་ཡོད་པའི་ཏི་ཛུ་དར་རྒྱས་གླིང་བཅས་སུ་མང་ཚོགས་ཀྱི་འཕྲོད་བསྟེན་དགོས་མཁོ་ལྟར་ཡན་ལག་སྨན་ཁང་གསར་འཛུགས་བཅས་ཕྱིའི་ལས་གཞི་འཛུགས་སྐྲུན་སྐོར་གྱི་བྱུང་བ་མདོ་ཙམ་མོ།།
༣༽སྨན་སྐོར་དང་ཚོགས་ཞུགས་ཚོགས་སྐོང་།
ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་ལྟར་བོད་གཞུང་སྨན་རྩིས་ཁང་ནས་ཕྱི་ནང་གི་ནད་མནར་སྐྱེ་འགྲོ་ཀུན་ལ་བོད་ལུགས་གསོ་བ་རིག་པའི་སྒོ་ནས་ཞབས་འདེགས་ཞུ་རྒྱུའི་ལྷག་བསམ་སྙིང་བཅངས་ཀྱིས་ཡན་ལག་སྨན་ཁང་ཡོད་ས་ཙམ་མ་ཡིན་པར་ཡན་ལག་སྨན་ཁང་མེད་སའི་ས་གནས་ཁག་དང་། ཕྱི་རྒྱལ་ཡུལ་གྲུ་མང་པོར་སྨན་སྐོར་སྨན་བཅོས་ཀྱི་ལས་རིམ་ལོ་ལྟར་རྒྱུན་མ་ཆད་པར་ཡོད་མུས་བཞིན།
ཕྱི་ལོ་ ༡༩༨༥ ལོར་ཡན་ལག་སྨན་ཁང་མེད་པའི་ས་གནས་ཁག་ལ་འཕྲོད་བསྟེན་ཞབས་ཞུའི་སླད་སྨན་པ་ཆེད་རྫོང་བྱས་ཏེ་རྡོར་གདན་དང་། མེན་པཌ། བྷན་དཱ་ར། ཀུ་ལུ། གར་ཤ བོམ་བེེ་སོགས་རྒྱ་གར་ས་གནས་ ༡༠ དང་སུ་ཛར་ལནཌ་བཅས་པར་ནད་པ་མི་གྲངས་ ༩༨༠༣ ལ་བརྟག་དཔྱད་སྨན་བཅོས་གནང་། ཕྱི་རྒྱལ་ཁག་གིས་འདི་གའི་སྨན་པ་གདན་ཞུས་ལྟར་ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་མཆོག་ལོའི་དེའི་ཕྱི་ཟླ་༧ པའི་ནང་ྋགོང་ས་མཆོག་གི་ཆིབས་ཞབས་སུ་སུད་སིར་དུས་འཁོར་དབང་ཆེན་ལ་ཕེབས་པའི་དུས་ཡུན་ནང་ཕྱི་རྒྱལ་མི་གྲངས་བཞི་སྟོང་འཛོམས་པའི་སར་བོད་ལུགས་གསོ་རིག་གི་སྐོར་ལ་གསུང་བཤད་དང་དྲི་བ་དྲིས་ལན་གནང་བ་མ་ཟད། ནད་པ་བསྟེན་གཏུགས་བྱེད་མཁན་རྣམས་མཚན་གྱི་ཆུ་ཚོད་ ༡༢ བར་དུ་རྒྱུན་མ་ཆད་པར་བྱུང་ཡོད་ཅིང་། དེ་བཞིན་དུ་སུ་ཛར་ལནཌ་ས་གནས་སིན་ཌ་ལ་ཀན་དུ་ཕྱི་རྒྱལ་མི་སྣ་སུམ་སྟོང་དང་མཉམ་དུ་བདུན་ཕྲག་གཅིག་གི་རིང་བོད་ཀྱི་གསོ་རིག་ནང་ཚན་རྒྱུ་ལམ་བུ་གའི་གནས་ལུགས་སྐོར་ལ་གསུང་བཤད་དང་དྲི་བ་དྲིས་ལན་སོགས་གནང་བ་མ་ཟད། ཛ་དྲག་གི་ནད་པ་གསུམ་ལ་བལྟ་རེག་གི་སྒོ་ནས་ནད་ངོ་ཇི་བཞིན་ངོས་འཛིན་གནང་བར་ཚོགས་བཅར་བ་ཚང་མ་ངོ་མཚར་ཞིང་ཡིད་ཆེས་ཆེན་པོ་སྐྱེ་ཡུལ་དུ་གྱུར་བ་མ་ཟད། ཚོགས་བཅར་གྱི་མི་མང་ཆེ་བས་ཁ་གཅིག་གྲག་གིས་སླད་ཕྱིན་ཁོང་ཚོས་རྫས་སྦྱོར་སྨན་བརྟེན་གཏུགས་མི་བྱེད་པར་བོད་སྨན་རག་ཐབས་སྐོར་སྐོམ་པ་ཆུ་འདོད་ལྟ་བུའི་རེ་འདོད་ཡོད་པར་བཤད།
དེ་བཞིན་ལོ་དེའི་ཕྱི་ཟླ་ ༡༢ ནང་གནས་མཆོག་རྡོ་རྗེ་གདན་དུ་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་བཀའ་དྲིན་ཆེ་སྐབས་ཆོས་ཞུ་བ་སུམ་འབུམ་ཙམ་བྱུང་བའི་འཕྲོད་བསྟེན་བདག་གཅེས་ལ་དམིགས་ཏེ་སྨན་ཁང་ཁག་གསུམ་ཆེད་འཛུགས་ཀྱིས་ཕྱི་ནང་མི་རིགས་ནད་པ་ཉིས་ཁྲི་ཆིག་སྟོང་སུམ་བརྒྱ་ལྷག་ལ་སྨན་བཅོས་ཀྱི་ཞབས་ཞུ་ཞུས། ཕྱི་ལོ་ ༡༩༨༦ ཟླ་ ༡༡ ནང་གདན་ཞུས་ལྟར་དིལླི་ཡན་ལག་སྨན་ཁང་གི་སྨན་པ་རྟ་མགྲིན་ལགས་སུ་ཛར་ཕེབས་ཏེ་བོད་སྨན་སློབ་སྦྱོང་ཚོགས་པའི་སྨན་ཁང་དུ་ནད་པར་བལྟ་རེག་གིས་སྨན་བཅོས་ཉམས་ཞིབ་དང་། རང་རིགས་གཞིས་ཆགས་སུ་བསྐོར་སྐྱོད་སྨན་བཅོས་གནང་བར་ཕན་ནུས་གང་ཆེ་བྱུང་།
ཕྱི་ལོ་ ༡༩༨༦ ལོར་འདི་གའི་སྨན་སྦྱོར་སྨན་པ་བསྟན་འཛིན་རྣམ་རྒྱལ་ལགས་དང་། སྨན་པ་རྣམ་རྒྱལ་ཚེ་རིང་ལགས། འགན་འཛིན་སྟག་ལྷ་རྣམ་རྒྱལ་ལྷ་མོ་ལགས་བཅས་བོམ་བེེ་རུ་སྨན་སྦྱོར་ཁང་གི་འཕྲུལ་ཆས་དང་། ཁྲོག་སྨན་དང་སྔོ་སྨན་སོགས་ཉོ་བར་ཕེབས་སྐབས་ཉིན་གཅིག་རིང་ Hoechst སྨན་སྦྱོར་བཟོ་གྲྭའི་འཛིན་སྐྱོང་ལྷན་ཚོགས་དང་འཇལ་འཕྲད་གནང་། སྐབས་དེར་ Hoechst སྨན་སྦྱོར་བཟོ་གྲྭའི་འགན་འཛིན་ Mr. E. Baltin མཆོག་ནས་ཐུགས་ཁུར་ཆེ་བཞེས་ཀྱིས་སྨན་སྦྱོར་འགན་འཛིན་ Dr. Kalgutkar ལ་བཀའ་མངགས་གནང་བ་བཞིན་སྨན་གྱི་བཟོ་གྲྭ་དེར་གཟིགས་སྐོར་དུ་འཁྲིད་གནང་བ་དང་། ཁོང་ཚོའི་སྨན་སྦྱོར་ཉམས་ཞིབ་པ་རྣམས་དང་འཇལ་འཕྲད་ཀྱིས་སྔོ་སྨན་མཁོ་སྒྲུབ་གནང་བ་རྣམས་ལ་གཟིགས་ཞིབ་དང་འབྲེལ་ཤེས་བྱ་བརྗེ་རེས་དང་། མ་འོངས་པར་མུ་མཐུད་དེ་འབྲེལ་བ་དམ་ཟབ་གནང་རྒྱུའི་རེ་བ་ཞུས་པ་བཞིན་དུས་ཡུན་གང་འཚམས་རིང་འབྲེལ་བ་བྱུང་འདུག།
ཕྱི་ལོ་ ༡༩༨༦ ལོར་དབུས་སྨན་རྩིས་ཁང་ནས་རྒྱ་གར་བོམ་བེེ་དང་། ཀལ་ཀཏ་ཏ། བྷན་དཱ་ར། མན་པཌ། རྡོར་གདན། ཏི་ལོ་པུར་སོགས་ལ་བསྐོར་བསྐྱོད་ཞུས་པར་ནད་པ་བསྟེན་གཏུགས་བྱེད་མཁན་རྣམས་ལ་སྨན་ཐུན་གྲངས ༧༣༣༣༠༥ མཁོ་སྤྲོད་ཞུས་པའི་རིན་བབ་སྒོར་ ༡༦༧༠༨༨།༠༠ བྱུང་བའི་ཁོངས་ནས་རིན་མེད་སྨན་སྦྱིན་གནང་དགོས་པའི་ནད་པ་ཡང་གང་འཚམས་བྱུང་འདུག་ལ། སྨན་སྦྱིན་བབ་སྒོར་ ༤༡༨༨།༥༠ ཙམ་ཟིན། དེ་བཞིན་ལོ་དེའི་ཟླ ༧ པའི་ནང་སློབ་སྤྱི་པ་སངས་ཡོན་ཏན་གར་ཞའི་རིག་གཞུང་དང་འབྲེལ་བའི་རིག་གནས་ལྔའི་ཚོགས་འདུར་མགྲོན་བརྡ་འབྱོར་བ་ལྟར་ཆེད་ཞུགས་མཁས་དབང ༤༠ ཙམ་ཕེབས་པའི་ཐོག་གསོ་རིག་གི་བགྲོ་གླེང་ལེགས་པར་གནང་བ་དང་། དེ་བཞིན་ཕྱི་ཟླ ༧ ནང་ལ་དྭགས་སྨན་གྱི་ཚོགས་འདུར་གདན་ཞུས་ལྟར་སིམ་ལ་ཡན་ལག་སྨན་པ་བསོད་ནམས་ལྷ་མོ་ཆེད་ཕེབས་ཀྱིས་སྐྱ་རྦབ་ནད་བཅོས་སྐོར་གྱི་དོགས་འདྲིར་ལན་འདེབས་འགྲེལ་བརྗོད་དང་བོད་ཀྱི་གསོ་རིག་ལྟ་གྲུབ་ལས་འཕྲོས་པའི་ཕན་ནུས་སོགས་ཀྱི་སྐོར་ལ་གཏམ་བཤད་གནང་།
གཞན་ཡང་ལོ་འཁོར་དེའི་ནང་ཕྱི་རྒྱལ་ཁག་གི་གདན་ཞུ་དང་། འདི་གའི་ཡན་ལག་སྨན་ཁང་མེད་པའི་ས་གནས་ཁག་ལ་འཕྲོད་བསྟེན་ཞབས་ཞུའི་སླད་འདི་ནས་སྨན་པ་ཆེད་བརྫོང་བྱས་པ་རྡོར་གདན་དང་། ཝར་ཎ། བོམ་བེེ། སིམ་ལ། མན་པཌ་སོགས་རྒྱ་གར་ས་གནས་ ༡༥ དང་། ཕི་རཱན་སི། ནོར་ཝེ། སཱི་ཌེན། ཌེན་མཱརྐ། ཕིན་ལན་ཌ་བཅས་ཕྱི་རྒྱལ་རྒྱལ་ཁབ་ ༥ ལ་བརྟག་དཔྱད་སྨན་བཅོས་གནང་བར་ཕེབས། རྒྱལ་ཁབ་དེ་ཚོའི་ནང་ནད་རིགས་འདྲ་མིན་དང་། ལྷག་པར་ཕྱི་ལུགས་བཅོས་ཐབས་ཀྱིས་ཕན་འབྲས་མ་བྱུང་བའི་ནད་པ་ཁག་ལ་སྨན་བཅོས་ཕན་འབྲས་གཟེངས་སུ་ཐོན་པ་བྱུང་། ྋསྐུའི་བླ་སྨན་རྣམ་གཉིས་གོང་གསལ་ཕྱི་རྒྱལ་ཁག་ལ་ཕེབས་སྐབས་སྨན་རིན་སོགས་ཡོང་འབབ་སྒོར་ ༡༦༥༢༡༢།༨༠ བྱུང་འདུག
ལོ་དེའི་ཟླ་བ་དགུ་པའི་ནང་བླ་སྨན་པ་བློ་བཟང་དབང་རྒྱལ་ལགས་དང་གསུང་བསྒྱུར་དགེ་བཤེས་ལྷག་རྡོར་ལགས་གཉིས་ Scandinavian རྒྱལ་ཁབ་ཁག་(ཡོ་རོབ་བྱང་མའི་རྒྱལ་ཁབ་ཁག་གི་སྤྱི་མིང) ཏུ་བརྟག་དཔྱད་སྨན་བཅོས་ཆེད་ཕེབས་ནས་རྒྱལ་ཁབ་དེ་དག་ཏུ་བོད་ཀྱི་གསོ་བ་རིག་པའི་ངོ་སྤྲོད་གསུང་བཤད་དང་ཟབ་སྦྱོང་སོགས་ཀྱང་གནང་བར་བརྟེན་དེ་དག་གི་མི་མང་ལ་ཕན་ཐོགས་གང་ལེགས་བྱུང་། དེ་བཞིན་དུ་ཟླ་བ་བཅུ་གཅིག་པའི་ནང་བླ་སྨན་པ་བློ་བཟང་དབང་རྒྱལ་ལགས་དང་། འགན་འཛིན་སྟག་ལྷ་རྣམ་རྒྱལ་ལྷ་མོ་ལགས། སྨན་པ་གཅུང་ལགས་ཡོན་ཏན་དང་སྨན་པ་རྣམ་རྒྱལ་ལགས་ཀྱིས་གཙོས་པའི་ལས་བྱེད་འགའ་ལྕམ་ཀུམ་ཀུམ་མི་ཏལ་ Mrs. Kum Kum Mittal གྱིས་གདན་འདྲེན་ཞུས་པ་བཞིན་རྒྱ་གར་གྲོང་ཁྱེར་ཀལ་ཀཏ་ཏ་རུ་སྨན་བསྐོར་དུ་ཕེབས་ནས་ནད་པ་གྲངས་ ༦༠༠ ལྷག་ལ་བརྟག་དཔྱད་སྨན་བཅོས་གནང་། ལོ་དེའི་ཟླ་ ༡༡ ནང་སུ་ཛར་ལན་ཌ་བོད་སྨན་སྦྱོང་མཁན་རུ་ཁག་ Studying Gruppe for Tibetan medizin/Zuricha ཀྱིས་གདན་འདྲེན་ཞུས་པ་བཞིན་སྨན་པ་ཚེ་དབང་རྟ་མགྲིན་ལགས་སུད་སིར་ཆེད་བཅར་གྱིས་རེ་འདུན་གང་ལེགས་བསྐངས།
ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་མཆོག་ཕྱི་ཟླ་ ༡༡ ནང་བཀའ་འབྲེལ་འོག་ཕི་རཱན་སིར་ཕེབས་ཏེ་གཙོ་བོ་བདུད་འཇོམས་རིན་པོ་ཆེའི་སྙུན་བབ་ལ་སྨན་བཅོས་གནང་བ་དང་། སྐབས་དེར་ཆོས་ཚོགས་ཁག་ལ་བོད་སྨན་ངོ་སྤྲོད་དང་སྦྲགས་ནད་པར་བརྟག་དཔྱད་སྨན་བཅོས་གནང་བས་ཕན་བསྐྱེད་གཟེངས་སུ་ཐོན་པ་བྱུང་། དེ་བཞིན་དུྋསྐུའི་བླ་སྨན་བློ་བཟང་དབང་རྒྱལ་མཆོག་གདན་ཞུས་ལྟར་དེ་ལོ་ཕྱི་ཟླ་ ༩ ནང་ནོར་ཝེ་དང་། སཱི་ཌེན། ཌེན་མཱརྐ། ཕིན་ལནཌ་བཅས་རྒྱལ་ཁབ་བཞི་ལ་ཕེབས་ཤིང་། ནོར་ཝེ་རྒྱལ་ས་ཨོ་སི་ལོའི་མཐོ་སློབ་ཆེ་ཤོས་སུ་མི་ ༣༠༠ ཉེ་བར་མིའི་ལུས་ཀྱི་གྲུབ་ཚུལ་དང་། ནད་ཀྱི་རྒྱུ་རྐྱེན། བོད་སྨན་གྱི་ལོ་རྒྱུས་སྐོར་ལ་གསུངས་བཤད་གནང་བ་དང་། རྒྱལ་ཡོངས་འཕྲོད་བསྟེན་ཁང་ཆེ་ཤོས་སུ་སེམས་ཀྱི་འཁྱེར་སོ་ལས་ནད་རིགས་འདྲ་མིན་བྱུང་ཚུལ་དང་། དེ་དག་བོད་སྨན་གྱི་བཅོས་ཐབས་སྐོར། རང་བཞིན་སྨན་གྱི་སྡེ་ཚན་ཞེས་རྫས་སྦྱོར་གྱི་སྨན་རྫས་ལ་ཡིད་མི་རྟོན་པའི་མཉམ་བཙུགས་སློབ་གྲྭར་ཉིན་གཉིས་རིང་རྩ་ཆུའི་བརྟག་པ། གཏར་སྲེག་གི་བཅོས་ཐབས། སྨན་རྫས་ཀྱི་ལོ་རྒྱུས་བཅས་ཀྱི་སྐོར་དོགས་གཅོད་དྲི་བ་ཁག་སོ་སོར་གསུང་བཤད་ལན་འདེབས་ལེགས་པར་གནང་། ལོ་འདིའི་ནང་ནད་གསོ་ཁང་དུ་ཉམ་ཐག་ནད་གཞི་ལྕི་རིགས་མི་གྲངས་ ༢༦ ཉར་འཇོག་བྱས་པ་རྣམས་ལ་སྨན་དང་འཚོ་གོས་གནས་མལ་ཡོད་ཚད་ནར་གཏོང་གནང་པས་ཕན་ཐོགས་སྔར་མེད་བྱུང་།
ཕྱི་ལོ་ ༡༩༨༧ ལོའི་ནང་ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་མཆོག་གིས་གཙོས་སྨན་པ་ཁག་ཅིག་ཕྱི་རྒྱལ་ཡུལ་གྲུ་མང་པོས་གདན་ཞུས་ལྟར་སྨན་བསྐོར་དུ་བསྐྱོད་ཡོད་ཅིང་། དེ་ཡང་ཨ་རིའི་ཧ་ཝཌ་གཙུག་ལག་སློབ་གཉེར་ཁང་དང་། ཝ་ཤིང་ཀྲན་རྒྱལ་ཡོངས་འཕྲོད་བསྟེན་ལྷན་ཁང་། ནེའུ་ཡོག་སྨན་ཁང་གི་ཉམས་ཞིབ་སྨན་པ་གྲགས་ཅན་མང་པོ་དང་མཇལ་འཕྲད་ཀྱིས་ཨེ་ཌས་ཞེས་པའི་སྐོར་ལ་གསུང་བཤད་གནང་པ་མ་ཟད་། ཨ་རིའི་ནང་གི་ཡུལ་གྲུ་གང་མང་དང་། ཕི་རཱན་སི། ཨིན་ལན། ཕིན་ལན་ཀྲི། ཌེན་མཱརྐ། ནོར་ཝེ། སཱི་ཌེན་སོགས་ལ་སྨན་བསྐོར་ནད་བཅོས་དང་འབྲེལ་འཕྲོད་བསྟེན་སློབ་གསོ། བོད་སྨན་གྱི་ལོ་རྒྱུས་དང་ཕན་ནུས་ངོ་སྤྲོད་གནང་བས་ཕན་ཐོགས་གང་ལེགས་བྱུང་།
དེ་བཞིན་དུ་ལོ་དེར་ྋསྐུའི་བླ་སྨན་བློ་བཟང་དབང་རྒྱལ་མཆོག་གིས་གཙོས་སྨན་པ་དང་གསུང་སྒྱུར་བ་སྐོར་ཞིག་ནོར་ཝེ་དང་ཌན་མག ཧོ་ལནཌ་བཅས་སུ་སྨན་བསྐོར་དུ་བསྐྱོད་དེ་ནད་པ་ལྔ་བརྒྱ་ལྷག་ལ་ནད་བཅོས་གནང་ཡོད་ཅིང་། ཁྱད་པར་ཨེ་ཌས་ནད་པ་ཁག་ཅིག་དང་དེང་དུས་གསོ་དཀའ་བར་གྱུར་བའི་ཀླད་རྩ་ཉམས་པའི་ནད་པ་སོགས་ལ་བོད་ལུགས་སྨན་བཅོས་གནང་སྟེ་ཕན་འབྲས་གང་ལེགས་བྱུང་པའི་གནས་ཚུལ་ཡུལ་ལུང་དེ་དག་གི་གསར་འགྱུར་བརྒྱུད་ལམ་ནས་བརྒྱུད་བསྒྲགས་གནང་པ་ལ་བརྟེན། བོད་ལུགས་གསོ་རིག་གི་ཁྱད་ཆོས་ལ་ཡིད་ཆེས་དང་དད་གུས་ཇེ་ཆེར་གྱུར་བ། དེ་དང་ཕྱོགས་མཚུངས་འཕྲོད་བསྟེན་སློབ་གསོ་རྒྱ་གང་ཆེ་གནང་བ་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་སྐབས་དེའི་ལས་བསྡོམས་ཡིག་ཆར་གསལ་འདུག་ཀྱང་རྒྱས་པར་དོགས་ནས་མ་བྲིས། གཞན་ཡང་ལོ་དེར་ཡན་ལག་སྨན་ཁང་མེད་པའི་གྲོང་ཁྱེར་དང་ས་གནས་རྡོར་གདན་དང་། བོམ་བེ། མན་པཌ། བྷན་དཱ་ར། མ་སུ་རི། རཱཇ་པུར། པོན་ཊ། ཧ་པུར། སྒང་ཏོག།ཏི་ཛུ། ཀལ་ཀཏ་ཏ། ཧ་ཝ་པུར་སོགས་སུ་སྨན་བསྐོར་སྨན་བཅོས་གནང་། ལྷག་པར་དུ་ཇར་མི་ནིར་ཕྷ་ཁྲའ་ཞེས་པས་གོ་སྒྲིག་ཞུས་པའི་རྒྱལ་ཁབ་ལྔ་ཡི་འགྲེམས་སྟོན་ནང་བོད་ལུགས་གསོ་རིག་འགྲེམས་སྟོན་གདན་ཞུས་ལྟར། འགན་འཛིན་སྟག་ལྷ་རྣམ་རྒྱལ་ལྷ་མོས་སྣེ་ཁྲིད་འོག་ཆེད་བཅར་གྱིས་བོད་སྨན་འགྲེམས་སྟོན་ཟབ་རྒྱས་གནང་པ་མ་ཟད་། རྒྱ་གར་ལྷོ་ཕྱོགས་པོན་ཌི་ཅེ་རི་སོགས་སུ་བོད་ཀྱི་བདུན་ཕྲག་ཅེས་པའི་འགྲེམས་སྟོན་ཐོག་བོད་སྨན་འགྲེམས་སྟོན་གནང་བ་དང་ཆབས་ཅིག་ནད་པ་དང་། མང་ཚོགས་ལ་བོད་ལུགས་གསོ་རིག་གི་སྟེང་ནས་ནད་འགོག་འཕྲོད་བསྟེན་སློབ་གསོ། གསུང་བཤད་གནང་བ་སོགས་ལོ་དེར་སྨན་སྐོར་སྨན་བཅོས་སོགས་ལ་གྲུབ་འབྲས་གང་ལེགས་བྱུང་། སྔར་ལོ་བཞིན་ཨ་རི་དང་། ཨིན་ལན། ཕ་རཱིན་སི། ཕིན་ལནཌ། ཌེན་མཱརྐ། ནོར་ཝེ། སཱི་ཌེན་སོགས་འབྲེལ་ཡོད་རྒྱལ་ཁབ་ཁག་གི་ནང་ལོ་དེར་ཐེངས་གཅིག་ནས་གཉིས་དང་གསུམ་ལ་བསྐོར་སྐྱོད་བྱེད་དགོས་བྱུང་ཡོད་། རྒྱ་གར་ནང་དུ་འདི་གའི་ཁྱབ་ཁོངས་ཡན་ལག་སྨན་ཁང་མེད་པའི་ས་གནས་ཁག་ལ་སྨན་བསྐོར་དུ་བསྐྱོད་དེ་ནད་པ་མང་པོ་སྨན་བཅོས་གང་ལེགས་བྱུང་ཡོད་པ་དང་། ཕྱི་རྒྱལ་དང་རྒྱ་གར་ནང་གཅིག་པུ་ནས་སྨན་རིན་སྒོར་ ༥༠༣༣༠༧།༡༠ བྱུང་པ་ལོ་དེའི་ལས་བསྡོམས་སུ་གསལ། ཕྱི་ལོ ༡༩༨༦ ལོར་ྋགོང་ས་མཆོག་གིས་ལ་དྭགས་ཟངས་དཀར་ཁུལ་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བཀའ་དྲིན་བླ་མེད་གནང་སྐབས། ཆོས་ཞུ་བ་སེར་སྐྱ་ཕོ་མོ་ཡོངས་དང་ཡུལ་མི་རྣམས་ལ་འཕྲོད་སྟེན་གྱི་སླད་དུ་སྨན་ལས་བཅུ་བཞི་མངགས་གཏོང་གིས་སྟབས་བདེའི་སྨན་ཁང་ཁག་གསུམ་ཆེད་འཛུགས་བྱས་ཏེ་ནད་པ་རྣམས་ལ་སྨན་བཅོས་བྱས་པས་ཆོས་པ་དང་ས་གནས་མི་མང་ལ་ཞབས་འདེགས་གང་ལེགས་བྱུང་པས་ཚང་མས་བསྔགས་བརྗོད་ཞུས།
ཕྱི་ལོ་ ༡༩༨༨ ལོའི་ནང་ཕྱི་རྒྱལ་ཁག་གིས་གདན་ཞུ་དང་། འདི་གའི་ཡན་ལག་སྨན་ཁང་མེད་པའི་ས་གནས་ཁག་ལ་འཕྲོད་བསྟེན་ཞབས་ཞུའི་སླད་བོད་གཞུང་སྨན་རྩིས་ཁང་གི་སྨན་པ་ཆེད་བསྐྱོད་བྱས་པ་ཨ་རི། ཕི་རཱན་སི། ཨིིན་ལནཌ། ཕིན་ལནཌ། ཌེན་མཱརྐ། ནོར་ཝེ། སཱི་ཌེན་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་དང་། ཝཱརཱ་ཎ་སི། བོམ་བེ། མན་པཌ། མ་སུ་རི། ཀ་ཏ་སོགས་རྒྱ་གར་ནང་ལོགས་ཀྱི་ས་གནས་འགའ་ཞིག་ཏུ་ནད་པར་སྨན་བཅོས་གནང་། ད་དུང་ཡན་ལག་ཁག་ནས་ཀྱང་ས་སྐྱ་གཞིས་ཆགས། པུར་ཝ་ལ། བྲའུ་དཔོན་གཞིས་ཆགས། ཀམ་རའོ། ཁམས་ཀ་ཐོག་གཞིས་ཆགས། སའི་ཌོན། འདོད་དགུ་གཡུལ་རྒྱལ་གླིང་། ཁན་ཝ་ལ། བེངྒ་ིལོར། མ་སུ་རི། ཀི་ནོར་སོགས་ལ་ནད་པར་བརྟག་དཔྱད་ཞིབ་ནན་དང་འབྲེལ་སོ་སོའི་ནད་བབ་ལ་གཞིགས་ཏེ་སྨན་བཅོས་བྱས་པས་ཕན་བསྐྱེད་ཆེན་པོ་བྱུང་། ཡང་ལོ་དེར་ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་ལགས་དང་། རྡོར་གླིང་སྨན་པ་སྐྱིད་འཛོམས་བུ་ཁྲིད་གཉིས་གདན་ཞུས་ལྟར་ཨ་རི་དང་། ཕི་རཱན་སི། བེལ་ཇི་ཡམ། ཨིན་ལན། ཨསྟྲིཡ་སོགས་སུ་ཕེབས་བསྐྱོད་གནང་སྟེ། ལུས་ཀྱི་མཚན་ཉིད་དང་། ནད་ཀྱི་འཕེལ་འགྲིབ། ནད་ཀྱི་རྒྱུ་རྐྱེན། ཞུགས་ཚུལ། མཚན་ཉིད། དབྱེ་བ། ལུས་སེམས་གཉིས་ཀྱི་སྐོར། སྨན་གྱི་རོ་ནུས་དང་ཞུ་རྗེས། ཕན་ཡོན། བོད་སྨན་གྱི་ལོ་རྒྱུས། བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་སྐོར་ལ་གསུང་བཤད་ཞིབ་རྒྱས་དང་། དྲི་བ་ཁག་མང་པོར་དྲིས་ལན་གནད་སྨིན་གནང་བར་མ་ཟད། སྐབས་དེར་ཕེབས་གནང་མཛད་པའི་རྒྱལ་ཁབ་ལྔའི་ནང་ནད་རིགས་འདྲ་མིན་དང་། དེང་སྐབས་བཅོས་ཐབས་དཀའ་བའི་ནད་ཨེཌས། འབྲས་སོགས་ཀྱི་ནད་པ་མི་གྲངས་ ༡༠༠༠ ཙམ་ལ་བརྟག་དཔྱད་སྨན་བཅོས་གནང་བར་ཕན་འབྲས་གང་ལེགས་བྱུང་།
འགྲོ་ཕན་སྨན་རྩིས་ཁང་ཕྱི་ལོ་༡༩༦༡ ལོར་བཙུགས་ནས་ཕྱི་ལོ་༡༩༨༠ བར་ཚད་གཞི་མཐོ་ལ་མྱུར་བའི་ཡར་རྒྱས་བྱུང་མེད་ནའང༌། མེད་པ་ནས་ཡོད་པ་དང༌། ཡོད་པ་ནས་རྨང་གཞི་སྲ་བརྟན་དུ་བསྒྱུར་ཐུབ་པ་བྱུང་ཞིང༌། དེ་རྗེས་ཕྱི་ལོ་ ༡༩༨༠ ནས་ཕྱི་ལོ་ ༡༩༨༥ བར་ྋསྐུ་གཅེན་པོ་དམ་པ་བློ་བཟང་བསམ་གཏན་མཆོག་གིས་འབྱུང་འགྱུར་ལ་ཁ་ཕྱོགས་ཏེ་ལས་དོན་མང་པོ་གསར་དུ་བཙུགས་པ་དང་ཕྱོགས་མཚུངས་ལས་འཆར་གང་མང་རྒྱ་གར་གཞུང་གི་ཁྲིམས་དང་མཐུན་པའི་རླབས་ཆེན་དགོངས་བཞེས་དང་སྟག་ལྷ་རྣམ་རྒྱལ་ལྷ་མོའི་སྐབས་སུ་ཕྱི་རྒྱལ་ཡུལ་གྲུ་གང་སར་སྨན་བསྐོར་གྱི་བགྲོད་ལམ་ཡངས་པོ་ཕྱེས་པ་སོགས་ལ་བརྟེན་ལོ་ངོ་བཅུའི་རིང་སྔར་གྱི་གཞི་རྟེན་གང་ལེགས་ཡོད་པའི་སྟེང༌། སྨན་རྩིས་ཁང་རང་ནས་སློབ་ཐེངས་གསུམ་སློབ་ཐོན་བྱུང་བ་དང༌། བོད་ནས་ྋསྐུའི་བླ་སྨན་རྣམ་གཉིས་ཀྱིས་གཙོས་སྨན་པ་མཁས་པ་མི་ཉུང་བ་ཕེབས་འབྱོར་ཐུབ་པ་སོགས་རྒྱུ་རྐྱེན་རྟེན་འབྲེལ་འཛོམས་པ་ལ་བརྟེན་ནས་ཡན་ལག་སྨན་ཁང་གང་མང་གསར་འཛུགས་ཐུབ་པའི་ཁར་སྨན་སྦྱོར་ཁང་དང༌། སྨན་རྩིས་མཐོ་རིམ་སློབ་གཉེར་ཁང༌། ཉམས་ཞིབ་ཁང༌། འགྲེམས་སྟོན། ནད་གསོ་ཁང༌། རྩིས་ཁང་སོགས་སྔར་ན་མེད་པའི་རྒྱ་བསྐྱེད་དང་ཡར་རྒྱས་ཀྱི་གོམ་ཚད་མྱུར་བ། མི་རྒྱུ་གཉིས་ཐད་དཀའ་ངལ་མེད་པའི་གནས་སྟངས་བཟང་པོ་ཞིག་བསྐྲུན་འདུག
ང༽ལས་བྱེད་འཕོ་འགྱུར།
ཕྱི་ལོ ༡༩༨༥ ལོར་སྐབས་བཞི་བའི་རྩིས་སློབ་ལྔ་བསྡུ་བསྐོང་བྱས་པ་དང་དུས་མཚུངས་རྒྱལ་ནང་བློ་བཟང་ནོར་བུ་མཆོག་སྨན་རྩིས་ཁང་གི་དྲུང་ཆེ་ནས་གནས་སྤོས་ཀྱིས་སྐར་དཔྱད་རྩིས་རིག་གི་ལས་འགན་དངོས་སུ་བཞེས།
༡༩༨༥ ལོར་བོད་ནས་ཉག་རོང་ཤར་སྨན་པ་ཀུན་དགའ་འགྱུར་མེད་ལགས་དང་ལྷ་ས་ལྕགས་པོ་རིའི་སྨན་པ་བློ་བཟང་ཚུལ་ཁྲིམས་རྣམ་གཉིས་ཕེབས་འབྱོར་གྱིས་སྨན་རྩིས་ཁང་དུ་ལས་ཞུགས་གནང་སྟེ་འགྲོ་དོན་གང་ལེགས་བྱུང་། དགའ་གདོང་བློ་བསྟན་ལགས་ནས་དྲུང་ཆེའི་ལས་ཁུར་ལོ་གཅིག་གནང་རྗེས་དགོངས་ཞུ་གནང་བའི་ཚབ་ཏུ་ཐང་སྤེ་ཕུན་ཚོགས་རྣམ་རྒྱལ་ལགས་སྐུ་སྒེར་ཡིག་ཚང་ནས་སྨན་རྩིས་དྲུང་ཆེར་ཐད་བསྐོས་གནང་། ཕྱི་ལོ་༡༩༨༧ ལོར་སྨན་སློབ་སྐབས་བདུན་པའི་ཕོ་མོ་བཅོ་བརྒྱད་སྨན་པ་དཀའ་བཅུ་བའི་གཞུང་ཚད་རྒྱུགས་འབུལ་སློབ་ཐོན་རྗེས་བཀའ་བསྒོས་བཞིན་དབུས་དང་ཕྱོགས་མཐའི་ཡན་ལག་ཁག་ཏུ་སྨན་པའི་ལས་སྣེར་ཞུགས། དུས་མཚུངས་སྐབས་གསུམ་པའི་རྩིས་སློབ་ཚེ་རིང་ཆོས་འཛོམས་དང༌། ལྷ་དབང་ཚེ་རིང༌། རྡོ་རྗེ་དབང་རྒྱལ། དཀོན་མཆོག་བསྟན་འཛིན་བཅས་རྩིས་པ་དཀའ་བཅུ་བའི་གཞུང་ཚད་སློབ་ཐོན་རྗེས་ལོ་གཅིག་རིང་ཉམས་གསོག་དང་འབྲེལ་རང་རང་སོ་སོའི་སྦྱང་འབྲས་ལོ་ཐོ་རེ་འདོན་སྤེལ་ཞུས་མཚམས་རྩིས་ཀྱི་ལས་དོན་དངོས་ལ་ཞུགས་པ་བཅས་འགན་འཛིན་འདིའི་རིང་གི་བྱུང་བ་མདོ་ཙམ་མོ།།
སྨན་རྩིས་འཆི་མེད་བདུད་རྩི་འཁྱིལ་བའི་གཞིར།།
སྐད་གཉིས་འདབ་གཤོག་རྩལ་དང་ཉེར་འགྲོགས་ཏེ།།
ཡངས་པའི་འཛམ་གླིང་ས་ཆེན་གང་ས་རུ།།
ཤེས་རིག་འཛུམ་གྱིས་བསུ་བའི་བགྲོད་ལམ་ཕྱེས།། །།
མཐའ་མའི་འདོན་ཐེངས་།: 16.04.2016 ཉིན། 11:12 AM
<< སྔ་མ།