སྨན་རྩིས་དྲ་བ། - སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ།

འགན་འཛིན་སྐབས་དགུ་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 08.04.2016
སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ། >>

<< བོད་གཞུང་སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ། >>


འགན་འཛིན་སྐབས་དགུ་བའི་སྐབས།

(1993-1993)

ཀ༽འགན་འཛིན་གྱི་ངོ་སྤྲོད་མདོ་ཙམ།

རིན་ཆེན་སྒྲོལ་མ་མཆོག་ནི་འབྲས་ལྗོངས་སུ་ཕྱི་ལོ་ ༡༩༥༢ ཙམ་ལ་སྐྱེས་ཏེ། དེ་གར་དམའ་འབྲིང་མཐོ་གསུམ་སློབ་སྦྱོང་མཐར་ཕྱིན་གནང་ཡོད་ཅིང་།  ཕྱིས་སུ་འབྲས་ལྗོངས་མངའ་སྡེ་དབུས་གཞུང་གི་ཟུང་འབྲེལ་དྲུང་ཆེའི་ལས་གནས་བར་སླེབས་ཤིང་། ཁོ་མོ་ྋགོང་ས་མཆོག་ལ་དད་གུས་ཤིན་ཏུ་ཆེ་བ་མ་ཟད་བོད་ཀྱི་ལས་དོན་གང་ཅིའི་ཐད་སེམས་ཤུགས་ཡོད་མཁན་ཞིག་དང་། ལྷག་པར་ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་འབྲས་ལྗོངས་ཁུལ་དུ་སྨན་བསྐོར་ལ་ཐེངས་གཅིག་བསྐྱོད་པའི་སྐབས་སྨན་རྩིས་ཁང་དང་འབྲེལ་ལམ་བྱུང་བ་ནས་སྨན་རྒྱུ་འཚོལ་སྒྲུབ་སོགས་ཀྱི་ཐད་རོགས་འདེགས་རྒྱ་ཆེན་གནང་མྱོང་བའི་རྒྱུས་མངའི་ཆ་ནས་སྨན་རྩིས་ཁང་གི་འགན་འཛིན་དུ་བཀའ་འབྲེལ་ལྟར་བསྐོ་བཞག་གནང་བ་ཞིག་ཡིན་འདུག།

 

ཁ༽གནས་བབས་སྤྱི།

ཕྱི་ལོ་ ༡༩༩༣ ལོའི་ཟླ་ ༦ པར་དབུ་འཛིན་ཞེ་བོ་བློ་བཟང་དར་རྒྱས་མཆོག་ལོ་གསུམ་གྱི་དུས་ཡུན་གནང་སྟེ་གནས་སྤོས་སོང་ཚབ་ྋགོང་ས་མཆོག་གི་བཀའ་འབྲེལ་བཞིན་འབྲས་ལྗོངས་གཞུང་གི་ཟུང་འབྲེལ་དྲུང་ཆེ་རིན་ཆེན་སྒྲོལ་མ་མཆོག་སྨན་རྩིས་ཁང་གི་འགན་འཛིན་དུ་བསྐོས་ཤིང་།  དེ་དུས་དྲུང་ཆེ་འཕྲིན་ལས་འོད་ཟེར་ཡིན་པ་དང་། ཁོ་མོས་ཕྱི་ལོ་ ༡༩༩༣ ཟླ་ ༦ ཟླ་མཇུག་ཙམ་ནས་ཕྱི་ལོ་ ༡༩༩༤ ཟླ་ ༧ ཚེས་ ༡ བར་བོད་གཞུང་སྨན་རྩིས་ཁང་འདི་ཉིད་ཀྱི་དབུ་འཛིན་གྱི་ལས་ཁུར་ཞུས་པའི་སྐབས་འགན་འཛིན་ཟུར་བ་སྐུ་ངོ་ཞེ་བོ་བློ་བཟང་དར་རྒྱས་མཆོག་སློབ་སྟོན་པའི་མཚན་ཐོག་ཏུ་མཐུན་རྐྱེན་སྤུས་ཚད་ལྡན་པའི་ལས་ཁང་ཞིག་ཏུ་སོས་དལ་ལྷོད་བཞུགས་ཀྱི་སྐལ་བ་བྱུང་བར་གྲགས། སྐབས་དེའི་བགྱིད་སྒོ་གལ་ཆེ་བ་ནི་ྋགོང་ས་མཆོག་གི་ྋསྐུའི་འཕྲོད་བཞེས་ཡིན་པ་བཞིན་ྋསྐུའི་འཕྲོད་བཞེས་ཀྱི་ཐད་ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་མཆོག་དང་བླ་སྨན་བློ་བཟང་དབང་རྒྱལ་བཅས་ནས་ཐུགས་འགན་གཙོ་བོར་བཞེས་ཏེ། འཕྲོད་བཞེས་ལྗགས་སྨན་ཇི་དགོས་ནམ་ཡང་ལྷོད་མེད་ཀྱིས་སྐབས་འཕྲལ་སོ་སོར་སྦྱོར་འབུལ་ཞུས་པ་དང་།  སྐར་རྩིས་པ་བྲག་མཐོན་བྱམས་པ་རྒྱལ་མཚན་སོགས་སྐར་རྩིས་པ་རྣམས་ཀྱིས་ྋསྐུའི་དགུང་ཀེག་ཀེག་རྩིས་སུ་གང་བྱུང་སྐུ་སྒེར་ཡིག་ཚང་དུ་སྙན་འབུལ་ཞུ་རྒྱུ་སོགས་ཀྱི་ལས་དོན་རྣམས་གཙིགས་སུ་བཟུང་ཏེ་སྔར་བཞིན་ལེགས་པར་བསྒྲུབས། ལོ་འདིར་སྔར་ཡོད་ལས་བྱེད་རྣམས་ཀྱི་སྟེང་གསར་ཞུགས་ལས་བྱེད་གྲངས་ ༧༠ ཙམ་བྱུང་འདུག་པས་འགན་འཛིན་འདིའི་རིང་ལས་བྱེད་ཁྱོན་བསྡོམས་ ༢༧༥ ཡོད།  སྐབས་དེར་དབུས་སྨན་རྩིས་ཁང་གི་ཁྱབ་ཁོངས་ཡན་ལག་སྨན་ཁང་ ༣༦ ནང་དུ་ནད་པ་གྲངས་ ༤༤༤༨༥༩ ལ་སྨན་བཅོས་གནང་སྟེ་སྨན་ཐུན་གྲངས་ ༩༦༦༦༧༩༨ མཁོ་སྤྲོད་བྱས་ཡོད་འདུག རང་གཞུང་གི་སྲི་ཞུའི་ལས་བྱེད་དང་།  རིས་མེད་གྲྭ་བཙུན། གསར་འབྱོར་བ། སློབ་ཕྲུག འཁོས་ཞན་ཉམ་ཐག་བཅས་ནད་པ་ ༥༨༩༨༥ བསྟེན་གཏུགས་བྱས་པར་སྨན་སྦྱིན་དང་། ཕྱེད་བཅག་ཐོག་སྤྲད་པ་རིན་འབབ་དངུལ་བསྒྱུར་ཞུས་ན་སྒོར་ ༩༥༢༦༨༢།༢༥ ཟིན་ཡོད་པ་བཅས་སྐབས་དེའི་གནས་བབ་སྤྱི་ཙམ་མོ།། འགན་འཛིན་འདི་ཕྱོགས་གཅིག་ནས་ནད་མནར་གྱི་རྐྱེན་པས་དུས་ཡུན་རིང་པོར་བཞུགས་ཐུབ་མེད་པ་དང་།  ཕྱོགས་གཉིས་ནས་འགན་འཛིན་གྱི་ལས་དོན་བྱེད་སྟེང་ལ་སྨན་རྩིས་ཁང་གི་ལས་བྱེད་ལ་འདོད་བློ་དེ་ཙམ་མེད་པའི་ཁར་སྐབས་འཚོལ་བ་རེ་ཟུང་གིས་གོང་འོག་འབྲེལ་ལམ་ལ་ཤུགས་རྐྱེན་ཅུང་ཐེབས་པ་བཅས་ཀྱི་དབང་གིས་རིག་གཞུང་གོང་འཕེལ་དང་ཕྱིའི་འཛུགས་སྐྲུན་སོགས་གང་ཅིའི་ཐད་ལ་དོན་ཕན་ལྡན་པའི་ལས་ཀ་གང་ཡང་བྱེད་ཐུབ་མེད་པ་ཡོངས་གྲགས་ཡིན།

 

ག༽གལ་ཆེའི་ལས་གཞི།

༡། སྨན་བསྐོར་དང་ཚོགས་ཞུགས་ཚོགས་སྐོང་།

ཕྱི་ལོ་ ༡༩༩༣ ཟླ་ ༩ པའི་ནང་ྋསྐུའི་བླ་སྨན་བློ་བཟང་དབང་རྒྱལ་མཆོག་དང་།  ཕྱག་རོགས་སྨན་པ་བསོད་ནམས་ལྷ་མོ། བསྟན་འཛིན་ལྷ་སྒྲོན་ལྷན་དུ་ནོར་ཝེ་དང་སྭི་ཌེན་རྒྱལ་ཁབ་གཉིས་ལ་བསྐྱོད། སྐབས་དེར་དེང་དུས་ཀྱི་སྨན་པ་བསྟེན་གཏུགས་བྱས་ཏེ་དྲག་སྐྱེད་མ་བྱུང་བའི་བུ་མོ་ནད་པ་ཞིག་ལ་ྋསྐུའི་བླ་སྨན་གྱིས་བརྟག་དཔྱད་གནང་སྟེ་བོད་སྨན་སྤྲད་པས་ལོ་གཅིག་མ་འཁོར་བར་བུ་མོ་སངས་དྲག་བྱུང་བ་དང་།  བུ་མོ་དེས་རང་གི་ནད་གཞིར་ཅི་ལྟར་བརྟག་དཔྱད་གནང་ནས་དྲག་སྐྱེད་བྱུང་བའི་སྐོར་གྱི་ལོ་རྒྱུས་ཞིབ་ཕྲ་ཞིག་སྨན་རྩིས་ཁང་དུ་བཏང་འབྱོར་བྱུང་བའི་ནང་གི་ནད་གཞི་དེར་སྨན་བཅོས་ཡོད་པ་ཧ་ཅང་རྩ་ཆེན་ཡིན་ལུགས་དང་།  ཕི་ལི་པིན་རྒྱལ་པོའི་སྐུ་མཆེད་བུ་མོར་ཡང་སྨན་བཅོས་གནང་ཐུབ་ན་དགེ་མཚན་ཆེན་པོ་ཡོད་སྐོར་གླེང་འདུག། ཐེངས་འདིའི་བསྐོར་སྐྱོད་ནང་པགས་ནད་དང་། བུ་སྣོད་ཀྱི་འབྲས། སྨུག་པོ། རྩ་དཀར་གྲུམ་བུའི་རིགས། ལུས་སྟོད་སྨད་ཀྱི་རྩ་འགྲམས། དབུགས་བསགས། གློ་ནད་འདྲ་མིན། སྐྱ་རྦབ་དང་ཁྲག་ཤེད། མིག་འགྲིབ། མཁལ་ནད། གཅིན་སྙི། སྙིང་ཁྲག་གི་རྒྱུ་བ་ཞན་པ། ཡ་སྲིན། ཀླད་པའི་ཁྲག་རྩ་ཤོར་བ་སོགས་ནད་རིགས་འདྲ་མིན་གྱིས་ཟིན་པའི་ནད་པ་ཕལ་ཆེར་བོད་སྨན་གྱིས་ཕན་བསྐྱེད་ཤུགས་ཆེར་ཐོན་ཞིང་། ཁྱད་པར་མིག་མི་གསལ་བ་དང་། MS ཞེས་པའི་རྩ་ནད་ཀྱི་ནད་ཅན། གཞན་ཡང་། ལོ་མང་རྒྱུ་ལོང་གཉིས་ཀར་འབྲས་ནད་ཀྱིས་མནར་ཏེ་བཤང་བ་ནི་རུ་ཧས་འབྱིན་དགོས་ཤིང་། ལུས་ཀྱི་མདངས་དང་སྟོབས་ཉམས་པའི་ནད་པ་རྣམས་ལ་མེ་བཙའི་དཔྱད་བཅོས་བྱས་ཏེ་ཕན་འབྲས་དམིགས་སུ་ཐོན་པས་ཁུལ་དེའི་མི་མང་གིས་བོད་སྨན་ལ་ཡིད་ཆེས་དང་བསྔགས་བརྗོད་ཀྱི་མེ་ཏོག་ལྷག་ཏུ་གཏོར།

 

དེ་བཞིན་སྨན་པ་རྒན་གྲས་ཁག་གིས་གཙོས་དབུས་སའི་སྨན་པ་གང་མང་ཞིག་ལོ་དེར་ས་གནས་ཁག་ལ་སྔར་རྒྱུན་ལྟར་མཚོ་པདྨ། མ་སུ་རི། པུར་ཝ་ལ། ཧ་པ་པུར། རྡོ་རྗེ་གདན། སེ་ར་ཆོས་སྒར། ནེ་ནི་ཏཱལ། སོ་ལན་བོན་གཞིས། གསོག་སྒར་སློབ་གྲྭ། དྷ་སྟེང་བོད་ཁྱིམ་སོགས་ལ་འཆར་ཅན་སྨན་སྐྱོད་དང་།  སྐབས་རེར་བྱ་ཐབས་ཀྱི་ལམ་ནས་བསྐོར་སྐྱོད་ཀྱིས་འཕྲོད་བསྟེན་ཞབས་ཞུ་ཞུས་པ་དང་།  གཞན་ཡང་ཕྱི་རྒྱལ་སྒེར་པ་དང་། ཚོགས་པ་ཁག་བཅས་ནས་གདན་ཞུས་ལྟར་ྋསྐུའི་བླ་སྨན་རྣམ་གཉིས་ཀྱིས་གཙོས་པའི་སྨན་པ་རྒན་གྲས་དང་།  ཕྱི་རྒྱལ་སྐད་ཡིག་ཤེས་པ་བཅོ་ལྔ་སྐོར་སྔ་རྗེས་སུ་ཕི་རཱན་སི་དང་།  ཇར་མན་ནི། ཧོ་ལནཌ། སྭི་ཌེན། ནོར་ཝེའི། ཨིན་ལནཌ། ཌེན་མཱརྐ། སུ་ཛར་ལནཌ། པོ་ལནཌ། མོསི་ཁོ་སོགས་སུ་ཕེབས་ཏེ་ནད་རྒྱུ་ཉོན་མོངས་དུག་གསུམ་ལས་བསྐྱེད་པའི་རླུང་མཁྲིས་བད་ཀན་གསུམ་ལ་ཟས་སྤྱོད་དམན་ལྷག་ལོག་གསུམ་གྱི་རྐྱེན་དང་འཕྲད་སྐབས་དེ་དག་ཆ་མ་སྙོམས་པའི་ནད་འབྱུང་བ་དང་།  དེའི་བརྟག་ཐབས་བལྟ་རེག་དྲི་བ་བཅས་ཀྱི་སྒོ་ནས་ཚ་གྲང་ནད་ཀྱི་དབྱེ་བའི་སྒོ་ནས་ནད་ཅན་གསོ་བ་དང་།  ནད་མེད་བདེ་གནས་ཀྱི་ཆེད་དུ་ཟས་དང་། སྤྱོད་ལམ། སྨན་དང་། དཔྱད་ཀྱི་གཉེན་པོ་བསྟེན་ཚུལ། སྨན་དང་རྩིས་ཀྱི་འབྲེལ་བ་སོགས་ཚོགས་འདུ་འདྲ་མིན་ལ་གསུང་བཤད་དང་དྲི་བ་དྲིས་ལན་སོགས་གནང་། དེ་བཞིན་དངོས་སུ་སྨན་བཅོས་ལ་མེ་བཙའ་དང་།  གསེར་ཐལ། གསེར་ཁབ། ཟངས་བུམ་སོགས་ཀྱིས་བཅོས་ཐབས་གནང་བ་ལ་བརྟེན་ནས་ཕྱི་རྒྱལ་འགྲོ་བ་ནད་ཅན་མང་པོ་ཞིག་ནད་ཀྱིས་གདུང་བ་ལས་གྲོལ་ཐུབ་པ་བྱུང་བས། བོད་སྨན་གྱི་དམིགས་བསལ་ཁྱད་ནུས་ལ་ཡིད་ཆེས་དང་དགའ་མོས་ཆེན་པོ་བྱེད་པ་དང་། ལྷག་པར་ཏུ་གཟུགས་མཐོང་གློག་འཕྲིན་སོགས་གསར་ལམ་ཁག་ནས་ཁྱབ་བསྒྲགས་ཤུགས་ཆེན་བྱུང་།

 

ཕྱི་ལོ་ ༡༩༩༤ ཟླ་ ༢ ནང་སྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་མཆོག་ཧ་རི་ཡ་ནའི་མངའ་སྡེའི་ཁོངས་ས་གནས་སུ་ར་རྗེ་ཀུན་ཌ་ཞེས་པར་གནའ་སྲོལ་སྨན་གྱི་བགྲོ་གླེང་ཚོགས་འདུར་ཞུགས་ཏེ་བོད་སྨན་གྱི་ལོ་རྒྱུས་དང་། ལྟ་བ། གཞན་ཡང་ལག་ལེན་གྱི་ཁྱད་ཆོས་སྐོར་འགྲེལ་བཤད་ཞུས་ཤིང་། སྐབས་དེར་ཚོགས་བཅར་བ་ཐུན་མོང་ནས་སྔར་སྲོལ་སྨན་གྱི་ལམ་ལུགས་ཞེས་པའི་མཚན་ཐོག་དེང་སྐབས་འཛམ་གླིང་ཡུལ་གྲུ་གང་སར་སྤྱི་སྒེར་འཕྲོད་བསྟེན་གྱི་དཀའ་སེལ་སླད་གནའ་བོའི་སྨན་གྱི་ལམ་ལུགས་རྣམས་གོང་འཕེལ་གཏོང་རྒྱུའི་གྲོས་ཆོད་གཏན་འབེབས་བྱས་ཏེ་རྒྱ་གར་འཕྲོད་བསྟེན་ལྷན་ཁང་གིས་གཙོས་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གང་སར་འགྲེམས་སྤེལ་བྱ་རྒྱུ་དང་། དེར་རྒྱབ་སྐྱོར་ཡོང་རྒྱུའི་རེ་བའི་གཞི་རྩར་གྱུར།

 

ཕྱི་ལོ་ ༡༩༨༦  ཟླ་ ༨ ཚེས་ ༤ ཉིན་སྨན་རྩིས་ཁང་འགན་འཛིན་ལྷན་ཚོགས་ཐེངས་བཞི་པ་སྐྱོང་སྐབས་སྨན་རྩིས་ཁང་གི་འགན་འཛིན་ལྟག་ལྷ་རྣམ་རྒྱལ་ལྷ་མོ་ལགས་ནས་གྲོས་གཞི་ཕུལ་བ་བཞིན་ཚོགས་པ་མིང་བསྒྱུར་གནང་རྒྱུའི་གྲོས་ཆོད་དོན་ཚན་དྲུག་པར་བོད་ཡིག་ནང་སྨན་རྩིས་ཁང་ཚོགས་པའི་མཚན་བྱང་“སྨན་རྩིས་ཁང་”ཞེས་འཁོད་ཡོད་ཀྱང་ཨིན་ཡིག་ནང་སྨན་རྩིས་ཁང་གི་མཚན་བྱང་ Tibetan Medical Centre ཞེས་སྨན་ལས་རྩིས་འཁོད་མེད་པས་སྨན་རྩིས་ཞེས་མིང་བསྒྱུར་གནང་རྒྱུའི་གྲོས་འཆམ་བྱུང་བ་བཞིན་སྨན་རྩིས་ཁང་གི་མཚན་བྱང་དུ་ Tibetan Medical and Astro. Institute ཞེས་མིང་བསྒྱུར་གནང་།

 

ང༽ ལས་བྱེད་འཕོ་འགྱུར།

ཕྱི་ལོ་ ༡༩༩༤ ལོར་བཀྲ་ཤིས་ཚེ་རིང་དང་། སྒྲུབ་བརྒྱུད་བསྟན་དར་བཅས་ནས་རྩ་དགོངས་ཞུས། དབུས་དྲུང་ཆེ་འཕྲིན་ལས་འོད་ཟེར་གནས་སྤོས་སོང་ཚབ་རྒྱལ་ནང་བློ་བཟང་ནོར་བུ་སྨན་རྩིས་ཁང་གི་དྲུང་ཆེར་བསྐོ་བཞག་གནང་བ་བཅས་སྨན་རྩིས་ཁང་གི་འགན་འཛིན་དེ་ཡི་སྐབས་ཏེ་དགུ་བའོ།།

 

རྒྱལ་བའི་བཀའ་བཞིན་ལས་འགན་ཕྲག་བླངས་ཀྱང་།།

མི་འདོད་ནད་དང་འཕྲད་རྐྱེན་གཞན་དབང་གིས།།

ལེགས་སྐྱེས་གསར་བའི་ཤུལ་བཞག་མ་བྱུང་བར།།

ལོ་གཅིག་ཙམ་ནས་ལས་མཚམས་འཇོག་དགོས་ཤར།། །།

 

མཐའ་མའི་འདོན་ཐེངས་།: 16.04.2016 ཉིན། 11:14 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།