འགན་འཛིན་མཆོག་གི་འཚམས་གཟིགས་ཕྱོགས་སྐྱོད། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.07.2023 |
༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༢༠ ནས་ ༢༧ བར་འགྲོ་ཕན་སྨན་རྩིས་ཁང་གི་སྤྱི་ཁྱབ་འགན་འཛིན་
ཐུབ་བསྟན་ཚེ་རིང་མཆོག་གཞུང་འབྲེལ་ཕྱོགས་སྐྱོད་ལེགས་གྲུབ་བྱུང་བ།
ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༢༠ - ༢༧ བར་བདུན་གཅིག་རིང་འགྲོ་ཕན་སྨན་རྩིས་ཁང་གི་སྤྱི་ཁྱབ་འགན་འཛིན་ཐུབ་བསྟན་ཚེ་རིང་མཆོག་ཨཧ་མཱ་དཱ་བཱད་ཡན་ལག་སྨན་ཁང་གི་སྦྱིན་བདག་ཐུགས་འཕྲད་དང་། དེ་བཞིན་རྒྱལ་ས་དིལླིར་ཨཱཡུཥ་ལྷན་ཁང་དུ་གནད་ཡོད་མི་སྣ་མང་དག་ལ་མཇལ་འཕྲད་དང་འཚམས་གཟིགས་ཀྱི་ཕྱོགས་སྐྱོད་ལས་དོན་ཚགས་ཚུད་བྱུང་ཡོད།
ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས ༢༠ རེས་གཟའ་ཕུར་བུ་ཉིན། འགྲོ་ཕན་སྨན་རྩིས་ཁང་གི་སྤྱི་ཁྱབ་འགན་འཛིན་ཐུབ་བསྟན་ཚེ་རིང་མཆོག་དང་། ཡན་ལག་འགན་འཛིན་ངག་དབང་འཆི་མེད་ལགས་རྣམ་གཉིས་རྒྱལ་ས་དིལླི་བརྒྱུད་ཨཧ་མཱ་དཱ་བཱད་ཡན་ལག་སྨན་རྩིས་ཁང་དུ་གཞུང་འབྲེལ་ཕྱོགས་སྐྱོད་གནང་། ས་གནས་ཡན་ལག་སྨན་ཁང་གི་སྦྱིན་བདག་སྐུ་ཞབས་ Mr. Manoj Vadodara ལགས་དང་མཇལ་འཕྲད་ཀྱིས་དེ་གའི་ཡན་ལག་སྨན་ཁང་གི་གནས་སྟངས་ཡར་རྒྱས་གཏོང་ཕྱོགས་ཐད་གོ་བསྡུར་ལྷུག་པོ་གནང་ཡོད། སྐབས་དེར་ས་གནས་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པ་བསྟན་འཛིན་མཚོ་མོ་ལགས་དང་ལས་དྲུང་ཕུར་བུ་སྒྲོལ་མ་ལགས་རྣམ་གཉིས་ཀྱང་ཆེད་བཅར་ཞུས།
དེ་ནས་ཟླ་ ༧ ཚེས་ ༢༢ རེས་གཟའ་སྤེན་པ་ཉིན། སྤྱི་ཁྱབ་འགན་འཛིན་མཆོག་དང་། དིལླི་ནི་ཛཱ་མུ་དིན་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་རམས་པ་དཀར་ཚང་བསྟན་འཛིན་བདེ་བྱེད་ལགས་རྣམ་གཉིས་གཙོས། འགན་དྲུང་བསྟན་འཛིན་སྐལ་ལྡན་ལགས་ནས་ཕྱི་དྲོ་ཆུ་ཚོད་ ༤ ཐོག་རྒྱལ་ས་དིལླི་གསར་པའི་ས་ཁུལ་སུནྡར་ནགར་ Sunder Nagar, New Delhi དུ་ཁྲིམས་རྩོད་པ་ Mr. Ram Mohan ལགས་དང་། Mr. Arun Mohan ལགས། དེ་གའི་ལས་དྲུང་བཅས་ལ་ཐུག་འཕྲད་དང་འཚམས་འདྲི་ཞུས་ཡོད།
དེ་བཞིན་སྤྱི་ཁྱབ་འགན་འཛིན་ཐུབ་བསྟན་ཚེ་རིང་མཆོག་དང་། ནི་ཛཱ་མུ་དིན་ཡན་ལག་སྨན་ཁང་ནས་སྨན་རམས་པ་འཆི་མེད་སྒྲོལ་དཀར་ལགས། བོད་སྒར་བསམ་ཡས་གླིང་ཡན་ལག་སྨན་ཁང་གི་འགན་འཛིན་བཀྲ་ཤིས་རྣམ་རྒྱལ་ལགས། འགན་དྲུང་བསྟན་འཛིན་སྐལ་ལྡན་ལགས་བཅས་ནས་ཟླ་ ༧ ཚེས་ ༢༤ རེས་གཟའ་ཟླ་བ་ཉིན་རྒྱབ་རྒྱ་གར་རྒྱལ་ཡོངས་སྲོལ་རྒྱུན་སྨན་གྱི་ལྷན་ཚོགས་ (National Commission for Indian System of Medicine (NCISM)) སུ་ཆེད་བཅར་གྱིས་གནད་ཡོད་མི་སྣ་ཁག་སྟེ། ༡། ཚོགས་གཙོ་སྐུ་ཞབས་སྨན་པ་ Vaidya Jayant Deopurjari མཆོག་དང་། ༢། སྐུ་ཞབས་སློབ་དཔོན་ Prof. (Vaidya) Rakesh Sharma མཆོག ༣། སྐུ་ཞབས་སྨན་རམས་པ་ Dr. K. Jagannathan མཆོག ༤། སྐུ་ཞབས་སྨན་རམས་པ་ Dr. Raghurama Bhatta U. མཆོག་བཅས་མཇལ་འཕྲད་དང་འཚམས་ཞུའི་ལས་དོན་ལེགས་པར་གྲུབ་ཡོད།
དེ་ནས་ཟླ་ ༧ ཚེས་ ༢༥ རེས་གཟའ་མིག་དམར་ཉིན་རྒྱབ་རྒྱ་གར་ཨཱཡུཥ་ལྷན་ཁང་ (Ministry of Ayush, Govt. of India) དུ་སྤྱི་ཁྱབ་འགན་འཛིན་ཐུབ་བསྟན་ཚེ་རིང་མཆོག་ནས་དེ་གའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་སྨན་པ་ Shri Vaidya Rajesh Kotecha མཆོག་དང་། ཟུང་དྲུང་སྐུ་ཞབས་ Mr. Rahul Sharma, I.A.S. Joint Secretary, མཆོག་རྣམ་གཉིས་དང་མཇལ་འཕྲད་གནང་ཐོག་ཐུགས་རྗེ་ལེགས་འབུལ་གྱི་ཞུ་ཡིག་རེ་ཕུལ་ཡོད།
དེའི་དགོང་མོ་ཚོུད་ ༥ ཙམ་ལ་ནི་ཛཱ་མུ་དིན་ཡན་ལག་སྨན་ཁང་དུ། རྒྱལ་ས་དིལླི་ཁྱབ་ཁོངས་ཡན་ལག་སྨན་ཁང་སྟེ། བོད་སྒར་བསམ་ཡས་གླིང་ཡན་ལག་སྨན་རྩིས་ཁང་དང་། ནི་ཛཱ་མུ་དིན་ཡན་ལག་སྨན་རྩིས་ཁང་། རོ་ཧི་ནི་ཡན་ལག་སྨན་རྩིས་ཁང་། ད་དུང་དིལླི་ཀཱལ་ཀཱ་ཇི་ཕྱིར་ཚོང་སྡེ་ཚན་བཅས་ཁུངས་སོ་སོའི་འགན་འཛིན་དང་སྨན་ལས་རྣམས་ཐེ་བའི་ཁྱོན་མི་གྲངས་ ༣༥ ལྷན་འཛོམས་ཐོག་སྤྱི་ཁྱབ་འགན་འཛིན་མཆོག་ནས་བླང་དོར་གསུང་བཤད་དང་གྲོས་བསྡུར་བཅས་གནང་ཡོད། དེ་ལྟར་ཕྱི་ལོ་ ༢༠༢༣ ཟླ་ ༠༧ ཚེས་ ༢༠ ནས་ ༢༧ བར་འགྲོ་ཕན་སྨན་རྩིས་ཁང་སྤྱི་ཁྱབ་འགན་འཛིན་མཆོག་གི་གཞུང་འབྲེལ་ཕྱོགས་སྐྱོད་ཀྱི་ཐེངས་འདིའི་ལས་དོན་མཐའ་དག་ཚགས་ཚུད་ངང་མཇུག་སྒྲིལ་ཡོད།།
མཐའ་མའི་འདོན་ཐེངས་།: 31.07.2023 ཉིན། 9:22 AM
<< སྔ་མ།