སྨན་རྩིས་དྲ་བ། - མདུན་ངོས།

འགན་འཛིན་མཆོག་གི་གསུང་འཕྲིན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 31.03.2016
མདུན་ངོས། >>


དྷ་ས་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་མཆོག་གི་གསུང་འཕྲིན།


ཕྱི་ལོ་༢༠༡༦ ཟླ་༣ ཚེས་༢༣ ཉིན་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་བརྒྱ་ཕྲག་གཅིག་འཁོར་བའི་དུས་དྲན་མཛད་སྒོའི་སྐབས་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཐམས་ཅད་མཁྱེན་པ་ཆེན་པོ་མཆོག་དབུ་བཞུགས་ཐོག་དྷ་ས་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲ་ཤིས་ཕུ་རི་ལགས་ཀྱིས་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུས་པ་གཤམ་གསལ།

༄༅།།  ཕྱི་ཟླ་ ༣ ཚེས་ ༢༣ ནི་བཞུགས་སྒར་དྷ་རམ་ས་ལར་བླ་ན་མེད་པའི་བོད་མིའི་དབུ་ཁྲིད་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་སྨན་རྩིས་ཁང་བསྐྱར་འཛུགས་གནང་བའི་ཉིན་མོ་ཡིན་པ་དང་།  ལོ་ངོ་ ༥༥ པའི་མཛད་སྒོ་འདི་ཡང་ཚེས་ ༡༥ འཁེལ་བའི་ཐོག་ལྷག་དཀར་ཡང་འཁེལ་ཡོད།  ལྷག་པར་ཕྱི་ལོ་ ༢༠༡༦ ལོ་ནི་ྋརྒྱལ་མཆོག་ལྔ་པ་ཆེན་པོས་ལྕགས་པོ་རི་སྨན་པ་གྲྭ་ཚང་ཕྱག་བཏབ་ནས་མི་ལོ་ ༣༢༠ འཁོར་བ་དང་།  ྋརྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་ལྷ་ས་སྨན་རྩིས་ཁང་ཕྱག་བཏབ་ནས་ལོ་ངོ་ ༡༠༠ འཁོར་བའི་དུས་ཚིགས་ཞིག་ཆགས་ཀྱི་ཡོད་སྟབས།  ཕྱི་ཟླ་བཞི་པ་ནས་འགོ་འཛུགས་ཀྱིས་ལོ་འཁོར་མོར་ཚོགས་ཆུང་དྲུག་ལ་ས་ཆ་ཆ་བགོས་ཀྱིས་རྒྱལ་ཁབ་འདྲ་མིན་ནང་བོད་ལུགས་གསོ་བ་རིག་པ་དང་སྐར་རྩིས་རིག་པའི་འགྲེམས་སྟོན་དང་།  གཏམ་བཤད།  ཟས་སྤྱོད་ལམ་སྟོན།  བགྲོ་གླེང་དང་ཐོན་སྐྱེད་ཚོང་སྒྱུར་སོགས་ཀྱི་ལས་འཆར་གོ་སྒྲིག་ཞུས་ཡོད་པ་གྲ་སྒྲིག་གང་ལེགས་ཡོང་འདུག་པ་མ་ཟད་མཐོང་མཆན་ Visa སོགས་ལ་དཀའ་ངལ་མ་ཕྲད་ཚེ་གང་ཅིའི་དགེ་ཕན་ཡོང་རྒྱུར་ཐེ་ཚོམ་མེད།

དུས་དྲན་སྲུང་བརྩི་ཞུ་རྒྱུའི་ལས་གཞིའི་ཐོག་འདི་ནས་རེ་འདུན་ཞུ་དོན་ལྟར་སྨན་རྩིས་ཁང་གི་ལས་བྱེད་དང་ལས་མི་རྣམས་ཀྱིས་ཚོུད་ ༡༠༠ ཡི་ཕོགས་དང་གླ་ཆ་ཕུལ་ཡོད་པ་དང་།  སློབ་ཕྲུག་རྣམས་ནས་ཚོུད་ ༡༠༠ རེ་གླ་མེད་ལས་ཀ་བྱས་པ།  སྨན་རྩིས་ཁང་གི་ལས་བྱེད་ཟུར་པ།  དེ་བཞིན་རྒྱ་གར་གྲོང་ཁྱེར་ཁག་ནང་ཡོད་པའི་ནད་པ་རྣམས་ནས་ཞལ་འདེབས་བྱུང་བ་ད་བར་ཧིན་སྒོར་འབུམ་ ༧༥ ལྷག་ཙམ་ཕུལ་འབྱོར་བྱུང་ཡོད།

སྨན་རྩིས་ཁང་ནི་རབ་བྱུང་བཅོ་ལྔ་བའི་མེ་འབྲུག་ཕྱི་ལོ་ ༡༩༡༦ ལོར་ྋརྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་གསོ་དཔྱད་སྨན་དང་སྐར་དཔྱད་རྩིས་ཀྱི་རིག་པ་གཉིས་བོད་ཀྱི་རྒྱལ་ས་ལྷ་སར་ཕྱག་བཏབ་ཅིང་།  མཁས་དབང་བླ་སྨན་མཁྱེན་རབ་ནོར་བུ་མཆོག་སྨན་རྩིས་ཁང་གི་འགོ་འཛིན་དང་དགེ་རྒན་ཆེན་མོ་གཅིག་ལྕོགས་ཀྱི་ལས་འགན་བསྩལ།  སློབ་ཕྲུག་ཡོང་ཁུངས་གཙོ་བོ་དབུས་ཁུལ་གྱི་དགོན་སྡེ་དང་དམག་སྒར་ཁག་གི་ལོ་གཞོན་རིག་གནས་ཀྱི་རྨང་གཞི་ལེགས་པོ་ཡོད་པ་དྲག་གྲས་འདེམ་སྒྲུག་བྱེད་པ་དང་།  དེའི་རྗེས་རིམ་པས་ཡོང་ཁུངས་རྒྱ་ཆེ་རུ་བཏང་སྟེ་བོད་ཆོལ་ཁ་གསུམ་ནས་སློབ་ཕྲུག་བསྡུ་འགོ་ཚུགས་ཡོད།  དེ་རྗེས་རིམ་པས་འབྲུག་དང་།  འབྲས་ལྗོངས།  ཁུ་ནུ།  ལ་དྭགས་བཅས་ནས་སློབ་ཕྲུག་བསྡུ་བཞེས་གནང་ཡོད།

རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་དང༌།  རྒྱལ་ཚབ་སྟག་བྲག་རིན་པོ་ཆེ་སྐབས་སུ་ཡང་སྨན་རྩིས་ཁང་ལ་སྔར་བཞིན་གཟིགས་རྟོགས་ཆེ་བའི་ཁར་རྒྱ་བསྐྱེད་སོང་ཡོད།

ཕྱི་ལོ་ ༡༩༥༠ ལོར་ྋསྐྱབས་མགོན་ྋརྒྱལ་དབང་ྋསྐུ་ཕྲེང་བཅུ་བཞི་པ་ཆེན་པོས་བོད་ཀྱི་བསྟན་སྲིད་ཐུགས་ཁུར་གཙང་བཞེས་གནང་བ་དང༌། སླར་ཡང་སྨན་རྩིས་ཁང་གི་ཕྱི་སྣོད་རྒྱ་བསྐྱེད་གནང་སྟེ་དེང་སང་ཡོད་མུས་ཀྱི་བོད་ལྗོངས་སྨན་རྩིས་ཁང་གི་རྒྱ་ཁྱོན་དེ་བཞིན་གསར་བསྐྲུན་བྱུང༌།


ཕྱི་ལོ་ ༡༩༥༩ ལོའི་དུས་འགྱུར་རྗེས། རྒྱ་ནག་གཞུང་གིས་དགའ་ལྡན་ཕོ་བྲང་སྐབས་ཀྱི་འཛིན་སྐྱོང་སྡེ་ཚན་དང་མ་ལག་ཡོད་ཚད་མེད་པར་བཟོས་པའི་དུས་མཚུངས། རྒྱལ་མཆོག་ྋསྐུ་ཕྲེང་ལྔ་པ་ཆེན་པོ་མཆོག་གི་སྐུ་དུས་སུ་གསར་འཛུགས་ལྕགས་པོ་རི་སྨན་པ་གྲ་ཚང་མེ་མགྱོགས་འཕངས་ཏེ་བསྟོར་གཤིག་བཏང་བ།  སྨན་པ་མང་པོ་ཞིག་ལོ་མང་བཙོན་འཇུག་མནར་གཅོད་འོག་འདས་གྲོངས་སོང་བ།  བོད་ཀྱི་སྨན་རྩིས་གཉིས་ཀྱི་རིག་གཞུང་རྒྱུད་འཛིན་པ་གསོ་སྐྱོང་བྱེད་སའི་ལྟེ་གནས་སྨན་རྩིས་ཁང་དེ་བཞིན་སྨན་ཁང་ཙམ་ལ་བསྒྱུར་བ་དང༌ཆབས་ཅིག ལྕགས་པོ་རི་དང་སྨན་རྩིས་ཁང་གཉིས་མིང་ཙམ་ཡང་མ་བཞག་པར་ལྷ་ས་གྲོང་ཁྱེར་དམག་དོན་བཀག་སྡོམ་ཨུ་ཡོན་ལྷན་ཁང་གི་སྒོ་བསྟེན་སྨན་ཁང་ཨང་གཉིས་པ་ཞེས་བཏགས་ཤིང་། ལོ་གཅིག་གི་རྗེས་སྨན་རྩིས་ཁང་དུ་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་སྤོ་རྒྱུ་དང༌། དེའི་ཁོངས་སུ་བོད་སྨན་སྡེ་ཁག་གཅིག་འཛུགས་རྒྱུ་སོགས་ཀྱི་ལས་འཆར་བཀོད་ཀྱང་། སྐབས་དེར་སྨན་རྩིས་ཁང་ལ་ཉིན་རེར་བསྟེན་གཏུགས་བྱེད་མཁན་གྱི་བོད་རིགས་དང་རྒྱ་རིགས་ནད་པ་གྲངས་ ༡༥༠ ནས་ ༢༠༠ བར་འཕར་སྣོན་བྱུང་ཡོད་པའི་རྐྱེན་གྱིས་འགྱུར་ལྡོག་གཏོང་མ་ཐུབ་པར་མུ་མཐུད་རང་སོར་བཞག་དགོས་བྱུང་བ་ནི་བོད་རང་བཙན་མ་ཤོར་གོང་བཀའ་ཤག་གི་འཛིན་སྐྱོང་འོག་ཡོད་པའི་ལས་ཁུངས་ལྷག་བསྡད་པ་གཅིག་པུ་དེ་ཡིན།

 

ཕྱི་ལོ་ ༡༩༥༩ ལོར་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་བསྟན་སྲིད་ཀྱི་བདེ་རྩར་རེ་ཞིག་རྒྱ་གར་འཕགས་པའི་ཡུལ་དུ་ཆིབས་བསྒྱུར་བསྐྱངས་དགོས་བྱུང་། བཙན་བྱོལ་ལ་ཕེབས་མ་ཐག་འབྱུང་འགྱུར་བོད་ཀྱི་བདེན་མཐའ་གསལ་ཐབས་དང་། རང་རེའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་རྣམས་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་མཛད་རྒྱུ་གལ་ཆེར་གཟིགས་ཏེ། ལས་གཞི་མང་པོ་བརྩམས་གནང་བའི་གྲས་སུ་སྨན་དང་རྩིས་ཀྱི་རིག་གཞུང་འདི་ཡང་རིས་སུ་མ་ཆད་པའི་སྐྱེ་འགྲོ་ཀུན་ལ་ཕན་བདེ་སྦྱིན་པའི་རྩ་ལག་ཉག་གཅིག་ལ་གཟིགས་ཏེ་ཌལ་ལ་ཧོར་སི་ནས་སྨན་པ་ཡེ་ཤེས་དོན་ལྡན་ལགས་གདན་ཞུས་ཀྱིས་ཕྱི་ལོ་ ༡༩༦༡ ལོར་སྨན་སྦྱིན་ཁང་དངོས་སུ་དབུ་བརྙེས་ཤིང་། སྨན་རྒྱུའི་མ་རྩ་སྐུ་སྒེར་ཡིག་ཚང་ནས་གསོལ་བསྩལ་གྱིས་སྨན་སྣ་གྲངས་འགའ་ཤས་སྡེབ་སྦྱོར་བྱས་ཏེ་རྡོ་གཞོང་ཆུང་ངུ་ཞིག་ནང་སྨན་བརྡུང་བསྣུར་བྱས་ནས་ནད་པ་ལ་སྨན་སྦྱིན་གནང་འགོ་ཚུགས། དེ་མཚུངས་དཀར་ནག་དབྱངས་གསུམ་གྱི་རྩིས་རིག་མི་ཉམས་རྒྱུད་འཛིན་དང་ཉམས་པ་སླར་གསོའི་ཆེད་དུས་འཁོར་བ་བློ་གྲོས་རྒྱ་མཚོ་ལགས་གདན་ཞུས་ཀྱིས་སྐར་རྩིས་སྡེ་ཚན་གསར་འཛུགས་ཀྱིས་རྩིས་ཀྱི་ཞུ་སྒོ་ཁག་དང་ལོ་ཐོ་འདོན་སྤེལ་བྱས།

 

ཁོར་ཡུག་སྲུང་སྐྱོབ་ཀྱི་གནས་སྟངས་དང་བཅས་སྔོ་སྨན་འདེབས་ལས་ཀྱི་ལས་གཞི་འདི་མེད་དུ་མི་རུང་བའི་གལ་གནད་ཆེན་པོ་ཞིག་ཡིན། བོད་རིགས་གཞོན་སྐྱེས་འགར་སྨན་རྩྭ་འདེབས་ལས་ཀྱི་ཟབ་སྦྱོང་སྤྲད་པའི་ཐོག་ས་ཆ་འགའ་ཤས་སུ་སྔོ་སྨན་འདེབས་ལས་འགོ་བཙུགས་ཞུས་པ་དང་། སྐྱེ་གནས་དང་མཐུན་པའི་སྔོ་སྨན་འདེབས་ལས་བྱ་རྒྱུའི་འཆར་གཞི་ལག་བསྟར་བྱ་རྒྱུ་ནི་སྨན་རྩྭ་འདེབས་ལས་ཙམ་མིན་པར་ཁོར་ཡུག་སྲུང་སྐྱོབས་ཀྱི་བསམ་བློ་འཁོར་ཐུབ་པ་དང་སྐྱེ་དངོས་སྨན་རྫས་རིགས་རྩ་སྟོང་དུ་མི་འགྲོ་བའི་ཆེད་གཞི་རྒྱ་ཆེ་བའི་ལས་གཞི་བཅས་ཁྱོན་ཡོངས་ལ་རྒྱ་གར་དབུས་ས་འབྲེལ་ཡོད་ལས་ཁུངས་ཁག་དང་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་ཚན་པ་སོ་སོ་ནས་མི་རྒྱུ་རོགས་རམ་ཐོབ་ཕྱིར་ནུས་པ་འདོན་ཐབས་སུ་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད།

 

སེམས་ཁམས་འཕྲོད་བསྟེན་ཐོག་སྨན་རྩིས་གཉིས་ཀྱི་ཞབས་འདེགས་སྔར་ལྷག་ཞུ་ཕྱིར་གསར་དུ་བཙུགས་པའི་ལུས་སེམས་སྲོག་གི་སྡེ་ཚན་ནས་གནའ་རབས་དང་དེང་དུས་གཉིས་ལྡན་གྱི་རིག་གཞུང་གསར་རྙིང་མང་པོའི་ཉིང་ཁུ་བསྡུ་ལེན་གང་ཐུབ་མཁོ་འདོན་བྱས་ནས་འགྲོ་བ་མིའི་ལུས་སེམས་གཉིས་ལས་གཙོ་བོ་སེམས་ཁམས་འཕྲོད་བསྟེན་ཞབས་ཞུ་ཚད་མཐོར་ཡོང་ཐབས་བྱེད་མུས་སུ་ཡོད།

 

རྒྱ་གར་ལྷོ་ཕྱོགས་སྦེང་ལོར་ཏཱ་ལའི་བླ་མའི་མཐོ་སློབ་ཁང་དུ་སྨན་རྩིས་ཁང་གསར་རྒྱག་གི་ལས་གཞིར་སྨན་རྩིས་མཐོ་རིམ་སློབ་གཉེར་ཁང་ལ་ས་ཆའི་རྒྱ་ཁྱོན་ཨེ་ཀཱར་གསུམ་དང་། སྨན་སྦྱོར་ཁང་ལ་ཨེ་ཀཱར་གསུམ། འཛིན་སྐྱོང་སྡེ་ཚན་ལ་ཨེ་ཀཱར་གཉིས། ལས་ཤག་ཆེད་ཨེ་ཀཱར་གཉིས་བཅས་ཁྱོན་བསྡོམས་ཨེ་ཀཱར་བཅུ་ཡོད།


འབྱུང་འགྱུར་རྒྱ་ནག་སྐམ་ས་ཆེན་མོར་བོད་ལུགས་གསོ་བ་རིག་པས་ཞབས་འདེགས་ཞུ་རྒྱུའི་གོ་སྐབས་ཐོབ་སྲིད་པ་རེད་ཅེས་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་སློབ་ཕེབས་སྟབས་སྔོན་འགྲོའི་གྲ་སྒྲིག་ཏུ་རྒྱ་ཡིག་སྡེ་ཚན་གསར་འཛུགས་ཀྱིས་རྒྱ་ཡིག་ཤེས་པའི་སྨན་པ་བཞི་ལ་བཀོད་ཁྱབ་བྱས་ཡོད།  རྒྱ་ཡིག་ཐོག་གི་དྲ་རྒྱ་དང་།  ཡིག་ཆ་བཟོས་པ་ཁག་ཕྱི་མིས་ཚད་ལྡན་ངོས་ལེན་གནང་གི་འདུག  ད་ལྟ་སྨན་པ་བཞི་ཐེ་ཝན་དུ་སྐམ་ཁབ་སློབ་སྦྱོང་དང་ལས་དོན་འཆར་འགོད་ངོ་བོར་ཆེད་གཉེར་ཞུས་ཡོད། 

 

༢༠༡༢-༢༠༡༣ ལོར་སྨན་གྱི་ཐོན་སྐྱེད་ཐུན་གྲངས་ས་ཡ་ ༣༧་༥ ཡིན་པ་དང་ ༢༠༡༥-༢༠༡༦ ལོར་ཐུན་གྲངས་ས་ཡ་ ༤༧་༨ ཡོད་པ་འཕར་ཚད་བརྒྱ་ཆ་ ༢༧་༥ ཞེས་པ་རྩ་བའི་འཕར་ཚད་ཡག་པོ་ཡིན།  རྒྱ་གར་གྲོང་ཁྱེར་ཁག་ནང་སྨན་ཁང་གསར་འཛུགས་སྦྱིན་བདག་ཡོད་ཀྱང་སྨན་དང་སྨན་པ་མ་ལྡེངས་པའི་དཀའ་ངལ་རིམ་པས་བསེལ་ཐབས་བྱས་ཏེ་སྨན་ཁང་ཁ་ཤས་གསར་འཛུགས་བྱ་རྒྱུ་ཡིན། 

༢༠༡༥-༢༠༡༦ ལོར་དེབ་བསྐྱེལ་བྱས་པའི་ནད་པ་གྲངས་འབུལ་ ༧ མིན་ཙམ་བྱུང་བ་ནད་པ་བརྒྱ་ཆ་ ༨༠ ཙམ་རྒྱ་གར་བ་ཡིན་པ་དང་།  ད་ལྟའི་ནད་པ་ཡོང་སྟངས་ལ་གཞིགས་སྐབས་འབྱུང་འགྱུར་ལོ་ངོ་གཉིས་གསུམ་ནང་རྒྱ་གར་ནད་པ་བརྒྱ་ཆ་ ༩༠-༩༥  ཚོད་དཔགས་ཞུ་གི་ཡོད།

དཔལ་ལྡན་སྲིད་སྐྱོང་མི་རྗེ་སྐོུ་བློ་བཟང་སེང་གེ་མཆོག་ནས་སྨན་རྩིས་ཁང་གི་མཛད་སྒོའི་ཐོག་ཕེབས་གསལ།  བཀའ་ཤག་སྐབས་ ༡༤ པའི་ལྟ་གྲུབ་གསུམ་སྟེ།  གསར་གཏོད།  ཆིག་བསྒྲིལ།  རང་ཁ་རང་གསོ་བཅས་གསུམ་འཛོམས་ཡོད་པའི་སྒྲིག་འཛུགས་སྨན་རྩིས་ཁང་གཅིག་པོ་ཡིན་ཞེས་ཕེབས།


སྨན་རྩིས་ཁང་ལ་ཁྲིམས་དང་བཟང་སྤྱོད་གཉིས་ཀྱི་འགན་ཡོད་པའི་ཐོག་སྨན་རྩིས་ཁང་གི་སྨན་ལ་ངོས་འཛིན་བྱེད་སྟངས་ཤིག་ཡོད་སྟབས་སྨན་རྒྱུའི་གོང་ཚད་ལ་མ་བལྟས་པར་སྨན་རྒྱུ་སྤུས་ལེགས་ཉོ་དགོས་པའི་བཀོད་ཁྱབ་ནན་པོ་སྨན་པ་གཙོ་བོ་དང་།  སྨན་སྦྱོར་འགན་འཛིན་གཉིས་ལ་བྱས་ཡོད།

སྨན་རྩིས་ཁང་ནི།  བོད་ཀྱི་གསོ་བ་རིག་པ་དང་།  རྩིས་རིག་པའི་གཞུང་ལུགས་ཀྱི་དགོངས་དོན་ལྟར།  རིས་མེད་འགྲོ་བ་རྣམས་རྐྱེན་ངན་བར་ཆད་དང་།  དུས་མིན་ན་བ་དང་།  འཆི་བའི་འཇིགས་པ་ལས་སྐྱོབ་པའི་ཆེད་དུ།  ྋགོང་ས་མཆོག་གིས་ཕྱག་གྲོན་མ་དངུལ་རྒྱ་ཆེ་གསོལ་རས་གནང་བ་དང་སྦྲགས།  ཐུགས་སྨོན་མཚམས་སྦྱོར་ཡང་དག་པས་གསར་འཛུགས་གནང་བར་བརྟེན་དེ་རིང་གི་དུས་བཟང་འདི་གོ་སྐབས་སུ་བཟུང་ནས་ྋགོང་ས་མཆོག་ལ་དགའ་དད་སྤྲོ་གསུམ་གྱི་ངང་ནས་ཐུགས་རྗེ་བཀའ་དྲིན་བླ་མེད་ཆེ་ཞེས་ཞུ་བ་དང་།  ཆབས་ཅིག་ངེད་ཅག་འགོ་མང་ཡོངས་ཀྱིས།  བཀའ་དགོངས་ལམ་སྟོན་འགལ་མེད་སྙིང་བཅངས་རང་ནུས་ཅི་ཐུབ་ལྷག་བསམ་རྣམ་དག་ཧུར་བསྐྱེད་ཞུ་རྒྱུའི་དམ་བཅའ་འབུལ་རྒྱུ་ཡིན། ལས་བསྡོམས་རྒྱས་པ་གསེར་སྙན་སྒྲོན་འབུལ་ཞུ་མ་དགོས་པར་ཕྱག་ཏུ་འབུལ་འཐུས་ཆོག་པ་ཞུ།། ཞེས་གསུངས་གནང་ཡོད།།

 

མཐའ་མའི་འདོན་ཐེངས་།: 31.03.2016 ཉིན། 5:03 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།