སྨན་རྩིས་དྲ་བ། - སྡེ་སྲིད་ཁོག་འབུགས།

ཟུར་མཁར་བ་མཉམ་ཉིད་རྡོ་རྗེ་ཡབ་སྲས་ཀྱིས་སྨན་སྤེལ་ཚུལ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.01.2022
སྡེ་སྲིད་ཁོག་འབུགས། >>

ཟུར་མཁར་བ་མཉམ་ཉིད་རྡོ་རྗེ་ཡབ་སྲས་ཀྱིས་སྨན་སྤེལ་ཚུལ།

ཟུར་ལུགས་ནི། རྗེ་བླ་མ་ལྔ་བ་ཆེན་པོའི་བཀའ་ལས། དེ་ཚེ་བཻ་ཌཱུརྱ་འོད་སྒྱུ་དྲའི་གར། །ཟུར་མཁར་མཉམ་ཉིད་རྡོ་རྗེ་ཁུ་དབོན་སོགས། །གསོ་རིག་བྱེད་པོའི་དཔྱོད་ལྡན་མང་པོ་ཡིས། །འགྲོ་རྣམས་ཕན་བདེའི་ཀུན་དགའ་ཁོང་ནས་འཛུམ། །ཞེས་བཀའ་བསྩལ་པ་ལྟར་དཔལ་ལྡན་ཟུར་མཁར་བ་མཉམ་ཉིད་རྡོ་རྗེའམ་འཚོ་བྱེད་གྲུབ་པ། དཀོན་ཅོག་རིན་ཆེན། གཡུ་ཐོག་འབངས། དཔའ་བོས་བསྐྱངས། ཀུན་ལ་བྱམས་པའི་བློ་གྲོས། ལྷུན་གྲུབ་རྒྱལ་མཚན། དྷརྨ་ཆོས་དང་སྭ་མི་རྗེ་སྟེ་ཨའི་ཆོས་རྗེ་ཞེས་སྙན་གྲགས་དང་ལྡན་པ་དེ་ཉིད་ནི། ཤར་དྭགས་པོའི་སའི་ཆ་ལ་ཐོག་ཟུར་མཁར་དུ་ལྷ་ལས་འཕོས་པར་གྲགས་པ་རྒྱ་མ་རིན་ཆེན་སྒང་བ་དང་བང་རིམ་པ་སོགས་བརྒྱུད་པ་གྱེར་དཀར་གྱི་སྨན་པའི་རིགས་ཡབ་རིགས་འཛིན་ཕུན་ཚོགས་དང་ཡུམ་ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་བའི་ལྕམ་གཉིས་ཀྱི་སྲས་སུ་རབ་བྱུང་བདུན་པའི་དོན་གྲུབ་ཅེས་པ་ས་ལུག་ལ་བལྟམས། དགུང་ལོ་བཅུ་བཞེས་དུས་ཆོས་དབྱིངས་རྩེར་བཞུགས། ཞག་གསུམ་གྱི་རིང་རྗེ་གཡུ་ཐོག་ཡོན་ཏན་མགོན་པོར་གསོལ་བ་རྩེ་གཅིག་ཏུ་བཏབ་པས། ཞལ་དངོས་སུ་བསྟན་ཏེ་གསོ་རིག་རྒྱུད་བཞིའི་སྙིང་ཏིག་ཤོག་དྲིལ་དང་བཅས་པའི་ཚིག་དོན་དགོངས་གཞི་ཞལ་ཤེས་ཐམས་ཅད་ཀྱི་ལུང་བསྩལ་ཅིང་། སྙིང་ཏིག་གི་ཆ་ལག་འགའ་ཞིག་དང་། དཔལ་ལྡན་རྒྱུད་བཞི་འདིར་རྒན་རབས་རྨོངས་པས་རྣམ་པར་བསླད་དེ་མ་དག་པའི་ཆ་ཇི་སྙེད་ཅིག་ཞུགས་འདུག་པར་བྱི་དོར་གྱིས་ཤིག་པའི་གསུང་གི་གནང་བ་ཐོབ། གསོལ་འདེབས་དད་པའི་རྦ་རླབས་སུ། །འཇམ་མགོན་གུ་ཎས་དངོས་སམ་རྨི་ལམ་དུ། །དགྱེས་ཤིང་ལེགས་བཤད་རྒྱུན་མི་འཆད་སྩོལ་པའི། །འཁྲུལ་ཞིག་སྨན་པ་ཀུན་གྱི་གཙུག་རྒྱན་ལ། །ཞེས་པ་ལྟར་རྗེ་བཙུན་གཡུ་ཐོག་པས་དངོས་ཉམས་རྨི་ལམ་ཅི་རིགས་པར་ལེགས་བཤད་འདོམས་ཏེ་ཟབ་མོ་སྟོང་པ་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པ་ཐུགས་ལ་འཁྲུངས་པས་འཁྲུལ་བ་ཐམས་ཅད་ཞིགརང་གི་ཡབ་ཕུན་ཚོགས་བཟང་པོ་དང་། ཁྲུས་ཁང་ལོ་ཙཱ་བ་ཐོག་མ་སེ་རར་ཞུགས་རྗེས་སུ་སྟག་ལུང་ངག་དབང་གྲགས་པའི་སློབ་མར་གྱུར་པ་ཧེ་རུ་ཀའི་ཆ་བྱད་ཅན་ཤ་ར་རབ་འབྱམས་པ། སྨན་སྟོན་དབང་ཕྱུག་བཟང་པོ་སོགས་དམ་པ་དུ་མ་བསྟེན་ནས་རིག་གནས་སྤྱི་དང་གསོ་བ་རིག་པ་ལ་རྩལ་དུ་ཐོན། དགུང་ལོ་བཅུ་བཞི་པའི་སྐབས་བྱང་པ་འཚོ་བྱེད་མིིའི་ཉི་མ་ལ་དྲི་རྨེད་མཛད་པ་ནི། ཤྲཱི་བཛྲ་སཏྭ་ན་མ་མཱི། ཨེ་རོང་ནས་འཚོ་བྱེད་དགེ་བཤེས་མཁས་པ་ཞིག་གིས་ཆེད་དུ་རྩད་གཅོད་དུ་བཏང་བྱུང་བ་ལ། ལོ་རྒྱུས་ཐོས་པས་དེར་སེམས་སྤྲོ་བ་བྱུང་ནའང་། གནས་ཀྱིས་བསྐལ་ནས་མཇལ་བ་དཀའ་བ་འདྲ། ཁྱེད་སྐྱེས་བུ་སུ་ཞིག་གི་དྲིན་ལས་རིག་བྱེད་གང་ལ་མཁས། རིགས་རུས་ཆོ་འབྲང་གང་ཡིན། གཞུང་ལུགས་ཆེ་བ་གང་ལ་རྒྱབ་རྟེན། མཁས་པ་མི་དགུའམ་དེ་ལས་གཞན་པའི་མན་ངག་གང་ལ་འདྲིས། སྨན་དཔྱད་ལག་ལེན་ཁྱད་པར་ཅན་གང་གང་མཛད། མྱོང་བ་གང་སྐོར་ལ་གདེངས་དང་ལྡན། ནང་རིག་ལས་ལྷར་བཀའ་མ་དང་གཏེར་མ་གང་ལ་ཐུགས་དམ་གྱི་སྙིང་པོར་བཞེད། གནས་ངེས་པ་ཅན་ནམ་ངེས་པ་མེད། ངེད་ལ་བརྟེན་པ་འགའ་ཞིག་ཕོ་ཉ་དང་འཕྲིན་གྱིས་མཚམས་སྦྱར་ན་དྲུང་དུ་བསྙེན་དུ་ཨེ་རུང་། གཞན་དོན་དུ་འདི་ངོས་ལ་ཕེབས་པ་ཙམ་བསྐུལ་ན་དོན་ལ་ཕེབས་པ་ཨེ་འཆར། ཁྱོད་ཉིད་ཀྱིས་མཛད་པའི་བསྟན་བཅོས་ཇི་ཙམ། ངེད་ཀྱང་མཚན་ཇི་སྐད་འབོད། ཁོ་བོ་སྔོན་ཁྱེད་དང་ལས་དཀར་པོས་འབྲེལ་བ་ཞིག་ཡིན་པར་གདོན་མི་ཟ་བའི་ངེས་ཤེས་མང་བོ་ཡོད་པས། ཐུགས་རིངས་དང་བརྙས་ཐབས་མ་ཡིན་པའི་ལན་རྣལ་མ་གཅིག་བསྲིངས་ནས་ངེད་ཀྱི་རེ་བ་དོན་ལྡན་དུ་མཛད་འཚལ། ཞེས་དྲི་བ་གནང་བའི་ལན་ཇི་བཞིན་མ་ཕུལ་ཀྱང་། མིང་དོན་དང་རིགས་རུས་སོགས་ཚིགས་སུ་བཅད་ནས་ཕུལ་བ་བྱང་པ་རང་གི་རྣམ་ཐར་ན་གསལ་བ་དང་། དགུང་ལོ་བཅུ་དྲུག་སྐོར་ནས་བླ་སྒྲུབ་སྡུག་བསྔལ་མུན་སེལ་ཐུགས་རྗེའི་ཉི་འོད་ལ་ཁ་སྐོང་ཞལ་ཤེས་ལྷན་ཐབས། དེའི་གེགས་སེལ་དུ་ཕྱི་འབྱུང་བ་ལུས་འཁྲུགས་དང་། ནང་ཏིང་འཛིན་སེམས་འཁྲུགས། །གསང་བ་བར་ཆད་གདོན་གྱི་རིགས། དེ་རྣམས་ཐུན་མོང་སྟེ་གེགས་སེལ་བཞི་མཛད་པར་དགོངས་ནས། ཐོག་མར་འབྱུང་བ་ལུས་འཁྲུགས་ཀྱི་གེགས་སེལ་ལ་ཚིག་བཅད་ལྷུག་ཅི་རིགས་པའི་དཔེ་མཚན་དུ་བྱས་པ་པོ་ཏི་རིང་བསྲེལ་ཙམ་གྱི་ནང་ནས་མན་ངག་བྱེ་བ་འབྱུང་བས་བྱེ་བ་རིང་བསྲེལ་དུ་གྲགས་པ་རྩ་དཔྱད་ཉི་འོད་རབ་གསལ། ཆུ་དཔྱད་ཟླ་བའི་མེ་ལོང་། མ་ནུའི་འཕྲུལ་འཁོར་བདུད་རྩི་ཆར་ཟིལ། རླུང་ནད་སྤྱིར་གསོ་བ་བཅུད་འདུས་རྒྱ་མཚོ། སྲོག་རླུང་གི་བཅོས་སེམས་ཀྱི་བདེ་བསྐྱིད། བྱེ་བྲག་སྟོད་འཚངས་གསོ་བ་བདུད་རྩི་འདོད་འཇོ། སྟོད་འཚངས་སྒོས་བཅོས་བདུད་རྩིའི་རྦ་རླབས། ཁམས་འདུས་སྲོག་རླུང་འཇོམས་པའི་རྡོ་རྗེ། གོ་བྱི་ལ་དཔའ་བོའི་གདམས་པ། སྔོའི་བུ་མོ་བདུན་གྱི་རྟོགས་བརྗོད་དྲི་མེད་ཟླ་ཟེར། སྔོ་སྦྱོར་བདུད་རྩི་ཟེགས་མ། ཚ་བ་སྤྱི་འཇོམས་སྦྱོར་བའི་ག་པུར་ཁཎྜའི་ཕྱག་ལེན། ཚ་བ་སྤྱི་འཇོམས་སྦྱོར་བའི་ག་པུར། མཁྲིས་པ་ཀྵ་ཡ་ནག་པོའི་བཅོས་བདུད་རྩི་མེ་ལོང་། སྙིང་ཚད་གསོ་བ་བདུད་རྩི་རོ་ལྡན་ཟས་བཅུད། ཚད་གསར་གྱི་བཅོས་ཐེད་གསོས་ཟླ་ཐིགས། བདུད་རྩི་ལོ་མའི་སྤྱི་འཇོམས། གཟེར་གྱི་བཅོས་འཆི་བ་གཤོལ་འདེབས། གཟེར་བཅོས་འཆི་བ་གཤོལ་འདེབས་ཀྱི་ཞལ་གདམས་པྲ་འཁྲིད་ཡིག་ཆུང་། གཉན་གཟེར་སྒོས་བཅོས་བྱམས་པའི་གོ་ཆ། གག་པའི་བཅོས་བསྡུས་པ་སྲོག་གི་ཆད་འཐུད། འདུས་རིམས་གསོ་བ་ཉམས་ཀྱི་ཡིག་ཆུང་། གྲང་བ་སྤྱི་འཇོམས་བདུད་རྩི་བུམ་བཅུད། རྡོ་ཞུན་རྒྱལ་པོའི་སྦྱོར་བ་བདུད་རྩི་གཏེར་མཛོད། རྡོ་ཞུན་ཞལ་གདམས་ཉེར་མཁོ་བསྡུས་པ། ཅོང་ཞི་འཕྲུལ་ཐལ་ལག་ལེན་ཟབ་གནད། ཚ་བཟོ་བདུད་རྩིའི་མེ་ལོང་། སྨིན་སྦྱོར་ལྦ་བ་རྒྱུན་གཅོད། ལྡན་པའི་ནད་གསུམ་སེལ་བའི་མན་ངག་བདུད་རྩི་དབྱིག་ཤེལ། སྨན་མར་སྦྱར་ཐབས་ལག་ལེན། སྨན་ཡིོག་སྦྱོར་སྡེ་བཅུ་གཉིས་པ། ཁྱུང་ལྔ་མདོག་བཞིའི་ཞལ་གདམས་ལག་ལེན་མཐར་ཐུགཁྱུང་ལྔ་མདོག་བཞིའི་ཞལ་གདམས་ཚིགས་བཅད་མ། བྱ་ཁྱུང་རྣམ་པ་ལྔའི་ཞལ་གདམས་མཆུ་སྡེར་གཤོག་པ་ཅན་གྱི་ཡིག་ཆུང་། ཁྱུང་གཤོག་ཅན་གྱི་བརྗེད་བྱང་། རིགས་གསུམ་སྤྱི་འཇོམས་བདུད་རྩི་ཟིལ་བའི་ཆུ་རྒྱུན། ནཱ་རོ་གསུམ་སྦྱོར་གྱི་ཞལ་གདམས། གཉན་ཚད་རླུང་ལྡན་གག་ལྷོག་གཟེར་གསུམ་བཅོས་ཐབས་བདུད་རྩི་བུམ་པའི་ཡང་སྙིང་། གཉན་ཁ་མེད་ཀྱི་བཅོས་ཐབས། རིན་ཆེན་ཚ་སྦྱོར་ལག་ལེན་ཟིན་བྲིས། རིལ་ནག་ཆེ་འབྲིང་ཆུང་གསུམ་གྱི་གསང་དོན་གསལ་བྱེད་འཆི་མེད་ནོར་བུ། དངུལ་ཆུ་བཙོ་བཀྲུའི་ལག་ལེན། ཉེར་མཁོའི་སྐད་དོད་ཆུང་ངུ། དངུལ་ཆིངས་ཟབ་མོ། ཟངས་ཐལ་སྦྱོར་བ། མུ་ཟི་འདུལ་ཐབས་དང་དུག་དབྱུང་སྙིང་ལྟ་བུ། རིན་ཆེན་དངུལ་སྦྱོར་གསང་བའི་མྱུར་ལམ། དངུལ་ཆུ་བཞི་སྦྱོར། དངུལ་སྐམ་ལག་ལེན། རིན་ཆེན་བདུན་པའི་ཁྱད་བཅོས། རྐང་འབམ་གསོ་ཐབས་ངོ་མཚར་གསང་མཐོ། དྲེག་གྲུམ་གསོ་བ་སྙན་བརྒྱུད་གདམས་པ། མ་ཞུ་སྲིན་གླང་འཇོམས་པ་ཚ་སྡེའི་སྦྱོར་བ། སྲིན་བཅོས་བསྡུས་པ་སྲོག་སྟེར། སྲིན་སྨན་ལྷ་མོ་བདུན་སྦྱོར། དཀར་པོ་ཆིག་ཐུབ་ཀྱི་སྦྱོར་སྡེ་བསྡུས་པ་ངོ་མཚར་སྲོག་སྐྱབས། གཞང་སྲིན་བཅོས་ཐབས། དབང་ལྔ་བདེ་ལྡན་ཞལ་གདམས། མིག་རིགས་ལྔའི་གསང་གི་ཤོག་ཁྲ་མི་ཏྲ་ཛོ་ཀའི་ལུགས། རྒྱའི་ཆུ་འབྱེད་མིག་འགྲིབ་སེལ་བྱེད། མིག་སྨན་ལོང་བ་རྒྱུན་གཅོད། མིག་བཤལ་མཐོང་བྱེད་གསལ་བཀྲ། དབང་པོའི་དྭངས་མ་མིག་གི་སྒོས་བཤལ་ཟབ་མོ། མིག་གི་ཁོང་སྨན་འབིགས་བྱེད་དྲུག་པ། ལིང་རྟོག་མཐའ་དག་སེལ་བྱེད་མིག་གི་ཨུ་པ་དེ་ཤ། མིག་སྨན་རིན་ཆེན་བདུན་སྦྱོར། མིག་སྨན་མཁྲིས་པ་དགུ་སྦྱོར། མིག་སྨན་སྐྱེར་ཁཎྜའི་ལག་ལེན། མིག་ནད་གསལ་བྱེད་མཐར་ཐུག་འདམ་རུའི་གདམས་པ། མིག་སྨན་ལིང་ཏོག་སེལ་བྱེད། མི་ཏྲ་ཛོ་ཀིའི་མིག་སྨན་ལིང་རོ་རྭ་ལིང་འདམ་རུ་ལག་ལེན་དང་བཅས་པ། གཉའ་ཡི་མགོ་རོ་ཁྲག་གཅོད་བསླུ་མེད་ངེས་སྟེར། ཨུཏྟ་སྒྲ་སྒྲོགས་བཤལ་གྱི་གདམས་པ་། སྐད་བཅོས་ཚངས་པ་ལྷའི་གཎྜི། སྐད་བཅོས་ཚངས་དབྱངས་ཀུན་འདུས། སྐད་བཅོས་སེང་གེའི་ང་རོ། སྐད་བཅོས་གཞུང་གདམས་དུ་མའི་བཅུད་བསྡུས། གློ་སྨན་ཟིལ་གནོན་གྱི་སྦྱོར་བ། བྱང་ཁོག་ཐིག་འགྲེམ་གསལ་བའི་སྒྲོན་མེ། སྦང་མའི་སྐྱུར་བཅོས་འཕྲུལ་གྱི་ཊཱི་ཀཱ། མགོ་སྨན་གསང་བ་ལྔ་སྦྱོར། མགོ་སྨན་སྦལ་མདུང་མ། རྨ་བཅོས་བདུད་རྩིའི་ཐིགས་འཕྲེང་། རྨ་བཅོས་བདུད་རྩི་ཐིགས་འཕྲེང་གི་གབ་པ་གསལ་བྱེད། རྨ་སྨན་བདུད་རྩི་ཀུན་འདུས། སྐྱེས་བུ་མིང་ཅན་ནག་པོའི་སྦྱོར་བའི་གཞུང་། འུག་པ་ལག་པའི་སྦྱོར་སྡེའི་མན་ངགདུམ་མ་བུའི་ཞལ་གདམས་རིན་ཆེན་དཔུང་རྒྱན་གྱི་རྨ་བཅོས། གཅེས་བསྡུས་བདུད་རྩིའི་ཡང་ཞུན། རྨ་སྨན་ཆིག་ཆོག་རྒྱལ་པོ། །རྨའི་ཁོང་སྨན་ཉམས་ཀྱི་ཡིག་ཆུང་། འབྲས་བཅོས་ཤ་རུས་རྩའི་གདུང་སེལ། འབྲས་བཅོས་གསང་བ་ཕུགས་འཚོལ། འབྲས་བཅོས་དུང་ཐལ་མ། མཁས་པ་མཐའ་བཞིའི་ཟུར་རུས་འདུལ། ཚེར་ཟུག་དཔྱད་ཀྱི་གདམས་པ། ཚེར་ཟུག་དཔྱད་ཀྱི་དཔེ་རིས་མི་ལུས་རྐང་མཐིལ་གཉིས། གློ་རྣག་འདྲེན་སྐེམ་དྲང་སྲོང་མྱུར་ལམ་གློ་རྡོལ་སུརྱ་བཅོས་ཐབས་ཟུག་རྔུ་སེལ་བྱེད། རྣག་ཆུའི་བསིལ་སྐེམ་བདུད་རྩི་གསང་སྦྱོར། གསེར་གཟུངས་བཀའ་རྒྱ་མའི་ལོ་རྒྱུས། གསེར་གཟུངས་བཀའ་རྒྱ་མའི་བརྗེད་བྱང་། སྨན་དཀར་ལོ་རྒྱུས་ངེས་པ་རྣམ་རོལ་སྙན་གྲགས་ལྷའི་རྔ་སྒྲ། དུག་བཅོས་བདུད་རྩི་དགའ་སྟོན། དུག་བཅོས་བདུད་རྩི་དགའ་སྟོན་གྱི་ཞལ་གདམས་པྲ་འཁྲིད་གནད་འགྲོལ་ལྡེ་མིག་དོན་གསལ། དུག་གི་གསོ་བསྲུང་བདུད་རྩི་བུམ་བཟང་། དྲག་བསྲུང་བདུད་རྩི་སྙིང་ཐིགརྗེ་རང་བྱུང་རྡོ་རྗེས་མཛད་པའི་དུག་འདྲེད་བསྲུང་བ་རྡོ་རྗེ་ཕ་ལམ། དུག་འདྲེད་ཟབ་མོའི་སྒོ་ལྕགས་འབྱེད་པའི་ལྡེ་མིག་གི་འགྲེལ་བ་གབ་པ་མངོན་བྱུང་། ཤ་དུག་སྒོས་བཅོས། གསོ་བ་དཀར་པོ་ལམ་གྱི་སྒྲོན་མེ། བསེ་རུ་བཞི་པའི་ཞལ་གདམས། ཁྱི་དུག་ཞལ་གདམས་གསང་འཁྲིད། ཁྱི་སྨྱོན་གྱིས་བཟུང་བའི་བཅོས་ཤིན་ཏུ་ཟབ་པ། མགོ་བཤལ་སྙན་བརྒྱུད་མ། མགོ་བཤལ་དང་ཆུ་སེར་སྒོས་བཤལ། མགོ་སྐྱོན་ཀུན་སེལ་མན་ངག་འཕྲུལ་བཤལ། ལྟོ་བཤལ་ཉེས་པ་ཀུན་སྦྱོང་། བདུད་རྩི་འོ་མ་འཛིན་གྱི་སྦྱོར་བ་འདུ་བ་སྤྱི་སྙོམས། བྱང་ཁོག་ཁྲག་བཤལ་གསང་བའི་ཟབ་ཁྱད། དན་རོག་འཕྲུལ་བཤལ། དམུ་ཆུ་འཕྲུལ་འདྲེན་རིག་པའི་ལྕགས་ཀྱུ། སྒ་ཏིག་འཕྲུལ་བཤལ་བདུད་རྩིའི་ཆུ་རྒྱུན། འཕྲུལ་བཤལ་རྒད་མོ་འཁར་ཐོགས། རྩ་ལྟོ་སྦྱོང་གི་མན་ངག་རྣ་འབྲུམ་དང་བཤལ་གྱི་མན་ངག་གཉིས་པ་རྣམས་སྦྱོར། རིན་ཆེན་རྩ་སྦུགས་དྲི་སེལ། གདོན་བཤལ་གནམ་ལྕགས་ཐོག་མདེ། ཕྱག་རྡོར་གཏུམ་པོའི་ལས་མཐའ་མར་མེ་བཤལ་གྱི་གདམས་པ། འཁྲུ་གཅོད་མན་ངག་བདུད་རྩི་འཕྲུལ་གྱི་ཐེམ་གཟེར། རྒྱུ་རྒན་གྱི་བཅོས་བདེ་བ་མྱུར་བསྐྱེད། །རྒྱུ་རྒན་གྱི་བཅོས་བསྡུས་པ། རྡེའུ་དམར་འབྱིན་ཞལ་གདམས། རྡེའུ་དམར་འབྱིན་གྱི་དམར་འཁྲིད། མོ་ནད་སྒོས་བཅོས་བདུད་རྩི་པད་འཕྲེང་། མོ་ནད་སྔགས་བཤལ། ཐེམ་དོར་དགའ་རྩི་དམར་འབེབས་དང་། པད་རག་འབེབས་ཐབས། བཅུད་ལེན་བདེ་བའི་དཔག་བསམ། རོ་ཙ་ཡོན་ཏན་རྒྱ་མཚོ། ཁ་འཐོར་རེ་མིག་བདུན་པ། ཐེག་ལེ་བསྲུང་བའི་མན་ངག ད་ལིས་བཅུད་ལེན་བདུད་རྩི་མྱུ་གུ། རྒྱ་མཛེར་བཅོས་ཐབས་ཉམས་ཀྱི་ཡིག་ཆུང་། ཁོང་ལྷོག་ནག་པོ་གཉན་སྲིན་གྱི་སྒོས་བཅོས་འཆི་སླུ་བདུད་རྩི་ཐོགས་འཕྲེང་། ཁོང་ལྷོག་ནག་པོའི་སྲུང་བ་རྟོག་མེད་མཚོན་ཆ་འཁོར་ལོ། རྟོག་མེད་མཚོན་ཆ་འཁོར་ལོའི་དཔེ་རིས་ཕག་ནག་ཁ་སྦྱོར་ཙཀྲ། རིམས་ནད་རྫས་བསྲུང་ཟབ་མོ་སྲོག་སྐྱོབས་མི་འཇིགས་རྡོ་རྗེའི་གོ་ཁྲབ། སྒོ་འབྱེད་བདུད་རྩི་ལྡེ་མིག འདི་ཡན་རྩ་བའི་དཀར་ཆག་གཤམ་དུ་བཞེས་སྒྲ་དང་བཅས་པ་བུ་ཡིག་གམ་མདེ་ཐུང་གི་གྲས། གཙུག་བཤལ་སྦྱོར་བ་བདེ་ལྡན། མགོ་སྲིན་གསོ་བ་ཡ་མ་དྲུངས་འབྱིན། འདམ་རུའི་མན་ངགའདམ་ཆིངས་འཕྲུལ་གྱི་རྒྱ་མདུད། མདེ་ཉལ་བརྟག་པ་ལྕགས་རྔ་དབྱུག་པའི་སྦྱོར་བ། ལྦ་བཅོས་ཤ་ལྷག་མྱུར་འཇོམས། ཡ་མ་དྲུངས་འབྱིན། མགོ་རླུང་གི་མཐའ་གཏད་གུ་གུལ་ནག་པོའི་སྦྱོར་བ། ཆུ་ནང་སྒོས་བཅོས། ཟ་འཕྲུག་གི་ཐོ་ཆུང་། རྟ་བོང་སྲོག་གི་ཆད་འཐུད། གཉན་ནད་སྤྱི་འཇོམས་འབྱར་ཆེན། བསྐྱལ་དར་ཆུ་འཐུང་བཅད་འབྱོར། བདུད་རྩི་ས་ག་བྷེ་ཏའི་སྦྱོར་བ། སྒམ་བསེ་སྦྱོར་བའི་མན་ངག་ཞལ་གདམས། ཟླ་ཤེལ་མྱུག་གུའི་སྦྱོར་བ། མེ་མཉམས་ཆེན་མོའི་ཟིན་བྲིས། བདུད་རྩི་ཟླ་བའི་ཆུ་རྒྱུན། སྐྲངས་འཇོམ་འབྱར་ཆེན། མུ་ཟི་སྨུག་སྦྱོར་གྱི་གདམས་པ། སྲིན་ཁོང་སྙོལ། སྨན་ནག་སྦྱོར་སྡེ་ཆེན་མོ། རྣག་རྟགས་གསལ་བའི་མེ་ལོང། རྟ་བསྲུང་ཡོ་མོ་ཁྱུ་འཚོ། ཚ་ལའི་འཕྲུལ་བཤལ། མཁྲིས་པའི་སེར་བཤལ། དྲག་པོ་བཞི་སྦྱོར། བདུད་རྩི་མིང་ཅན་གྱི་སྦྱོར་བ། མགོ་རླུང་གི་བཅོས་ཐབས། བདུད་རྩི་བུམ་བཅུད། འབྲུམ་པའི་སྨན་སྦྱོར་ཚེ་འཛིན་ལྕགས་ཀྱུ། མཁལ་གྲུམ་སྨན་གྱི་ཞལ་གདམས། བོང་ང་ཆིག་དྲིལ། བདུད་རྩི་ཉི་ཞུན་གྱི་སྦྱོར་བ། རུས་འདུལ་སྦྱོར་བ་མན་ངག་ཚ་ཟེར། རིམས་བསྲུང་རིལ་བུ་སེར་ཆུང་། མན་ངག་ཆུ་སེར་མེ་ལེན། གློ་རྡོལ་བཅོས་ཐབས་ཟུག་རྔུ་སེལ་བྱེད། མིག་གི་འདེབས་སྨན་བདུད་རྩི་ཕ་ལ། གོ་ཡུ་དགུ་སྦྱོར་མན་ངགམཚན་མ་ཤིང་རེངས་ཀྱི་སྦྱོར་བ། སྐད་སྨན་འཛམ་གླིང་འབྲུག་གྲགས། ཐེམ་མེད་དུ་གྲགས་པའི་གྲས། མན་ངག་སྣ་ཚོགས་དབང་པོའི་གཞུ་རིས། སིངྔྷ་མུ་ལེའི་སྦྱོར་བ། འབམ་དཀར་ནག་ཁྲ་གསུམ་གྱི་བཅོས་ཐབས་ཟབ་ཁྱད་ཅན། མཁལ་མ་བཅོས་པའི་ཡིག་ཆུང་། དྭངས་མ་འཕེལ་བའི་ཡིག་ཆུང་། མེས་འཚིག་གསོ་ཐབས། རླུང་ཅེ་སྤྱང་གི་བཅོས་པུས་མོ་བདེ་བསྐྱེད། དངུལ་ཆུ་བཞི་སྦྱོར། རིལ་ནག་བཞིའི་སྦྱོར་བ། རྒྱུ་ནད་ཀྱི་བསྲུང་བ། བླ་མ་བརྒྱུད་པའི་ཉེ་བརྒྱུད། གློ་རྣག་གི་སྒོས་བཅོས་རྒྱས་པ་འགྲོ་ཀུན་ནད་སེལ། རླུང་བཤལ་གྱི་གདམས་པ་བདུད་རྩི་ཟླ་ཟེར། ནུ་མའི་བཅོས་བདེ་བའི་འཁོར་ལོ། ཕན་བྱེད་ཐོར་བུའི་མེ་ལོང་། ནད་གདོན་ཀུན་འཇོམས་མུ་ཟིའི་གདམས་པ། སྣ་ཚོགས་ནོར་བུའི་གདདམས་པ་ངོ་མཚར་བདུད་རྩིའི་རྫིང་བུ། མན་ངག་ཐོར་བུ་སྣ་ཚོགས་དབང་པོའི་གཞུ་རིས། སྨན་ནག་ཐུགས་ཀྱི་ཉིང་ཁུ། སྨན་ནག་དྲག་སྦྱོར་བཅོ་ལྔ་པ། མེ་ཉམས་ཆེན་མོའི་སྦྱོར་བ། ཁྲག་གཅོད་བསླུ་མེད་ངེས་སྟེར། ཁྲག་གཅོད་བསླུ་མེད་ངེས་སྟེར་རམ་སྨུག་པོའི་རྒྱུན་གཅོད། ཁྲག་བཤལ་ཉེས་གསང་འཚོལ། ཡུངས་ཀར་འཕྲུལ་བཤལ་དག་བྱེད་ཉིང་ཁུ། པགས་བཤལ་ཟབ་མོ། ཚེར་ཟུག་གི་གདམས་པ་དཔྱད་ཀྱི་ཡང་ཞུན། སྐྲངས་འཇོམས་རེག་པ་ཟུག་ཞི། སྐྲངས་འཇོམས་ཀྱི་ཨུ་པ་དེ་ཤ ཨ་མའི་བཅོས་འཁོར་ལོས་སྒྱུར་བ། ཉྭ་ལོག་འཁྲུ་སྐྱུགས་ཀྱི་བཅོས་འཆི་བདག་ཞགས་འགྲོལ། གཟེར་ནད་གསོ་བའི་གཉེན་པོ་ལྔ་སྦྱོར། མགོ་སྨན་གསང་བ་སྨན་གཅིག་གི་གདམས་པ་འཆི་མེད་རབ་དགའི་ནོར་བུ། མགོ་སྨན་རེག་པ་བདེ་ལྡན། མགོ་ཆག་རྡོའི་ལ་ཆུ་མགོ་སྨན་ངོ་མཚར་སྣང་བ། གསང་སྨན་ཨུ་དུམྦཱ་ར། མགོ་སྨན་སྦལ་རྒྱབ་ཀྱི་སྦྱོར་བ་གཅིགསྨན་དཀར་ལག་ལེན། རྒྱ་སྲས་བུ་ཎྱལ་གདམས་པའི་ཆབ་ཤོག་ནས་ཕྱུང་བ་དངུལ་ཆུའི་མན་ངགསྤྱི་འཇོམས་བདུད་རྩིའི་ཟིལ་བ། རོང་སྐྱེས་ནག་པོའི་སྤྱི་འཇོམས་བདུད་རྩིའི་ཟེགས་མ། སྤྱི་འཇོམས་གཙུག་རྒྱན་ནོར་བུ། སྤྱི་འཇོམས་འཆི་མེད་རྡོ་རྗེ། རྒྱ་མཛེར་གྱི་བཅོས་ངེས་པ་དྲུངས་འབྱིན། རྒྱ་མཛེར་གྱི་བཅོས་ཤིན་ཏུ་བསྡུས་པ། མིག་ནད་གསོ་བ་ལོང་རྒྱུན་གཅོད། རྣ་བའི་བཅོས་ཨུཏྟ་སྒྲ་སྒྲོགབདུད་རྩི་འོད་ལྡན་གྱི་བཅུད་ལེན་ལུས་སྟོབས་བསྐྱེད་པ་བདུད་རྩིའི་བུམ་པ། ལུག་མུར་གྱི་བཅུད་ལེན་མཁའ་ལྡིང་གྲུབ་པ། གདོན་བཤལ་རྡོ་རྗེ་ཕ་ལམ། དྲག་པོ་མེ་རྫས་ཀྱི་འཕྲུལ་འཁོར་འབུམ་ཕྲག་འབྲུག་གི་ང་རོ། ཁོང་བསྲུང་རྡོ་རྗེ་ཕ་ལམ། ཟས་སྐོམ་གྱི་སྤང་བླང་ཞིབ་མོ་རྣམ་དག་གཅོང་སྡེ་བཞིའི་ངོས་འཛིན་འཁྲུལ་མེད་ལུང་གི་འཁྲི་ཤིང་། ཅོང་ཞི་རིགས་ལྔ་སོགས་ཀྱི་ངོས་འཛིན་འཁྲུལ་མེད་ཀུནྡའི་འཛུམ་འཕྲེང་། བྱང་པ་རིགས་གསུམ་གྱི་ནུས་པ་རྒྱུད་དང་མན་ངག་བཞིན་སྦྱར་བ། དྭངས་མ་ལེན་པའི་རྩ་དགུའི་ངོས་འཛིན། ག་པུར་གྱི་དོགས་གཅོད་ལུང་རིག་འོད་ཀྱི་དྲ་བ། རིན་པོ་ཆེ་ཤེལ་བཟོ་བའི་པ་ཏྲི་ཀ་མཐོང་བ་དོན་ལྡན་འཛུམ་འཕྲེང་པདྨ་རྒོད་བྱེད། འབྲུམ་པའི་བཅོས་ཐབས། སྣ་ཚོགས་ནོར་བུའི་ཕྲེང་བ། ལྷོག་པའི་སྨན་སྦྱོར་ཟབ་མོ་སྙིང་ཐིགལོ་མ་དྲུག་པའི་སྦྱོར་སྡེ། སྐྲངས་འཇོམས་བྱུག་པ་སླེབ་ཆོགའབྲས་འབྱར་སྐྲངས་ནད་ཟུག་ཞི། བསེ་མོག་གི་བཅོས་རེག་པ་བདེ་སྟེར། མ་ཞུ་སེལ་བྱེད་མེ་ཡི་འཁོར་ལོ། རྒྱུ་ཚད་སེལ་བའི་འཁྲུ་གཅོད། འཁྲུ་གཅོད་ལྕགས་ཀྱུ་ཁ་ཆིངས་། སྨུག་པོ་སྙོམ་ལྡན་སྦྱོར་བ། རི་གཟར་ཆུ་འདྲའི་འཁྲུ་གཅོད། འཁྲུ་གཅོད་ཉ་ཕྱིས་ལྔ་བ། འཁྲུ་གཅོད་ཨ་རུ་བཞི་སྦྱོར། འཁྲུ་ནད་ཀུན་གྲོལ་ཆེན་མོ། མཛེས་ལུམས་པ་བཙན་ཐབས་སུ་གསོ་བའི་མན་ངག་དྲག་པོ་བཞི་སྦྱོར། རྩ་སྦྱོང་ལག་ལེན། བཤལ་གྱི་ལག་ལེན་ཆུ་རྒྱུན་དལ་འབབ། ཆུ་སེར་འཕྲུལ་བཤལ། རྩ་སྦྱོང་འཕྲུལ་གྱི་མེ་ལོང་། འབྲས་དང་ཤུ་བ་གསོ་བའི་བྱུག་པ། བསེ་རུ་ཉེར་ལྔའི་སྦྱོར་བ། ཁྱུང་ལྔ་འཛག་སྡོམས། ཁྲག་བཤལ་གནམ་ལྕགས་ཐོག་འབེབས། ཁྲག་བཤལ་སྙན་བརྒྱུད་མ། བདུད་རྩི་ད་བྱིད་ཀྱི་སྦྱོར་བ། སོའི་བཅུད་ལེན། བསེ་མོག་གི་བཅོས་མ་ཧཱ་གུ་ཎའི་ཞལ་གདམས། བསེ་མོག་གི་ཞལ་གདམས། སྟོད་འཚངས་ཀྱི་བཅོས་ཚེར་སྔོན་ཅན་གྱི་སྦྱོར་བ། སྟོད་འཚངས་ཀྱི་བཅོས། རླུང་བཅོས་གསང་བའི་ནོར་བུ། སྟོད་འཚངས་ཀྱི་བཅོས་ཐུར་དུ་སྦྱོར་བ། ཇག་པ་མི་བརྒྱད་ཀྱི་སྦྱོར་བ། གནམ་ལྕགས་ཟིལ་བའི་འཕྲུལ་བཤལ། ཐེལ་ཚེ་དམར་པོའིོ་རྒྱ་གདམས། ཟླ་བཅུད་རྒྱལ་པོའི་སྦྱོར་བ། བསམ་འཕེལ་གྱི་སྦྱོར་བ། བསམ་སྡེ་ནང་སོའི་སྙེལ་པ་གསུམ་(སྡེ་སྲིད་ཁོག་འབུབབས་ཤོག་གྲངས་༢༤༧ནང་བསམ་སྡེ་ནང་སོའི་སྙེལ་ཐོའི་ཡིག་ཆུང་ཞེས་གསལ་)དངུལ་ཆུའི་སྦྱོར་བ་གསུམ། ཚ་བ་གསུམ་པ། དངུལ་ཆུ་གསུམ། (སྡེ་སྲིད་ཁོག་འབུབབས་སུ་བྱ་ཁྱུང་ཟབ་གནད་རྡོ་རྗེའི་གོ་ཆ། ལྕགས་རིལ་ཆེ་འབྲིང་ཆུང་གསུམ།)ཟངས་ཐལ་གྱི་སྦྱོར་བ། ཁྲག་ནད་ཀུན་སེལ། (གྲེ་ནད་ཀུན་སེལ་ཞེས་སྡེ་སྲིད་ཁོག་འབུབབས་སུ་གསལ)ཕོ་ནད་ཚ་གྲང་གི་སྤྱི་འཇོམས་བདེ་བའི་མྱུག་གུ། ཚྭ་ཆང་རྡོ་རྗེ་ཕ་ལམ། རྒྱ་ཚའི་ཆང་སྦྱོར། སྐེམ་སྨན་ངོ་མཚར་རིལ་བུ།མིག་སྨན་ཤིག་རྟ་སྲོ་ལུགས། མིག་གི་གསལ་བྱེད། མིག་གི་མན་ངག་ནད་རིགས་ཀུན་འཇོམས། རྩ་ལྟོའི་མིག་བཤལ། མིག་ནད་ཀུན་ཕན། མིག་གི་ལིང་སྔགས་ཨ་བ་བདུན་སྦྱོར། ཡུ་མོ་མདེའུ་འབྱིན་གྱི་ཞལ་གདམས། གཡུ་ཐོག་པའི་སྨན་སྲུང་ཟབ་མོ། བསེ་དྲི་མནམ་སེལ་དྲི་ཞིམ་ཀུན་ཏུ་ཡིད་འཕྲོགབུ་དང་ཤ་མ་འདོན་པའི་བཅོས་ཐབས། ཆང་རྟ་ཉི་ཤུ་རྩ་གཅིགགཉན་བཤལ་བདུན་པའི་སྦྱོར་བ། གདོན་བཤལ་གནམ་ལྕགས་འཁོར་ལོ། དབང་རིལ་གྱི་ལག་ལེན། གྲུབ་ཐོབ་ཨྱོན་པའི་ཕྱག་ལེན་ཡིག་ཆུང་། རིན་ཆེན་དངུལ་ཆུའི་བསྟན་བཅོས་ལས་དུག་ལས་གཞན་པའི་སྨན་སྐོར། མཆེ་བ་ཧ་ལའི་བཅོས་ལས་དུག་ལས་གཞན་པའི་སྨན་སྐོར་། མཆེ་བ་ཧ་ལའི་བཅོས་འཆི་མེད་བདུད་རྩིའི་བུམ་བཟང་། མཆེ་བ་ཧ་ལའི་སྒོས་བཅོས་བདུད་རྩི་བུམ་པ།མཆེ་བ་ཧ་ལ་བཅོས་པའི་ཞལ་གདམས་གབ་པ་མངོན་བྱུང་། སྔོ་སྦྱོར་འཆི་མེད་སྤུན་གསུམ་བདུད་རྩིའི་མན་ངགགྲུབ་པའི་ངག་གི་རྟགས་པ་འགྲོལ་བ་ཌཱ་ཀིའི་གླུ་དབྱངས། རྡོ་རྗེའི་ཚིག་རྐང་། རྡོ་རྗེའི་ཚིག་རྐང་གསར་དུ་བསྒྲིགས་པ།ཟུར་མཁར་བའི་གསུང་གྲས་ལ། སྤྱི་གི་འགྲེལ་བ་ལག་ལེན་ཁྲིགས་སུ་བསྡེབས་པ། གྲུབ་པ་དངུལ་ཆུའི་བསྟན་བཅོས་མཁས་པ་གཞོན་ནུ་རྒྱ་མཚོས་བསྒྲིགས་པ། འཕྲུག་སྣག་བཟོ་བའི་ལག་ལེན། རྫས་ལ་བརྟེན་པའི་གཏུམ་མོའི་གནད་དྲག་པོ་མེའི་འཁོར་ལོ། བདུད་རྩི་ལྔའི་བཅུད་ལེན་ཚེ་འཛིན་ཀུན་ཕན་ཆེན་མོ་རྣམས་དང་། ཐེམ་མེད་དུ་གྲགས་པའམ་ཕྱི་མ་ཁོ་བོས་གསར་དུ་བསྒྲིགས་པ། ཟུར་མཁར་བའི་གསུང་གྲས་ལ། སྤྱི་འཇོམས་རྡོ་རྗེ་ཕ་ལམ་གཞང་འབྲུམ་བཅོས་པའི་མན་ངག་ནད་ཕལ་ཆེ་བ་ལ་ཕན་པ་ཡར་རྒྱབ་ཏུ་ཕུལ་བ། ཤིག་བསྲུང་གི་གདམས་པ། ཀ་བཞིའི་མིག་བཅོས་སུ་གྲགས་པ། གྲོལ་མ་གླང་ཐབས་ཀྱི་བཅོས། རྡེའུ་འཕྲུལ་བཤིག་གི་གདམས་པ། བདུད་རྩི་ལྗོན་ཤིང་གི་བཅུད་ལེན། རོ་ནུས་ཞུ་རྗེས་རྒྱུ་འབྲས་ཀྱི་རེའུ་མིགལྕེ་བཅོས་ཟབ་ཁྱད་ཅན། དབྱར་རྩྭ་དགུན་འབུའི་སྦྱོར་བ། དངུལ་ཆུ་བདུན་སྦྱོར། ཟངས་ཐལ་ཉེར་དྲུག་པ། སྨན་བླ་རིགས་ལྔའི་བསྟོད་པ་ཀུན་བཟང་ཚངས་པའི་ང་རོ། མགོན་པོ་གཡུ་ཐོག་པའི་བསྟོད་པ་དང་ཟླའི་བསིལ་ཟེར་རོལ་བ། རྡོ་ཞུན་རྒྱལ་པོའི་སྦྱོར་བ་འདྲ་མིན། མ་ཞུ་དུག་ཐབས་འཁྲུགས་དང་བསྡོངས་པ་བཅོས་ཐབས། ཚད་པའི་བཅོས་མར་གྱི་ཉིང་ཁུ། མིག་གི་བཅོས་ཐབས། རྣ་བའི་བཅོས་ཐབས་ཐོས་བྱེད་སེམས་དགའ། ལྕེ་འབམ་གསོ་བའི་མན་ངག་ཅེ་སྦྱང་དྲུག་པ། སྟག་སེང་ཁ་འཐབ་ཀྱི་སྦྱོར་བ། སོ་རྩིའི་གདམས་པ། ཡེ་ཤེས་མཁའ་འགྲོའི་གདམས་པ་རྫས་ཀྱི་གཏུམ་པོ་འདྲ་མིན། དྲི་ཚིག་དངུལ་དཀར་མེ་ལོང་གི་དུམ་བུ། དྲི་ལེན་ལེགས་བཤད་ཉི་མའི་འོད་ཟེར། སྤོས་སྦྱོར་རྣམ་གྲངས། གསུང་མགུར་ལེ་ཆན། འཁྲུངས་རབས་ཉུང་ངུ་། བརྩོན་འགྲུས་ཀྱི་བསྐུལ་མ་སྙིང་གི་ཞུན་ཐིགས་རྣམས། ཟུར་མཁར་བའི་གསུང་རང་མིན་འདྲ་བསམ་རུང་ཁ་གཡར་སོགས་ཕྱོགས་གཏོགས་གྲས། གསང་བའི་ཁྲོ་ཡིག་གི་ཡང་སྙིང་བསྡུས་པ། མིག་གི་གསལ་བྱེད་སྤོས་རེང་མ། གསལ་བྱེད་སྤོས་རེང་། རྟ་རི་མའི་མདེ་ཐུང་། རིན་པོ་ཆེ་གཏོང་ཚུལ་གྱི་ཟིན་བྲིས། ལྕེ་འབམ་གསོ་ཐབས། རྐང་འབམ་སྔགས་ཀྱི་གསོ་ཐབས། སོ་རྩི་འཚོ་བྱེད་སྨུག་པོའི་གདམས་པ། སྨན་ཡིག་མན་ངག་ཐོར་བུ། སྟག་མ་ཁ་རལ་གྱི་སྦྱོར་སྡེ་སོགས་མན་ངག་ཕྲན་བུ། འཇར་ནག་གི་བཅོས་ཐབས་འདྲ་མིན། མཁའ་འགྲོ་མ་སྤྲིན་གྱི་ཤུགས་ཅན་གྱི་མགོ་སྨན་གདམས་པ། བཟང་དྲུག་ལ་དོའི་སྦྱོར་བ། བདུད་རྩི་རིལ་བུའི་སྦྱོར་བ། ཁྱི་སྨྱོན་གྱི་བཅོས་ཟབ་ཁྱད་མ། རྐང་འབམ་གྱི་སྒོས་བཅོས་ཤིན་ཏུ་ཟབ་པ། འབྲུམ་ནད་གསོ་བ་སོགས་ཀྱི་མན་ངག་ཕྲན་བུ། རིལ་དམར་གྱི་སྦྱོར་བ། འཆི་མེད་དཀར་པོ་དྲུག་སྦྱོར། མོ་གཅོང་གི་ལག་ལེན་སྙན་བརྒྱུད་མ། འཕྲང་བསྲུང་རིན་ཆེན་ལྕེ་བརྒྱ། ལྕེ་ལ་རྒྱ་འཛུད་ཐབས། རིན་ཆེན་སྙིང་བཤལ། གུར་གུམ་བདུན་པའི་སྦྱོར་བ། ཤ་དུག་གི་སྒོས་བཅོས། ལྕེ་འབམ་གྱི་བཅོས། དངུལ་ཆུའི་སྦྱོར་བ། སྙིང་རླུང་གསོ་ཐབས་འཆི་མེད་བདུད་རྩིའི་རྒྱུན། མེ་རྫས་དམར་འཁྲིད། ཐོག་ཁྱུག་འཕྲུལ་འཁོར། ན་རོ་གསུམ་སྦྱོར་གྱི་ལག་ལེན་སྤྱི་འཇོམས་རིལ་བུ་དམར་པོ། ཚ་ལྡིག་སྦྱོར་བ། འབམ་བཅོས་གསང་བའི་མྱུར་ལམ། རིལ་བུ་དམར་ཆུང་གི་གདམས་པ། གི་ཝང་ཡན་ལག་བདུན་པ། དྲི་ལྡན་བརྒྱད་ཀྱི་སྦྱོར་བ། སེར་པོ་དགུའི་སྦྱོར་བ། དཔའ་བོ་དྲུག་སྦྱོར། བཙན་སྡེ་དྲུག་སྦྱོར། མིག་གི་རྩ་དྲ་གཅོད་པའི་སྨན་སྦྱོར། བཙན་དུག་སྨན་མར་གྱི་སྦྱོར་བ། བཙན་དུག་སྨན་མར། འབྲུམ་པའི་སྨན་སྦྱོར་ཚེ་འཛིན་ལྕགས་ཀྱུ་འདྲ་མིན། མགོ་རླུང་གི་བཅོས་བདུད་རྩི་བུམ་བཅུད་འདྲ་མིན། མིག་གི་འདེབས་སྨན་ཕ་ལའི་སྦྱོར་བ་འདྲ་མིན། བསེ་རུ་བཞི་པ་འདྲ་མིན། མུ་ཟི་སྨུག་སྦྱོར་འདྲ་མིན། རྐང་འབམ་གསོ་ཐབས་ངོ་མཚར་གསང་མཐོ་འདྲ་མིན། ཕྱི་རྒྱུད་ལས་བཅོས་དགོས་བརྒྱ་རྩ་གཅིག་གི་གསོ་ཐབས་མན་ངག་རྒྱུད་ཆུང་། གྲུམ་བུའི་བཅོས་ཐབས། སེམས་བཅོས་འཁུན་པ་གྲོས་འདེབས། རིམས་བསྲུང་དམར་ཐོད་རིལ་བུ། དཀར་པོ་ཆིག་ཐུབ་བྱུང་ཁུངས་བརྒྱུད་པའི་གདམས་ངག་དུག་བསྲུང་དང་བཅས་པ། མཚོན་བསྲུང་སྲོག་གི་གོ་ཆ་དཔེ་རིས་དང་བཅས་པ། མཚུངས་མེད་ངག་གི་དབང་པོ་ནས་རྒྱུད་པའི་མཛེ་བཅོས་ཞལ་གདམས། ལྗོན་ཤིང་གི་བཅོས་སུ་གྲགས་པའི་རོ་བཙའ། མཁྲིས་པ་ཀྵ་ཡ་དཀར་སེར་གྱི་བཅོས་ཐབས། ཉམས་སྨད་སྨྱུང་བས་བཅོས་པ། མཆུ་ཤོར་འཚེམ་པ་གྲོལ་མ་སྲིན་བུའི་བཅོས་ཐབས། རྡེལ་ནད་བཅོས་པ། ཐོར་བའི་བཅོས་ཐབས། དཀར་ཆག་འཆད་ཚུལ་དང་བཅས་པའི་གླེང་མོལ་རྣམས་ཏེ་ཁྱོན་དཔེ་ཚན་བཞི་བརྒྱ་དང་བཅུ་དྲུག་ཡོད་པ་དང་། དཔལ་ལྡན་རྒྱུད་བཞིའི་འགྲེལ་ཆེན་པོད་ཤལ་ཁྲ་མོ། སྤྱི་དོན་ནམ་རྒྱུད་ཀྱི་དཀའ་གནད་རྣམས་ལ་དྲི་ཚིག་དངུལ་དཀར་མེ་ལོང་དང་། ལེགས་བཤད་ཉི་ཟེར། ཕྱོགས་ཀྱི་སྨན་པ་རྣམས་ལ་སྤྲིངས་ཡིགརང་གཞན་ལ་ཕན་པའི་བསླབ་ཆ། ཉམས་ཀྱི་རྡོ་རྗེའི་གླུ་དང་བསྟོད་ཚོགས་སྐོར། དཔལ་དུས་ཀྱི་འཁོར་ལོའི་འགྲེལ་བཤད། ཕྱག་ཆེན་དང་གཅོད་ཡུལ་གྱི་འཁྲིད་ཡིགརྫོགས་པ་ཆེན་པོའི་ཆོས་སྐོར་ལ་པོད་ཆུང་བཅུ་དྲུག་པ་ཞིག་ལེགས་བཤད་གསེར་ཐུར་སོགས་བཀའ་རྩོམ་ཡང་མང་། ཤར་ཕྱོགས་མངོན་དགའ་ཞེས་བྱ་བར་གཉལ་ལོར་བྱར་གསུམ་ཨེ་ཉང་ཀོང་དང་བཅས་པའི་སྨན་པ་ཐམས་ཅད་བསྡུས་ཏེ། རིན་ཆེན་འཁྲུངས་དཔེའམ་སྨན་ངོ་གསལ་བྱེད། རོ་སྐོར་ལྕགས་ཀྱི་འཕྲེང་བ། བདུད་རྩི་རྫིང་བུ། བདུད་རྩི་གཏེར་མཛོད། སྨན་གྱི་བྱིངས་ལ་སོགས་པ་རོ་ནུས་ཞུ་རྗེས་ངོ་བོ་ངེས་ཚིག་བྱེད་ལས་ཀྱི་སྒོ་ནས་གཏན་ལ་འབེབ་པའི་བསྟན་བཅོས་རྣམས་འཆད་ཅིང་སྨན་ངོ་སྤྲོད་པ་སོགས་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་གསོ་རིག་གི་བསྟན་པ་སྤེལ། རབ་ཏུ་བྱུང་བའི་སྡོམ་པ་དངོས་སུ་མ་བཞེས་ཀྱང་ཕྱི་ལྟར་ཚུལ་འཆོས་བཙུན་པའི་ཇོ་མོ་དང་སྲས་སོགས་མེད་ཅིང་དགུང་ལོ་ཉི་ཤུ་ཚུན་ནས་ཤ་ར་རབ་འབྱམས་པ་དང་མཇལ་བའི་སྟོད་རྗེན་སྒོམ་ཐེག་མཛད་པར་གྲགས། ལམ་གྱིེ་གེགས་སེལ་བོགས་འདོན་དུ་མཚན་ལྡན་རིག་མ་གསང་བའི་ཚུལ་གྱིས་བསྟན། གྲུབ་པ་དང་བརྟུལ་བཞུགས་ཀྱི་སྤྱོད་པ་མངོན་པར་ཤེས་པ་ལ་མངའ་བརྙེས། འདི་ཉིད་ཀྱི་རྣམ་ཐར་བློ་གྲོས་རྒྱལ་པོས་བསྒྲིགས་པ་འགོག་པ་མེད་པ་ཡི་གེའི་གཏམ་དུ། རྫོགས་ཆེན་སྐོར་ལ་བཀའ་རྩོམ་མཛད་པ་དཔེ་ཁྱབ་ཆེས་གཤིས་འགོག་མ་ཐུབ་པ་ལས། ཉམས་ལེན་གྱི་མཐིལ་ཕྱག་ཆེན་དང་གཏེར་བརྫུས་འདོན་པའི་ཚུལ་མཛད་པ་སོགས་ནི། བསྒྲིག་པ་པོ་རང་ཉིད་གཏེར་དང་རྙིང་མ་སུན་འབྱིན་པའི་ཆེད་དུ་བཀོད་པ་ལས། རྗེས་འདི་ཉིད་ཟབ་མོ་སྙིང་ཏིག་སོགས་རྫོགས་པ་ཆེན་པོའི་ཆོས་སྐོར་ཉམས་སུ་བསྟར་བཞིན་དུ་དེ་ལྟ་བུ་མི་མཛད་པར་བདག་གི་བླ་མ་ལྔ་པ་ཆེན་པོ་བཞེད་པ་དོན་ལ་གནས། དགུང་ལོ་སོ་བདུན་པ་ཤིང་ལུག་གྲོ་བཞིན་ཟླ་བའི་ཚེས་བཅོ་ལྔ་ལ་སྐུའི་བཀོད་པ་བསྡུས། རང་གི་གཅུང་དཔོན་རྗེ་བཙུན་དང་། ཚ་བོ་མི་འགྱུར། སློབ་མ་ཕྲག་དཔོན་དང་ཚེ་འབུམ་ལ་སོགས་པས་པུར་བཞུ་བར་ཉེ་བ་ན་གདུང་ཤིན་ཏུ་ཆུང་བར་གྱུར་པས་ཀུན་ཡིད་མ་ཆེས་པའི་ཚེ། ནམ་མཁའ་ལ་འོད་སྣ་ཚོགས་འཛིན་པའི་ཁོངས་ནས་ཨཱ་ལི་ཀཱ་ལིའི་སྒྲ་གྲགས་པ་ཀུན་གྱིས་ཐོས་པས་ཡི་རངས་ཤིང་མོས་པ་གཏིང་ཚུགས། ཕུང་པོ་ལྷག་མེ་དུ་འགྲོ་རྒྱུར་བུ་སློབ་རྣམས་ཀྱིས་རིངས་སྟབས་སུ་ཞུགས་ལ་ཕུལ་པའི་འཇའ་འོད་སོགས་རྟགས་ཕུན་སུམ་ཚོགས་པ་བྱུང་།

དེ་ལྟ་བུའི་བདག་ཉིད་ཆེན་པོ་དེ་ལ་གསོ་བ་རིག་པའི་ཕྱོགས་མཐར་ཕྱིན་གྱི་སློབ་མ་བཞི་ཞེས་གྲགས་པ་ལས། མན་ངག་མཐར་ཕྱིན་མི་འགྱུར་ཚེ་བརྟན། འཕྲིན་ལས་མཐར་ཕྱིན་ཕྲག་དབོན་བསོད་ནམས་བཀྲ་ཤིས། ལག་ལེན་མཐར་ཕྱིན་ཚེ་འབུམ་རྡོ་རྗེ། བཤད་པ་མཐར་ཕྱིན་ལི་ཆུང་པདྨ་སྐྱབས་དང་བཞི། གཞན་ཡང་བྱིན་རླབས་ཞུགས་པའི་སློབ་མ་བརྒྱད། ཤེས་རབ་ཅན་གྱི་སློབ་མ་བཅུ་དྲུག གྲུབ་པ་ཐོབ་པའི་སློབ་མ་ཉི་ཤུ། བླ་དྭགས་ཅན་གྱི་སློབ་མ་བཅུ་དྲུག་སོགས་དུ་མ་ཞིག་བྱུང་བ་དེ་དག་ལས། སྐྱེམ་པ་ཚེ་འབུམ་རྡོ་རྗེའི་སློབ་མ་ཚེ་དབང་གིས་རྩ་རྒྱུད་ལ་འགྲེལ་བ་སྙིང་པོ་སྣང་བ། བཤད་རྒྱུད་ལ་ཚིག་དོནཉི་མ། མན་རྒྱུད་ལ་བདེ་བའི་འདོད་འཇོ། ཕྱི་རྒྱུད་ལ་ལག་ལེན་གསལ་བྱེད་བཅོས་པའི་འགྲེལ་བ་དང་། སྨན་དཔྱད་ལག་ལེན་ཚེ་དབང་བརྒྱ་རྩར་གྲགས་པ་རྣམས་བརྩམས། སྐྱེས་མཆོག་སྐ་བ་དཔལ་བརྩེགས་སོགས་མཁས་ཤིང་གྲུབ་པའི་དབང་ཕྱུག་དང་། བོད་རྒྱལ་པོའི་མདུན་ན་འདོན་སོགས་དཔའ་མཛངས་བརྟུལ་ཕོད་རིམ་པར་བྱོན་པ་སྐ་བའི་བརྒྱུད་སྟོད་ལུང་གླང་གྲོང་དུ་བལྟམས་ཤིང་། ལྷ་རྗེ་དགེ་བ་འབུམ་གྱི་སྐྱེ་བ་གསལ་བར་དྲན་པར་རང་ཉིད་ནས་ཞལ་གྱིས་བཞེས་ལ། མཚོ་སྨད་ལྷ་ཁང་གི་མཁན་པོ་དང་བསྟི་གནས་ངོ་བོ་ཡབ་ཕུ་དཔལ་གྱི་རི་ཁྲོད་དུ་བཞུགས་པ། ཕྲག་དབོན་བསོད་ནམས་བཀྲ་ཤིས་སོགས་བསྟེན་ནས་རིགས་གནས་སྤྱི་དང་གསོ་རིག་ལ་མཁས་པ་ཇོ་བོའི་དུས་ཀྱི་སྐབ་བ་ཤཱཀྱ་དབང་ཕྱུག་དང་རུས་གཅིག་པ་ལ་བརྟེན་རང་ཉིད་ཀྱིས་བཏགས་པའི་མཚན་སྐབ་བ་ཤཱཀྱ་དབང་ཕྱུག་གམ་མཚོ་སྨད་མཁན་ཆེན་དུ་གྲགས་པ་དེས་ཁོག་འབུབས་ལེགས་བཤད་དངུལ་དཀར་མེ་ལོང་། ཕྱི་རྒྱུད་འགྲེལ་བ་དཀའ་གནད་གསལ་སྒྲོན་རིགས་ལྔའི་གསལ་བྱེད་མེ་ཏོག་འཕྲེང་བ། ལག་ལེན་དམར་འཁྲིད་དུ་སྡེབས་པ་སྙིང་པོ་བསྡུས་པ་སོགས་མཛད་ཅིང་། གླང་བུ་ཆོས་རྗེ་སོགས་བུ་སློབ་ཀྱང་མང་། བཀའ་བརྒྱུད་པའི་གྲུབ་མཐའི་རིང་ལུགས་པ་དྭགས་སྨན་སྒོམ་རྡོ་རྗེ་རྒྱལ་མཚན་གྱི་སློབ་མ་དྲང་སྲོང་དོན་གྲུབ་དར་ཞེས་སྔ་འགྱུར་གྱི་གཏེར་ཡང་བཏོན་པ་དེའི་མི་རབས་གསུམ་པ། ཀརྨ་པ་ཆོས་གྲགས་རྒྱ་མཚོའི་བླ་སྨན་དང་སྨན་གྱི་སློབ་དཔོན་གྱི་བསྐོ་འཇའ་གནང་སྟེ་འཆད་ཉན་ཚུགས་པའི་འཚོ་བྱེད་པདྨ་དཀར་པོ། དེའི་སྲས་ཀརྨ་པས་བསྐོ་འཇའ་སོགས་གཟེངས་བསྟོད་ཅིང་། རང་མེས་ཀྱི་སྲོལ་དང་སྐྱེམ་པ་ཚེ་འབུམ་ལ་གཏུགས་པའི་ཟུར་མཁར་བའི་ལུགས་ལ་སྦྱངས་པས་བྱར་པོ་པཎ་ཆེན་ཞེས་མཚན་ཐོགས་ཤིང་ལྷོ་བརྒྱུད་དུ་གསོ་དཔྱད་ཀྱི་བསྟན་པ་དར་བར་མཛད་པ་པོ་དེས་རྒྱུད་བཞི་གའི་འགྲེལ་བ་དང་། ཁོག་འབུགས་ལེགས་བཤད་གསེར་གྱི་སྙེ་མ། བྱེ་བ་རིང་བསྲེལ་གྱི་དཀར་ཆག་སོགས་མཛད། གླང་བུ་ཆོས་རྗེའི་སློབ་མ་ཟུར་མཁར་བའི་ཞལ་ངོར་བྱོན་པ། ཐོག་མ་ཚེ་བརྟན་རྒྱལ་དང་། ཀརྨ་འཕྲིན་ལས་པས་གཙུག་ཕུད་བཞེས་པའི་མིང་དཔལ་ལྡན་དོན་གྲུབ་རྣམ་རྒྱལ། ཀརྨ་པ་བརྒྱུད་པ་མི་བསྐྱོད་རྡོ་རྗེས་ལེགས་བཤད་འཚོལ་དང་། ཞྭ་དམར་བས་བློ་གྲོས་རྒྱལ་པོ། རང་གི་མེས་པོའི་འབངས་རྣམས་སུ་མཚན་བཏགས་པ་ནི། བརྗོད་མ་ཁད་པ་ལྟར་ཟུར་མཁར་བའི་རིགས་སུ་རབ་བྱུང་དགུ་པའི་དཀར་པོ་ས་སྦྲུལ་ལ་འཁྲུངས། །ཆུང་ངུ་ནས་གོང་མའི་རྒྱུན་གྱིས་གསོད་དཔྱད་མཛད་ཀྱང་བར་སྐབས་སུ་ཕྱག་ཆེན་སོགས་ལ་ཐུགས་གཞོལ། ཀརྨ་འཕྲིན་ལས་པར་རབ་ཏུ་བྱུང་ནས་ཆོས་གྲྭ་ལེགས་བཤད་གླིང་དུ་རྒྱུ་མཚན་ཉིད་ཀྱི་ཐེག་པར་སྦྱངས། སྐྱོགས་ལོ་ཙཱ་བའམ་སྨོན་གྲུབ་ལོ་ཙཱ་བར་སྙན་ངག་གསན། རྗེ་ཀརྨ་པའི་གསུང་བཞིན་སླར་མཚོ་སྨད་མཁན་ཆེན་པའི་སློབ་མ་གླང་བུ་ཆོས་རྗེའི་དྲུང་དུ་གཏུགས་ནས་གཡུ་ཐོག་སྙིང་ཏིག་གི་དབང་ལུང་། རྒྱུད་བཞི། བྱེ་བ་རིང་བསྲེལ་སོགས་མང་དུ་ཞུས། བྱང་པ་རིགས་ལྡན་དང་མིའི་ཉི་མ་ཡབ་སྲས་དང་ཐོག་མི་མཚུངས་ཤིང་། དེ་ཚུན་བྱང་ལུགས་ཀྱི་ཡིག་ཆ་རྣམས་སུ་མི་གསལ་ཡང་རྒན་པོའི་ཁ་ཆེམས་སུ་བྱུང་བས་བཀྲ་ཤིས་དཔལ་བཟང་ནས་རིམ་པར་བརྒྱུད་པའི་ཕྱི་མ་ཞིག་ཡིན་ནམ་སྙམ་པའི་དྲུང་གནས་བྱང་པ་སྐུ་མཆེད། དཔོན་ཚང་འཕན་དར་བ། མངའ་རིས་ཕྱག་སྨན་རིན་རྒྱལ་གྱི་དཔོན་པོ། གུ་གེ་བ་འ་པ་ཚེ་རིང་། བི་བྱིའི་དཔོན་པོ། འུག་པའི་ཚ་བོ། བྱང་སྟག་རྩེ་འཚོ་བྱེད་རྣམས་དང་། ཁྱད་པར་ས་སྐྱ་སྨན་གྲོང་དུ་བྲང་ཏིའི་ཞལ་ངོ་ཡབ་སྲས་ལ་ཡན་ལག་བརྒྱད་པ། དེའི་རང་འགྲེལ། ཟླ་ཟེར། ཆ་ལག་བཅོ་བརྒྱད། གསེར་བྲེ་དངུལ་བྲེ་རྣམས་ཀྱི་ལུང་གསན། སྙིང་ཏིག་གི་ཚིག་དོན་ལ་ཡང་དག་པར་བཏགས་པས་གཡུ་ཐོག་པས་ཡིག་ཆ་ཁོ་ན་རྩད་གཅོད་དགོས་པར་གོ་ནས། ཉང་སྨད་ཕྱོགས་སུ་ལེགས་པར་བཙལ་བས་གཡུ་ཐོག་པའི་ཕྱག་དྲེག་མའི་རྒྱུད་བཞི་གསེར་མཆན་རྙེད་པར་གྲགས། དེར་ས་སྤྱོད་དབང་རྒྱལ་གྲགས་པས་མཐུན་རྐྱེན་སྦྱར་ཏེ་ལོ་བཞིའི་བར་རྩ་བཤད་འགྲེལ་བ་མེས་པོའི་ཞལ་ལུང་བརྩམས། དབུས་སུ་བྱོན་ཏེ་གཞི་ལམ་འབྲས་གསུམ་ལས་བརྩམས་པའི་དྲི་ཚིག་གི་ཡི་གེ་ལྷ་སའི་རྡོ་རིང་ལ་ལན་གསུམ་སྦྱར་བས་ཕྱོགས་མཐར་ཁྱབ་ཅིང་ལན་མ་བྱུང་བས་ནང་སོ་དོན་ཡོད་པ་སོགས་སློབ་མ་འགས་འགྲེལ་བ་དགོས་ཚུལ་ལྟར་རང་འགྲེལ་གསེར་གྱི་ཕྲ་ཚོམས་མཛད་ཀྱང་ཕལ་ཆེར་གྱིས་མ་གོ་བར་མངོན་ཞིང་། དུས་ཐོག་དེར་གསོ་རིག་འཛིན་པ་དོལ་མདའ་ཉང་ཁང་པ། འཕྱོང་རྒྱུས་རོལ་ཁང་པ། སྡེ་བ་ལྷ་ས་རྫོང་བ། ཡར་ཀླུང་གཅེས་གྲོང་ནང་སོ་དོན་ཡོད། སྐྱེམ་ནས་བླ་རྟ་ཚེ་དབང་། སྐྱིད་ཤོད་ན་བོ་བློ་གྲོས་བརྟན་པ། ཀོ་རབ་གད་ལ་བ་རྣམས་དང་། རྒན་པོའི་ཁ་ཆེམས་སུ་ལ་སྟོད་བྱང་ནས་བདག་པོའི་ཆོས་རྒྱལ་ཆེན་པོ་ཞེས་བྱུང་བརིགས་ལྡན་རྣམ་རྒྱལ་གྲགས་བཟང་སོགས་དང་དུས་མི་མཚུང་ཤིང་། སྔ་ཕྱིའི་བབས་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་ཀྱི་ལབ་ཙམ་དང་དེ་སྐབས་གསོ་དཔྱད་དར་བ་རང་མ་བྱུང་འདུག་ནའང་། གང་ལྟར་དེ་དག་གི་ལན་ཁ་ཤས་བྱུང་བ་ཐུགས་ལ་མ་རངས་པས་རང་ལན་རྒན་པོའི་ཁ་ཆེམས་མཚན་མོ་མུན་ནག་གི་གློག་འོད་ལྟ་བུ་ཞེས་པ་མཛད། རང་ཉིད་ཀྱིས་དཔྱད་པས་དག་པའི་རྒྱུད་པར་དུ་བརྐོ་བའི་སྦྱིན་བདག་རིན་སྤུངས་སུ་ཞུས་པར་ཐོག་མ་ཞལ་གྱིས་བཞེས་ཀྱང་ཕྱག་ཏུ་མ་ཁེལ་བས། ད་ལྟ་གྲྭ་ཐང་རྒྱུད་ཀྱི་པར་བྱང་དུ་ཡར་རྒྱབ་པའི་བསྔགས་པ་རྣམས་བརྗོད་རྗེས། སྔོན་ཆད་འདི་ལྟར་བགྱིད་དོ་ཞེས། དུ་མས་ངལ་བརྒྱ་ལྷུར་བླངས་ཀྱང་། བྱ་རོག་ལྔ་པར་གྱུར་པ་བཞིན། ཀུན་གྱི་དཔལ་དུ་མ་གྱུར་རོ། །ཞེས་ཟུར་ཟའམ་བསྟིང་ཚིག་གསུངས། སླར་ཡར་རྒྱལ་པས་སྦྱིན་བདག་མཛད་དེ་བརྐོས་པ་དེས་སང་གྲྭ་ཐང་དུ་བཞུགས། དྲང་སྲོང་མཉམ་ཉིད་རྡོ་རྗེའི་རྣམ་ཐར་འགོག་པ་མེད་པ་ཡི་གེའི་གཏམ་ཆེན་པོ། རྣམ་ཐར་གསོལ་འདེབས་དད་པའི་རོལ་མཚོ་གསར་པ། དྲང་སྲོང་རྣམ་གཉིས་ལ་ཐུགས་རྗེ་བསྐུལ་བ་མྱ་ངན་གདུང་སེལ། བྱེ་བ་རིང་བསྲེལ་བཞུགས་ཚུལ་གེགས་སེལ་ཆེན་མོའི་ནང་ལྟར་དཀར་ཆག་མཁས་པའི་ཡིད་འཕྲོགདེའི་ལྷན་ཐབས་དད་ལྡན་སྙིམ་པའི་མེ་ཏོགབྱང་པའི་བཀའ་སྒྲུབ་ཀྱི་ལན་དཀར་པོ་ཆིག་ཐུབ་བམ་དབང་པོའི་ལག་ཉལ། རྒྱུད་བཞི་བཀའ་བསྟན་གྱི་འགལ་སྤོངས་ལ་ཕྱི་ལྟར་སངས་རྒྱས་ཀྱི་བཀའ། ནང་ལྟར་པཎྜི་ཏའི་བསྟན་བཅོས། གསང་བ་ལྟར་ན་བོད་ཀྱི་བསྟན་བཅོས་སུ་བཞེད་པ་མཁས་པའི་དབང་པོ་གོང་མ་ན་རིམ་དང་། ཁྱད་པར་རང་རིགས་ཀྱི་རྗེ་དྷརྨ་སྭ་མིའི་སྤྱི་དོན་དངུལ་དཀར་མེ་ལོང་གི་དུམ་བུ་ཙམ་ལས་བྱིངས་དང་རྒྱུད་བཞིའི་འགྲེལ་བ་པོད་ཤལ་ཁྲ་མོ་སོགས་ཡོད་འདུག་པ་སྔར་ཕན་མིག་ལམ་དུ་མ་གྱུར་རུང་དངུལ་དཀར་མེ་ལོང་གི་དུམ་བུར་རྒྱུད་བཞིའི་བཀའ་སོར་གནས་རྒྱུད་ནང་ལྟར་མཛད་འདུག་པ་དང་། བླ་རྟ་ཚེ་དབང་གི་ཡིག་ཆར་གྲོས་ཚོགས་གཉིས་རྒྱ་མཚོའི་བཻཌཱུརྱའི་ཆུ་རྒྱུན་དུ་ཁ་འཕངས་འདུག་པས་རྗེ་དྷརྨ་སྭཱ་མི་ཡང་ཞིབ་ཆ་ལུགས་དེ་དང་མཐུན་པར་གོ་ཞིང་། རང་གི་བླ་མའི་སློབ་དཔོན་མཚོ་སྨད་མཁན་ཆེན་པོའི་ཁོག་འབུབས་ཤིན་ཏུ་གསལ་བ་རྣམས་ལ་ཁྱད་གསོད་ཀྱི་ང་རོ་ཆེར་སྒྲོག་པ་ནི། ས་པཎ་གྱིས། གཏིང་ནས་ཉམས་པའི་ཁྲེལ་འདས་རྣམས། །རང་གི་གཏམ་ངན་ང་སོར་ཁྱེར། །ཀན་སའི་ཡུལ་གྱི་རྒྱལ་རིགས་འགའ། །ཕ་བསད་པ་ལ་རྒྱལ་རྔ་བརྡུང་། །ཞེས་པ་ལྟར་རམ་འཕྲལ་སྐད་གསོ་དཔྱད་རང་ལུགས་ཀྱི་མགོ་རྨོག་ནང་ནས་བཅག་པ་དེ་དང་། གཡུ་ཐོག་མཉམ་ཉིད་རྡོ་རྗེ་སོགས་བླ་མ་ལྷག་པའི་ལྷ་རྣམས་ལ་བསྟོད་ཚོགས་ཀྱི་འཕྲེང་བ། སྨན་གྱི་རོ་ནུས་ཞུས་རྗེས་ཀྱི་རེའུ་མིག་དྷརྨ་སྭཱ་མིས་རྡོ་རྗེ་ཕ་ལམ་ལ་མིག་ཕུག་པ་ལྟར་མཛད་པར་སླར་སྲད་བུ་བརྒྱུས་པ་དང་མཚུངས་པ། གོང་སྨན་དཀོན་མཆོག་འཕན་དར་ལ་དྲི་བ་ཙིཏྟའི་འཁྲི་ཤིང་། པ་སྣམ་འཚོ་བྱེད་ཀུན་ལེགས་པར་དྲི་བ་བློ་གསལ་འཇུག་ངོགས་དང་། དྲིས་ལན་ལེགས་བཤད་སྐྱུགས་པ། ཟླ་ཐིགས་ཉིན་བྱེད་འོད་མཚོ། དབྱར་སྐྱེས་རྔ་སངས། ག་བུར་གུར་གུམ་ཨ་གར་ཙན་དན་སོགས་ཀྱི་སྐྱོན་སེལ་འགའ་ཞིགརྒྱུད་བཞི་པར་བཀོད་མཇུག་རྩོམ་གྱི་སྐྱོན་སེལ། ཆུ་སྐོལ་གྱི་རྣམ་བཤད། འཕན་ཡུལ་གྱི་སྨན་པ་རླུང་ཁམས་ལངས་པའི་དྲིས་ལན་དབྱར་ཉིའི་ཞུན་ཐིགས། མ་ནུའི་དྲི་ལན་སོགས་གསོ་དཔྱད་སྐོར་ལ་མང་བ་དང་། སྙན་ངག་ཏུ་མེ་ལོང་མའི་མེ་ལོང་མ་སོགས་རིག་གནས་གཞན་ལ་ཡང་བསྟན་བཅོས་ཁ་ཡར་སྣང་། འོན་ཀྱང་དེ་དག་ཐམས་ཅད་དུ་རྗེ་གཡུ་ཐོག་པ་དང་མཉམ་ཉིད་རྡོ་རྗེ་ཀརྨ་པ་མི་བསྐྱོད་རྡོ་རྗེ་གསུམ་ལས། གསོ་དཔྱད་དངོས་ཀྱི་སློབ་དཔོན་གླང་བུ་ཆོས་རྗེ་ཡིན་འདུག་པ་དང་སྙན་ངག་སྨོན་གྲུབ་ལོ་ཙྭ་བའམ་སྐྱོགས་ལོ་རིན་ཆེན་བཀྲ་ཤིས་སུ་གྲགས་པར་གསན་འདུག་སྟེ་བླ་མའི་རིགས་གང་དུའང་བསྔགས་ཕྱག་མི་མཛད་པ་ནི། ཕྱི་མ་རྒྱུད་དུ། སློབ་དཔོན་གསང་ཞིང་རང་ཆེ་འབྱིན་པ་དང་། །ཞེས་གསུངས་པའི་ཐོག་ཏུ་བབས་པ་འདྲ་ལ། ཕྱི་རྒྱུད་མེས་པོའི་ཞལ་ལུང་དང་སྨན་གྱི་ཆོས་འབྱུང་གང་དག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པར་འདོད་པའི་སྨན་པ་རྣམས་ཀྱིས་མི་ཤེས་སུ་མི་རུང་བའི་ཕྱི་ནང་གཞན་གསུམ་གྱི་རྣམ་བཞག་ཤེས་བྱ་སྤྱིའི་ཁོག་འབུབས་དྲང་སྲོང་ཀུན་ཏུ་དགའ་བའི་ཟློས་གར་བསྟན་པ་མེད་པའི་མཆོད་སྦྱིན་གྱི་སྒོ་འཕར་ཡངས་པོར་ཕྱེ་བ་གཉིས་གཤམ་མ་ཚང་བ་སྟེང་གྲིབ་ཀྱིས་བཏབ་པའི་མཛད་འཕྲོར་ལུས། སྐྱེ་བའི་རིགས་བཀའ་གཏེར་སོགས་ཚད་ལྡན་གྱི་ལུང་ནས་ཟིན་པ་དང་རང་ཉིད་ནས་སྔོན་གྱི་བག་ཆགས་ཆེད་དུ་སད་པའི་སྤྱོད་པ་མ་བསྟན་ན་རང་གར་ཁས་བླངས་པར་ངེས་པ་མ་མཆིས་ཀྱང་། ཁོང་རང་གིས་དྷརྨ་སྭཱ་མིའི་སྐྱེ་བར་ཞལ་གྱིས་བཞེས་ལ་ཞྭ་དམར་བས་ངོས་འཛིན་མཛད་པར་གྲགས་ཤིང་། སྙན་ངག་དང་མཚན་ཉིད་ཕྱག་ཆེན་གྱི་ལྟ་བ་རིག་གནས་གཞན་ལ་ཧོལ་ཙམ་སྦྱངས་པའི་སྐད་གཡུ་འབྲུག་སྔོན་མོ་ལས་གསོ་དཔྱད་ལ་ཟུར་མཁར་གོང་མའི་ཤུལ་ཟིན་ལྟ་ཞོག་སྐྱེམ་པ་ཚེ་དབང་ཙམ་ཡང་མ་བྱུང་བར་མངོན། གཞི་ནས་རང་གི་སློན་རྒྱུན་མཚོ་སྨད་མཁན་ཆེན་གྱི་གསུང་ལ་ཁྱད་གསོད། བྱང་པ་སོགས་སྔ་རབས་ཚད་ལྡན་གྱི་གཞུང་ལུགས་རྣམས་ལ་རྟོག་གེའི་རིག་པ་དང་སྙན་ངག་ཤེས་པ་སོར་བཞག་གི་དགག་པ་སོགས་གསོ་རིག་ལ་རྨ་འབྱིན་པ། རང་གི་བཞེས་པའི་རྒྱུད་བཞི་པར་རྐོ་རིན་སྤུངས་པས་ཐོག་མར་ཞལ་གྱིས་བཞེས་ཀྱང་རྗེས་སུ་ཕྱག་ཐོག་མི་འགེལ་བ་ཡང་ས་སྤྱོད་ངག་དབང་འཇིག་རྟེན་གྲགས་པ་དེ་གསེར་དང་ར་གན་མི་ནོར་བ་ཞིག་ཡིན་པས་གཞུང་དོན་ལ་འཁྱོགས་བཤད་སོགས་ཀྱི་མཚང་རིག་པར་མངོན་ཞིང་། དེའི་འགྲེལ་བ་མེས་པོའི་ཞལ་ལུང་དང་བཅས་པའི་གསོ་རིག་སྐོར་རྣམས་རང་ཉིད་ཀྱི་གསུང་ལས། བྱ་རོག་ལྔ་པར་གྱུར་པ་བཞིན། ཀུན་གྱི་དཔལ་དུ་མ་གྱུར་རོ། །ཞེས་པའི་ཐོག་ཏུ་བབས། རྒན་པོའི་ཁ་ཆེམས་སུ། ཁོ་བོ་རེ་གསུམ་གྱི་ཁར་སླེབ་དུས་དང་། དྲང་སྲོང་ཆེན་པོའི་གནོད་པས་ཉམ་ཐག་པའི་དུས་སུ་བྲིས་ཚུལ་འདུག་པ། དེ་མན་ཁུངས་མའི་ལོ་རྒྱུས་མ་རྙེད་ཀྱང་མ་འགྱངས་པར་དུས་ཀྱི་ཆོས་ཉིད་དུ་འགྱུར་རམ་སྙམ། གཞན་ཡང་བྱ་བ་བཀྲ་ཤིས་དར་རྒྱས་ཀྱིས་བཤད་རྒྱུད་རྐྱང་སེལ་ལ་འགྲེལ་བ་སྨན་གྱི་འཁྲུངས་དཔེ་དང་སྦྱར་བ་སོགས་དང་། གྲུ་སེང་གེའི་མཚན་ཅན་ནམ་དྲང་སྲོང་མཐུ་སྟོབས་རྡོ་རྗེའི་སྨན་དཔྱད་བདུད་རྩིའི་གཏེར། དཔའ་བོ་གཙུག་ལག་གི་སྨན་དཔྱད་ཟིན་བྲིས་སྙིང་པོ་བསྡུས་པ་དང་རྡོ་ཞུན་གསལ་སྒྲོན་སོགས་བྱ་བ་རིང་བསྲེལ་བཤུས་པ་ལྟ་བུ། སྐྱིད་ཤོད་ནའོ་འཚོ་བྱེད་བློ་གྲོས་བརྟན་པའམ་སེམས་དཔའ་ཆེན་པོ་བློ་བཟང་རྒྱ་མཚོས་ཕྱི་རྒྱུད་ལ་དཀའ་འགྲེལ་གསལ་བའི་མེ་ལོང་དང་། ཁོག་འབུབས་དྲང་སྲོང་དགོངས་རྒྱན། དྭགས་པོ་འཚོ་བྱེད་ཀརྨ་ཀུན་ཕན་པས་བྱེ་བ་རིང་བསྲེལ་གྱི་འགྲོལ་ཞལ་ཤེས་བཅས་པ་དང་། མན་ངག་གི་སྐོར་ཟབ་གནད་མཐའ་དག་བསྡུས་པའི་སྙིང་པོ་བདུད་རྩི་གསེར་འཕྲེང་། འབམ་བཅོས་སོགས་མང་བ་རྣམས། དེ་ལྟར་ཟུར་ལུགས་ཀྱི་བརྒྱུད་པ་སྟོན་པ་སྨན་གྱི་བླ། གསུང་པ་པོ་དྲང་སྲོང་རིག་པའི་ཡི་ཤེས། སྡུད་པ་པོ་དྲང་སྲོང་ཡིད་ལས་སྐྱེས། འཚོ་བྱེད་གཞོན་ནུ། དཔལ་མགོན་ཀླུ་སྒྲུབ། དཔལ་ལྡན་དཔའ་བོ། ཁ་ཆེའི་པཎ་ཆེན་ཟླ་བ་མངོན་པར་དགའ་བ། ལོ་ཆེན་བཻ་རོ་ཙ་ན། མངའ་བདག་ཁྲི་སྲོང་ལྡེའུ་བཙན། གཏེར་སྟོན་གྲྭ་པ་མངོན་ཤེས། དབུས་པ་དར་གྲགས། རོག་སྟོན་དཀོན་ཅོག་སྐྱབས། རིགས་བསྡུས་སྨན་པའི་རྒྱལ་པོ་གཡུ་ཐོག་ཡོན་ཏན་མགོན་པོ། སུམ་སྟོན་ཡེ་ཤེས་གཟུངས། འཚོ་བྱེད་གཞོན་ནུ་ཡེ་ཤེས། གཡུ་ཐོག་མཁས་པ་འབུམ་སེང་། གཙང་སྟོན་སངས་རྒྱས་རིན་ཆེན། མཁས་པ་དོན་གྲུབ་རིན་ཆེན། བསྟན་འཛིན་དོན་གྲུབ་རྒྱལ་མཚན། བྲང་ཏི་དཀོན་ཅོག་རྒྱལ་མཚན། བྲང་ཏི་དཔལ་ལྡན་འཚོ་བྱེད་དེ་འདི་ཡན་བྱང་ལུགས་གཏེར་མ་དང་། ཀུན་དགའ་བོ་དང་སློབ་དཔོན་པདྨ་སོགས་འདྲེན་ཚུལ་རྒྱས་བསྡུས་ལས་འདྲ་ཞིང་། དེ་ནས་དགེ་སློང་ཚལ་བ་དབང་གྲགས། མཁས་མཆོག་ཕུན་ཚོགས་བཟང་པོ། ཟུར་མཁར་མཉམ་ཉིད་རྡོ་རྗེ། སྐྱེམ་པ་ཚེ་འབུམ། བྱར་པོ་པཎ་ཆེན། དེའི་དངོས་སློབ་ཀྱི་ཐུ་བོ་ཟླ་བའི་དབང་པོ། ཆུ་ཤུལ་ནའོ་འཚོ་བྱེད་བློ་གྲོས་བརྟན་པའམ་སྐྱིད་ཤོད་པའི་བླ་སྨན་མཛད་ཅིང་བྱང་ཆུབ་ལམ་རིམ་ཐུགས་ཉམས་སུ་བསྟར་རིན་སྡིངས་སུ་བཞུགས་པས་རིན་ཆེན་སྡིངས་པ་སེམས་དཔར་གྲགས་པ་བློ་བཟང་རྒྱ་མཚོ་འདིས་གོང་དུ་བརྗོད་པ་ལྟར་གྱི་བསྟན་བཅོས་ཀྱང་དུ་མ་མཛད། དེ་ནས་སྟོད་ལུང་སྨོན་བྱང་གད་གསུམ་ཞེས་པའི་བྱང་ངོས་པའི་མི་ངོ་སྒར་བས་བཀག་པོར་ཕུད་པ་ལ་བརྟེན། རིན་སྡིངས་སེམས་དཔའ་ཆེན་པོའི་གན་དུ་ཡིད་དབྱུང་གི་གསོ་དཔྱད་ལོ་བདུན་གྱི་རིང་བསླབས། དྭགས་པོ་འཚོ་བྱེད་ཀརྨ་ཀུན་ཕན་དུ་ཡང་གཏུགས་པར་སང་འབྱོན་རྒྱུའི་ནུབ་མོ་གཡུའི་མཆོད་རྟེན་ངོ་མཚར་བ་རྨིས་པས། འཚོ་བྱེད་ཀྱིས་ད་རིང་ཁྱེད་དང་མཇལ་བའི་རྟེན་འབྲེལ་ཡིན་འདུག་པས་སྐྱིད་ཤོད་ལྷ་སའི་ཕྱོགས་སུ་འགྲོ་དོན་རྒྱ་ཆེ་བ་དང་སྨན་དཔྱད་བསྟན་པའི་རྒྱུད་འཛིན་འབྱུང་བར་ལུང་བསྟན། གྲོ་ས་གནས་བརྟན་ལ་སྙིང་ཐུར་མཁལ་ཐུར་མིག་ཐུར་སོགས་ཐུར་མིའི་སྐོར་གྱི་ཕྱག་འཁྲིད་ནོས། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ལ་དགེ་བསྙེན་གྱི་སྡོམ་པ་ཞུས་པའི་མཚན་དྲང་སྲོང་བསྟན་འཛིན་རྒྱལ་པོར་ཐོགས། ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོ་སྐུ་བལྟམས་ཚུལ་གྱི་འཕྲོད་བསྟེན་ཞུས་དུས་སྨན་བླས་རྗེས་སུ་བཟུང་བ་ཡིན་པའི་ལུང་བསྟན་ངོ་མཚར་བ་བྱུང་བར་གྲགས། བྱང་པ་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་ལ་གཡུ་ཐོག་སྙིང་ཐིག་གི་དབང་ལུང་ཆོས་སྐོར་དང་བཅས་པ་གསན་པ་སོགས་གསོ་བ་རིག་པ་ལ་མཁས་ཤིང་གྲུབ་པའི་བདག་ཉིད་ཆེན་པོར་གྱུར་ཅིང་། ཚངས་པ་དུང་ཐོད་ཅན་གྱིས་ཀྱང་བསྔགས་པ་མཛད། གཤེགས་པའི་ཚེས་གྲངས་ཀྱང་གཡུ་ཐོག་པ་དང་དུས་མཚུངས། སུམ་སྟོན་ཡེ་ཤེས་གཟུངས་ཀྱི་སྤྲུལ་པ་ཡིན་པར་ཡང་གྲགས། འདི་ཉིད་ཀྱི་རིགས་སྲས་བྱང་ངོས་ནང་སོ་དར་རྒྱས་དང་གཅང་གཞན་ཕན་དབང་པོ། སློབ་མའི་ཐུ་བོ་གླིང་སྟོད་ཆོས་རྗེ་བློ་བཟང་རྒྱ་མཚོ་སོགས་མང་། བདག་གི་བླ་མ་ལྔ་པ་ཆེན་པོའི་གསན་ཡིག་གངྒཱའི་ཆུ་རྒྱུན་ཀ་བར་རྒྱུད་ཆུང་གསུམ་པོའི་བཤད་པ་ས་དཔྱད་རྡེལ་འགྲེམས་ལག་ལེན་ངོ་སྤྲོད་ཀྱི་དུས་དྲང་སྲོང་བསྟན་འཛིན་རྒྱལ་པོ་ནས་དེ་སྲས་དྲང་སྲོང་དར་རྒྱས། དེའི་གཅུང་མཁས་མཆོག་གཞན་ཕན་དབང་པོ། འདི་མཆེད་གཉིས་ཀྱི་གཅུང་སྐུ་ཚེ་ཐུང་བས་གཞན་ཕན་གྱི་འགྲོ་དོན་རྒྱ་ཆུང་། གཅེན་གྱིས་རྗེ་བླ་མ་ཆེན་པོས་དབུས་མཆོད་ཡོན་གོང་མ་རྣམས་ཀྱི་བླ་སྨན་དང་། ལྷ་དབང་ལྕོག་ཏུ་སློབ་གྲྭའི་གསོ་དཔྱད་ཀྱི་འགྲོ་དོན་རྒྱ་ཆེ་བས་སློབ་མ་རྒྱུད་ཀྱི་རྒྱུགས་སྤྲོད་པ་བྲག་མཇུག་པ་དང་། གཅུང་གི་སྒེར་གཡོག་ལྟ་བུ་ནས་ལྷ་རྗེར་གྱུར་པ་ལྷག་བསམ་མམ་སུམ་དགའ། ཐོག་མ་གསོ་དཔྱད་སློབ་གྲྭའི་ཐོ་བཙུན་གྱི་གྲས་དང་རྗེས་སུ་རྗེ་བླའི་བཀའ་དང་བཅས་བསྐྱར་སློབ་མཛད་པ་དར་མོ་བློ་བཟང་ཆོས་གྲགས་སོགས་མང་བའི་གཅུང་གཞན་ཕན་དབང་པོ་ལས་བཞེས་ཤིང་། མན་རྒྱུད་དང་བཅས་པའི་ལུང་གི་བརྒྱུད་པ་ནི་དྲང་སྲོང་བསྟན་འཛིན་རྒྱལ་པོ་ནས་གླིང་སྟོད་ཆོས་རྗེ་བློ་བཟང་རྒྱ་མཚོ་འདིས་བྱང་བདག་བཀྲ་ཤིས་སྟོབས་རྒྱས་ལ་གཡུ་ཐོག་སྙིང་ཐིག་གསན་ཅིང་ཁོང་རང་ལ་ཟུར་ཆོས་དབྱིངས་རང་གྲོལ་གྱིས་གསན་དུས་ཡེར་བ་སྨན་དྲིས་ཁེངས་པ་དང་། མཚོ་སྨད་མཁན་ཆེན་གྱི་སྐྱེ་བ་ཡིན་པའི་ལུང་བསྟན་བྱུང་བ་གསན་ཡིག་ཏུ་གསལ། དེའི་སྤྲུལ་པའི་སྐུ་འཁྲུལ་མེད་དེང་སང་ཡང་མཁས་བཙུན་བཟང་གསུམ་འཛོམས་པར་བཞུགས་པ་སོགས་ཞིབ་པ་གཞན་དུ་གསལ། གླིང་སྟོད་ཆོས་རྗེ་བློ་བཟང་རྒྱ་མཚོ་ནས་སྔ་འགྱུར་སྙིང་ཏིག་དང་བཅས་གྲུབ་ཐོབ་ཀྱི་རྣམ་ཐར་སྐྱོང་བ་སྨན་སྒོམ་འབྲང་རྒྱས་པ་གར་དབང་། དེས་བི་མ་ལའི་ཡང་སྲིད་རྟོགས་བརྗོད་རྒྱས་པ་རྗེ་བླ་མའི་བཀའ་འབུམ་དུ་བཞུགས་པ་ཁྱབ་བདག་བློ་མཆོག་རྡོ་རྗེ་བརྒྱུད་དེ་ལུང་བཞེས། ལུང་དང་བཤད་པ་ལག་ལེན་མཐའ་དག་གསན་ཡིག་རིན་པོ་ཆེ་དང་ཇི་བཞིན་མཐུན་པ་ཟུར་ལུགས་ཤིག་ཐོབ་ནས་ལུགས་འདིར་ལྷད་འཁྲུལ་ཆད་པ་སོགས་བྱང་ལུགས་ནས་གསོ་འདོད་སྐོམ་པ་ཆུ་འདོད་ལྟར་གྱུར་ཀྱང་། རྗེ་བླ་མ་ཉིད་ལ་གཡུ་ཐོག་སྙིང་ཏིག་དང་བདུད་རྩི་བུམ་པའི་སྐོར་ལས་སྐུ་ན་སྨིན་པ་དང་སྤྱན་མི་གསལ་བ་སོགས་གནས་དུས་དུ་མའི་སྒོ་ནས་རྒྱུད་བཞིའི་ལྗགས་ལུང་ཞུས་པའང་བསོད་ནམས་ཀྱི་སྐལ་བར་མ་ཤོམ། འོན་ཀྱང་གསན་ཡིག་དང་མཐུན་གཤིས་ལུང་བརྒྱུད་ཟུར་ལུགས་འདི་ཉིད་ཞུས་པའི་བརྒྱུད་པའི་གཤམ་གསན་ཡིག་རིན་པོ་ཆེ་དང་ཅུང་ཟད་མི་འདྲ་བ། རྗེ་མཉམ་ཉིད་རྡོ་རྗེ་ནས། སྒེར་རིགས་བཀྲ་ཤིས་དབང་ཕྱུགབསོད་ནམས་བཟང་པོ། རྫོགས་ཆེན་པ་བསོད་ནམས་རིན་ཆེན། འཕྲིན་ལས་དོན་ཡོད། སྙིང་ཕུ་བ་རིག་འཛིན་སྙིང་པོ། གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ། རིག་འཛིན་འཕྲིན་ལས་ལྷུན་གྲུབ། བཻ་རོའི་ཡང་སྲིད་ཁྱབ་བདག་འགྱུར་མེད་རྡོ་རྗེའི་བར་རོ། །གཞན་ཡང་སྟོད་ལུགས་ཀྱི་ཡ་གྱལ་གོང་ཁ་བ་ཆོས་ཀྱི་རྡོ་རྗེ་ནས་གསོ་བ་རིག་པ་མཛད་ཀྱང་། བྲང་ཏིའི་པོད་དམར་དུ་གྲགས་པ་ལས། བྲང་ཏི་ཆོས་རྒྱལ་བཀྲ་ཤིས་ངས། །ས་སྐྱའི་ཉིས་ཐོག་སྨན་གྲོང་དུ། །སྣོད་ལྡན་དཀོན་ཅོག་བདེ་ལེགས་ལ། །ཞེས་བྱུང་བས་འདི་ནས་བྲང་ཏིའི་རྗེས་སུ་ཞུགས་ནས་མཁས་པའི་གོ་སར་སླེབ་སྟེ་གོང་སྨན་པར་གྲགས་པའི་ལུགས་ལ། དཀོན་ཅོག་བདེ་ལེགས་ཀྱིས་གངས་རིའི་ལྗོངས་ན་གྲགས་པའི་གསོ་རིག་གི་ཡིག་ཆ་ཕལ་མོ་ཆེ་ལ་གཟིགས་ཤིང་། རྒྱ་བོད་ཀྱི་མཁས་པ་དུ་མའི་སྙན་བརྒྱུད་གབ་པ་རྣམས་ཀྱང་ཁོལ་དུ་བཏོན་ནས་རང་དང་གཞན་རྣམས་ལ་ཕན་པའི་ཆེད་དུ། རྩོམ་པ་ཁྲིགས་སུ་བསྡེབས་པར་མཛད་པ་ནི། མན་ངག་པོ་ཏི་དམར་པོ། པོད་ནག པོད་ཁྲ། ཕྱི་རྒྱུད་ལ་བཀའ་འགྲེལ་གནས་ཐམས་ཅད་གསལ་བའི་སྒྲོན་མེ་དང་བརྒྱུད་པའི་རྣམ་ཐར་སྨན་མིང་བརྡ་སྤྲོད། རྒྱུད་ཀྱི་དཀའ་འཕྲེང་འགྲོལ་བའི་ཤོག་སེར་ཏེ་པོད་བདུན་དང་། རྩ་ཆུའི་གནད་འགྲོལ་ཞལ་གྱི་གདམས་པ་དམར་འབྱིན། སྔོའི་འཁྲུངས་དཔེ་དོན་སྡུས། རོ་ནུས་ཀྱི་སྡེབ་སྦྱོར་སོགས་ཕྲན་བུ་བསྡུས་པ། ཁྱད་པར་རྒྱུད་ལ་མཆན་ཤིན་ཏུ་རྒྱས་པ་དག་འདེབས་པར་མཛད་པ་ལ་རྒྱུད་ཆེན་ཁྲ་མོ་བེའུ་བུམ་སེང་ལྡེང་མར་གྲགས་པ་སློབ་དཔོན་བསྟེན་མི་དགོས་པར་བལྟས་པ་ཙམ་གྱིས་གྲོལ་བར་བཞེད་པ་རྣམས་མཛད། གོང་སྨན་དཀོན་ཅོག་འཕན་དར་གྱིས་དྲང་སྲོང་བརྒྱད་པའི་གསོལ་འདེབས་རྫོགས་ལྡན་མ། སྨན་གྱི་བྱིན་འབེབས་རབ་གནས་ཀྱི་ཆོ་ག  སྨན་གྱི་ལྷ་མོའི་སྒྲུབ་སྐོར། དངུལ་ཆུ་གྲུབ་པའི་བསྟན་བཅོས་སྨན་ནག་ཆེན་མོའི་སྦྱོར་བ་རྒྱས་འབྲིང་བསྡུས་གསུམ་གྱི་དཀར་ཆགརྩ་རྒྱུད་ཀྱི་འགྲེལ་བ་མེ་ལོང་མཐོང་གསལ། མན་ངག་གི་སྐོར་ལ་གསོ་རིག་དགོས་འདོད་འབྱུང་བ་ནོར་བུའི་འཕྲེང་བ་ཞེས་བྱ་བ་མན་ངག་རྟེན་འབྲེལ་གྱི་སྐོར་མ་ཚང་བ་མེད་པའི་ཤིན་ཏུ་རྒྱས་པ་པོད་གསུམ་དུ་ལོངས་པ་ཞིག་དང་། དེ་ལས་བསྡུས་པ་དགོངས་པ་དོན་འདུས། དེ་ལས་ཀྱང་བསྡུས་པ་དགོས་པ་ཀུན་བསྡུས། དེ་དག་གི་དགོངས་དོན་སྙིང་པོར་དྲིལ་བ་ལ་ཉམས་ཡིག་བརྒྱ་རྩར་གྲགས་པ་རྣམས་མཛད། གོང་སྨན་དཀོན་ཅོག་འཕན་དར་ལ་སློབ་མ་ཀ་བཞི་གདུང་བརྒྱུད་དུ་གྲགས་པ་ལས། ཀ་བ་ལྟ་བུ་བཞི་ནི་སྟོད་དུ་མཁས་པ་མངའ་རིས་འ་པ་བདེ་ཆེན། སྨད་དུ་མཁས་པ་གོང་དཀར་གསེར་ཏོག་པ། བར་དུ་མཁས་པ་ཟུར་ཚེའི་དྲང་སྲོང་ལྷ་ཤུག་པ། སྙན་པ་དང་ལྡན་པ་ཚྭ་རོང་ཆོས་རྗེ་དང་བཞི། གདུང་བརྒྱད་ནི་མང་མཁར་བདེ་གླིང་བ་ཉི་མ་གྲགས། བསམ་གཏན་དཔལ་བཟང་། ཐང་རིངས་པ་ནམ་མཁའ་བཀྲ་ཤིས། དབོན་པོ་ཀུན་དགའ་བཀྲིས། མངའ་རིས་ཤག་པ་དོན་གྲུབ་རྒྱལ། དཔལ་ལྡན་ལེགས་པ། བློ་གྲོས་འཕགས་པ། བསམ་གྲུབ་བཟང་པོ་རྣམས། དེའི་ནང་ནས་ཚྭ་རོང་ཆོས་རྗེ་དཔལ་ལྡན་རྒྱལ་མཚན་གྱིས་གསོ་རིག་གི་སྤྱི་དོན་ནམ། བཤད་པའི་སྲོལ་འབྱེད་མུན་སེལ་སྒྲོན་མེ་ལ་སོགས་ཚྭ་རོང་བའི་སྙན་བརྒྱུད་བེའུ་བུམ་དུ་གྲགས་པ་དང་། དེའི་དབོན་པོ་ནམ་མཁའ་བདེ་ལེགས་ཀྱིས་རྒྱུད་བཞིའི་སྤྱི་དོན་ལེགས་བཤད་སྣང་བ། རྩ་མདོའི་ས་དཔྱད་བསྡུས་དོན། ཕྱི་རྒྱུད་ཀྱི་ནད་དང་གཉེན་པོ་གསོ་ཐབས་གསུམ་གྱི་དབྱེ་བསྡུ། མན་ངག་ཐོར་བུ་སྣ་ཚོགས་པའི་སྐོར་བདུད་རྩི་འཕྲེང་བ། གཅོང་སྡེ་བཞིའི་ངོས་འཛིན་མཛུབ་ཚུགས་མ་དང་། དེའི་བཅོས་ཐབས་རྡོ་རྗེ་ཕ་ལམ་ལ་སོགས་པ་མཛད། དེའི་སྲས་དྲང་སྲོང་ཚེ་དབང་རིག་འཛིན་གྱི་སྐབས་སྡེ་བ་ལྷུན་པོ་རྩེ་བས་སྤོར་ཁ་བ་སྟོད་ལུགས་ཀྱི་ལག་ལེན་སློབ་པ་དང་། ཚྭ་རོང་བ་ཚེ་དབང་རིག་འཛིན་བྱར་པོ་པཎ་ཆེན་གྱི་སར་སྨད་ལུགས་སློབ་པར་བརྫངས་ནས་སྨད་ལུགས་སུ་འགྱུར། འདིས་གསོ་དཔྱད་ལ་ཟུར་མཁར་བའི་ཆོས་འབྱུང་ཇི་ལྟ་བའི་སྟེང་སྨད་དུ་བསྣན་ཁ་དང་བཅས་བསྐལ་བཟང་བགྲོད་པའི་མྱུར་ལམ་མཛད་ནས་ཁོང་རང་གི་བརྒྱུད་པ་ཚེ་དབང་རྣམ་རྒྱལ་གྱི་བར་ལྷུན་རྩེ་དང་གཙང་བ་རྣམས་ཀྱི་བླ་སྨན་གྱི་རྒྱུན་བཟུང་སྟེ་སློབ་གྲྭའང་བསྐྱངས། བསྟན་འཛིན་ཆོས་ཀྱི་རྒྱལ་པོའི་མཚན་དོན་རྒྱུག་པར་ཉེ་ནས་སློབ་གྲྭ་རྣམས་ཆད་ནའང་། སླར་གོང་མ་ལྔ་པའི་ཆོས་སྲིད་གདུགས་དཀར་གྱིས་ཁྱབ་ནས་སློབ་གྲྭ་མུ་མཐུད་ཀྱི་བདག་རྐྱེན་དང་། རྗེས་སུ་དེའི་བུ་ཚེ་བརྟན་རྡོ་རྗེས་རྒྱུད་གྲྭ་ཐང་མའི་ཚིག་རྒྱུགས་ཕུལ་ཅིང་བཅའ་ཡིག་བཀའ་རྩོམ་དང་བཅས་པའི་བདག་རྐྱེན་ཇེ་མཐོ་གནང་བ་དང་། ཁོ་བོ་ཅག་གིས་ཀྱང་ལྕགས་སྤྲེལ་ལོ་འབྲས་སྤུངས་སུ་ཆིབས་བསྒྱུར་དུས་འབེལ་གཏམ་ལན་ཅིག་བགྱིད་བཅུག་པ་ཁོང་རང་ཆང་གི་ཆོས་འབྱུང་ནས་བྱས་སོང་ཞིང་། གནང་རིགས་ཀྱི་སྨན་པའི་བཟོས་ཙམ་བགྱིས་ནའང་། རྒྱུད་ཚིག་རྒྱུགས་དང་ཁོང་རང་གི་ཆོས་འབྱུང་ཙམ་ལས་གསོ་དཔྱད་ལ་གཞིགས་པ་འཆུག་པ་ཞིག་མི་འདུག་རུང་ལར་བབས་ཕེར་ཡོང་འཛོམ་པ་འདུག་པ་བཅས་མིག་རྒྱང་གང་ཆེའི་ཞལ་ཆེ་བ་སོགས་བྱས་ཤིང་སློབ་གྲྭའི་མུ་ཡང་སྐྱོང་བཞིན་དུ་ཡོད་ཀྱང་དུས་ལས་འདས། སློབ་གྲྭ་རྣམས་ལ་དཔེ་འཛིན་ལས་ངོ་སྤྲོད་བཤད་པ་སོགས་བྱེད་མི་མེད་ཁར་དཔེ་འཛིན་དེ་ག་ཡང་བྱེད་དུ་མུ་འཇུག་པའི་སྒོར་ལས་སོགས་སྣ་ཚོགས་ལ་བརྟེན་རྫོང་སྡོད་ཕུག་པ་ཚངས་བྱིན་གྱི་དུས་ནས་སློབ་གྲྭའི་ས་དཔྱད་དེ་ཡང་དོར་བར་སྣང་། གཞན་ཡང་གོང་སྨན་པའི་ལུགས་ལ་གསལ་བ་སྒང་པ་དཔལ་མགོན་ལྷུན་གྲུབ་ཀྱིས་གསོ་རིག་གི་སྤྱོ་དོན་ལེགས་བཤད་ཕྲེང་བ། དུས་བཞིའི་ངོས་འཛིན་ལ་འཁྲུལ་བ་སྤོང་ཐབས། དྲུང་འཚོ་དབང་ལྡན་པས་ཉི་ཟླ་གཟའ་འཛིན། ཉི་མ་ལྡོག་མཉམ་སོགས་རྩ་ལ་ཐིངས་ཚུལ་སྨྲ་བ་ལ་དྲི་བ་ལེགས་བཤད་འཚོལ་བའི་ཕོ་ཉ་རིག་པའི་ལྕགས་ཀྱུ། ཕྱག་རྡོར་མགོན་པོས་མིའི་ཉི་མའི་གཅེས་བསྡུས་ལས་མིང་ཡང་ཇི་བཞིན་དུ་བྲིས་པ་རིན་ཆེན་འཕྲེང་བ་དང་ཕྱི་རྒྱུད་ཀྱི་ས་བཅད་མཛད། སྡེ་བ་རོང་ཚོ་བས་ལྟ་ན་སྡུག་གི་ངོས་འཛིན་རྒྱུད་པའི་ལོ་རྒྱུས་སོགས་ལ་དྲིས་པའི་ལན་རིག་པའི་འཁོར་ལོ། མན་ངག་ཟབ་བསྡུས་བདུད་རྩི་ཐིགས་འཕྲེང་སོགས་མང་དུ་མཛད། འབྲུག་པ་སྤྲུལ་བའི་སྐུ་པདྨ་དཀར་པོས་རྒྱུད་བཞིའི་རྣམ་བཞག་ལ་ཕན་པའི་གཏེར་དང་། དུག་བཅོས་ལེ་ཚན། ཞྭ་དམར་བ་དྲུག་པས་གསོ་རིག་གི་བསྟན་བཅོས་འཆི་བ་མེད་པའི་བདུད་རྩི། དཔའ་བོ་གཙུག་ལག་འཕྲེང་བས་སྨན་གྱི་ཆོས་འབྱུང་དང་འབམ་བཅོས། སོག་བཟློག་པས་རྒྱུད་བཞིའི་བཀའ་སྒྲུབ་ངེས་དོན་སྙིང་པོ་ལ་སོགས་ཏེ་མདོར་ན་སྤྱིར་གྲགས་ཆེ་བ་སྟོད་ལུགས་སྨད་ལུགས་ཞེས་གཉིས་ལས་སྟོད་པ་ལ་བྱང་པ། ཕྱོགས་མཚུངས་གོང་སྨན་པ་དང་། ལྷོ་ལུགས་སོགས་དང་། སྨད་པ་ལ་ཟུར་མཁར་ཁུ་དབོན། དེ་དང་ཕྱོགས་མཚུངས་བྱར་པོ་པཎ་ཆེན་དང་སྐྱེམ་པ་སོགས་ཐ་དད་དུ་གྱུར་པའི་གངས་ཅན་གྱི་ལྗོངས་འདིར་གསོ་དཔྱད་ཀྱི་ལུགས་འཛིན་དང་ཡིག་ཆའང་ཇི་སྙེད་ཅིག་མཆིས་པ་མཐའ་དག་བརྗོད་ཀྱི་མི་ལང་ངོ་། །

 

མཐའ་མའི་འདོན་ཐེངས་།: 28.01.2022 ཉིན། 4:55 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།