སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

ཟི་ན་ངག་དབང་ཚུལ་ཁྲིམས་དར་རྒྱས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 21.08.2017
གསོ་རིག་མཁས་དབང་རིམ་བྱོན། >>


ཟི་ན་ངག་དབང་ཚུལ་ཁྲིམས་དར་རྒྱས།

- བྱམས་པ་འཕྲིན་ལས།
 

            ཟི་ན་ངག་དབང་ཚུལ་ཁྲིམས་དར་རྒྱས་(1)ཞེས་པ་ནི། བྱ་ཁྱུང་དགོན་དུ་སྨན་པ་གྲྭ་ཚང་ཕྱག་འདེབས་མཁན་དེ་ཡིན། རབ་བྱུང་བཅུ་གསུམ་པའི་དམར་སེར་ཅན་ཞེས་པ་མེ་སྦྲུལ་ (སྤྱི་ལོ་1797) ལོ་སྐུ་ཕྲེང་གོང་མའི་མཛད་རྗེས་ལྟར་བྲག་བྱ་ཁྱུང་དགོན་གྱི་ཁྲིར་བཞུགས་ཤིང་། གོང་གསལ་ལོ་དེར་སྨན་པ་གྲྭ་ཚང་གསར་འཛུགས་མཛད། སྨན་པ་གྲྭ་ཚང་གི་བླ་མ་དངོས་བདེ་ཡང་ཞབས་དྲུང་བཞུགས། དེ་རྗེས་སྐ་ཕུག་མཁན་པོ་ཨེརྟ་ནི་རི་ཐུ་བཞུགས། སྐ་ཕུག་མཁན་པོ་ཁྲི་འདོན་སྐབས་རྒྱུད་པ་བླ་མ་ལྷ་རམས་པ་ངག་དབང་བསོད་ནམས་ཀྱིས་དུས་འཁོར་རྩ་རྒྱུད་ཀྱི་དབུ་ནས་གནང་ན་རྟེན་འབྲེལ་འདུག་ཞུས་པར་བརྟེན་ཆོས་ཐུན་གཅིག་གནང་། ཆོས་རྗེ་དར་རྒྱས་རྒྱ་མཚོས་རྒྱ་ནག་ནས་མཚམས་སྦྱར་ཏེ་དུས་འཁོར་གྲྭ་ཚང་འཛུགས་དགོས་ཞུས་པར་ཟུར་དུ་མི་དགོས་གསུངས་ནས་སྨན་གྲྭ་བསྒྱུར་ཏེ། ཕྱི་ལོ་ནག་ཟླའི་དུས་ཆེན་ལ་དུས་འཁོར་བཙུགས། དེ་ནས་བཟུང་ལུགས་རྙིང་ཟླ་བ་དྲུག་པའི་ནང་སྨན་བླའི་སྒྲུབ་མཆོད་ཕྱག་ལེན་དངོས་གཙང་འཛུགས་གནང་མཛད་པ་ད་ལྟའི་བར་དུ་མི་ཉམས་ཡར་ལྡན་དུ་གནས། ཕྱིས་སུ་སྨན་པ་གྲྭ་ཚང་དང་། དུས་འཁོར་གྲྭ་ཚང་གཉིས་ལྷན་ཚོགས་བྱས་ཏེ་རིགས་ལྡན་གཞན་ཕན་གླིང་ཞེས་མཚན་གསོལ་བ་རེད། ལོ་རྒྱུས་ཞིབ་རྒྱས་ད་ལྟ་རྙེད་པར་དཀའ། དེའི་རྒྱུ་མཚན་སྔོན་ཆད་ཐུའུ་ཀྭན་ཆོས་ཀྱི་ཉི་མ་བྱ་ཁྱུང་གི་ཁྲིར་བཞུགས་དུས་ཁོང་གི་བཀའ་ལུང་བབས་པ་ལྟར་རྩ་པ་ཆུང་བ་ངག་དབང་དགེ་ལེགས་རིན་པོ་ཆེ་ཁྲིར་བཞུགས་དུས་གསུང་རྩོམ་གནང་བ་བྱ་ཁྱུང་གདན་རབས་བསྡུས་ཙམ་ཤོག་གྲངས་སུམ་ཅུ་བཞི་བཅུ་ཙམ་ཞིག་དང་། དེ་རྗེས་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་བྱ་ཁྱུང་དུ་ཞབས་ཀྱིས་བཅགས་པའི་སྐབས། གདན་སའི་ཁྲི་ལས་ཐོག་པ་བྱ་སང་མཁན་པོ་དགེ་འདུན་བསྟན་པ་ཡར་འཕེལ་ཞེས་པ་དེ་ཉིད་ཀྱི་གསུང་པོད་ནང་བྱ་ཁྱུང་གདན་རབས་ཤོག་གྲངས་བརྒྱ་ཙམ་བྱས་པ་འབྲིང་པོ་ཞིག་ཡོད། ཉེ་རབས་སུ་མཁས་དབང་ཚེ་རྟན་ཞབས་དྲུང་རིན་པོ་ཆེས་མཛད་པའི་བྱ་ཁྱུང་གདན་རབས་རྒྱས་པ་རྣམས་སུ་ཞིབ་རྒྱས་གསལ་བ་ལགས་ནའང་། ད་ལྟ་དཔེ་རྒྱུན་ཐམས་ཅད་འཇིག་སོང་བས་རྙེད་པའི་ཡུལ་ལས་འདས།
 

            དེ་མིན་སྔོན་ཆད་དགེ་རྒན་བློ་གྲོས་རྒྱ་མཚོས་རིགས་ཀྱི་ཅོད་པན་དུ་བཞེས་པ་བྱ་ཁྱུང་མཁན་ཟུར་རྟ་གདོང་བློ་བཟང་ཆོས་དབྱངས་རིན་པོ་ཆེ་ལ་རྒྱལ་མེ་ཏོག་ཐང་གི་མཁན་པོ་སྤྲུལ་པའི་སྐུ་བློ་བཟང་ཚངས་དབྱངས་ཕྱོགས་ལས་རྣམ་རྒྱལ་གྱིས་རྩོམ་བསྐུལ་ཞུས་ནས་གནང་བའི་བྱ་ཁྱུང་དགོན་ཆོས་རྗེ་དོན་རིན་པོ་ཆེ་ནས་ཕྱག་འདེབས་མཛད་ཚུལ་གྱི་རྣམ་ཐར་ཞིག་མཆིས་ཀྱང་། ཕྱིས་ཀྱི་གདན་རབས་སོགས་ལོ་རྒྱུས་གསལ་པོ་མི་བཞུགས་པས་རེ་ཞིག་དེ་ཙམ་མོ་ཞེས་མཁས་དབང་སྐལ་བཟང་རྒྱ་མཚོས་གསུངས།།
 

མཆནབུ།

(1) ཟི་ན་ངག་དབང་ཚུལ་ཁྲིམས་དར་རྒྱས་མཁན་པོར་བཞུགས་ཐོག་རབ་བྱུང་བཅུ་གསུམ་པའི་མེ་སྦྲུལ་ (སྤྱི་ལོ་1797) ལོར་བྱ་ཁྱུང་དགོན་དུ་སྨན་པ་གྲྭ་ཚང་བཙུགས། བླ་མ་བདེ་ཡང་ཞབས་དྲུང་བློ་བཟང་ནོར་བུ་ཞབས་སོར་འཁོད། སྐ་ཕུག་ཞབས་དྲུང་བློ་བཟང་དོན་གྲུབ་དུས་སྦྱིན་བདག་ཞུས་ཏེ་དུས་འཁོར་གྲྭ་ཚང་དུ་མིང་བསྒྱུར། དེ་ནས་རིམ་པར་མདོ་ལི་དགེ་བཤེས་གྲགས་པ་རྒྱལ་མཚན་སོགས་མཁན་པོ་རིམ་བརྒྱུད་བྱུང་བ་ཡིན་ནོ།།
 

- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་འདོན་ཞུས།


 

 

མཐའ་མའི་འདོན་ཐེངས་།: 21.08.2017 ཉིན། 2:53 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།