སྨན་རྩིས་དྲ་བ། - སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ།

འགན་འཛིན་སྐབས་གསུམ་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 08.04.2016
སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ། >>

<< བོད་གཞུང་སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ། >>


འགན་འཛིན་སྐབས་གསུམ་པའི་སྐབས།

(1974-1975)

ཀ༽འགན་འཛིན་གྱི་ངོ་སྤྲོད་མདོ་ཙམ།

    ངག་དབང་རྣམ་རྒྱལ་ལམ་དངོས་གྲུབ་ལགས་ནི་སྨན་རྩིས་ཁང་གི་འགན་འཛིན་ལས་ཁུར་མ་ཞུས་གོང་དུ་བུ་ཁྱིམ་འགན་འཛིན་ལས་རོགས་ཡིན་ཞིང་།  དེ་ནས་རང་གཞུང་གི་ལས་བྱེད་དུ་བསྐོ་བཞག་དང་འབྲེལ་སྨན་རྩིས་ཁང་གི་འགན་འཛིན་དུ་བསྐོས་པ་ཞིག་ཡིན་འདུག  སྨན་རྩིས་འགན་འཛིན་ལས་ཁུར་ལོ་གཅིག་རིང་གཙོ་བོ་ཨར་ལས་ཀྱི་ལས་འགན་བཞེས་ཡོད་ཅིང་། ཨར་ལས་གྲུབ་རྗེས་གཞུང་ཞབས་སྤྱི་མཚུངས་ལྟར་གནས་སྤོས་སོང་སྟེ་མཐར་ལས་བྱེད་ཁོངས་ནས་རྩ་དགོངས་ཞུས་པའི་གནས་ཚུལ་འདུག

 

ཁ༽གནས་བབས་སྤྱི།

ཕྱི་ལོ་ ༡༩༧༤ ལོར་དབུ་འཛིན་གོ་བོ་བློ་བཟང་བསྟན་འཛིན་མཆོག་རང་གཞུང་བཀའ་འབྲེལ་ལྟར་གནས་སྤོས་སོང་བའི་ཚབ་ཏུ་ངྷ་ས་བུ་ཕྲུག་ཁྱིམ་སྡེའི་དབུ་འཛིན་ཕྱག་རོགས་ངག་དབང་རྣམ་རྒྱལ་དངོས་གྲུབ་ལགས་སྨན་རྩིས་དབུ་འཛིན་དུ་བསྐོ་བཞག་གནང་སྟེ་གསར་དུ་རྒྱག་བཞིན་པའི་ཨར་ལས་མུ་མཐུད་མཇུག་སྐྱོང་གནང༌།  ཕྱི་ལོ ༡༩༧༣ ལོར་དྲུང་ཆེ་ཉ་ལུ་སྤྲུལ་སྐུ་གནས་སྤོས་སོང་ཚབ་ཏུ་ཚེ་རིང་སྐྱིད་འཛོམས་དྲུང་ཆེར་བསྐོས་ཤིང་།  ངག་དབང་རྣམ་རྒྱལ་ལམ་དངོས་གྲུབ་ལགས་ཀྱིས་བོད་གཞུང་སྨན་རྩིས་ཁང་གི་འགན་འཛིན་གནང་བའི་སྐབས་སུ་ཡང་སྐུའི་བླ་སྨན་ཡེ་ཤེས་དོན་ལྡན་མཆོག་གིས་སྔར་བཞིན་ྋགོང་ས་མཆོག་གི་སྐུའི་འཕྲོད་བཞེས་ལ་དུས་བསྟུན་གསོལ་སྨན་ལྗགས་འབུལ་སོགས་ཀྱིས་མཚོན་སྔར་ལམ་གྱི་ཞུ་སྒོ་མཐའ་དག་ཆད་ལྷག་མེད་པར་བསྒྲུབས།  ྋསྐུའི་དགུང་ཀེག་ཀེག་རྩིས་ཀྱི་ཞུ་སྒོ་ཡང་སྔར་བཞིན་སྒྲུབ་པའི་གོ་སྐབས་བྱུང་། དེ་བཞིན་དུ་དབུ་འཛིན་འདིའི་སྐབས་སྨན་རྩིས་ཁང་ལ་ལས་དོན་སྒྲུབ་ཕྱོགས་ཀྱི་ཆ་ནས་དབུས་འཛིན་སྐྱོང་ཡིག་ཚང་གི་འོག་ཏུ་མཐོ་སློབ་ཁང་དང་།   སྨན་སྦྱོར་ཁང་། སྐར་དཔྱད་རྩིས་རིག་ཁང་བཅས་རིག་གཞུང་གི་སྡེ་ཚན་ཆེ་བ་གསུམ་དང་། འཛིན་སྐྱོང་དང་ཐད་གར་འབྲེལ་བའི་དངུལ་རྩིས་སྡེ་ཚན། གཞན་ཡང་སྐབས་དེར་ས་གནས་ཡན་ལག་སྨན་ཁང་ལྔ་ཙམ་༼དེ་དུས་སྦིར་ས་གནས་དང་གློ་དམག་སྒར།་དེ་བཞིན་ཌེ་ར་ཌུན་དམག་སྒར་བཅས་སུ་འཕྲལ་སེལ་སྨན་ཁང་བཙུགས་པ་ཙམ་ལས་ཡན་ལག་སྨན་ཁང་དངོས་ཀྱི་ངོ་བོའི་ཐོག་བཙུགས་པ་མིན།༽ཡོད་ཅིང་། སྐབས་དེར་དབུས་མ་ལག་དང་བཅས་པའི་ནང་སྨན་རྩིས་ལས་སློབ་གྲངས་༡༨  ཙམ་ལས་མེད།

 

ག༽གལ་ཆེའི་ལས་གཞི།

འགན་འཛིན་འདིས་ལོ་གཅིག་རིང་གཙོ་བོ་ཨར་རྒྱག་ལས་གཞི་གཙོ་བོར་བཟུང་སྟེ་ཨར་ལས་མཇུག་སྐྱོང་གྲུབ་མཚམས་གནས་སྤོས་སོང་ཡོད་སྟབས་སྔར་ཡོད་རྒྱུན་སྐྱོང་གནང་བ་ལས་དམིགས་བསལ་རིག་གཞུང་གི་ལས་གཞི་གསར་བ་སྤེལ་བའི་དུས་ལོང་བྱུང་མེད། ཕྱིའི་འཛུགས་སྐྲུན་སྐོར་ལ་གཙོ་བོ་གངས་སྐྱིད་དུ་ད་ལྟའི་དབུས་ཡིག་ཚང་དང་སྨན་སྦྱོར་ཁང་གི་རྨང་གཞི་བཅས་ཀྱི་ཨར་ལས་འཛུགས་སྐྲུན་རྣམས་གཞི་རྐང་བརྟན་ཞིང་སྤུས་ཚད་དག་པའི་སྒོ་ནས་ལེགས་སྒྲུབ་གནང་ཡོད།

 

དེ་ཡང་རིམ་གྱིས་སྨན་རྩིས་ཁང་གི་ལས་གཞི་ཇེ་མང་དུ་སོང་བ་དང་ཆབས་ཅིག་སློབ་ཕྲུག་ཚོའི་སློབ་ཡོན་སོགས་ཀྱི་དཀའ་ངལ་ཅུང་ཟད་འཕྲད་པ་བཅས་ལ་བརྟེན་འདི་ག་བོད་ཕྲུག་ཁྱིམ་སྡེ་བརྒྱུད་སྦྱིན་བདག་གི་རོགས་སྐྱོབ་འཚོལ་སྒྲུབ་བྱས་ཡོད།  དེ་ཡང་ཨར་ལས་སྦྱིན་བདག་གཙོ་བོ་ཇར་མན་ཡེ་ཤུའི་ཚོགས་པ་མིར་སི་རར (Miserior) དེ་ཡང་བོད་ཕྲུག་ཁྱིམ་སྡེ་བརྒྱུད་ནས་ཐོབ་པ་ཡིན་ཡང་རོགས་དངུལ་རྣམས་ཐད་ཀར་སྨན་རྩིས་ཁང་ཡིག་ཚང་ལ་གནང་གི་ཡོད་པ་མ་ཟད།  ཚོགས་པ་དེའི་ཡན་ལག་གཅིག་ལྡི་ལིར་ཡོད་པས་ཟླ་ངོ་གསུམ་རེའི་མཚམས་སུ་ཨར་ལས་འཛུགས་སྐྲུན་རྒྱག་ཡུལ་དུ་གཟིགས་ཞིབ་ལ་ཡོང་སྟེ་ལྟ་རྟོག་གནང་གིན་ཡོད་ཚོད་འདུག དེ་ཡང་ཁོང་སྨན་རྩིས་ཁང་གི་འགན་འཛིན་མཚན་གནས་ཐོག་གངས་སྐྱིད་དུ་ཨར་ལས་གསར་རྒྱག་གི་ལས་འགན་རྐང་བཞེས་གནང་སྟེེ་ལས་ཁུངས་ཨ་མའི་ཡིག་ཚང་དང་།  སྨན་སྦྱོར་ཁང་གཉིས་གསར་རྒྱག་བྱས་ཤིང་། སྐབས་དེར་ད་ལྟའི་བོད་ཕྲུག་ཁྱིམ་སྡེའི་འགན་འཛིན་རྒན་ཚེ་དབང་ཡེ་ཤེས་ལགས་བོད་ཁྱིམ་གྱི་ཨིིན་དྲུང་ཡིན་པས་ལས་ཞོར་དུ་སྨན་རྩིས་ཁང་གི་སློབ་ཡོན་དང་འཛུགས་སྐྲུན་སྦྱིན་བདག་སོགས་ཀྱི་ཡིག་འབྲེལ་གྱི་འགན་བཞེས་གནང་ཡོད་འདུག ༼རྒྱུ་མཚན་དེའི་དབང་གིས་སྨན་རྩིས་ཁང་བུ་ཁྱིམ་གྱི་འཛིན་སྐྱོང་འོག་ཡིན་པའི་བཤད་རྒྱུན་འདུག་ཀྱང་། དོན་དངོས་དེབ་སྐྱེལ་ཡོང་ཐབས་སུ་འཛིན་སྐྱོང་གཅིག་གི་རྣམ་པའི་ཐོག་ལས་འཆར་གྲ་སྒྲིག་བྱས་པ་ཙམ་ལས་སྨན་རྩིས་ཁང་བུ་ཁྱིམ་གྱི་ཐད་གའི་འཛིན་སྐྱོང་འོག་སོང་མེད་པ། སྐབས་དེར་བུ་ཁྱིམ་གྱི་ལས་བྱེད་ཡིན་པ་ད་ལྟ་འཚོ་སྡོད་རྣམས་ནས་མགྲིན་གཅིག་དབྱངས་གཅིག་གིས་དངོས་སུ་བཤད་པས་དེ་དག་ལ་ཡིད་རྟོན་རུང་ངེས་ཡིན༽ཨར་རྒྱག་འགྲོ་གྲོན་སོགས་རྩིས་ཕྲའི་འགན་ཁུར་རྒྱལ་ནང་བློ་བཟང་ནོར་བུས་གནང་།  སྨན་སློབ་སྐབས་གཉིས་པ་དང་།  གསུམ་པའི་སྦྱིན་བདག་ཀྱང་བོད་ཁྱིམ་བརྒྱུད་ནས་འཚོལ་སྒྲུབ་གནང་ཡོད།  དེ་ཡང་སྨན་སློབ་སྐབས་གཉིས་པའི་སྦྱིན་བདག་གཙོ་བོ་ཧོ་ལེནཌ་ནས་གནང་སྦྱིན་བྱུང་བ་དང་། འཛིན་གྲྭ་འོག་མ་ཚོ་ཨསྟྲེ་ལི་ཡ་ནས་གནང་སྦྱིན་བྱུང་ཡོད་པ་དང་།   ཟླ་རེར་ཨ་སྒོར་བཅུ་ཙམ་གནང་གིན་ཡོད་པས་ཛ་བསྒྱུར་བྱས་ན་ཕལ་ཆེར་ཨ་སྒོར་རེར་ཧིན་སྒོར་ཉི་ཤུ་ཙམ་ཡིན་ཞེས་ད་ལྟ་བུ་ཁྱིམ་འགན་འཛིན་རྒན་ཚེ་དབང་ཡེ་ཤེས་དང་ལེགས་བཤད་བསྟན་པ་གཉིས་ཀྱིས་གསུངས་པ་བཅས་འགན་འཛིན་དེའི་སྐབས་ཏེ་གསུམ་པའོ།།

བགྲང་བྱ་གཅིག་རིང་ཨར་ལས་གཙོར་བཟུང་སྟེ།།

སྲ་ཞིང་བརྟན་པའི་རྟེན་གཞི་ལེགས་བསྐྲུན་པ།།

སྨན་རྩིས་རིག་པ་དར་བའི་བསྟི་གནས་ཞེས།།

ལྷུན་ཆགས་རི་རྒྱལ་བཞིན་དུ་མངོན་པར་བརྗིད།། །།


མཐའ་མའི་འདོན་ཐེངས་།: 16.04.2016 ཉིན། 11:10 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།