སྨན་རྩིས་དྲ་བ། - སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ།

འགན་འཛིན་སྐབས་གཉིས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 08.04.2016
སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ། >>

<< བོད་གཞུང་སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ། >>


འགན་འཛིན་སྐབས་གཉིས་པའི་སྐབས།

(1972-1974)

ཀ༽ འགན་འཛིན་གྱི་ངོ་སྤྲོད་མདོ་ཙམ།

གོ་བོ་བློ་བཟང་བསྟན་འཛིན་ནི་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་གྲྭ་རྒྱུན་ཞིག་ཡིན་པ་དང་བལ་ཡུལ་ཁུལ་དུ་དགེ་རྒན་གནང་བ།  ཕྱིས་སུ་སྨན་རྩིས་ཁང་གི་འགན་འཛིན་གནང་བ་ཙམ་ལས་ལོ་རྒྱུས་ཞིབ་ཕྲ་འཚོལ་རྙེད་མ་བྱུང་།

 

ཁ༽ གནས་བབས་སྤྱི།

གོ་བོ་བློ་བཟང་བསྟན་འཛིན་ལགས་བོད་གཞུང་སྨན་རྩིས་ཁང་གི་འགན་འཛིན་དང་། ཉ་ལུ་སྤྲུལ་སྐུ་དྲུང་ཆེའམ་རྩིས་དྲུང་དུ་བསྐོས། འགན་འཛིན་འདིས་སྨན་རྩིས་ཁང་གི་འགན་བཞེས་གནང་བའི་དུས་སྐབས་དེར་དབུས་ཀྱི་བགྱིད་སྒོ་དག་ལས་སྔར་ལམ་བཞིན་ྋསྐུའི་བླ་སྨན་ཡེ་ཤེས་དོན་ལྡན་མཆོག་གིས་ྋསྐུའི་འཕྲོད་བཞེས་དང་མཐུན་པའི་གསོལ་སྨན་སྦྱོར་འབུལ་ཞུ་མུས་དང་། བྲག་མཐོན་བྱམས་པ་རྒྱལ་མཚན་གྱིས་ྋསྐུའི་དགུང་ཀེག་ཀེག་རྩིས་ཞུ་རྒྱུའི་མཚོན་ཞུ་སྒོ་མཐའ་དག་ཞུ་བཞིན་ཡོད་ཅིང་། དབུས་སྨན་རྩིས་ཁང་ལ་དབུས་འཛིན་སྐྱོང་ཡིག་ཚང་གི་འོག་ཏུ་མཐོ་སློབ་ཁང་དང་། སྨན་སྦྱོར་ཁང་། སྐར་དཔྱད་རྩིས་རིག་ཁང་བཅས་རིག་གཞུང་གི་སྡེ་ཚན་ཆེ་བ་གསུམ་དང་། དངུལ་རྩིས་སྡེ་ཚན་བཅས་ཡོད་ཅིང་། དེ་དུས་མེག་ལོཌ་བརྟག་དཔྱད་སྨན་ཁང་ཙམ་ལས་ས་གནས་ཡན་ལག་སྨན་ཁང་གཅིག་ཀྱང་མེད་པས་ལས་བྱེད་ཀྱི་གྲངས་འབོར་ཧ་ཅང་ཉུང་། ད་ལྟའི་སྨན་རྩིས་ཁང་གི་ལས་བྱེད་འཕོ་འགྱུར་གྱི་ཟིན་ཐོ་གཞིར་བཟུང་ན་སྐབས་དེར་དབུས་མ་ལག་དང་བཅས་པའི་ནང་སློབ་ཕྲུག་ཕུད་དེ་མིན་སྨན་རྩིས་ལས་བྱེད་གྲངས་༡༧ཙམ་ལས་མེད།

 

ག༽གལ་ཆེའི་ལས་གཞི་ཁག

༡༽རིག་གཞུང་དང་འབྲེལ་བའི་ལས་དོན་སྐོར།

ཕྱི་ལོ་༡༩༧༣ལོར་སྐབས་གསུམ་པའི་སྨན་སློབ་གྲངས་བཅོ་ལྔ་གཏན་སློབ་ཁག་ནས་བོད་ཡིག་དྲག་འདེམས་ཀྱིས་སློབ་ཕྲུག་ཕོ་མོ་གྲངས་བཅོ་བརྒྱད་བསྡུ་བསྐོང་གནང་སྟེ།  སློབ་དགེ་ཆེན་མོ་བར་ཞི་ཕུན་ཚོགས་དབང་རྒྱལ་མཆོག་ནས་སྨན་རྩིས་རིག་གནས་དང་བཅས་པའི་སློབ་འཁྲིད་ཀྱི་ཐུགས་འགན་བཞེས། ༼ཞིབ་ཕྲ་མཐོ་སློབ་སྐབས་སུ་གསལ།༽སློབ་ཕྲུག་རྣམས་ལ་བུ་ཁྱིམ་ནས་སྦྱིན་བདག་ཐབས་འཚོལ་གྱིས་སྤྱི་ཐབ་འགྲོ་གྲོན་དང་། སློབ་ཕྲུག་སོ་སོའི་ལག་སྣེ་ཕྲན་བུ་བཅས་ནར་གཏོང་ཐུབ་པ་བྱུང་བའི་ཁར། རྒྱ་གར་སྐྱོབ་གསོ་ཚོགས་པ་ནས་ཀྱང་སྐམ་ཕོགས་སོགས་ཀྱི་སྐྱོབ་གསོ་ཕྲན་བུ་གནང་བཞིན་ཡོད་པས། འཚོ་བའི་གནས་སྟངས་ཐད་སྔར་ལས་ཅུང་ཟད་ཡར་རྒྱས་ཕྱིན་ཡོད་པ་མ་ཟད། འཚོ་ཟས་ཀྱི་སྤུས་ཚད་མཐོར་འདེགས་དང༌།  འགྲོ་གྲོན་བསྲི་ཚགས།  འཚོ་བའི་འགན་རང་འཁུར་བཅས་ལ་གོམས་པ་ཡོང་ཆེད་སྤྱི་ཐབ་གཉེར་བ་དང་།  ཐབ་ཚང་ལས་དོནའང་སློབ་ཕྲུག་རེ་མོས་རྒྱུག་བཞིན་ཡོད། སློབ་ཕྲུག་རྣམས་ཉིན་ལྟར་འཆར་ཅན་གྱི་སློབ་ཁྲིད་ལས་གཞན་དགོང་དྲོ་ཆུ་ཚོད་རེར་ཀྲིག་ཅར་སྨན་སྦྱོར་ཁང་དུ་སྨན་རྒྱུ་གཙང་མ་བཟོ་བར་འགྲོ་དགོས་པ་དང༌། དབྱར་དུས་སུ་ངྷ་སའི་གཡས་གཡོན་གྱི་ལུང་གཤོང་དང་རི་རྩེར་སྨན་བཏོག་ལ་ཡང་འགྲོ་དགོས་ཀྱི་ཡོད།  དབུ་འཛིན་གོ་བོ་བློ་བཟང་བསྟན་འཛིན་མཆོག་ནས་སྨན་བཏོག་བྱ་ཡུལ་ད་ལྟ་ངྷ་སའི་གཡས་གཡོན་དང་རི་རྩེ་དེ་གས་འཐུས་ཀྱང༌། མ་འོངས་པར་སྨན་རྩིས་ཁང་རྒྱ་བསྐྱེད་དང་། ཡར་རྒྱས་བྱུང་མཚམས་སྨན་རྒྱུ་མི་འདང་བའི་དཀའ་ངལ་འཕྲད་རྒྱུ་ཡིན་པར་གཟིགས་ཏེ། སྨན་པ་དང་སློབ་གཉེར་བ་རྣམས་ཆ་བགོས་ཀྱིས་ཅམ་པ་ཁུལ་དང༌། སྦིར་གྱི་རི་རྩེ། མ་ནཱ་ལིའི་མཱ་རི་ལ་ལ་སོགས་པར་སྔོ་སྨན་འཚོལ་སྒྲུབ་བྱེད་པར་བཏང་ཞིང༌།  སྐབས་དེར་ས་རྒྱུས་དང་ལམ་རྒྱུས་མེད་པའི་ཁར་འགྲུལ་བཞུད་སོགས་ཀྱི་ཆ་རྐྱེན་ཞན་པའི་དཀའ་ངལ་ཇི་སྙེད་ཅིག་འཕྲད་ནའང༌།  དགེ་སློབ་རྣམས་ནས་སྨན་རྩིས་གཉིས་ཀྱི་བསྟན་པའི་མེ་རོ་བསྐྱར་གསོ་དང༌།  སྒོ་ཀུན་ནས་དར་ཞིང་འཕེལ་བའི་བྱ་བ་དེ་རང་འགན་དུ་དཀྲིས་ཏེ།  མྱོང་རྒྱུས་དབེན་ཞིང་མཐུན་རྐྱེན་ཞན་པའི་རླབས་ཕྲེང་དྲག་པོའི་ནང་སྤོབས་པ་ཆེན་པོས་སྡུག་རུས་དང༌། ཧུར་བརྩོན། ཐ་ན་རང་སྲོག་བློས་བཏང་བཅས་ཀྱི་སྙིང་སྟོབས་སེམས་ཤུགས་ཆེན་པོ་བསྐྱེད་པའི་འབྲས་བུར་དུས་ད་ལྟའི་བར་མུ་མཐུད་སྨན་བཏོག་བྱ་རྒྱུ་བྱུང་བ་བཅས་ནི་སྐབས་དེའི་དགེ་སློབ་རྣམས་ཀྱི་བཀའ་དྲིན་ཉག་ཅིག་ཡིན་པས། ཕྱི་རབས་པ་རྣམས་ནས་བཀའ་དྲིན་དེ་ནམ་ཡང་བརྗེད་མི་རུང༌།

 

སྐབས་དེ་ཙམ་དུ་སྐྱིད་གྲོང་གྲ་ཁང་དཀར་སྨན་པ་བློ་བཟང་སྒྲོལ་མ་ལགས་ཌལ་ཧོར་ཁུལ་དུ་མཚན་སྙན་ཆེ་བ་དང་བུད་མེད་ཡིན་པའི་ཆ་ནས་བོད་ཀྱི་བུད་མེད་ཅིག་སྨན་པའི་འོས་ཆོས་དང་དམིགས་སྒོ་བཟང་བར་སོང༌། ཕྱི་ལོ་ ༡༩༧༢ ལོར་ནང་མི་དང་བཅས་ངྷ་སར་ཆེད་བསྐོང་གནང་སྟེ་བརྟག་དཔྱད་སྨན་པར་བསྐོ་བཞག་བྱས་པས་ལོ་ཤས་སྡོད་རིང་ནད་པ་སྨན་བཅོས་ཐད་ཕན་ཐོགས་གང་ལེགས་བྱུང་བར་ཀུན་གྱིས་གླེང་། དེ་ཡང་ཁོ་མོས་རང་གི་ལས་དོན་ཡོངས་སུ་བཞག་སྟེ་སྨན་རྩིས་ཁང་ཧ་ཅང་ཉག་ཕྲ་བའི་གནས་སྐབས་དེར་ལྷག་བསམ་ཆེ་བསྐྱེད་གནང་བའི་བཀའ་དྲིན་ལ་བརྟེན་སྨན་རྩིས་ཁང་གི་མཚན་མཐོང་དང་ལས་དོན་གང་ཅིའི་ཐད་ཕན་ཐོགས་རྒྱ་ཆེར་བྱུང་འདུག  སྐབས་དེར་སྐར་རྩིས་རྒྱུད་འཛིན་པ་ཆེས་ཉུང་ནའང་རྩིས་པ་ཡེ་ཤེས་སྦྱིན་པས་དགོངས་པ་ཞུས་རྗེས་རྩིས་པ་བྲག་མཐོན་བྱམས་པ་རྒྱལ་མཚན་དང་རྩིས་པ་བསྟན་འཛིན་འཕྲིན་ལས་ཟུང་ནས་འཆར་ཅན་རྩིས་ཀྱི་ཞུ་སྒོ་ཁག་དང་།  ལོ་ལྟར་ལོ་ཐོ་འདོན་མུས་ཁར་དབུ་འཛིན་གྱི་བཀའ་བཞིན།  ལོ་དེར་སྔོན་ཐོན་རྒྱལ་ཁབ་ཁག་གི་ལོ་ཐོའི་འགྲོ་སྟངས་ལྟར་རྩིག་འགེལ་ལོ་ཐོ་ཀུན་བཟང་འཁོར་ལོའི་རི་མོ་ཡོད་པ་ཞིག་གསར་དུ་བཏོན་ཞིང༌། རི་མོའི་གཏན་འབེབས་དང་ཀུན་འཁོར་སྒྲིག་རྒྱུ་སོགས་ཀྱང་དབུ་འཛིན་སྐུ་དངོས་ནས་ཇུས་འགོད་གནང་བ་ཞིག་ཡིན་འདུག།དུས་དེ་ནས་བཟུང་དུས་ད་ལྟའི་བར་སྐུ་བརྙན་སྣ་ཚོགས་ལ་མཚོན་དོན་འགྲེལ་བརྗོད་འཁོད་པའི་རྩིག་འགེལ་ལོ་ཐོ་ཤོག་རྐྱང་མ་ལོ་ལྟར་འདོན་སྤེལ་གནང་བཞིན་ཡོད་པས་དེ་ནི་འགན་འཛིན་དེས་གསར་གཏོད་ཤུལ་བཞག་གི་གལ་ཆེའི་རྣམ་གྲངས་ཤིག་ཏུ་བགྲང་ཆོག།

 

༢༽ཕྱིའི་འཛུགས་སྐྲུན་སྐོར།

བལ་ཡུལ་གློ་དམག་སྒར་ཁུལ་དུ་ཡན་ལག་སྨན་ཁང་གསར་བ་ཞིག་བཙུགས་པ་ཙམ་ལས་ཕྱིའི་འཛུགས་སྐྲུན་དང་སྨན་བསྐོར་ཕྱི་སྐྱོད་སོགས་དང་།  དམིགས་གསལ་རིག་གཞུང་དང་འབྲེལ་བའི་ཚོགས་འདུ་ཚོགས་བསྐོང་སོགས་གལ་ཆེའི་ལས་གཞི་གསར་བ་སྤེལ་བའི་ལོ་རྒྱུས་ཡིག་ཆ་ལག་སོན་མ་བྱུང་ཞིང་།  དེའི་རྒྱུ་མཚན་ནི་སྐབས་དེར་འགན་འཛིན་ནས་སྨན་རྩིས་ཁང་གི་ཡིག་ཆ་མང་པོ་ཞིག་མེར་བསྲེག་བཏང་བར་ཀུན་གྱི་ངག་རྒྱུན་ལ་ཡོད་པས་དེ་དང་འབྲེལ་བ་ཡོད་པར་སྙམ། བཀའ་ཤག་ངེས་མེད་ཡིག་ཚགས་ཁང་དུ་ཉར་ཚགས་བྱས་པའི་ཡིག་ཆ་ཁག་ཏུ་ཡན་ལག་སྨན་ཁང་གསར་འཛུགས་གནང་བའི་ལོ་ཚིགས་གཞིར་བཟུང་ན་བྷེལ་ཀོབ་ཡན་ལག་སྨན་ཁང་ཕྱི་ལོ་ ༡༩༦༡ ལོར་བཙུགས་ཡོད་པ་དང་།  དེའི་རྗེས་ཙམ་དུ་མོན་གྷོ་འདོད་རྒུ་གླིང་དུ་སྨན་ཁང་གསར་འཛུགས་ཐུབ་ཡོད་པ་དང་། དེ་བཞིན་སྦིར་དང་གློ་དམག་སྒར། བཀ་སར་ཆོས་སྒར།  ཌེ་ར་ཌུན་དམག་སྒར་བཅས་སུ་སྨན་ཁང་སྒོ་ཕྱེ་ཡོད་པར་འཁོད་ཀྱང་།

 

ད་ལྟ་སྨན་རྩིས་ཁང་གི་རྩ་འཛིན་ལྟར་དྲ་རྒྱ་སོགས་ཡིག་ཆ་ཁག་ཏུ་འཁོད་གསལ་ལྟར་ན་ཕྱི་ལོ་ ༡༩༧༥ བར་དུ་མེག་ལོཌ་ཡན་ལག་སྨན་ཁང་གཅིག་པོ་ལས་ཡན་ལག་སྨན་ཁང་གཞན་མེད་པར་འཁོད་པས་དོན་དངོས་གང་ཡིན་ཆ་མ་འཚལ་བའི་གནས་སུ་གྱུར་ཡང་།  ཡིག་རྙིང་མང་པོ་དང་རྒན་རབས་པ་དག་གི་ངག་རྒྱུན་སོགས་ཞིབ་བསྡུར་བྱས་ཚེ་ད་ལྟའི་སྨན་རྩིས་དྲ་བ་སོགས་སུ་འཁོད་པའི་བཙུགས་རིམ་ལོ་དུས་དེར་ཡིད་རྟོན་རུང་བའི་གནས་སུ་མ་མངོན། དེའི་ཕྱིར་ཡིག་རྙིང་དང་ངག་རྒྱུན་གཞི་རྩ་བཟུང་ན་ཕྱི་ལོ་ ༡༩༦༡ ནས་ཕྱི་ལ་ོ ༡༩༧༥ བར་ཀྲིག་ཅར་དང་ཀྲིག་ཅར་མ་ཡིན་པའི་སྨན་ཁང་དྲུག་ཙམ་སྒོ་ཕྱེས་ཡོད་པ་ར་སྤྲོད་བྱེད་ཐུབ་ཀྱང་དེ་དག་ཕྱིས་སུ་རིམ་ཀྱིས་སྒོ་རྒྱག་དགོས་བྱུང་བའི་གནས་ཚུལ་ཡོད་པས་ཕྱིས་ཀྱི་ཡིག་ཆ་དག་ཏུ་མ་གསལ་བའི་རྒྱུ་མཚན་དེ་ཡིན་པར་སྙམ།


ཕྱིི་ལོ་ ༡༩༧༣ ལོར་སྐུ་སྒེར་ལ་དངུལ་བུན་ཞུས་ཏེ། ད་ལྟའི་དབུས་སྨན་རྩིས་ཁང་ཆགས་ཡུལ་གངས་སྐྱིད་ཁུལ་གྱི་ས་ཆ་རྒྱ་ཁྱོན་ཨེ་ཀར་ལྔ་ཙམ་༼ཨ་མདོ་འཕེལ་རྒྱས་ལགས་ཀྱི་ལག་ནས་ཉོས་པའི་ས་ཁྱོན་གང་འཚམས་ཆེན་པོ་ཞིག་ཉོས་ཤིང་འདིར་ཕྱིས་སུ་ར་སྟོད་བླ་བྲང་དང༌། བདེ་ལེགས་སྨན་ཁང་གི་ས་ཆ་བཅས་ཚུད་ཡོད༽སྤུས་གཟིགས་གནང་བ་དང༌། དེའི་སྟེང་ཨར་གཞི་འཛུགས་སྐྲུན་གྱི་ལས་འཆར་བཀོད་པ་དེར་བུ་ཁྱིམ་དབུ་འཛིན་ཨ་མ་རྗེ་བཙུན་པདྨ་བརྒྱུད་འཇར་མན་རོགས་ཚོགས་མེ་སོ་ར་ནས་རོགས་རམ་ཞུ་བསྩལ་བྱུང་བར་ད་ཡོད་དབུས་སྨན་རྩིས་ཁང་གི་ཡིག་ཚང་ཆེན་མོ་གསར་རྒྱག་གི་ལས་གཞི་མགོ་འཛུགས་བྱས་ཡོད། ༼དེའི་གནས་སྟངས་ཞིབ་ཕྲ་འགན་འཛིན་འོག་མའི་སྐབས་སུ་གསལ།༽

 

 ང་།༽ ལས་བྱེད་འཕོ་འགྱུར།

ཕྱི་ལོ་ ༡༩༧༢ ལོར་སྐྱིད་གྲོང་གྲ་ཁང་དཀར་སྨན་པ་བློ་བཟང་སྒྲོལ་མ་ལགས་ཌལ་ཧོར་ཁུལ་དུ་སྒེར་ངོས་ནས་ཀྲོག་ཅར་སྨན་ཁང་ཞིག་ཆེད་བཙུགས་ཀྱིས་ཁུལ་དེའི་ནད་པ་མང་པོར་ཕན་ཐོགས་རྒྱ་ཆེར་ཡོད་བཞིན་པ་དེ་ལྟར་ཡང་རང་གཞུང་གི་ངོས་ནས་སྨན་རྩིས་ཁང་གི་བརྟག་དཔྱད་པར་ཕེབས་དགོས་པའི་ནན་བསྐུལ་ཡང་ཡང་ཞུས་པར་བརྟེན་ནང་མི་དང་བཅས་ངྷ་སར་ཆེད་བསྐོང་གནང་སྟེ་བརྟག་དཔྱད་སྨན་པར་བསྐོ་བཞག་དང༌། སྐུ་ཟླ་ཚེ་རིང་དབང་རྒྱལ་ལགས་ཀྱང་སྨན་སྦྱོར་ཁང་དུ་ལས་བགོས་བསྐོ་བཞག་བྱས། ལོ་དེར་སྐབས་དང་པོའི་སློབ་ཐོན་གྲས་སྨན་པ་ལྷ་དབང་ལགས་བལ་ཡུལ་གློ་དམག་སྒར་དུ་བཙུགས་པའི་ཡན་ལག་སྨན་ཁང་གི་སྨན་པར་བསྐོ་བརྫང་གནང་སྟེ་དེར་ལོ་མང་བཞུགས། སྐབས་དང་པོའི་གྲས་སློབ་ཐོན་སྨན་པ་ཡེ་ཤེས་བསོད་ནམས་ལགས་སྨན་སྦྱོར་ཁང་དུ་བསྐོ་བཞག་གནང་ནས་འདས་གྲོངས་མ་སོང་བར་དུ་སྨན་སྦྱོར་གྱི་ཞུ་སྒོ་མཐའ་འཁྱོལ་བར་གནང་། སྐབས་དང་པོའི་སློབ་ཐོན་གྲས་སྨན་པ་བཀྲ་ཤིས་རྒྱལ་མཚན་ལགས་ཌེ་རཱ་ཌུན་བོད་པའི་དམག་སྒར་ནང་སྨན་ཁང་གསར་འཛུགས་ཀྱིས་སྨན་པར་བསྐོ་བཞག་གནང་སྟེ་ལས་ཁུར་ཞུས། སྨན་སློབ་སྐབས་དང་པོའི་ནང་ནས་ཁོང་རྣམ་པ་གསུམ་ལས་གཞན་རྣམས་ཀྱིས་སློབ་སྦྱོང་མཇུག་སྐྱོང་ཐུབ་མེད་པ་རེད། ཕྱི་ལོ་ ༡༩༧༣ ལོར་རྩིས་དྲུང་ཉ་ལུ་སྤྲུལ་སྐུ་འཕོས་ཚབ་ཏུ། ཚེ་རིང་སྐྱིད་འཛོམས་ལགས་རྩིས་དྲུང་བསྐོ་བཞག་གནང༌།

 

ཕྱི་ལོ་ ༡༩༧༣ ལོར་རྩིས་པ་བསྟན་འཛིན་འཕྲིན་ལས་ཀྱང་དགོངས་ཞུས་ཀྱིས་ཁེ་ན་ཌར་སོང་རྗེས་རྩིས་པ་བྲག་མཐོན་བྱམས་པ་རྒྱལ་མཚན་གཅིག་པུ་ནས་ཕྱི་ལོ་ ༡༩༨༠བར་རྩིས་ཀྱི་ཞུ་སྒོའི་ལས་འགན་ཡོངས་རྫོགས་ཞུ་དགོས་བྱུང་ཡོད་པས་སྐབས་དེར་རྩིས་རིག་རྒྱུད་འཛིན་པ་སྟོང་ལ་ཉེ་བར་གྱུར་ཀྱང་དམ་པ་དེའི་སྙིང་སྟོབས་སེམས་ཤུགས་གཅིག་བུ་ལ་བརྟེན་ནས་རིམ་པས་རྒྱུན་མཐུད་ཙམ་བྱུང་བས་དམ་པ་དེའི་བཀའ་དྲིན་ཡང་རྩིས་རིག་རྒྱུད་འཛིན་བྱེད་མི་ཙམ་མ་ཡིན་པར་རང་རེའི་རིག་གཞུང་ལ་དགའ་ཞེན་ཡོད་མཁན་ཀུན་གྱིས་བཀའ་དྲིན་རྗེས་དྲན་གྱི་ལེགས་གསོལ་ཞུ་འོས་སུ་མཐོང་ངོ་།།

 

སླར་སྨྲས་པ།

རྣམ་དཔྱོད་གསར་བས་སྔར་མེད་ལེགས་བྱས་ཀྱི།།

ངེས་དོན་མཛད་རྗེས་བཞག་པའི་གཏམ་མེད་ཀྱང་།།

ལྷག་བསམ་དག་པས་སྔར་ཡོད་རྒྱུན་གནས་ཀྱི།།

ལས་ལ་གང་ཐུབ་གཞོལ་བ་སྨོས་ཅི་དགོས།། །།


མཐའ་མའི་འདོན་ཐེངས་།: 16.04.2016 ཉིན། 11:10 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།