འགན་འཛིན་མཆོག་གིས་བལ་ཡུལ་དུ་གནང་བའི་གསུང་བཤད། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 24.05.2015 |
༄༅། །སྨན་རྩིས་ཁང་གི་འགན་འཛིན་མཆོག་ནས་བལ་ཡུལ་དུ་འཚོགས་པའི་
རྒྱལ་སྤྱིའི་བོད་ཀྱི་གསོ་རིག་ཚོགས་ཆེན་ཐེངས་གསུམ་པའི་སྟེང་
གནང་བའི་གསུང་བཤད།
ངས་ཐོག་མར་ཐེངས་གསུམ་པའི་སྲོལ་རྒྱུན་བོད་ཀྱི་གསོ་རིག་ཚོགས་ཆེན་གྱི་གོ་སྒྲིག་ཚོགས་ཆུང་དང་། གཞན་ཡང་རྒྱལ་ཁབ་སུམ་ཅུ་སོ་གསུམ་ཙམ་ནས་ཕེབས་པའི་འཛུལ་ཞུགས་མཁན་རྣམས་ལ་མཛེས་སྡུག་ལྡན་པའི་བལ་ཡུལ་རྒྱལ་ཁབ་ནང་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན། ཀྰཋ་མྰཾ་ཌྰུ་ཡི་ནང་སྲོང་བཙན་བྷྲྀཀུཊི་(Songtsen-brikuti)ཞེས་པའི་མཚན་བྱང་དེ་སློབ་གྲྭ་དང། ཚོགས་པ། ཁེ་ལས་ཚན་པ་སོགས་ཕྱོགས་གང་སར་མཐོང་ཐོས་ཡོད་པ་ཞིག་ཡིན་ལ། འདིས་བོད་རྒྱལ་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོས་བལ་ཡུལ་གྱི་སྲས་མོ་བལ་བཟའ་ཁྲི་བཙུན་ནམ་བྷྲྀཀུཊི་དེབྰི་ཁབ་ཏུ་བཞེས་པ་ལས་བལ་བོད་གཉིས་ཀྱི་དབར་ལོ་རྒྱུས་རང་བཞིན་ལྡན་པའི་འབྲེལ་ལམ་ལེའུ་གསར་པ་ཞིག་གི་འགོ་ཚུགས་ཡོད་པ་མཚོན་ཡོད།
ཚོགས་ཆུང་ནས་ཐེངས་གསུམ་པའི་ཚོགས་ཆེན་བལ་ཡུལ་ཀྰཋ་མྰཾ་ཌྰུར་གོ་སྒྲིག་གནང་བ་འདིས་རྒྱལ་ཁབ་འདིར་ཞབས་འདེགས་རླབས་པོ་ཆེ་ཞིག་བསྒྲུབས་པ་རེད། རྒྱལ་ཁབ་འདིར་སྨན་རྩ་འབེལ་ཞིང་འདེབས་ལས་ཀྱི་ས་ཁྱོན་ཆེ་ལ་འཚམ་པ་དང་། ཞལ་འདེབས་རོགས་སྐྱོར་མང་བའི་ས་ཆ་ཞིག་ཀྱང་ཡིན་པས། རྒྱལ་ཁབ་འདིའི་མི་དམངས་ལ་མཚོན་ན་སྲོལ་རྒྱུན་སྔོ་སྨན་ལ་རྒྱུས་ལོན་གོམས་འདྲིས་སོགས་ཀྱི་ཤེས་བྱ་ངེས་ཅན་ཡོད། སྔོ་སྨན་གྱི་ཐོག་རྒྱ་ནག་གི་རྒྱལ་སྤྱིའི་མ་དངུལ་བསྡུ་འབབ་ལོ་རེར་ཨ་སྒོར་དུང་ཕྱུར་བརྒྱ་ལྷག་ཟིན་གྱི་ཡོད་པ་དང་། དེ་ལས་ལྡོག་སྟེ་བལ་ཡུལ་གྱི་མ་དངུལ་བསྡུ་འབབ་རྒྱ་ནག་གི་བརྒྱ་ཆ་གཅིག་ཀྱང་ལོན་གྱི་མེད་པ་མཁྱེན་རྟོགས་ཡོད་པའི་ཐོག་ནས་ཚོགས་ཆེན་འདིས་གཞུང་དང་ཚོགས་པ་ཁག མི་སྒེར་བཅས་ཀྱི་སྔོ་སྨན་ཐོག་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་པའི་ཡིད་ཆེས་ཡོད། སྔ་ལོ་བལ་ཡུལ་ནས་སྐུ་ཚབ་ཞིག་རྒྱ་གར་དྷ་རམ་སཱ་ལ་སྨན་རྩིས་ཁང་དུ་ཕེབས་སྐབས་ངོས་ནས་རོགས་སྐྱོར་གང་དགོས་འཐུས་ཚང་གནང་ཡོད་པ་དང་། ལྷག་པར་ང་ཚོ་རང་ཉིད་བཙན་བྱོལ་དུ་མི་ལོ་ལྔ་བཅུ་ལྷག་གནས་ཡོད་ཀྱང་སྨན་རྩིས་ཁང་ངོས་ནས་མཐུན་འགྱུར་རོགས་རམ་གང་དགོས་དགའ་པོའི་ངང་ནས་ཞུ་གི་ཡིན་ཞེས་གསལ་པོར་བརྗོད་རྒྱུ་བྱུང་།
ངོས་རང་ཚོགས་ཆེན་འདིར་འཛུལ་ཞུགས་བྱ་རྒྱུ་བྱུང་བར་ཧ་ཅང་གི་དགའ་པོ་བྱུང་བ་མ་ཟད། གྲུབ་འབྲས་འདྲ་མིན་གྱི་ལོ་རྒྱུས་དང་ཤེས་ཡོན་བརྗེ་རེས་སོགས་ཀྱི་གནད་དོན་སྣ་ཚོགས་སྐོར་ཤེས་རྟོགས་གང་མང་ཡོང་རྒྱུའི་རེ་བ་ཞུ་བཞིན་ཡོད། དེ་དག་གི་ཁར་ངོས་ལ་《སྲོལ་རྒྱུན་བོད་སྨན་ལ་དོ་སྣང་ཆེར་འཕེལ་དང་ཚོགས་པ་ཁག་དང་མི་སྒེར་ནས་ནུས་ལྡན་གྱི་འགན་འཁྲི་ཇི་ལྟར་འཁྱེར་དགོས་མིན་སྐོར།》གཏམ་བཤད་བྱ་རྒྱུའི་གོ་སྐབས་ཐོབ་པར་དགའ་པོ་བྱུང་།
བོད་སྨན་ལ་རྒྱལ་སྤྱིའི་སྟེང་དོ་སྣང་ཡོང་བཞིན་པ་འདི་གློ་བུར་དུ་བྱུང་བ་ཞིག་མ་ཡིན་པར་ཚོགས་པ་ཁག་དང་མི་སྒེར་མང་པོས་ལོ་ངོ་བཅུ་ཕྲག་འགའི་རིང་འབད་བརྩོན་བྱས་པ་ལས་བྱུང་བ་དང་། དེ་ཡང་ལོ་རྒྱུས་ཀྱི་མི་སྣ་གྲགས་ཅན་དག་གིས་དཀའ་སྤྱད་སྙིང་རུས་ལས་བྱུང་བ་ཞིག་ཡིན། བོད་སྨན་ལ་མི་ལོ་ཉིས་སྟོང་ལྔ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་ཞིང་དུས་རབས་བརྒྱད་པའི་ནང་གཡུ་ཐོག་ཡོན་ཏན་མགོན་པོའི་མཛད་རྗེས་དང་། ཕྱི་ལོ་ ༡༦༩༦ ལོར་ྋགོང་ས་ལྔ་པ་ཆེན་པོས་ལྷ་སར་ལྕགས་པོ་རི་སྨན་པ་གྲྭ་ཚང་ཕྱག་བཏབ་པ། ཕྱི་ལོ་ ༡༩༡༦ ལོར་ྋགོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་ལྷ་སར་སྨན་རྩིས་ཁང་གསར་འཛུགས་གནང་བ། ཕྱི་ལོ་ ༡༩༦༡ ལོར་ྋགོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་རྒྱ་གར་དུ་སྨན་རྩིས་ཁང་བསྐྱར་འཛུགས་གནང་བ་བཅས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པ་ཞིག་ཡིན། སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས། མཁྱེན་རབ་ནོར་བུ་སོགས་ཀྱིས་གཙོས་གྲགས་ཅན་གྱི་སྨན་པ་དང་སྔོན་བྱོན་མཁས་དབང་རྣམས་ཀྱི་མཛད་འཕྲིན་ལ་རྗེས་སུ་ཡི་རངས་ཞུ་འོས་པ་ཞིག་རེད།
རྒྱལ་སྤྱིའི་སྟེང་སྲོལ་རྒྱུན་སྨན་བཅོས་ལུགས་ལ་དོ་སྣང་ཇེ་ཆེར་འཕེལ་བཞིན་པའི་དུས་འདིར་སྲོལ་རྒྱུན་བོད་སྨན་འདི་འཐུས་སྒོ་ཚང་ཤོས་ཀྱི་སྨན་བཅོས་ལག་ལེན་ཞིག་ཏུ་འབུར་ཐོན་བྱུང་བར་ང་ཚོ་ཚང་མ་དགའ་འོས་པ་ཞིག་ཡིན། དུས་རབས་བརྒྱད་པའི་ནང་རྒྱལ་ཐོག་སོ་བརྒྱད་པ་ཁྲི་སྲོང་སྡེ་བཙན་སྐབས་རྒྱལ་སྤྱིའི་སྨན་གྱི་བགྲོ་གླེང་ཐོག་མ་དེ་བོད་དབུས་བསམ་ཡས་དགོན་དུ་ཚུགས་པ་དང་། དེའི་སྐབས་བོད་དང་རྒྱ་གར། རྒྱ་ནག བལ་ཡུལ། སོག་པོ། ཏ་ཟིག་སོགས་ནས་སྙན་གྲགས་ཅན་གྱི་སྨན་པ་མཁས་པ་མང་པོ་གདན་འདྲེན་ཞུས་ཡོད་པར་བཤད། བོད་སྨན་གྱི་རྗེ་བོ་གཡུ་ཐོག་ཡོན་ཏན་མགོན་པོས་ལུགས་མང་གསོ་དཔྱད་ཀྱི་སྙིང་བོ་གཅིག་ཏུ་བསྡུས་ཏེ་རྒྱུད་རྒྱལ་《དཔལ་ལྡན་རྒྱུད་བཞི་》བརྩམས་གནང་བ་དེ། དུས་ད་ལྟའང་བོད་དང་རྒྱ་གར། བལ་ཡུལ། སོག་པོ། འབྲུག་ཡུལ་སོགས་སུ་བོད་སྨན་སློབ་སྦྱོང་བྱ་རྒྱུའི་རྨང་གཞིའམ་རྩ་འཛིན་སློབ་ཚན་དེ་ཆགས་ཡོད། རྒྱུད་བཞིའི་ནང་ནང་ཆོས་ཀྱི་ལྟ་གྲུབ་ཀྱང་བསྟན་ཡོད་པས་བོད་སྨན་གྱི་དགོས་མཁོ་གལ་ཆེན་ཞིག་བསྒྲུབས་ཡོད།
སྨན་རྩིས་ཁང་ནས་དངུལ་ཆུ་གཡའ་ཕྱིས་དང་དུག་འདོན་བྱས་རྗེས་ཀྱི་བཙོ་ཐལ་ནང་དུག་ཤས་དང་ཉེན་ཟློག་བརྟག་དཔྱད་བྱ་ཆེད་ཉམས་ཞིབ་ཐེངས་གཉིས་བྱས་ཤིང་། ཉམས་ཞིབ་ཀྱི་གྲུབ་འབྲས་སུ་དངུལ་ཆུ་གཡའ་ཕྱིས་དུག་འདོན་བྱས་ཟིན་པའི་བཙོ་ཐལ་བོད་སྨན་གྱི་རྫས་སུ་བེད་སྤྱོད་བྱས་ན་བདེ་ཐང་ལ་གནོད་ཚབས་ཡོད་པའི་དཔང་རྟགས་གང་ཡང་རྙེད་མེད། དངུལ་ཆུ་(བཙོ་ཐལ་)གྱི་ངོ་བོར་ཡོད་པའམ་ཡང་ན་(དུག་འདོན་བྱས་པའི་དངུལ་ཆུ་)ནི་《རིན་ཆེན་རིལ་བུ་》ཞེས་བོད་སྨན་ཁྱད་པར་བ་འདིའི་ནང་གི་སྨན་རྫས་གཙོ་བོ་ཞིག་ཡིན། རིན་ཆེན་རིལ་བུ་ནི་སྔོ་ཁྲོག་གཏེར་རྫས་མང་པོས་གྲུབ་ཡོད་ཅིང་ཆེས་རྙོག་འཛིང་ཆེ་བའི་སྨན་གྱི་སྦྱོར་ཐབས་ཤིག་ཡིན་ལ། སྲོལ་རྒྱུན་དུ་ནད་གཞི་མང་དག་གི་བཅོས་ཐབས་སུ་བེད་སྤྱོད་བྱེད་ཀྱི་ཡོད་ཅིང་ཁྲག་གི་ནད་དང་འབྲས་ནད། རྩ་དཀར། མི་འཕྲོད་པ། གྲུམ་བུ། རྨ་རྙིང། དེ་བཞིན་རྫས་དང་དུག་རིགས་བཅས་ལ་དུག་སེལ་བཅུད་ལེན་བཅས་སུའང་བེད་སྤྱོད་བྱེད་བཞིན་ཡོད། དངུལ་ཆུ་ནི་རིན་ཆེན་རིལ་བུའི་ནང་གི་རྒྱུ་ཆ་གལ་ཆེན་ཞིག་ཡིན་མོད། འོན་ཀྱང་རང་བྱུང་དངུལ་ཆུའམ་མ་བཏུལ་བའི་དངུལ་ཆུ་ལ་ལྕི་འབིགས་གཡོ་བའི་དུག་ཤས་ཧ་ཅང་ཆེན་པོ་ཡིན་པ་བོད་སྨན་ནས་ཀྱང་ངོས་འཛིན་བྱེད་ཀྱི་ཡོད། ཟླ་གྲངས་མང་པོ་བསྟུད་ནས་གཡའ་ཕྱིས་དང་དུག་འདོན་བྱས་པའི་དངུལ་ཆུ་དེ་མཐར་དགྲ་དང་སྤྲད་རྗེས་བཙོ་ཐལ་གྱི་ངོ་བོར་ཆགས་ཀྱི་ཡོད། དེ་ནི་སྨན་བཅོས་གྱི་རྒྱུ་ཆ་གལ་ཆེན་ཞིག་ཆགས་ཡོད་པ་ངོས་འཛིན་བྱེད་ཀྱི་ཡོད་ལ་ཁ་ལ་ཟོས་ཀྱང་ཉེས་སྐྱོན་གཏན་ནས་མེད།
ཉམས་ཞིབ་ནི་དེང་གི་སྤྱི་ཚོགས་སུ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད་ལ། བོད་སྨན་གྱི་ཕན་ནུས་གསལ་སྟོན་ཆེད་སྨན་རྩིས་ཁང་ཚོགས་པ་རང་དང་གཞན་ཡང་མཉམ་ལས་ཐོག་ཉམས་ཞིབ་ཐེངས་ཁ་ཤས་བྱས་ཡོད། འདི་ག་ཉམས་ཞིབ་སྡེ་ཚན་ནས་བོད་སྨན་གྱི་དམིགས་བསལ་བརྟག་ཐབས་དང་ཁྱད་ཆོས་ཀྱི་ལམ་ནས་དེང་དུས་ཡོངས་ཁྱབ་ཏུ་དར་ཆེ་བའི་ནད་གཞི་ཟ་ཁུ་གཅིན་སྙི་དང་ཁྲག་རླུང་སྟོད་འཚངས། མཆིན་ནད་དུག་ཐབས། ཕོ་སྨུག་གཉན་ཅན། གྲུམ་བུ་སོགས་ལ་ཉམས་ཞིབ་བྱས་ཡོད། འདས་པའི་མི་ལོ་ལྔ་བཅུ་ལྷག་གི་རིང་སྨན་རྩིས་ཁང་ནས་ནད་པ་གྲངས་ལས་འདས་པར་སྨན་བཅོས་ཞབས་ཞུ་བསྒྲུབས་པ་ལྟར་གྲུབ་འབྲས་ཀྱང་གཡུར་དུ་ཟ་བ་ཐོབ་ཡོད། འོན་ཀྱང་མ་འོངས་ཕུགས་རྒྱང་རིང་པོར་བོད་སྨན་གྱི་ཕན་བསྐྱེད་ནུས་པ་གང་ལེགས་ཡོད་པ་མངོན་སྟོན་བྱ་རྒྱུར་དེང་དུས་ཚན་རིག་བརྟག་དཔྱད་ཀྱི་སྒོ་ནས་ར་སྤྲོད་བྱེད་དགོས་པ་ཞིག་ཡིན། དེར་བརྟེན་ད་ལྟའི་ཆར་ཚོགས་པའི་ངོས་ནས་ནད་བཅོས་ཉམས་ཞིབ་སློབ་སྦྱོང་བྱ་རྒྱུ་དེ་ཧ་ཅང་གི་གལ་གནད་ཆེན་པོ་ཞིག་ཆགས་ཡོད། སྡེ་ཚན་ནས་ཨི་ཛི་རལ་(Israel)ནང་གི་རང་བྱུང་སྨན་རྫས་ཉམས་ཞིབ་ལྟེ་གནས་(Natural Medicine Research Center)དང་། ཧ་སྡེས་ཤཱི་སྨན་གྱི་ཚོགས་པ།(Hadassah) ཇཱི་རུ་ས་ལམ།(Jerusalem) བཅས་ཀྱི་ཚོགས་པ་དང་མཉམ་ལས་ཐོག་བོད་སྨན་ནང་གི་བཙོ་ཐལ་ལ་དུག་ཤས་དང་ཉེས་སྐྱོན་ཅི་ཡོད་སྐོར་ཉམས་ཞིབ་བྱས་པ་དང་ད་ལྟའང་བྱེད་བཞིན་པའི་གྲུབ་འབྲས་སྙན་ཐོ་འགྲོ་བ་མི་དང་དུག་རྫས་དཔྱད་ཞིབ་རིག་པའི་གསར་ཤོག་(Human and Toxicology Journal)ཞེས་པའི་སྟེང་ཐོན་ཡོད། གཞན་ཡང་པོ་ལན་ཚོགས་པའི་མཐོ་སློབ་(Portland Community College)དང་། རོཀ་ཀྲིཀ་ཀེམ་པ་སེ་(Rock Creek Campus)ཚོགས་པ་གཉིས་དང་མཉམ་ལས་ཐོག་བོད་སྨན་ནང་རྩ་ཕྲན་གྱི་གྲུབ་སྟངས་སྐོར་ཉམས་ཞིབ་བྱེད་ཀྱི་ཡོད། རྒྱ་གར་རྒྱལ་ཡོངས་ཚན་རིག་སྨན་ཁང་(All India Institute of Medical Science)དང་ལྷན་དུ་ཟ་ཁུ་གཅིན་སྙིའི་ཐོག་ནད་བཅོས་ཉམས་ཞིབ་བྱས་པར་གྲུབ་འབྲས་ལེགས་པོ་ཐོན་ཡོད། དེ་ཙམ་དུ་མ་ཟད་དར་ཁྱབ་ཆེ་བའི་ནད་གཞི་སྣ་ཚོགས་ལ་ནད་བཅོས་ཉམས་ཞིབ་དང་བགྲོ་གླེང་ཚོགས་འདུ་སོགས་རིམ་པ་བཞིན་ཡོང་གི་རེད།
འགྲོ་བ་མིའི་བདེ་རྩའི་ཁེ་ཕན་ཆེད་སྨན་རྩིས་ཁང་དང་ལྷན་དུ་མཉམ་སྦྲེལ་གྱི་ལས་གཞི་གང་ཡོད་ལ་དུས་དང་རྣམ་པ་ཀུན་ཏུ་དགའ་བསུ་ཞུ་རྒྱུ་ཡིན། འདས་པའི་ལོ་མང་རིང་ང་ཚོས་འགྲོ་བ་མིར་ཞབས་འདེགས་ཆེ་ཤོས་ཤིག་བསྒྲུབས་ཡོད་པ་ནི་རྒྱ་གར་དང་། བལ་ཡུལ། འབྲུག་ཡུལ་སོགས་སུ་ཡན་ལག་སྨན་ཁང་༥༥ཙམ་བརྒྱུད་འཕྲོད་བསྟེན་གྱི་ཞབས་ཞུ་ལྷད་མེད་གནང་ཡོད། ལྷག་པར་དུ་སྙན་གྲགས་ཆེ་བའི་གཙུག་ལག་སློབ་གཉེར་ཁང་དཔེར་ན། ཨ་རིའི་ཝིས་ཀོན་སན་གཙུག་ལག་སློབ་གཉེར་ཁང་།(Wisconsin University) དང་། ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་།(Emory University) མི་ནི་སོ་ཊ་གཙུག་ལག་སློབ་གཉེར་ཁང་།(University of Minnesota) ཨི་ཛི་རལ་ནང་ཡོད་པའི་ཧ་སྡེ་སཱ་སྨན་ཁང་།(Hadassa Hospital in Isreal) སོའོ་པོ་ལོ་སྤྱི་མཐུན་གཙུག་ལག་སློབ་གཉེར་ཁང་།(Federal University of Sao Paulo)སོགས་དང་མི་སྒེར་མང་པོའི་དོ་སྣང་སོགས་ལས་ང་ཚོའི་ཀུན་ཁྱབ་འཕྲོད་བསྟེན་གྱི་ཞབས་ཞུ་མི་གང་མང་ལ་ཁྱབ་ཆེད་སྨན་རྩིས་ཁང་ནས་ཕྱི་རྒྱལ་ཁག་ཏུ་སྨན་རྩིས་གཉིས་ཀྱི་སྐོར་བསྐྱོད་ལས་གཞིའང་གོ་སྒྲིག་ཞུས་ཡོད།
བོད་པའི་སྨན་པས་ལས་གང་བརྩམས་ཀྱང་རྩ་བ་གཞན་ཕན་ཀུན་སློང་ལ་གཞི་བཅོལ་པའི་ཐོག་བསྒྲུབས་ཀྱི་ཡོད། བོད་སྨན་འདི་ལུགས་གཞན་གྱི་སྨན་དང་ལྷན་དུ་དཔུང་པ་མཉམ་གཤིབས་ཀྱི་སྒོ་ནས་བསྐྱོད་རྒྱུར་བོད་སྨན་ལ་ཚན་རིག་བརྟག་དཔྱད་བྱེད་ཐུབ་པ་དང་བྱེད་དགོས་ངེས་ཤིག་ཀྱང་ཡིན། བོད་སྨན་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད་པ་དང་ང་ཚོས་རྒྱ་གར་ནང་མི་ལོ་བརྒྱ་ལྷག་ཕྱིན་པའི་ལྷ་ས་སྨན་རྩིས་ཁང་གི་ཕྱག་རྒྱུན་ཇི་བཞིན་མ་ཉམས་པར་ལག་ལེན་གནང་བཞིན་ཡོད་པས་དུས་ད་ལྟའང་ནད་པ་ཚོར་ཕན་སྐྱེད་ལེགས་པའི་གྲུབ་འབྲས་ཐོན་ཡོད། རྫས་སྔགས་ཏིང་འཛིན་རོལ་བ་ལས་བྱུང་བའི་ལག་ལེན་དང་། ནུས་མཐུ་ཡ་མཚན་ཅན་འགའ་རེར་ཚན་རིག་པ་རྣམས་མགོ་འཐོམས་ཀྱི་ཡོད་ཀྱང་དེ་དེ་ཁོ་ནས་གསལ་བཞིན་ཡོད། དཔེར་ན་ཅོང་ཞི་ཟླ་འོད་ཀྱི་ལག་ལེན་ལྟ་བུར་ཆ་མཚོན་ན། ལག་ལེན་འདི་དམིགས་བསལ་བོད་ཟླ་ ༨ ཚེས་ ༡༥ མཚན་མོའི་ཟླ་འོད་འོག་བྱེད་དགོས་པ་ནི་ཟླ་འོད་ཀྱི་ནུས་པ་ཁྱད་འཕགས་ཐོབ་ཆེད་དུ་ཡིན་ལ། དེ་ཡང་སྐབས་དེ་དུས་ཟླ་བའི་བསིལ་ནུས་འཕེལ་བ་ཆ་སྙོམས་ཞིང་ཅོང་ཞིའི་སྟོབས་རྒྱས་རྒྱུའི་མཐུ་ནུས་དང་ལྡན་པའི་དུས་ཁྱད་པར་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ལས་སྣོན་འདི་བོད་སྨན་ཟླ་ཤེལ་བདུད་རྩི་མ་དང་། ཟླ་ཤེལ་སོ་བདུན། རིན་ཆེན་བཙོ་བཀྲུ་ཟླ་ཤེལ་སོགས་ཀྱི་སྦྱོར་སྡེའི་ནང་བེད་སྤྱོད་བྱེད་ཀྱི་ཡོད། སྲོལ་རྒྱུན་བོད་ཀྱི་གསོ་རིག་ནང་དེ་འདྲ་བའི་སྨན་སྦྱོར་ལག་ལེན་དམར་འཁྲིད་ཁག་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཡོད།
ངས་གོང་དུ་བོད་སྨན་གྱི་ནང་བཙོ་ཐལ་གྱི་ལག་ལེན་བྱེད་ཕྱོགས་སྐོར་བརྗོད་དགོས་པའི་རྒྱུ་མཚན་ནི། ནམ་ཞིག་གཡའ་ཕྱིས་དང་དུག་འདོན་བྱས་པའི་དངུལ་ཆུ་བོད་སྨན་ནང་བེད་སྤྱོད་བྱེད་མི་ཆོག་པའི་དུས་ཤིག་ཤར་མི་སྲིད་པ་མིན་ལ། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་གནོན་ཤུགས་འོག་མཱི་ན་མ་ཏ་ཚོགས་འདུའི་སྐབས་(Minamata Convention) རྒྱལ་ཁབ་བརྒྱ་དང་སུམ་ཅུ་ཐམ་པས་སྨན་ནང་དངུལ་ཆུ་བེད་སྤྱོད་བྱ་རྒྱུ་མིན་པའི་མཚན་རྟགས་བཀོད་ཟིན་པ་རེད། སྐབས་དེ་དུས་རྒྱ་ནག་དང་རྒྱ་གར་གྱི་མཚན་རྟགས་བཀོད་མེད་པས་ང་ཚོས་དངུལ་ཆུ་བེད་སྤྱོད་བྱ་ཐུབ་རྒྱུའི་རེ་བ་བྱས་མོད། འོན་ཀྱང་ད་ཆ་རྒྱ་གར་ནས་ཀྱང་གྲོས་མཐུན་དེར་མཚན་རྟགས་བཀོད་ཡོད།
བོད་སྨན་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཀྱི་རྒྱལ་ཁ་ཞིག་ཐོབ་ཡོད་པ་ནི་སྨན་རྩིས་ཁང་ཁོ་ནས་བྱས་པའི་ལས་ཀ་ཞིག་མིན་ལ། ཡ་ཡུད་ཅན་གྱི་ལས་གཞི་འདིའི་ཐོག་དཀའ་སྤྱད་འབད་བརྩོན་གནང་མཁན་གཞིས་བཞུགས་སྨན་པ་ཚོའི་ངོ་ཚབ་ཞུས་ཏེ་བརྗོད་ཀྱི་ཡོད། དེར་བརྟེན་སྨན་རྩིས་ཁང་ནས་ཐུགས་རྗེ་ལེགས་འབུལ་མཚོན་ཆེད་ཁོང་རྣམས་ལ་བཀྲིས་པའི་མཇལ་དར་དེ་རྒྱ་གར་ནས་ཐད་ཀར་འབུལ་སྟབས་བདེ་མིན་གྱིས་ད་ཐེངས་ཚོགས་ཆེན་གྱི་གོ་སྒྲིག་པ་བརྒྱུད་བོད་ལ་མངགས་གཏོང་ཞུ་རྒྱུ་ཡིན། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་འགན་འཛིན་འོ་ཚོགས་ཆེན་དང་། ཞིབ་འཇུག་སྡེ་ཚན་གྱི་སྨན་པ་རྣམས་ནས་མི་ལོ་ཉི་ཤུ་ལྷག་གི་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་༼བོད་ཀྱི་གསོ་རིག་ཀུན་བཏུས།༽ཞེས་པའི་ཕྱག་དཔེ་པོད་༦༠ ཅན་ཞིག་པར་བསྐྲུན་མཛད་ཡོད་པ་དེའི་ནང་གི་བརྗོད་གཞི་ཁག་ཅིག་ནི་བོད་སྨན་གྱི་ལོ་རྒྱུས་འཕེལ་རིམ། གདོད་མའི་བོད་སྨན་གྱི་ལག་ལེན། གསོ་ཐབས་ལག་ལེན་གྱི་རྨང་གཞི། རྒྱུད་བཞི་དང་འགྲེལ་པ། འཚོ་བྱེད་མཁས་དབང་ཁག་གི་ཉམས་ཡིག གསོ་རིག་སྨན་རྫས། སྨན་གྱི་ངོས་འཛིན་དང་ནུས་པ། སྦྱར་ཐབས་ལག་ལེན། དུག་འདོན། སྔགས་ཀྱི་ལག་ལེན། གཡུ་ཐོག་སྙིང་ཐིག་གི་དབང་ལུང་དང་གཞན་ཡང་ཆོས་ཕྱོགས་ཀྱི་ལག་ལེན་སོགས་ཡིག་འབྲུ་ས་ཡ་དྲུག་ལྷག་གིས་གྲུབ་འདུག་པ་དེ་ལ་དམིགས་སུ་བཀར་ནས་བསྔགས་བརྗོད་ཞུ་འདོད་བྱུང་།
ང་ཚོས་འགྲོ་བ་མིའི་རིགས་ལ་ཞབས་འདེགས་བསྒྲུབ་ཐབས་སུ་གཅིག་བསྡུས་ཀྱི་ནུས་པ་ཇི་ལྟར་འདོན་དགོས་མིན་དང་དེའི་འགོག་རྐྱེན་ནམ་སེམས་འཁུར་གྱི་སྐོར་རགས་ཙམ་གླེང་ན། སྤྱིར་བཏང་བོད་སྨན་ཐོག་དོ་སྣང་ཇེ་ཆེར་འགྲོ་བཞིན་ཡོད་ཀྱང་ནད་བཅོས་སྡེ་ཁག་གི་དོ་དབྱིངས་ལ་བཀག་རྒྱ་ཆེན་པོ་ཞིག་འཕྲད་བཞིན་ཡོད། དེའི་རྒྱུ་མཚན་གཙོ་བོ་ནི་བོད་སྨན་ལ་ངོས་འཛིན་གསལ་པོ་ཞིག་མེད་པ་དང་། གཞན་ཡང་ཚོགས་པ་རེ་ཟུང་གིས་གཞན་ཕན་རླབས་ཆེན་བྱ་བཞག་སྒྲུབ་མུས་ལ་བརྟེན་མི་དམངས་ནས་ཚོགས་པ་དེ་དག་དང་ལེན་བྱས་ཀྱང་ཁྲིམས་མཐུན་གྱི་ངོས་འཛིན་མེད་པ་དེ་ཡང་ཆབ་སྲིད་གནས་བབས་རྐྱེན་གྱིས་བྱུང་བ་ཞིག་ཡིན། གཉིས་ནས་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཚང་མའི་ནང་ཁྲིམས་མཐུན་གྱི་ལས་གཉེར་བྱ་རྒྱུ་གལ་འགངས་ཆེ་ཤོས་ཤིག་ཡིན་ཙང་། བོད་སྨན་ལ་ཁྲིམས་མཐུན་དང་ངོས་འཛིན་གསལ་པོ་ཞིག་མེད་སྟབས་དོན་གཉེར་ཆེ་བའི་ཕྱི་རྒྱལ་བ་མང་པོས་བོད་སྨན་ལག་ལེན་བྱ་རྒྱུའི་རེ་བ་སྟོང་ཟད་དུ་བཏང་ཡོད། དེར་བརྟེན་ད་ལྟ་བར་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཀྱི་མི་དམངས་ནས་ཤེས་ཡོན་དང་གཏམ་བཤད་བགྲོ་གླེང་། དྲ་ཐོག་སློབ་གཉེར། ཐག་རིང་ས་ཁུལ་ལ་དྭགས་དང་བལ་ཡུལ། སོག་པོ་སོགས་སུ་བོད་སྨན་ལག་ལེན་བྱེད་མཁན་རིགས་ནས་ཁེ་འབབ་མེད་པའི་ཚོགས་པ་ཆུང་ངུ་རེ་ཟུང་བཙུགས་པ་བཅས་ཀྱི་ཐོག་ནས་བོད་སྨན་ལ་དོན་གཉེར་བྱ་ཐབས་བྱེད་ཀྱི་ཡོད། བོད་སྨན་ལག་ལེན་བྱེད་མི་ཚད་ལྡན་རྣམས་ལ་ནམ་ཞིག་སྔོ་སྨན་རྣམས་ལུགས་མཐུན་གྱི་སྒོ་ནས་འབེལ་འབེལ་ལྷུག་ལྷུག་ཏུ་བེད་སྤྱོད་བྱ་རྒྱུ་བྱུང་ན་གནས་སྟངས་ལ་འགྱུར་བ་འགྲོ་རྒྱུ་ཡིན་པ་སྨྲོས་མེད་རེད།
ཚོགས་ཆེན་འདི་ལྟ་བུས་ང་ཚོའི་ལམ་སྣ་རྒྱ་ཆེར་ཕྱེ་ཞིང་གོ་སྐབས་ནམ་བྱུང་ལ་ང་ཚོས་ཐུན་མོང་གི་གཞི་རྩའི་ཁེ་ཕན་ཐོག་ལས་དོན་བསྒྲུབས་དགོས་པ་ཡིན། བསམ་ཚུལ་འདྲ་མིན་གང་ཡིན་རུང་ང་ཚོས་བརྩི་འཇོག་ཞུ་དགོས་ཀྱང་དེ་དག་ཚང་མ་ངོས་ལེན་བྱ་དགོས་པའི་ངེས་པ་མེད་ལ། ལྷག་པར་དུ་སོ་སོའི་རྩ་དོན་དེ་བས་ཀྱང་འདོར་མི་རུང་བ་ཡིན། ལས་དོན་རྣམས་འགྲུབ་ཐབས་སུ་བོད་དང་བོད་པའམ་བོད་པའི་ཞེས་པའི་ཐ་སྙད་རྣམས་ཅུང་རྙོག་དྲ་ཆེ་ཡང་དེའི་མིང་ཚབ་ཏུ་ཧི་མ་ལ་ཡའི་སྨན་ནམ་ཡང་ན་གསོ་བ་རིག་པ་ཞེས་པའི་ཐ་སྙད་བེད་སྤྱོད་བྱས་ཀྱང་འགྲིག་གི་འདུག དེར་བརྟེན་དངོས་དོན་གང་ཡིན་ཤེས་པའི་སྒོ་ནས་རྒྱལ་འབྲེལ་ཐབས་ལམ་གང་ལའང་བདེན་པ་དཔང་དུ་འཛིན་རྒྱུ་དེ་ད་ལྟའི་དུས་སུ་དགོས་ངེས་ཤིག་རེད།
སྤྱིར་བཏང་གསོ་བ་རིག་པ་ཞེས་པའི་མིང་རྐྱང་དེ་བོད་སྨན་ལ་གོ་མི་ཐུབ་མོད་ཆབ་སྲིད་ཀྱི་དགོས་དབང་ཞིག་གིས་མིང་དེ་ལྟར་བཏགས་པ་རེད། བོད་ཡིག་ནང་གསོ་བ་ནི་བཅོས་པ་དང་རིག་པ་ནི་ཤེས་བྱའམ་ཚན་རིག་ལ་གོ་བ་ཡིན། དེ་ནི་རྩི་ཤིང་རིག་པ། ལོ་རྒྱུས་རིག་པ། ས་ཁམས་རིག་པ། གསོ་བ་རིག་པ་ཞེས་པ་ལྟ་བུ་སློབ་གཞི་ཞིག་གི་མིང་སྟེ། མདོར་ན་འཛམ་གླིང་ནང་གི་སྨན་བཅོས་གཞུང་ལུགས་མཐའ་དག་གསོ་བ་རིག་པ་ཡིན།
ཕྱི་ལོ་༡༩༩༤-༡༩༩༧བར་ངོས་ནས་སྨན་རྩིས་ཁང་གི་འགན་འཛིན་གྱི་ལས་འཁུར་ཐེངས་གཉིས་བྱས་ཟིན་པ་དང་། ད་ལྟའང་ལས་འཁུར་ཞུས་ནས་ལོ་གསུམ་ཙམ་འགྲོ་བཞིན་ཡོད། ཆབ་སྲིད་ཀྱི་གནས་སྟངས་ཤིག་གི་འོག་ནས་ང་ཚོའི་མཐུན་འགྱུར་བྱེད་འདོད་ཀྱི་འདུན་པར་འགོག་རྐྱེན་ཡོང་གི་ཡོད་པ་དེ་བློ་ཕམ་དགོས་པ་ཞིག་རེད། རྒྱ་གར་ནང་ལ་མཚོན་ནའང་ང་ཚོས་གསོ་བ་རིག་པའི་ཆེད་ཧི་མ་ལ་ཡའི་རི་རྒྱུད་དུ་རོགས་རམ་ཅི་ཙམ་བྱས་ཀྱང་རྒྱུ་མཚན་ཡང་དག་ཞིག་གིས་སྨན་རྩིས་ཁང་གི་རོགས་རམ་ཡོད་ལུགས་སྐོར་དུས་ནམ་ཡང་བརྗོད་ཀྱི་མི་འདུག ཨེ་ཤ་ཡའི་རྒྱལ་ཁབ་ནང་གི་གཙུག་ལག་སློབ་གཉེར་ཁང་གཉིས་ནས་སྨན་རྩིས་ཁང་ལ་མགྲོན་ཤོག་འབྱོར་ཀྱང་བློ་ཕམ་པ་ཞིག་ལ་ང་ཚོའི་སྨན་པ་གཉིས་ཀྱི་ཐོངས་མཆན་ལག་འཁྱེར་ཕྱིར་འཐེན་བྱས་པ་དང་ང་ཚོའི་འཆར་གཞི་དང་གྲ་སྒྲིག་རྣམས་བེད་མེད་དུ་བཏང་ཡོད། འོན་ཀྱང་རྒྱལ་ཁབ་དེ་ག་རང་དུ་ལོ་རྗེས་མར་སྨན་གྱི་དུས་སྟོན་ཆེན་པོ་ཞིག་གོ་སྒྲིག་གནང་རྒྱུའི་འཆར་གཞི་ཡོད་པའི་ནང་བོད་སྨན་གྱི་ཆ་ཤས་ལེན་ཐུབ་རྒྱུར་འདུན་པ་ཆེན་པོ་ཡོད་པ་ལྟར་སྐུ་ཚབ་ཕེབས་ཏེ་སྨན་རྩིས་ཁང་ཞེས་པའི་མིང་བེད་སྤྱོད་མ་བྱས་པའི་ཐོག་ནས་འཛུལ་ཞུགས་བྱ་ཕྱོགས་ཐད་གྲོས་བསྡུར་བྱུང་སྟེ། ང་ཚོས་གསོ་བ་རིག་པ་དང་ཧི་མ་ལ་ཡའི་སྨན་ཞེས་མིང་གཉིས་གྲོས་འདོན་བྱས་པར་ཕྱི་མ་འདེམས་ཐོན་གྱིས་འཛུལ་ཞུགས་གནང་སྟེ་གྲུབ་འབྲས་ཀྱང་ཆེན་པོ་ཐོབ་ཡོད།
ཨེ་ཤ་ཡའི་རྒྱལ་ཁབ་ཅིག་ནས་ང་ཚོར་ཕྱག་བྲིས་འབྱོར་བའི་ནང་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་འཚོ་བཞུགས་སྐབས་སུའང་ཁོ་ཚོའི་ལུང་པར་སྔོ་སྨན་གྱི་ལག་ལེན་ཡོད་ལུགས་དང་རྒྱལ་པོའི་བླ་སྨན་འགའ་ཤས་ཀྱི་མཚན་ཀྱང་བཀོད་འདུག ང་ཚོས་ལྷག་བསམ་ཟོལ་མེད་ཀྱི་ངང་རྒྱལ་ཁབ་དེའི་མཐུན་འགྱུར་སྒྲུབ་ཆེད་ལས་གཞི་གསུམ་གྱི་འཆར་འགོད་ཞུས་པ་སྟེ། གཅིག་ནི་ཁོ་ཚོའི་སློབ་ཕྲུག་འགའ་དྷ་རམ་ས་ལར་སློབ་སྦྱོང་ཆེད་གཏོང་རྒྱུ་དང་། གཉིས་པ་ང་ཚོའི་སྨན་རྫས་ཉམས་ཞིབ་ཁང་ནས་སྨན་པ་གཅིག་གཉིས་ཤིག་སྔོ་སྨན་ངོས་འཛིན་དང་ཡིག་ཆ་བཟོ་སྒྲིག་ཆེད་གོ་སྒྲིག་ཞུ་རྒྱུ། གསུམ་པ་ང་ཚོའི་སྨན་པ་འགའ་ཤས་ཁོ་ཚོའི་སྨན་ཁང་དུ་ནད་བཅོས་ཉམས་ཞིབ་ཆེད་བཅར་རྒྱུ་བཅས་རེད། ང་ཚོས་དུས་ཚོད་མང་པོ་ཞིག་ཆུད་ཟོས་སུ་མ་བཏང་བར་གནད་དོན་དེའི་ཐོག་ཕྱི་སྲིད་ལས་ཁུངས་ནས་དག་མཆན་དགོས་སྐོར་སྔོན་ཚུད་ནས་ནན་སྐུལ་བྱས་ཀྱང་དོན་དག་འགྲུབ་མེད།
ཨ་རབ་ཀྱི་རྒྱལ་ཁབ་འདྲ་མིན་ནས་སྨན་པ་བརྒྱ་ལྷག་གིས་ང་ཚོའི་སྨན་པ་བཞི་ཙམ་གདན་ཞུས་ཀྱི་སློབ་སྦྱོང་བྱ་འདོད་ཡོད་ལུགས་བརྗོད་ཀྱང་འདེམས་གསེས་བྱས་པའི་རྒྱལ་ཁབ་ནས་ཐོངས་མཆན་སྤྲད་མེད། འོན་ཀྱང་རྡ་རམ་ས་ལར་ཕེབས་ཐུབ་མཁན་རྣམས་ལ་ང་ཚོས་ཟབ་སྦྱོང་གོ་སྒྲིག་ཐེངས་གསུམ་གནང་ཡོད། ཨེ་ཤ་ཡའི་རྒྱལ་ཁབ་གཞན་ཞིག་གིས་སྨན་རྩིས་ཁང་གི་མཚན་ཐོག་མ་ཡིན་པར་ང་ཚོའི་ལས་ཀར་རྒྱབ་སྐྱོར་གནང་གི་ཡོད་པ་མ་ཟད། ས་ཆའི་དགོས་མཁོའང་བསྐྲུན་ཡོད་སྟབས་ད་ལྟ་ལས་ཀ་བྱེད་མུས་ཡིན།
སྨན་རྩིས་ཁང་གི་ལོ་རྒྱུས་ནང་ཕྱི་ལོ་ ༢༠༡༦ ནི་བསྐལ་བཟང་གི་དུས་ཚེས་ཁྱད་པར་བ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། དེ་ནི་རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་སྨན་རྩིས་ཁང་ཕྱག་བཏབ་ནས་ལོ་བརྒྱ་འཁོར་བའི་དུས་དྲན་ཡིན་པས་ལས་འཆར་སྣ་ཚོགས་ཀྱིས་སྒོ་ནས་དུས་དྲན་སྲུང་གཙི་ཞུ་རྒྱུ་མ་ཟད། ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༣ རེས་གཟའ་ལྷག་པ་ནས་བཟུང་ྋགོང་ས་ལྔ་པ་ཆེན་པོས་ལྕགས་པོ་རི་སྨན་པ་གྲྭ་ཚང་ཕྱག་བཏབ་སྟེ་མི་ལོ་ཧྲིལ་པོ་༣༢༠ འཁོར་བའི་དུས་དྲན་ཀྱང་སྲུང་གཙི་ཞུ་རྒྱུ་ཡིན། དུས་ཚོད་དེའི་རིང་རྒྱལ་ཁབ་ཕྱི་ནང་གི་གྲོང་ཁྱེར་ཁག་ཏུ་ང་ཚོས་སྐོར་བསྐྱོད་ཀྱི་ལས་འཆར་ཞིག་ཀྱང་ཡོད།
མཐའ་དོན་དུ་ངོས་ནས་ྋགོང་ས་མཆོག་གི་བཀའ་སློབ་“འགྲོ་བ་མིའི་རིགས་ལ་ལུས་དང་སེམས་ཀྱི་བདེ་ཐང་དགོས་པ་ལྟར། བོད་མི་རང་ཉིད་བཙན་བྱོལ་དུ་གནས་ཡོད་ཀྱང་ལུས་སེམས་གཉིས་ཀྱི་བདེ་ཐང་ཐད་ལ་གསོ་བ་རིག་པ་དང་ནང་དོན་རིག་པ་གཉིས་ནས་དོན་སྙིང་ལྡན་པའི་ཞབས་འདེགས་བསྒྲུབས་ཐུབ།” ཞེས་པ་ལུང་འདྲེན་གྱིས་མཚམས་འཇོག་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། སྨན་རྩིས་ཁང་གི་འགན་འཛིན་ནས།
ཅོན་ཏ་ར་དཔེ་དེབ་ཞིབ་འཇུག་དང་པར་སྐྲུན་སྡེ་ཚན་ནས་བོད་བསྒྱུར་ཞུས།
མཐའ་མའི་འདོན་ཐེངས་།: 01.06.2015 ཉིན། 10:31 AM
<< སྔ་མ།