སྨན་རྩིས་དྲ་བ། - མདུན་ངོས།

འགན་འཛིན་མཆོག་གི་གསུང་བཤད།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.04.2019
མདུན་ངོས། >>

 

          ༄༅། །སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་ ༡༠༣ དང་བྱེས་སུ་བསྐྱར་འཛུགས་བསྐྱངས་ནས་ལོ་ངོ་ ༥༨ འཁོར་བའི་

                                         དུས་དྲན་མཛད་སྒོའི་སྟེང་སྨན་རྩིས་ཁང་འགན་འཛིན་གྱི་གསུང་བཤད།

 

སྤྱི་ལོ་ ༢༠༡༩ ནི་༸རྒྱལ་དབང་༸སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་བོད་ཀྱི་རྒྱལ་ས་ལྷ་སར་སྨན་རྩིས་ཁང་ཕྱག་བཏབ་ནས་མི་ལོ་ ༡༠༣ འཁོར་བ་དང་། བཞུགས་སྒར་ངྷ་རམ་ས་ལར་༸རྒྱལ་དབང་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་སྨན་རྩིས་ཁང་བསྐྱར་འཛུགས་མཛད་ནས་མི་ལོ་ ༥༨ འཁོར་བའི་རྗེས་དྲན་མཛད་སྒོའི་སྟེང་ཆིབས་བསྒྱུར་བསྐྱངས་པའི་མགྲོན་གྱི་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང་།  དམིགས་བསལ་སྐུ་མགྲོན་ཀང་ར་རྫོང་གི་སྨན་པ་གཙོ་བོ་ Dr. Gurdarshan Gupta མཆོག  བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་ལས་ཟུར་རྣམ་པ། རྒྱ་གར་གྲོགས་པོ་རྣམ་པ།  སྨན་རྩིས་ཁང་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམ་པ། ༸སྐུ་བཅར་སྨན་པ་རྣམ་པ།  གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་རྒྱུན་ལས་རྣམ་པ།  གསར་འགོད་པ་རྣམ་པ། དེ་བཞིན་སྨན་རྩིས་ཁང་གི་ལས་བྱེད་དང་ལས་མི། བགྲེས་ཡོལ་བ་རྣམ་དང་།  སློབ་ཕྲུག་བཅས་ལ་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།

སྒྲིག་འཛུགས་འདིའི་ཞུ་བྱའི་གཙོ་བོར་གྱུར་པའི་ལས་འགན་གལ་ཆེ་ཤོས་ནི་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་ཞབས་ཞུ་ལས་ལྷག་པ་མ་མཆིས་སྟབས། སྐུའི་འཕྲོད་བཞེས་ཞབས་ཞུ་སྨན་པ་རྣམས་ནས་མགོན་པོ་གང་ཉིད་ཀྱི་༸སྐུའི་འཕྲོད་བཞེས་དང་མཐུན་པའི་ལྗགས་སྨིན་གསོལ་སྨན་ཁག རྒྱུད་གཞུང་མན་ངག་དང་མཐུན་པར་སྦྱོར་འབུལ་ཞུ་བཞིན་པ་དང་། སྐར་དཔྱད་རྩིས་རིག་སྡེ་ཚན་ནས་སྐུ་ཡི་དགུང་ཀེག་ཀེག་རྩིས་རིགས་ཀྱང་འཚེམས་ལུས་མེད་པར་འབུལ་ལམ་ཞུ་བཞིན་པ་ཡིན།  ༸རྒྱལ་བའི་སྐུ་བཅར་སྨན་པ་རྣམ་དང་སྐར་རྩིས་པ་གཙོ་བོ་ཙམ་མིན་པ་སྡེ་ཚན་མང་པོའི་ལས་བྱེད་མང་པོར་དགའ་ལྡན་ཕོ་བྲང་གི་ཕྱག་ལས་ཐོག་རམ་འདེགས་ཞུ་རྒྱུའི་གོ་སྐབས་མང་པོ་ཡོད་པ་དགའ་ངོམས་དགོས་པ་ཞིག་ཡིན། 

མི་ཤུགས་གོང་སྤེལ་སྡེ་ཚན་ཁོངས་ལས་བྱེད་དང་། ལས་མི། སློབ་ཕྲུག་བཅས་ཀྱི་རྣམ་གྲངས།

ཨང་།

རྣམ་གྲངས།

ཕོ།

མོ།

བསྡོམས།

སྨན་པ།

༧༣

༥༣

༡༢༦

ཆོད་གན་སྨན་པ།

སྐར་རྩིས་པ།

༡༥

ཉམས་གསོག་སྨན་པ།

༣༡

༢༦

༥༧

ཉམས་གསོག་སྐར་རྩིས་པ།

༡༢

༢༠

སྨན་སློབ།

༣༧

༤༡

༧༨

སྐར་རྩིས་སློབ་ཕྲུག

༡༢

༢༠

འཛིན་སྐྱོང་ལས་བྱེད།

༡༦༨

༡༤༤

༣༡༢

འཛིན་སྐྱོང་ཆོད་གན་ལས་བྱེད།

༥༨

༢༣

༨༡

༡༠

ལས་མི།

༦༩

༤༣

༡༡༢

༡༡

ཚོད་ལྟའི་ལས་བྱེད།

 

བསྡོམས།

༤༦༦

༣༦༡

༨༢༧

  ད་ལྟའི་ཆར་སྨན་རྩིས་ཁང་དུ་ངོ་བོ་དང་ལས་འགན་གྱི་ཐོག་ནས་འཛིན་སྐྱོང་ཁོངས་སྡེ་ཚན་ཁག་ ༡༡ དང་། རིག་གཞུང་ཁོངས་སྡེ་ཚན་ ༡༡ བཅས་སྡེ་ཚན་ ༢༢ དང་།  འཛིན་སྐྱོང་ཚགས་ཚུད་དང་མཉམ་རུབ་ཆེད་སྒྲིག་གསལ་ལས་ཀའི་ངོ་བོའི་ཆ་ནས་དབང་ཚད་བགོ་འགྲེམས་བྱས་པའི་ཚོགས་ཆུང་ཁག་ ༩ བཅས་ཡོད།

སྨན་སྦྱིན་ཞབས་ཞུ།
སྨན་རྩིས་ཁང་ནས་ཉམ་ཐག་དང་། ལོ་ན་ ༦༥ ཡན། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད། བོད་ནས་གསར་དུ་འབྱོར་བ། སྨན་རྩིས་ཁང་གི་ལས་བྱེད་དང་སྡོད་གཅིག་ནང་མི། ནད་གཞི་འབྲས་ནད། གློ་གཅོང་། གཉན་ནད་རེག་དུག མཆིན་ནད་དུག་ཐབས་བཅས་ལྕི་བོ་ཡོད་པའི་ནད་པ། བོད་མི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བལྟ་སྐྱོང་ཆེད་སྨན་རིན་བརྒྱ་ཆ་ ༡༠། ཆག་ཡང་།  གྲྭ་བཙུན། སློབ་ཕྲུག་བཅས་ལ་སྨན་སྦྱིན་ཕྱེད་བཅག་ཕུལ་བ་ཟླ་རེར་ཆ་སྙོམས་བྱས་ན་ཧིན་སྒོར་འབུམ་ ༣༣ ཙམ་གཏོང་བཞིན་ཡོད་པ་དེ་དག་གཙོ་བོ་ྋརྒྱལ་དབང་ྋསྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་། ཡང་སྒོས་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་ནང་ཡོད་པའི་སྨན་རྩིས་ཁང་ལ་བསྟེན་གཏུགས་བྱེད་མཁན་གྱི་ནད་པའི་ཞལ་འདེབས་དང་སྨན་རིན་སོགས་ལ་བརྟེན་ནས་བྱུང་བ་ཡིན།

ཉམ་ཐག་གི་ཐོ་གཞུང་འདེམ་སྒྲུག་ལ་མཚོན་ནའང་། བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད།  ཤེས་རིག  འཕྲོད་བསྟེན་གསུམ་གྱི་ཉམ་ཐག་འདེམ་སྒྲུག་སྲིད་ཇུས་ལས་གུ་ཡངས་པ་ཡོད་པས་སྨན་སྦྱིན་ཞུ་མཁན་གྱི་གྲངས་ཐོ་ཡང་མང་བ་ཡོད། སྨན་རྩིས་ཁང་ལ་མཚོན་ན་ས་གནས་འགོ་འཛིན་སོ་སོས་ཟླ་བ་གསུམ་རེའི་མཚམས་སུ་གནང་བའི་ཐོ་གཞུང་རང་ལ་སྨན་རྩིས་ཁང་ནས་རྩ་འཛིན་བྱེད་བཞིན་ཡོད། ད་དུང་གལ་ཏེ་ཐོ་གཞུང་ཁོངས་མ་ཚུད་པའི་ཉམ་ཐག་ལྷག་བསྡད་རིགས་ཡོད་ན། དེ་ནི་ས་གནས་འགོ་འཛིན་སོ་སོས་འཐུས་ཤོར་དང་ལྷོད་ཡངས་སུ་བཏང་པར་ངོས་འཛིན་ཞུ་རྒྱུ་ཡིན་ཞེས་ངོས་འགན་འཛིན་ས་གནས་ཁག་ལ་རྟོག་ཞིབ་ཏུ་བསྐྱོད་སྐབས་བརྗོད་ཀྱི་ཡོད། 

རྒྱ་ཡིག་སྡེ་ཚན།
ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་འབྱུང་འགྱུར་རྒྱ་ནག་སྐམ་ས་ཆེན་མོའི་ནང་བོད་ཀྱི་གསོ་བ་རིག་པའི་སྒོ་ནས་ཞབས་འདེགས་ཞུ་ཐུབ་པའི་དུས་ཤིག་ཤར་སྲིད་པའི་སྐོར་བཀའ་སློབ་ཕེབས་པ་ལྟར། འདིའི་ཕྱོགས་ནས་ཀྱང་ད་ལྟ་ནས་སྔོན་འགྲོའི་གྲ་སྒྲིག་ཚུལ་དུ་རྒྱ་ཡིག་སྡེ་ཚན་ཆེད་འཛུགས་ཞུས་ཡོད་པ་མ་ཟད། རྒྱ་ཡིག་གི་སྨན་རྩིས་དྲ་རྒྱ་ཞིག་གསར་བཟོ་བྱས་པ་དེས་རྒྱ་ནག་སྐམ་ས་ཆེན་མོའི་རྒྱ་མི་རིགས་གཙོས་པའི་ཐའེ་ཝན་དང་། སིང་གྷ་པུར། ཧོང་ཀོང་སོགས་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་རྒྱ་རིགས་རྣམས་ལ་ཕན་ཐོགས་ཆེན་པོ་འབྱུང་བཞིན་པ་ར་འཕྲོད་བྱུང་། དེ་བཞིན་ང་ཚོའི་སྨན་པ་ཁག་གཅིག་ཐའེ་ཝེན་གཞུང་དང་སྒེར་གྱི་སྨན་ཁང་དུ་ཀྲུང་དབྱིའི་ལུགས་ཀྱི་སྐམ་ཁབ་ཟབ་སྦྱོང་སླད་བཏང་བ་རྣམས་ད་ལྟ་གསོ་རིག་སྨན་པ་གཞན་ལ་སྐམ་ཁབ་ཟབ་སྦྱོང་སྤྲོད་ཐུབ་པའི་གནས་སྟངས་ཆགས་ཡོད། ལྷག་པར་ Fundamentals of Tibetan Medicine ཞེས་སྨན་རྩིས་ཁང་ནས་རྩོམ་སྒྲིག་ཞུས་ཤིང་།  དེབ་འདི་ཉེ་བའི་ཆར་རྒྱ་ཡིག་སྡེ་ཚན་ནས་རྒྱ་སྐད་ནང་བསྒྱུར་ཏེ་དཔར་བསྐྲུན་ཞུས་ཡོད།  གསོ་རིག་རྒྱུད་བཞི་སྨན་ཐང་བརྒྱད་ཅུའི་འགྲེལ་བཤད་བོད་ཡིག་དང་ཨིན་ཡིག་སྟེང་ཡོད་པ་རྒྱ་ཡིག་ཏུ་བསྒྱུར་བསྒྲིགས་ཟིན་པ་ཡིན།

ལོ་མང་གསུང་ཆོས་གོ་སྒྲིག་གནང་མཁན་ཐའེ་ཝན་ནང་པའི་ཆོས་ཚོགས་ཤིག་ནས་ས་ཆ་མཐུན་འགྱུར་གྱིས་ཐའེ་ཝན་དུ་སྨན་རྩིས་ཁང་གི་ཡན་ལག་ཤིག་འཛུགས་འཆར་དང་། དེར་སྨན་པ་གཅིག་དང་སྐར་རྩིས་པ་གཉིས།  འཛིན་སྐྱོང་ལས་བྱེད་གཅིག་བཅས་གཏོང་འཆར་ཡོད། དེའི་ཆེད་ཐའེ་ཝན་ནས་རྒྱ་སྐད་དགེ་རྒན་ཞིག་གཏོང་གཏན་འཁེལ་ཡང་རྒྱ་གར་གཞུང་ནས་མཐོང་མཆན་དུས་ཡུན་ཐུང་ངུ་ཞིག་ལས་གནང་གི་མེད་སྟབས་མཇུག་སྐྱོང་དགོས་ཀྱི་ཡོད།

སྦེང་ལོར་མཐོ་སློབ།
སྨན་རྩིས་མཐོ་སློབ་ཁང་དེ་བཞིན་སྦེང་ལོར་དུ་གནས་སྤོས་ཆ་ཚང་བ་ཞིག་བྱུང་མཚམས། ད་ལྟའི་བཞུགས་སྒར་སྨན་རྩིས་མཐོ་སློབ་ཁང་དེ་ཉིད་ (ཕལ་ཆེར་སྤྱི་ལོ་ ༢༠༢༡ ཟླ་ ༣ ནང་གནའ་སྔ་མོ་ནས་རང་རེའི་བོད་ཀྱི་ཆོས་དང་རིག་གཞུང་གཉིས་ཀྱི་འབྲེལ་བ་དམ་ཟབ་ཡོད་པའི་ཧི་མ་ལ་ཡའི་རི་རྒྱུད་ཁག་དང་། དེ་བཞིན་བལ་ཡུལ། འབྲུག རུ་སུ། སོག་ཡུལ། ཀལ་མིག ཏུ་པ། སྦུ་རི་ཡཏ་སོགས་ཡུལ་གྲུ་ཁག་ནས་དོན་གཉེར་ཡོད་པའི་གཞོན་སྐྱེས་ཕོ་མོ་གྲངས་མཉམ་ལ་བོད་ཀྱི་སྐད་ཡིག་སློབ་ཁྲིད་དང་། དེ་ནས་བོད་ཀྱི་སྐར་རྩིས་རིག་པ་དང་བོད་ཀྱི་གསོ་བ་རིག་པའི་ལུགས་ཀྱི་སྨན་པ་བསྡུས་ར་བའི་རྩ་འཛིན་སློབ་གཞི་ཁག་བཤད་ཁྲིད་མཐར་ཕྱིན་པ་སྤྲད་དེ་སོ་སོའི་ལུང་པར་བོད་ལུགས་གསོ་བ་རིག་པའི་སྒོ་ནས་ཞབས་འདེགས་ཞུ་ཐུབ་པའི་འཆར་གཞི་ངེས་བརྟན་ཡོད།

སྨན་དང་ཐོན་སྐྱེད་ཀྱི་སྤུས་ཚད་སྟངས་འཛིན་ཚོགས་ཆུང་།
སྨན་རྩིས་ཁང་ལ་ཁྲིམས་དང་བཟང་སྤྱོད་གཉིས་ཀྱི་འགན་ཡོད་པའི་ཐོག་སྨན་རྩིས་ཁང་གི་སྨན་དང་ཕྱིར་ཚོང་ཐོན་སྐྱེད་ལ་རྒྱ་ཆེ་མང་ཚོགས་ནས་ཡིད་ཆེས་དང་ཆེ་མཐོང་ཆེན་པོ་གནང་བཞིན་ཡོད་སྟབས། སྨན་རྒྱུའི་རིན་འབབ་ལ་མ་བལྟས་པར་སྨན་རྒྱུ་སྤུས་ལེགས་མཁོ་སྒྲུབ་དང་། སྦྱོར་བཟོ་རྣམས་སྨན་གྱི་གཞུང་ལུགས་ལྟར་ཚད་ལྡན་དགོས་པ་གཞིར་བཞག་སྟེང་། སྤུས་ཚད་སྟངས་འཛིན་ཚོགས་ཆུང་ཞེས་སྨན་པ་གཙོ་བོ་ཚོགས་གཙོར་ཡོད་པའི་ཐོག་སྨན་སྦྱོར་འགན་འཛིན་དང་། སྨན་རྫས་འགན་འཛིན། ཉམས་ཞིབ་འགན་འཛིན། སྔོ་སྦྱོར་འགན་འཛིན། ཚན་རིག་པ་བཅས་ལས་གྲུབ་པའི་སྤུས་ཚད་སྟངས་འཛིན་ཚོགས་ཆུང་ནི་གལ་ཆེའི་ཚོགས་ཆུང་ཞིག་ཡིན།

བླ་བྲང་དང་།  གྲ་ཚང་ཁག་ནས་སྨན་རྩིས་ཁང་ལ་རེ་བ་དང་ཡིད་ཆེས་ཆེན་པོས་གསོལ་སྨན་དང་སྨན་པའི་མཐུན་སྦྱོར་རེ་སྐུལ་ཞུ་མཁན་མང་དུ་འགྲོ་འདུག  སྨན་དང་སྨན་པ་གཉིས་ཀ་སྨན་རྩིས་ཁང་ནས་གཏོང་གནང་ཡོང་བའི་རེ་སྐུལ་ཞུ་མཁན་ལ་ངོས་ལེན་དང་མཐུན་སྦྱོར་གང་ཐུབ་ཞུ་བཞིན་ཡོད་ལ།  སྨན་གཞན་ནས་མཁོ་སྒྲུབ་དང་སྨན་པ་རྒན་པ་ཞིག་སྨན་རྩིས་ཁང་ནས་གཏོང་གནང་ཡོང་བ་དང་།  ཡང་སྨན་དེ་སྨན་རྩིས་ཁང་དང་སྨན་པ་ང་ཚོར་ཡོད་ཞུ་མཁན་རིགས་ལ་ཁས་ལེན་ཞུས་མེད།

སེམས་ཁམས་འཕྲོད་བསྟེན།
དེང་དུས་ཕྱི་ནང་གི་གནས་སྟངས་མང་པོ་ཞིག་གི་རྐྱེན་པས་སེམས་ཁམས་འཕྲོད་བསྟེན་གྱི་བརྗོད་གཞི་དེ། དེ་སྔ་ལས་གལ་ཆེ་བ་ཞིག་ཆགས་ཡོད། དེའི་ཐོག་རང་རེའི་བོད་ཀྱི་སྨན་རྩིས་རིག་པ་གཉིས་ཀྱི་སྒོ་ནས་ཞབས་འདེགས་སྔར་ལྷག་ཞུ་ཕྱིར། འདི་ནས་ཆེད་དུ་བཙུགས་པའི་ལུས་སེམས་སྲོག་གི་སྡེ་ཚན་ནས་གནའ་རབས་དང་དེང་རབས་གཉིས་ལྡན་གྱི་རིག་གཞུང་གསར་རྙིང་མང་པོའི་ཉིང་ཁུ་བསྡུ་ལེན་གང་ཐུབ་མཁོ་འདོན་བྱས་ནས་འགྲོ་བ་མིའི་ལུས་སེམས་གཉིས་ལས་གཙོ་བོ་སེམས་ཁམས་འཕྲོད་བསྟེན་ཞབས་ཞུ་ཚད་མཐོར་ཡོང་ཐབས་ལོ་ལྟར་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་བརྗོད་གཞི་སྣ་ཚོགས་ཐོག་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་བསྐོང་ཚོགས་ཞུ་མུས་ཡིན། ༢༠༡༨ སྤྱི་ཟླ་ ༤ ཚེས་ ༢/༣ ནང་སེམས་ནད་བཅོས་ཐབས་ཞེས་པའི་བརྗོད་གཞིའི་ཐོག་རྒྱལ་ས་དི་ལླིར་༸གོང་ས་མཆོག་གི་ཀུན་ཕན་དགེ་རྩའི་མཉམ་བགྲོ་གླེང་ཚོགས་ཆེན་ཐེངས་བདུན་པ་དེ་ཚུགས་ཡོད། རྒྱུན་ལྡན་བགྲོ་གླེང་ཚོགས་ཆེན་དེ་གཙོ་བོ་རང་རེའི་སྨན་རྩིས་ཁང་དང་བོད་རིགས་སློབ་གཉེར་བ་ལ་དམིགས་ཏེ་འདི་ག་སྨན་རྩིས་ཁང་རང་དུ་གོ་སྒྲིག་ཞུ་བཞིན་ཡོད་པ་དེ་ག་རང་འཇགས་འགྲོ་མུས་སྟེང་། ༢༠༡༧ ནས་བཟུང་བགྲོ་གླེང་ཚོགས་ཆེན་གྱི་བརྗོད་གཞི་གང་ཡིན་པ་དེ་རང་ཐོག་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་དཔེར་ན་མུམ་བྷ་ཡི་དང་དི་ལླི་ལྟ་བུ་རྒྱ་གར་བ་ཤེས་ཡོན་ཅན་དང་གནད་ཡོད་མི་སྣ་མང་སའི་ཁྲོད་དུ་གོ་སྒྲིག་ཞུ་ཐུབ་ན་དགེ་མཚན་ཆེན་པོ་ཡོད་པར་མཐོང་བ་བཞིན་གོ་སྒྲིག་བྱེད་བཞིན་ཡོད།  བགྲོ་གླེང་ཚོགས་ཆེན་དེ་ཚོའི་ནང་བགྲོ་གླེང་གང་བྱུང་བ་རྣམས་རིམ་པ་བཞིན་དེབ་གཟུགས་སུ་དཔར་བསྐྲུན་འགྲེམས་སྤེལ་ཞུས་དང་ཞུ་མུས་ཡིན།

ཕྱི་རྒྱལ་ཁག་ཏུ་སྐོར་བསྐྱོད་ལས་རིམ།
ཤར་ནུབ་རྒྱལ་ཁབ་ཁག་ལ་སྨན་སྐོར་དང་གཏམ་བཤད། འགྲེམས་སྟོན། རིག་གཞུང་སྤེལ་རེས་བྱེད་རྒྱུ་ནི་བོད་ཀྱི་གསོ་བ་རིག་པ་དང་རྩིས་ཀྱི་རིག་པ་གཉིས་ཀྱི་བསྟན་པ་འཛམ་གླིང་ཡོངས་ལ་རྒྱས་ཐབས་དང་། སྨན་རྩིས་ཁང་ལ་དཔལ་འབྱོར་གྱི་རྒྱབ་རྟེན་འཚོལ་སྒྲུབ་ཀྱི་ཐབས་ཤེས་ཀྱི་ཆ་ཤས་གལ་ཆེན་ཞིག་ཡིན་པས་ངོས་ནས་སྨན་རྩིས་ཁང་གི་འགན་འཛིན་ལས་འཁུར་ལོ་བདུན་ཞུས་པའི་རིང་སྨན་རྩིས་པ་སྐོར་བསྐྱོད་ཀྱི་གྲངས་འབོར་དེ།  དེ་སྔའི་འགན་འཛིན་རིམ་པ་བཞི་ཡིས་ལོ་བཅོ་ལྔ་རིང་ལས་བརྡབས་བཞི་ཡི་མང་བ་བྱུང་ཡོད་ལ།  དེའི་ཁྲོད་ནས་ཕི་ལི་པིན་ (Philippines) གྱི་སྐོར་བསྐྱོད་གཅིག་པུ་དེ་དཔལ་འབྱོར་གྱི་ཆ་ནས་ཁེ་མེད་གྱོང་མེད་བྱུང་བ་ལས་གཞན་རྣམས་ནས་གསོ་བ་རིག་པ་དང་རྩིས་རིག་པའི་བསྟན་པ་ཁྱབ་སྤེལ་དང་། ལས་བྱེད་མང་པོར་ཉམས་མྱོང།  སྨན་རྩིས་ཁང་ལ་དཔལ་འབྱོར་གྱི་རྒྱབ་རྟེན་གཟེངས་སུ་ཐོན་པ་འཚོལ་སྒྲུབ་ཞུ་ཐུབ་ཡོད།

དམིགས་བསལ་ ༢༠༡༧ ལོར་ཟླ་བ་གཅིག་མ་ཟིན་ཙམ་རིང་སྐབས་ ༡༧ པའི་ཉམས་གསོག་སྨན་པ་བུ་གསུམ་དང་། བུ་མོ་གསུམ་ཨ་རི་ Emory University School of Medicine, University of Minnesota, North Western Health Science University in Minneapolis བཅས་སུ་བཅར་ནས་དེ་གའི་དགེ་སློབ་རྣམས་དང་མཇལ་འཕྲད་དང་། སློབ་ཕྲུག་སྐུ་མགྲོན་གྱི་ངོ་བོར་འཛིན་གྲྭའི་གཏམ་བཤད་ཀྱི་སློབ་ཐུན་འགའ་ཤིག་ལ་གསན་བསམ། ཕྱི་ལུགས་སྨན་པའི་ལས་ཀ་བྱེད་སྟངས་ལ་རྟོག་ཞིབ། རིག་གཞུང་བྱེད་སྒོ་ཁག་ལ་མཉམ་ཞུགས་བྱས་ནས་མྱོང་ཚོར་དང་ཉམས་མྱོང་གསར་པ་གང་མང་བསགས་ཐུབ་པ་བྱུང་ཡོད།  འོན་ཀྱང་ཉམས་གསོག་སྨན་པ་དང་རྩིས་པ་གཉིས་ཀ་ཡོད་པ་ལྟ་སྐོར་གཏོང་ཐེངས་ ༢ དང་ ༣ པར་མཐོང་མཆན་མ་ཐོབ་པར་བརྟེན་བསྐྱོད་ཐུབ་མེད། 

རིན་ཆེན་རིལ་བུའི་སྐོར།

སྨན་རྩིས་ཁང་ནས་བཟོ་སྐྲུན་ཞུས་པའི་རིན་ཆེན་རིལ་བུ་ཁག་བརྒྱད་ཡོད། བོད་རིགས་མང་ཚོགས་ལ་རིན་ཆེན་རིལ་བུའི་ཚོང་སྒྱུར་བྱེད་ལུགས་ད་ལྟ་ཡག་པོ་འགྲོ་བཞིན་པ་འདི་མུ་མཐུད་རྒྱུན་འཁྱོངས་དགོས་གལ་ཆེ། འགྲོ་ལུགས་དེ་ལྟར་བཟོས་དགོས་པའི་རྒྱུ་མཚན་ཡང་བར་སྐབས་དངུལ་རྐྱང་ཁོ་ན་མ་གཏོགས་མི་སེམས་པའི་རང་རིགས་ཚོང་པ་ཁག་གཅིག་གིས་ཐབས་ལམ་སྣ་ཚོགས་བེད་སྤྱོད་བྱས་ནས་སྨན་རྩིས་ཁང་གི་རིན་ཆེན་རིལ་བུ་འབོར་ཆེན་ཐོབ་པར་བྱས་ཏེ་བོད་དུ་བཏང་ནས་སྨན་རིན་ལྡབ་མང་པོ་ལེན་བཞིན་པའི་གནས་ཚུལ་བྱུང་བ་དང་། བཙན་བྱོལ་ནང་གི་རང་རིགས་ལ་རིན་ཆེན་རིལ་བུ་མ་ལྡེང་བའི་རྒྱུ་མཚན་གཅིག་དེར་ཐུག་ཡོད། དེར་བརྟེན་མང་ཚོགས་ཀྱིས་ཀྱང་ཧམ་སེམས་ཆེ་བའི་ཚོང་པ་དག་གི་བེད་སྤྱོད་ལོག་པའི་འོག་མི་ཚུད་པ་བྱ་རྒྱུ་གལ་ཆེ། གང་ལྟར་རིན་ཆེན་རིལ་བུ་ཚོང་སྒྱུར་ཐད་གནས་སྟངས་ཇི་འདྲ་ཞིག་ཡོད་ཀྱང་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་ཁག་གི་ནང་དུ་སྨན་པས་བརྟག་དཔྱད་བྱས་རྗེས་ནད་པ་གང་ཞིག་ལ་རིན་ཆེན་རིལ་བུ་གང་དང་ཐུན་གྲངས་ཇི་ཙམ་གཏོང་དགོས་རིགས་སྨན་པའི་འགན་དབང་ཆ་ཚང་ཡོད་པས་ནད་པའི་ཆེད་དུ་རིན་ཆེན་རིལ་བུ་མ་རག་པའི་སྐད་ཆ་སྦྲང་སྐད་ཙམ་ཡང་མེད་པ་དགོས་རྒྱུ།

སྨན་པ་དགེ་སློང་བསྟན་འཛིན་བྱང་ཆུབ་ལགས་ཀྱི་སྨན་ཁང་རྩིས་ལེན།

སྨན་པ་དགེ་སློང་བསྟན་འཛིན་བྱང་ཆུབ་ལགས་ནི་སྨན་རྩིས་མཐོ་སློབ་ཁང་ནས་སྨན་པ་སྐབས་ ༨ པའི་ཁོངས་སུ་ཕྱི་ལོ་ ༡༩༩༤ ལོར་བསླབ་པ་མཐར་ཕྱིན་པའི་སྨན་པ་ཞིག་ཡིན། ལོ་མང་སྔོན་ནས་ཡུ་རོཔ་ནང་གི་ Poland རྒྱལ་ཁབ་ཀྱི་རྒྱལ་ས་ Warsaw  ནང་དུ་ཁོང་རང་གིས་གསར་འཛུགས་བྱས་པའི་ Institute of Traditional Tibetan Medicine (ITTM) སྲོལ་རྒྱུན་བོད་སྨན་ལྟེ་གནས་ཁང་ཞེས་སྒེར་གྱི་སྨན་ཁང་གཉེར་བཞིན་ཡོད་པ་དང་། སྨན་ཁང་དེ་ནི་ཁྲིམས་མཐུན་དེབ་འགོད་ཡོད་ལ་བོད་སྨན་བསྟེན་གཏུགས་བྱེད་མཁན་ནད་པ་ཧ་ཅང་མང་པོ་ཡོད། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་སྔ་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢༧ དགོང་དྲོ་གློ་བུར་དུ་སྨན་པ་དགེ་སློང་བསྟན་འཛིན་བྱང་ཆུབ་ལགས་འདས་གྲོངས་སུ་གྱུར་བ་རེད། ཁོང་གི་རྗེས་ཤུལ་སྐྱེད་མ་རང་ལོ་ ༩༤ སོན་པ་གཅིག་པོ་ལྷག་པ་དེ་ཡིས་སྨན་ཁང་དེ་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་མཆོག་ལ་དད་རྫས་ཚུལ་དུ་ཕུལ་ཡོད། ༧གོང་ས་མཆོག་སྔ་ལོ་ཟླ་ ༦ ནང་ ཡུ་རོབ་ Latvia ས་གནས་སུ་ཞབས་ཀྱིས་བཅགས་སྐབས་རྒྱལ་ས་ཝར་སོ་རུ་ཡོད་པའི་སྨན་ཁང་དང་།  པོ་ལནཊ་གྲོང་ཁྱེར་ཆེ་ཤོས་གཉིས་པ་དེ་རུ་ཡོད་པའི་ས་ཁང་སོགས་སྨན་རྩིས་ཁང་ལ་གསོལ་རས་བསྩལ་གནང་ཡོད། དེ་རིང་སླར་ཡང་ཞུ་འདོད་ཞིག་ལ། སྨན་པ་དགེ་སློང་བསྟན་འཛིན་བྱང་ཆུབ་ལྟ་བུ་མི་སྒེར་གཅིག་གིས་དཀའ་ལས་བརྒྱབ་སྟེ་ཁྲིམས་མཐུན་དེབ་འགོད་ཡོད་པའི་སྨན་ཁང་། དེ་ཡང་ཕྱི་ཡི་རྣམ་པ་གཟི་བརྗིད་ལྡན་པ་དེ་ལྟ་བུ་ཞིག་འཛུགས་སྐྲུན་དང་སྨན་ཁང་དེ་ཡག་པོ་བསྐྱངས་ཐུབ་པ་བྱུང་བ་ལ་ང་ཚོས་བསྔགས་བརྗོད་བྱེད་འོས་པ་ཞིག་ཡིན། དེ་ལ་སྨན་རྩིས་ཁང་གི་འགོ་ལས་སྨན་པ་རྣམས་ནས་མིག་ལྟོས་ཡར་འགྲན་དང་ལེགས་ཆ་བླངས་ཏེ་སྔར་ལས་ལྷག་པ་སེམས་ཤུགས་སྐྱེད་དགོས་པ་ཡིན། 

གསོ་བ་རིག་པ་ལ་བོད་སྨན་ལབ་ཆོག

གཡུ་ཐོག་ཡོན་ཏན་མགོན་པོས་རྩོམ་སྒྲིག་བྱས་པའི་དཔལ་ལྡན་རྒྱུད་བཞི་དང་། དེ་བཞིན་བོད་གངས་ཅན་ལྗོངས་ཀྱི་མཁས་པ་རྣམས་ཀྱིས་མཛད་པའི་སྨན་གཞུང་རྣམས་གཞི་རྩར་བཞག་སྟེ་སློབ་གཉེར་བྱེད་པ་དང་། གཞུང་དེ་དག་ནང་བསྟན་པའི་བརྟག་ཐབས་རིག་པ་དང་། སྨན་རྫས་མཁོ་སྒྲུབ། སྨན་སྦྱོར་ལག་ལེན་བཅས་ཀྱི་སྒྲོམ་གཞི་དེ་ལ་བསྟན་བཅོས་ཀྱི་ཐ་སྙད་དུ་བོད་ཀྱི་གསོ་བ་རིག་པ་ཞེས་པ་དང་། ཡོངས་གྲགས་དམངས་ཁྲོད་དུ་བོད་སྨན་ཞེས་སྒྲ་གཏིང་ཚུགས་པ་ཞིག་གྱུར་ཟིན་མོད། བོད་ཀྱི་ཁྱིམ་མཚེས་ཀྱི་ཡུལ་ལུང་འབྲུག་དང་། བལ་ཡུལ། སོག་པོ་ལ་སོགས་པའི་ནང་དུ་ལག་བསྟར་བཞིན་པའི་སྨན་གྱི་རིག་པ་དེ་ང་ཚོའི་བོད་ཀྱི་གསོ་བ་རིག་པའི་སྒྲོམ་གཞི་དེ་ཉིད་དང་གཅིག་མཚུངས་ཤིག་ཡིན་ན་དེ་ལའང་བཟང་སྤྱོད་སྒོ་ནས་བོད་སྨན་ཞེས་འབོད་དགོས་པ་ཡིན། དེང་སང་བོད་ཀྱི་གསོ་བ་རིག་པ་ལ་གསོ་རིག་ཁོ་ན་མ་གཏོགས་བོད་དང་བོད་སྨན་ཞེས་པའི་ཐ་སྙད་ཙམ་ཡང་བེད་སྤྱོད་གནང་བདེ་མེད་པའི་གནས་བབ་འདི་ཆབ་སྲིད་ཀྱིས་རིག་གཞུང་བྱེ་བྲག་པ་ཞིག་གི་འབྱུང་ཁུངས་ལ་རྩིས་མེད་གཏོང་བའི་རང་གཤིས་ལས་མ་འདས། འོན་ཀྱང་ང་ཚོ་བོད་མིས་ད་དུང་ཡང་བོད་སྨན་ལ་བོད་སྨན་ཞེས་འབོད་པ་འདི་ང་ཚོའི་ལྷན་སྐྱེས་སུ་ཡོད་པའི་ཐོབ་ཐང་ཞིག་ཡིན། དཔེར་ན་ང་ཚོ་བོད་པས་དུས་ད་ལྟའི་བར་དུ་དཔལ་ནྰ་ལེན་དྲའི་ཆོས་བརྒྱུད་དྲི་མ་མེད་པར་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་ལུང་རྟོགས་ཀྱི་བསྟན་པ་འཛིན་སྐྱོང་བྱས་པ་ན་བོད་ཀྱི་ནང་ཆོས་ཞེས་འཛམ་གླིང་ཡོངས་ལ་གྲགས་ཤིང་དེ་ལྟར་འབོད་པ་ལ་དཀའ་ངལ་གང་ཡང་མེད། དེ་བཞིན་དུ་ང་ཚོའི་མེས་པོ་དམ་པ་རྣམས་ཀྱིས་བོད་ཀྱི་གསོ་བ་རིག་པའི་ཁྱད་ནོར་ལ་གཅེས་སྤྲས་བྱས་པ་དེ་ལའང་མུ་མཐུད་ནས་བོད་སྨན་ཞེས་འབོད་པར་དཀའ་ངལ་གང་ཡང་འཕྲད་དགོས་དོན་མེད།

བོད་སྨན་གྱི་ཡར་རྒྱས་དང་ཉེན་ཁ།

སྨན་རྩིས་ཁང་དང་། སྨན་རྩིས་ཁང་གིས་བཟོ་སྐྲུན་བྱས་པའི་སྨན་རིགས། སྨན་རྩིས་ཐོན་དོངས་བཅས་ལ་རྒྱ་གར་ཙམ་དུ་མ་ཟད་བོད་དུ་རང་རིགས་རྣམས་ཀྱིས་ཀྱང་ཡིད་ཆེས་དང་གདེང་འཇོག་ཆེན་པོ་གནང་བཞིན་ཡོད། དེ་ནི་གཙོ་བོ་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་བཀའ་སློབ་ལམ་སྟོན་གང་ཕེབས་པ་སྙིང་ལ་བཅངས་པའི་སྒོ་ནས་གོམ་པ་མདུན་སྐྱོད་ཀྱིས་ཡར་རྒྱས་ཀྱི་འབྲས་བུ་ཞིག་ཡིན། ཡར་རྒྱས་གོང་འཕེལ་དང་ལྷན་དུ་གདོང་ལེན་བྱེད་དགོས་པའི་ཉེན་ཁ་ཞིག་ཀྱང་ཡོང་བཞིན་པ་ནི། ལོ་ཤས་སྔོན་ནས་སྨན་རྩིས་ཁང་གི་མིང་བེད་སྤྱོད་ལོག་པ་བཏང་སྟེ་སྨན་དང་རིན་ཆེན་རིལ་བུ། བདུག་སྤོས་སོགས་སྨན་རྩིས་ཁང་གི་མ་ཡིན་བཞིན་དུ་སྨན་རྩིས་ཁང་གི་ཡིན་ཁུལ་བཤད་པ་དང་། སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་སྨན་རིགས་མང་པོ་བོད་དུ་བཏང་ཡོད་པའི་གནས་ཚུལ་རབ་དང་རིམ་པ་མང་པོ་བྱུང་ཡོད། བོད་རིགས་མང་ཚོགས་ནས་མི་ངན་དག་གི་བསླུ་བྲིད་འོག་མི་ཚུད་པའི་ཆེད་དུ་སྨན་རྩིས་ཁང་ནས་དེ་སྔ་གསར་འགོད་གསལ་བསྒྲགས་ཤིག་ཀྱང་སྤེལ་ཡོད། དེ་ལྟར་རང་རིགས་མི་ངན་ཉུང་ཤས་ཤིག་གི་བྱས་ཉེས་དབང་གིས་སྨན་རྩིས་ཁང་དང་བོད་སྨན་ལ་མཚན་ཤས་བཟོ་བའི་ཉེན་ཁ་ཡོད་མུས་སྟེང་། བོད་རིགས་མ་ཡིན་པ་ནས་དེ་ལྟའི་ཉེན་ཁ་མེད་པའང་མ་ཡིན། ཡང་།  ཚད་ལྡན་གསོ་རིག་མཐོ་སློབ་ཁང་ནས་སློབ་ཐོན་བྱུང་བའི་སྨན་པ་མ་ཡིན་པའམ། ནུས་པ་ཕྱོགས་བསྡུས་ལྟ་བུར་བལྟས་ཏེ་བོད་སྨན་ཉམས་ལེན་བྱེད་པས་བོད་སྨན་སྤྱི་ལ་མིང་ཆད་ངན་པ་འཕོག་སྲིད་པ་ཡིན། ལྷག་པར་སྨན་པ་དེ་ལྟ་བུ་ནུབ་ཕྱོགས་སོགས་ཕྱི་རྒྱལ་ཡུལ་ཕྲུ་ཁག་ཏུ་སླེབ་སྐབས་སྐུ་ཚབ་དོན་གཅོད་སོགས་བོད་མིའི་གནས་ཡོད་དབུ་ཁྲིད་མི་སྣ་རྣམས་ཀྱིས་ངེས་པར་དུ་དོ་དམ་ཡིད་གཟབ་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།

སུད་སིའི་ནང་དུ་བོད་སྨན་གསུམ་དེབ་སྐྱེལ་བྱ་རྒྱུ།

སུད་སིའི་གཞུང་གིས་སྔོ་སྨན་ཐོག་འཛིན་པའི་ཁྲིམས་ལ་བསྐྱར་བཅོས་མཛད་དེ་སྤྱི་ལོ་ ༢༠༡༩  ཟླ་ ༡ ཚེས་ ༡ ཉིན་ནས་དངོས་སུ་ལག་བསྟར་དབུ་འཛུགས་ཞུས་ཡོད། ང་ཚོའི་བོད་སྨན་དེ་ཡང་སུད་སིའི་སྨན་སྦྱོར་ལག་ལེན་ལམ་ལུགས་འོག་གི་ཁ་སྐོང་སྨན་གྱི་སྡེ་ཚན་གྱི་ཆ་ཤས་སུ་ངོས་འཛིན་ཞུས་ཡོད། འདི་ག་སྨན་རྩིས་ཁང་ནས་གོ་སྐབས་བཟང་པོ་དེ་དམ་འཛིན་བྱེད་པའི་སྒོ་ནས་ཐོག་མར་སྨན་པ་བསྟེན་མི་དགོས་པར་སྨན་རྩིས་ཁང་གིས་བཟོ་སྐྲུན་བྱས་པའི་སྨན་གལ་ཆེ་བ་གསུམ་དེབ་སྐྱེལ་ངོས་འཛིན་ཡོང་བའི་འབད་བརྩོན་ཞུ་རྒྱུ་ཡིན།

ཀུན་ཕན་ཚོགས་པར་གཞོགས་འདེགས།

བར་སྐབས་ཤིག་ནས་རང་རེའི་བཙན་བྱོལ་བོད་པའི་སྤྱི་ཚོགས་ཆུང་ངུ་འདིའི་ནང་དུའང་རང་རིགས་ན་གཞོན་གང་འཚམ་ཞིག་སྨྱོ་རྫས་ངན་གོམས་དབང་དུ་ཚུད་དེ་མཇུག་འབྲས་ཡ་ང་བ་མྱོང་བཞིན་པ་ཀུན་གྱིས་མཐོང་གསལ་ལྟར་ཡིན། ཀུན་ཕན་ལྟེ་གནས་ཁང་གིས་བོད་རིགས་ངན་གོམས་ལང་ཤོར་བ་རྣམས་ལ་དུས་ཡུན་རིང་པོ་ནས་ལམ་སྟོན་དང་སྨན་བཅོས་གང་ལེགས་གནང་ཡོད་ཀྱང་། བོད་རིགས་རང་གི་ཆེད་དུ་ནད་གསོ་ཁང་ཞིག་ཟུར་འཛུགས་དགོས་ངེས་སུ་གཟིགས་ཏེ་དྷ་ས་སྣེ་ལེན་ཁང་ཉེ་འགྲམ་དུ་ཀུན་ཕན་ནད་གསོ་ཁང་ (Kunphen Recovery Centre) ཞེས་པ་ཞིག་གསར་རྒྱག་ཞུས་ནས་ངན་གོམས་ལང་ཤོར་བ་རྣམས་ལ་སྨྱོ་རྫས་ངན་གོམས་སྐོར་ལེགས་ཉེས་བླང་དོར་གྱི་གོ་བསྐོན་སློབ་གསོ་དང་། ཕན་ཚུན་བགྲོ་གླེང་། སྨན་བཅོས་སོགས་ལས་རིམ་གཟེངས་སུ་ཐོན་པ་སྐྱོང་བཞིན་ཡོད་པ་ལ་ངས་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་ཡིན། འདི་ག་སྨན་རྩིས་ཁང་ནས་ཀྱང་ཀུན་ཕན་ནད་གསོ་ཁང་གི་ནད་པ་རྣམས་ལ་བོད་སྨན་སྒོ་ནས་འཕྲོད་བསྟེན་ཞབས་འདེགས་ཞུ་བའི་ཆེད་དུ་ཟླ་རེ་མཚམས་སུ་ང་ཚོའི་སྨན་པ་རྒན་པ་ཞིག་སྐོར་སྐྱོད་དུ་ཕེབས་ཏེ་བརྟག་དཔྱད་སྨན་བཅོས་དང་ཟས་སྤྱོད་སློབ་སྟོན། དེ་བཞིན་སེམས་ཁམས་ལ་ཕན་པའི་བསླབ་བྱ་རྒྱག་བཞིན་ཡོད། གཞན་ཡང་ན་གཞོན་དེ་དག་ལ་ས་གནས་རང་དུ་ཉིན་ཕྱེད་རིང་ལས་ཀ་གོ་སྒྲིག་ཞུས་པ་མ་ཟད། ང་ཚོའི་དབུས་ཀྱི་ལས་མི་དང་གཅིག་མཚུངས་གླ་ཆ་ཡང་སྤྲོད་བཞིན་ཡོད། དགེ་ཕན་མངོན་སུམ་ཡོད་པའི་ལས་གཞི་འདི་ཡིས། ན་གཞོན་རྣམས་ཀྱི་ལག་རྩལ་གསར་པ་ཞིག་ཤེས་པའི་སྒོ་ནས་འབྱུང་འགྱུར་འཚོ་བའི་ནང་ཕན་ཐོགས་ཕྲན་བུ་འབྱུང་བའི་རེ་བ་དང་། ལྷག་པར་ཉམས་ཞིབ་སྡེ་ཚན་ནས་བོད་ཀྱི་གསོ་བ་རིག་པའི་སྨན་བཅོས་བྱས་པ་ལ་བརྟེན་ནས་སྨྱོ་རྫས་ངན་གོམས་ཀྱི་ནད་ལ་ཕན་བསྐྱེད་བརྟག་ཐབས་ཀྱི་ཉམས་ཞིབ་ཀྱི་ལས་གཞི་གསར་པ་ཞིག་འགྲོ་མུས་ཡིན། 

ཐུགས་རྗེ་ཆེ་ཞུའི་ལོ་སྲུང་བརྩི།

བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་ཕྱི་ལོ་ ༢༠༡༨ དེ་རྒྱ་གར་གཞུང་མང་ལ་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་ཞུ་རྒྱུའི་བཀོད་ཁྱབ་ཕེབས་པ་བཞིན། སྨན་རྩིས་ཁང་གི་དབུས་ས་ཡན་ལག་གཉིས་ནས་ཀྱང་དུས་སྟོན་སྲུང་བརྩི་རྒྱ་ཆེར་ཞུས་ཡོད་པ་ལས། ཐོག་མར་བོད་མིའི་སྒྲིག་འཛུགས་ཀྱིས་ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢ ནས་ ༤ བར་རྒྱལ་ས་དིལླིར་བོད་ཀྱི་རིག་གཞུང་དགའ་སྟོན་ཞེས་རྒྱ་གར་གཞུང་མང་གཉིས་ལ་དུས་ད་ལྟའི་བར་བོད་མིར་བཀའ་དྲིན་བསྐྱངས་པ་ལ་ཐུགས་རྗེ་ཆེ་ཞུའི་དུས་སྟོན་མཛད་སྒོ་རྒྱས་པ་ཞིག་གོ་སྒྲིག་ཞུས་པའི་སྐབས། སྨན་རྩིས་ཁང་ནས་སྨན་རྩིས་པ་དང་ལས་བྱེད་པ་ཁྱོན་གྲངས་དགུ་མཉམ་ཞུགས་གནང་ཡོད། དེ་དུས་ང་ཚོའི་སྨན་རྩིས་ལས་བྱེད་པ་རྣམས་ཀྱི་འགྲོ་གྲོན་བོད་མིའི་སྒྲིག་འཛུགས་ཀྱི་དངུལ་རྩིས་ནས་ཞུ་མི་དགོས་པར་སྨན་རྩིས་ཁང་རང་ཁོངས་ནས་འགྲོ་གྲོན་ཡོངས་རྫོགས་བཏང་བ་མ་ཟད་སྨན་རྩིས་རིག་པའི་འགྲེམ་སྟོན་དང་། སྨན་པ་བསྟེན་གཏུགས་དང་ངག་ཐོག་རྩིས་འབྲས་གཉིས་རིན་མེད་བཏང་གནང་ཡོད། གཞན་ཡང་སྨན་རྩིས་ཁང་འཛིན་སྐྱོང་ནས་ཡན་ལག་ཁག་ལ་ཐུགས་རྗེ་ཆེ་ཞུའི་ལོ་སྲུང་བརྩི་ཞུ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་བཏང་བའི་ནང་དུ། ས་གནས་འགོ་འཛིན་ནམ། བོད་ཀྱི་གཞོན་ནུ་ཚོགས་པ་དང་།  བོད་ཀྱི་བུད་མེད་ཚོགས་པ་སོགས་ཚོགས་སྡེ་ཁག་གིས་ཐུགས་རྗེ་ཆེ་ཞུའི་ལས་རིམ་དང་སྦྲགས་ས་གནས་མང་ཚོགས་ལ་བོད་སྨན་སྒོ་ནས་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་སྒྲུབ་པར་ཡན་ལག་སྨན་ཁང་ལ་རེ་འདུན་བྱེད་པ་ཡིན་ན། ཡན་ལག་སྨན་ཁང་རང་ཉིད་ནས་ལྕོགས་ན་དབུས་འཛིན་སྐྱོང་ལ་དམིགས་བསལ་བཀའ་ཁྲོལ་ཞུ་སྒུག་མི་དགོས་པར་ཐད་ཀར་ཚོགས་སྡེ་གང་དང་མཉམ་རུབ་གནང་དགོས་པའི་ལམ་སྟོན་བྱས་པ་ཡིན།   དེ་ནས་སྨན་རྩིས་ཁང་རང་ཉིད་ནས་ཀྱང་རྒྱལ་ས་ Delhi གཙོས་པའི་ Ladakh, Chennai, Pondicherry,  Bengaluru, Kalaburagi, Mumbai, Jaipur, Bhubaneswar, Shimla བཅས་ཀྱི་ཡན་ལག་སྨན་ཁང་ཁག་ཏུ་ལུས་སེམས་བདེ་སྐྱིད་ཞེས་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ངོ་ ༡༠༢ འཁོར་བའི་དུས་དྲན་དང་ལྷན་ཅིག་ཏུ་རྒྱ་གར་དབུས་དང་ས་གནས་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་དུས་སྟོན་གཉིས་ཐུན་མོང་སྲུང་བརྩི་ཞུས་ཡོད། དེ་ཡང་མཛད་སྒོ་དེ་ཉིན་ ༣ ནས་ ༥ བར་བསྐྱངས་པའི་སྐབས་སྨན་རྩིས་རིག་པའི་སྐོར་གཏམ་བཤད་དང་། འགྲེམ་སྟོན། ནད་པར་བརྟག་དཔྱད་སྨན་བཅོས་དང་། ངག་ཐོག་རྩིས་འབྲས་འདོན་པ། སྨན་རྩིས་ཐོན་དངོས་དང་དེབ་རིགས་ཚོང་སྒྱུར་ཞུས་ཡོད། ཐུགས་རྗེ་ཆེ་ཞུའི་ལས་རིམ་མཐའ་མ་དེ་འདི་ལོའི་སྤྱི་ཟླ་ ༣ ཚེས་ ༢༢ ནས་ ༢༤ བར་ Kolkata ཡན་ལག་སྨན་ཁང་དུ་གོ་སྒྲིག་ཞུས་པ་རེད། སྨན་རྩིས་སྐོར་བསྐྱོད་འདིའི་རིགས་ཀྱིས་རྒྱ་གར་ས་གནས་མང་ཚོགས་ལ་བོད་ཀྱི་སྨན་རྩིས་རིག་པའི་སྐོར་གོ་རྟོགས་ཁྱབ་འཕེལ་ཐུབ་པ་དང་། ནད་པ་དེ་ཉིད་ལའང་དངོས་སུ་ཕན་ཐོགས་ཡོད་པ། སྨན་རྩིས་ཁང་ནས་ཡོང་འབབ་ཀྱང་བཟོ་ཐུབ་པའི་དགེ་མཚན་ཆེན་པོ་འདུག  དེར་བརྟེན་ཕྱི་ལོ་ ༢༠༡༩ ནང་དུའང་སྔ་ལོ་ལས་མང་བ་སྨན་རྩིས་སྐོར་སྐྱོད་ཀྱི་ལས་གཞི་སྤེལ་རྒྱུ་ཡིན།

ཚོང་ཁྲལ་ GST མཐོ་ཤོས་འབུལ་མཁན་གྲས་སུ་ཡིན།

རྒྱ་གར་གཞུང་ཧི་མྰ་ཅལ་མངའ་སྡེའི་ Kangra རྫོང་ཁོངས་སུ་སྨན་རྩིས་ཁང་དེ་བཞིན་རྒྱ་གར་དབུས་དང་ས་གནས་གཞུང་ལ་ཚོང་ཁྲལ་ GST འབུལ་མཁན་མཐོ་ཤོས་ཨང་རིམ་གསུམ་པ་དེ་ཡིན།  ཁྲལ་འབབ་ཀྱི་སྒོ་ནས་ཀྱང་རྒྱ་གར་གཞུང་མང་ལ་ཞབས་འདེགས་ཞུ་བཞིན་པ་དེ་ང་ཚོས་དགའ་སྦོབས་བྱེད་འོས་པ་ཞིག་ཡིན། 

མཉམ་རུབ་ཀྱིས་ལས་དོན་སྒྲུབ་པར་བསྐུལ་བ།

སྨན་རྩིས་ཁང་གི་སྒྲིག་འཛུགས་འདི་ནི་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཐུགས་རྗེའི་གྲིབ་བསིལ་འོག་ཏུ་འཚར་ལོངས་བྱུང་བ་དང་། ད་ལྟའི་ཆར་སྨན་རྩིས་ཁང་གི་ཕྱིའི་སྣོད་ཀྱི་བཀོད་པའང་རྒྱ་སྐྱེད་འགྲོ་བཞིན་ཡོད། དེ་ཡང་ལོ་རེ་སྨན་རྩིས་གཉིས་ཀྱི་སློབ་མ་གསར་བསྡུ་ཐུབ་པའི་གནས་སྟངས་དང་། ལོ་ལྟར་སྨན་རྩིས་སློབ་མ་སློབ་ཐོན་བྱེད་བཞིན་པ། ལས་བྱེད་དང་ལས་མིའི་གྲངས་འབོར་སོགས་གནས་སྟངས་གང་ཅིར་བཟང་ཕྱོགས་ཀྱི་རྣམ་པ་མངོན་ཐུབ། ལྷག་པར་སྨན་རྩིས་ཁང་འཛིན་སྐྱོང་དང་ཆེད་ལས་པ་གཉིས་ཀར་འོས་འགན་དམིགས་བསལ་བ་རེ་ཡོད་གཤིས། འཛིན་སྐྱོང་ནི་མིག་ལྟ་བུ་ཡིན་ལ། སྨན་རྩིས་ཆེད་ལས་པ་ནི་ཡུལ་གྱི་ཕྱོགས་སུ་སོང་སྟེ་དངོས་སུ་བྱ་བ་བྱེད་མཁན་རྐང་པ་ལྟ་བུ་དེ་ཡིན། སྒྲིག་འཛུགས་ཤིག་གི་ནང་དུ་དེ་གཉིས་ནི་གཅིག་ལ་གཅིག་རྟེན་ཚུལ་དུ་གནས་ཡོད་པ་དང་། ལས་དོན་གང་ཞིག་གྲུབ་པའམ། ཡར་རྒྱས་གོང་འཕེལ་འགྲོ་བར་ནུས་པ་མཉམ་སྤུངས་དགོས་པ་ཚང་མས་དགོངས་པར་འཇགས་དགོས་པ་གལ་ཆེ། ད་ལྟའི་བར་དུ་སྨན་རྩིས་ཁང་གི་ལས་བྱེད་ལས་མི་ཡོངས་ཀྱིས་རང་འགན་ངོས་ཟིན་པའི་སྒོ་ནས་བྱེད་སྒོ་སྒྲུབ་པ་བཞིན་འབྱུང་འགྱུར་ཡང་བག་མེད་ཀྱི་གནས་སུ་མ་སོང་བར་སྔར་ལྷག་ནུས་པ་མཉམ་རུབ་ཡོང་བའི་སྐུལ་འདེབས་ཞུ་རྒྱུ་ཡིན།

བཀའ་དྲིན་རྗེས་དྲན།

སྨན་རྩིས་ཁང་ནི་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ཕྱག་བཏབ་ཅིང་། དུས་ནས་དུས་སུ་བཀའ་སློབ་ལམ་སྟོན་ཕེབས་པར་བརྟེན། ད་ལྟའི་ཆར་སྨན་རྩིས་ཁང་སྤྱིའི་གནས་སྟངས་ཡར་རྒྱས་གོང་འཕེལ་གྱི་རྣམ་པ་གསལ་པོ་ཡོད་ཀྱང་། བོད་ཀྱི་སྲོལ་རྒྱུན་གྱི་སྨན་རྩིས་རིག་པའི་ཤེས་བྱ་ཁོ་ནར་ཡིད་ཚིམ་ནས་མ་བསྡད་པར་ལུགས་གཞན་དང་འབྲེལ་འདྲིས་སྒོ་ནས་གསར་གཏོད་དགོས་པ་དང་། སྒྲིག་འཛུགས་འདི་ཉིད་གཞན་ལ་དངོས་སུ་ཞབས་འདེགས་ཞུ་མཁན་ཞིག་ཡིན་པའི་ཆ་ནས་སྨན་རྩིས་ཁང་རྒྱ་སྐྱེད་དགོས་པ་སོགས་༸རྒྱལ་བའི་དགོངས་པ་སྒྲུབ་པར་ཕྱོགས་ཡོངས་ནས་འབད་བརྩོན་གནང་དགོས། སྨན་རྩིས་ཁང་ལ་༸མགོན་པོ་གང་ཉིད་ཀྱི་བཀའ་དྲིན་ཤིན་ཏུ་ཆེ་ཞིང་།  ཐོག་མར་ཕྱག་བཏབ་པ་ནས་བཟུང་། བོད་ཀྱི་སྨན་རྩིས་རིག་པའི་སྐོར་རྒྱལ་སྤྱིའི་ནང་དུ་དྲིལ་བསྒྲགས་མཛད་པ་དང་། ཡར་རྒྱས་ཀྱི་རྣམ་པ་མངོན་གྱུར་བྱུང་སྐབས་བསྔགས་བརྗོད་དང་། འཐུས་ཤོར་འགྲོ་སྐབས་བཀའ་སློབ་ལྗིད་མོ་ཕེབས་སྟེ་མཛུབ་སྟོན་མཛད་པ་དང་། དགོས་མཁོ་ནམ་བྱུང་ལ་དཔལ་འབྱོར་མཐུན་འགྱུར་ཟམ་མ་ཆད་པ་བསྩལ་བ་སོགས་བཀའ་དྲིན་དཔག་མེད་བསྐྱངས་དང་སྐྱོང་བཞིན་པ་ལ་ང་ཚོ་སྨན་རྩིས་ཁང་གི་འགོ་ལས་ཡོངས་ནས་དུས་རྟག་ཏུ་ཐུགས་རྗེ་ཆེ་ཞུ་བ་དང་།  ངེས་ཅག་འགོ་མང་ཡོངས་ཀྱིས་བཀའ་དགོངས་ལམ་སྟོན་འགལ་མེད་སྙིང་བཅངས་རང་ནུས་ཅི་ཐུབ་ལྷག་བསམ་རྣམ་དག་ཧུར་བསྐྱེད་ཞུ་རྒྱུའི་དམ་བཅའ་འབུལ་རྒྱུ་ཡིན། 

སྨན་རྩིས་ཁང་གི་འགན་འཛིན་ནས་སྤྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༢༩ ལ།།

མཐའ་མའི་འདོན་ཐེངས་།: 03.04.2019 ཉིན། 3:49 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།