འགན་འཛིན་མཆོག་གིས་གསོ་རིག་རྒྱལ་ཡོངས་ཟབ་སྦྱོང་དུ་གཏམ་བཤད་གནང་། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 01.06.2022 |
འགན་འཛིན་མཆོག་གིས་གསོ་རིག་རྒྱལ་ཡོངས་ཟབ་སྦྱོང་དུ་གཏམ་བཤད་གནང་།
ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༡༩ ནས་ ༢༧ བར་སྨན་རྩིས་ཁང་གི་སྐོུ་འགན་འཛིན་ཐུབ་བསྟན་ཚེ་རིང་མཆོག་ཀ་རྡོར་སྒང་གསུམ་ཁུལ་གྱི་སྨན་རྩིས་ཡན་ལག་སྨན་ཁང་ཁག་ཏུ་འཚམས་གཟིགས་དང་སྦྲགས་སྒང་ཏོག་ཏུ་རྒྱལ་ཡོངས་གསོ་རིག་ཟབ་སྦྱོང་ཐེངས་དང་པོའི་སྟེང་གཏམ་བཤད་གལ་ཆེན་ཞིག་ཀྱང་གནང་ཡོད། དེ་ནི་སྐོུ་ཁོང་སྨན་རྩིས་ཁང་གི་འགན་འཛིན་ཐུགས་འགན་བཞེས་རྗེས་བྱང་ཤར་ཁུལ་གྱི་རང་རེ་ཡན་ལག་སྨན་ཁང་ཁག་ལ་གཞུང་འབྲེལ་འཚམས་གཟིགས་ཕེབས་པ་ཐེངས་དང་པོ་དེ་ཆགས་ཡོད། འདིའི་སྐབས་ཐོག་མར་ར་ཝང་ལ་ཡན་ལག་སྨན་ཁང་དང་། དེ་བཞིན་སྒང་ཏོག་ཡན་ལག་སྨན་ཁང་། རྡོར་གླིང་ཡན་ལག་སྨན་ཁང་། ཀ་སྦུག་ཡན་ལག་སྨན་ཁང་། ཇཡེ་སྒང་ཡན་ལག་སྨན་ཁང་། ས་ལུ་སྒར་ཡན་ལག་སྨན་ཁང་བཅས་ཁག་དྲུག་ཏུ་རིམ་བཞིན་ཆེད་ཕེབས་ཀྱིས་སྨན་ཁང་སོ་སོའི་སྨན་ལས་རྣམས་དང་ཐུག་འཕྲད་བྱས་ནས་གནས་ཚུལ་རྒྱུས་ལོན་སོགས་གནང་ཡོད།
དེ་ནས་རྒྱ་གར་བྱང་ཤར་མངའ་སྡེའི་གསོ་རིག་ཉམས་ལེན་གནང་མཁན་ཆེད་དུ་རྒྱལ་ཡོངས་གསོ་བ་རིག་པའི་ཟབ་སྦྱོང་(National Workshop on Sowa-Rigpa)ཞེས་པ་ཞིག་འབྲས་ལྗོངས་རྒྱལ་ས་སྒང་ཏོག་མ་ནན་ཀེནྡྲ་རུ། གླེ་རྒྱལ་ཡོངས་གསོ་རིག་ལྟེ་གནས་ཁང་(NISR)དང་། དབུས་གཞུང་ཨཱཡུཥ་ལྷན་ཁང་གཉིས་ཀྱིས་རྣམ་རྒྱལ་བོད་ཀྱི་ཤེས་རིག་ཉམས་ཞིབ་ཁང་(NIT)དང་ཟུང་འབྲེལ་ཐོག་འདི་ལོའི་ཟླ་ ༥ ཚེས་ ༢༠ དང་ ༢༡ ཉིན་གཉིས་རིང་གོ་སྒྲིག་ཞུས་གནང་ཡོད། དེ་ཡང་ཇི་ལྟར་ཟབ་སྦྱོང་གོ་སྒྲིག་ཚོགས་ཆུང་ནས་གདན་འདྲེན་ཞུས་པ་བཞིན་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་ཐུབ་བསྟན་ཚེ་རིང་མཆོག་ནས་ཕྱི་ཚེས་ ༢༡ ཟབ་སྦྱོང་དངོས་གཞི་དབུ་ཚུགས་ཞུས་པའི་སྐབས་རྒྱ་གར་དང་རྒྱལ་སྤྱི་ནང་དུ་གསོ་རིག་བསྟན་པ་མི་ཉམས་རྒྱུད་འཛིན་དང་དར་སྤེལ་ཐད་ལ་སྨན་རྩིས་ཁང་གི་བྱེད་སྒོ་ཁག་དང་ཕན་ཐོགས་བྱེད་པ་ཞེས་པའི་བརྗོད་གཞི་སྟེང་གཏམ་བཤད་གནང་བ་མ་ཟད་བགྲོ་གླེང་ཚོགས་འདུར་ཕེབས་པའི་ཨཱཡུཥ་ལྷན་ཁང་དང་འབྲེལ་བའི་གནད་ཡོད་མི་སྣ་ཁག་དང་མཇད་འཕྲད་ཀྱང་གནང་ཡོད།
འགན་འཛིན་མཆོག་གིས་གཏམ་བཤད་དེའི་ནང་ཁོང་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་དཀྱུས་མ་ཞིག་ཡིན་པ་དང་སྨན་རྩིས་ཁང་གི་འགན་འཛིན་གསར་པ་ཞིག་ཡིན་པར་བརྟེན་ད་རེས་གོ་སྐབས་འདི་གནང་བར་དགའ་པོ་དང་ཐུགས་རྗེ་ཆེ་ཞེས་ཞུས་གནང་བ་དང་། གཏམ་བཤད་ཀྱི་བརྗོད་གཞི་དང་འབྲེལ་ཏེ། སྨན་རྩིས་ཁང་ནི་གསོ་རིག་བསྟན་པའི་ཞབས་འདེགས་ཞུ་མཁན་ལྟེ་གནས་རྙིང་ཤོས་དང་། ཆེ་ཤོས། སྣེ་ཁྲིད་བྱེད་མཁན་ཞིག་ཡིན་ལ། སྨན་རྩིས་ཁང་གི་གཞི་རྩའི་དམིགས་ཡུལ་དང་བསྒྲུབ་བྱ་ནི་བོད་ཀྱི་གསོ་བ་རིག་པ་དང་རྩིས་རིག་པ་གཉིས་ཀྱི་གཞུང་ལུགས་ལ་ཐོས་བསམ་དང་ལག་ལེན་མི་ཉམས་རྒྱུད་འཛིན་དང་ཡོད་པ་གོང་སྤེལ་གཏོང་རྒྱུ་དེ་ཡིན། དུས་ད་ལྟའང་སྨན་རྩིས་ཁང་གི་སྨན་པ་དང་སྐར་རྩིས་པ་དང་ལས་བྱེད་ཡོངས་རྫོགས་ཀྱིས་དམ་བཅའ་བརྟན་པོའི་སྒོ་ནས་གཞི་རྩའི་དམིགས་ཡུལ་དང་བསྒྲུབ་བྱ་དེ་སྒྲུབ་བཞིན་ཡོད་པར་གསུངས།
དེ་བཞིན་སྨན་རྩིས་ཁང་སྒྲིག་འཛུགས་འདིའི་ད་ལྟའི་གནས་སྐབས་བར་གྱི་ཡར་རྒྱས་གོང་འཕེལ་འབྱུང་རྐྱེན་གཙོ་བོ་ནི་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོའི་ཐུགས་རྗེ་བྱིན་རླབས་དང་ཁོང་གི་ལམ་སྟོན་བཀའ་མངགས་འབའ་ཞིག་ལས་འབྱུང་བ་ཡིན་པ་དང་། གཞན་ཡང་རྒྱ་གར་དབུས་གཞུང་དང་ཧིམཱཅལ་མངའ་སྡེ་གཞུང་། ལྷག་པར་ས་གནས་སུ་ཕྱི་སྲིད་ལྷན་ཁང་གི་འབྲེལ་མཐུད་པས་མུ་མཐུད་རྒྱབ་སྐྱོར་གནང་བ་ལ་བརྟེན་ནས་འབྱུང་བ་ཞིག་ཡིན་པས་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུས། དེ་ནས་ཕྱི་ལོ་ ༡༩༥༩ བཙན་བྱོལ་དུ་འབྱོར་ནས་མི་རིང་བར་ྋགོང་ས་སྐྱབས་མགོན་ཆེན་པོས་སྨན་རྩིས་ཁང་ཕྱག་བཏབ་པ་ནས་བཟུང་བརྒྱ་ཕྲག་བརྒྱད་ཅུའི་བར་དུ་བོད་ནས་བླ་སྨན་བསྟན་འཛིན་ཆོས་གྲགས་སོགས་རིམ་པ་ཕེབས་པའི་སྐོར་དང་། ད་བར་བཞུགས་སྒར་སྨན་རྩིས་ཁང་ནས་སྨན་པ་ ༣༦༦ བསླབ་པ་མཐར་སོན་པ་དང་། དེ་ཡང་བོད་རིགས་ཙམ་མ་ཡིན་པར་ཧི་མཱ་ལ་ཡའི་རི་རྒྱུད་ནས་དང་། ཨུ་རུ་སུ། སོག་པོ། རྒྱལ་ཁབ་གཞན་ནས་དོན་གཉེར་ཡོད་པའི་སློབ་མ་ཚོར་བོད་ཀྱི་གསོ་བ་རིག་པ་སློབ་ཁྲིད་བྱས་ཡོད་པའི་སྐོར་གསུངས། དེ་བཞིན་རྒྱ་གར་དབུས་གཞུང་ནས་གསོ་བ་རིག་པ་ངོས་ལེན་གནང་རྗེས་སྦེང་ལོར་དུ་སྨན་རྩིས་མཐོ་སློབ་ཁང་གསར་རྒྱག་བྱས་ཡོད་པའི་སྐོར། སྨན་རྩིས་ཁང་ནས་གསོ་བ་རིག་པའི་མཐོ་སློབ་གཞན་དག་གིས་རེ་སྐུལ་ཞུས་པ་བཞིན་སྨན་དགེ་དང་། སྨན་པ། སྨན་བཅས་དགོས་མཁོ་ལྟར་མཐུན་རྐྱེན་སྦྱར་དང་སྦྱོར་བཞིན་ཡོད་སྐོར། རྒྱ་བལ་གཉིས་སུ་ཡན་ལག་སྨན་ཁང་ ༦༦ ཡོད་པ་ཚང་མས་རིས་མེད་ནད་པ་ཡོངས་ལ་ཞབས་འདེགས་ཞུ་བཞིན་པ་མ་ཟད་རྐྱེན་ངན་གོད་ཆག་དང་ནད་ཡམས་སོགས་མངོན་གྱུར་འབྱུང་སྐབས་བོད་ཀྱི་གསོ་བ་རིག་པའི་སྨན་བཅོས་ཐབས་ལམ་སྒོ་ནས་ཞབས་འདེགས་ཞུས་པའི་སྐོར། སྨན་རྩིས་ཁང་གི་སྨན་པའི་ཉམས་མྱོང་དང་ཉམས་ཞིབ་ཀྱི་ལས་གཞི་འགྲོ་བཞིན་པ་དང་། གསོ་རིག་སྨན་གྱི་བཟོ་སྐྲུན། ཨཱཡུཥ་སྡེ་ཚན་གྱིས་ལྟེ་གནས་གཞན་དང་གཅིག་མཚུངས་མཐུན་རྐྱེན་སྦྱར་ན་སྨན་རྩིས་ཁང་ནས་གསོ་རིག་སྨན་ཁང་རྒྱ་སྐྱེད་གཏོང་འདོད་ཡོད་སྐོར། ཏོག་དབྱིབས་གཉན་རིམས་ ༡༩ ཛ་དྲག་དུས་སྐབས་སྨན་རྩིས་ཁང་ནས་མང་ཚོིགས་ལ་ཕན་པའི་འཕྲོད་བསྟེན་ཞབས་འདེགས་ཞུས་པའི་སྐོར་གསུངས་གནང་ཡོད།
མཐར་མཇུག་གི་གཏམ་དུ་དཔལ་ལྡན་རྒྱུད་བཞི་རྩོམ་སྒྲིག་གནང་མཁན་གསོ་བ་རིག་པའི་ལུགས་ཀྱི་སྲོལ་གཏོད་པ་པོ་གཡུ་ཐོག་ཡོན་ཏན་མགོན་པོེར་གུས་འདུད་ཞུས་པ་དང་སྦྲགས། ཨཱཡུཥ་སྡེ་ཚན་དང་གླེ་རྒྱལ་ཡོངས་གསོ་རིག་ལྟེ་གནས་ཁང་གི་སྲིད་བྱུས་བཟོ་མཁན་ཚོ་ལ། གསོ་བ་རིག་པའི་སྲོལ་གཏོད་མཁན་མེས་པ་གོང་མ་ཚོ་དང་ད་ལྟའི་གནད་ཡོད་ལག་ལེན་གནང་མཁན་ཚོས་ལམ་བསྟན་པ་བཞིན། སྙིང་རུས་དང་གུས་ཞབས་ལྡན་པའི་སྒོ་ནས་གསོ་བ་རིག་པའི་ལུགས་འདི་མི་ཉམས་རྒྱུད་འཛིན་དང་ཡར་རྒྱས་གོང་སྤེལ་ཐད་དོ་སྣང་གནང་དགོས་པའི་རེ་སྐུལ་ཞུས་པ་དང་། དེང་རབས་ཅན་དུ་སྒྱུར་བ་ནི་གལ་ཆེན་པོ་དང་ཡག་པོ་ཞིག་ཡིན་ཀྱང་། དཔྱད་བཟོད་པ་དང་ཁུངས་སྐྱེལ་ཡོད་པའི་སྲོལ་རྒྱུན་གསོ་བ་རིག་པའི་ལུགས་ལ་བསྲེས་ལྷད་ཕྱིན་ན་མགོ་རྙོག་དང་གསོ་བ་རིག་པ་བརླག་རྒྱུ་ཡིན་ཞེས་གཟབ་ནན་དགོས་པ་བཅས་གསུངས་སོ།།
མཐའ་མའི་འདོན་ཐེངས་།: 01.06.2022 ཉིན། 4:43 PM
<< སྔ་མ།