ཞབས་ལོ་༣༠/༢༠ འཁོར་བ་རྣམས་ཀྱི་ངོ་སྤྲོད། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.03.2018 |
ཞབས་ལོ་༣༠/༢༠ འཁོར་བ་རྣམས་ཀྱི་ངོ་སྤྲོད།
ད་ལོ་ཞབས་ལོ་ ༣༠ ཧྲིལ་པོ་འཁོར་བའི་ལས་བྱེད་དྲུག
སྒྲོལ་མ་བདེ་མཚོ་ལགས། (ལྡི་ལི་བོད་སྒར་ཡན་ལག་སྨན་རྩིས་ལས་སྣེ་བ།)
སྨན་རྩིས་ལས་སྣེ་བ་སྒྲོལ་མ་བདེ་མཚོ་ལགས་ཕྱི་ལོ་ ༡༩༨༥ ཟླ་ ༠༧ ཚེས་ ༠༡ ཉིན་སྨན་རྩིས་ཁང་དུ་འཛུལ་ཞུགས་བྱས་ཏེ་ཐོག་མར་ལྡི་ལི་ཡན་ལག་སྨན་ཁང་གི་སྨན་སྤྲོད་དང་། དེ་རྗེས་ལྡི་ལི་ནི་ཛམ་མུདིན་ཡན་ལག་སྨན་ཁང་གི་སྨན་པ་སྐུ་བགྲེས་པའི་སྐད་སྒྱུར་གྱི་ལས་འཁུར་ཞུས། ཕྱི་ལོ་ ༡༩༩༤ ཟླ་ ༠༩ ཚེས་ ༠༡ ནས་ལྡི་ལི་ནི་ཛམ་མུདིན་ཡན་ལག་སྨན་ཁང་གི་སྣེ་ལེན་མའི་ལས་འགན་བསྩལ། ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༡ ཉིན་ལྡི་ལི་བོད་སྒར་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་བའི་ལས་འགན་དུ་གནས་སྤོས་བསྩལ་བ་བཅས་ད་བར་མི་ལོ་ ༣༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།
བསོད་ནམས་སྒྲོལ་དཀར་ལགས། (ལ་དྭགས་ཅོག་ལམ་སར་ཡན་ལག་སྨན་ཁང་གི་ཁང་གད།)
བསོད་ནམས་སྒྲོལ་དཀར་ལགས་ཕྱི་ལོ་ ༡༩༨༧ ཟླ་ ༠༧ ཚེས་ ༠༡ ཉིན་སྨན་རྩིས་ཁང་དུ་འཛུལ་ཞུགས་བྱས་ཏེ་ཐོག་མར་ཨག་གླིང་ཡན་ལག་སྨན་ཁང་གི་མ་བྱན་དང་ཁང་སྲུང་གི་ལས་འགན་གཅིག་ལྩོགས་ཞུས། ཕྱི་ལོ་ ༡༩༩༦ ལོ་ནས་ཅོག་ལམ་སར་ཡན་ལག་སྨན་ཁང་གི་མ་བྱན་དང་ཨར་ལས་བལྟ་རྟོགས་ཀྱི་ལས་འགན་ཞུས། ཕྱི་ལོ་ ༢༠༠༠ ཟླ་ ༡༠ ཚེས་ ༠༡ ཉིན་ལ་དྭགས་སུ་སྨན་རྩིས་ཁང་གི་རིག་གཞུང་བསྟི་གནས་ཁང་གི་ཁང་གད་དང་ཡིག་སྐྱེལ་གྱི་ལས་འགན་དུ་གནས་སྤོས་བསྩལ། སྐབས་དེར་སྨན་རྩ་མཁོ་སྒྲུབ་ཀྱི་ལས་འགན་ཡང་ཞུས་ཡོད། ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༠༡ ཉིན་ཅོག་ལམ་སར་ཡན་ལག་སྨན་ཁང་གི་ཁང་གད་ཡིག་སྐྱེལ་གཅིག་ལྕོགས་ཀྱི་ལས་འགན་དུ་གནས་སྤོས་བསྩལ་བ་བཅས་ད་བར་མི་ལོ་ཧྲིལ་པོ་ ༣༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།
ཚེ་བརྟན་ཆོས་སྐྱིད་ལགས། (ཀ་སྦུག་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་བ།)
ཚེ་བརྟན་ཆོས་སྐྱིད་ལགས་ཕྱི་ལོ་ ༡༩༨༧ ཟླ་ ༡༢ ཚེས་ ༠༡ ཉིན་སྨན་རྩིས་ཁང་དུ་འཛུལ་ཞུགས་བྱས་ཏེ་ཀ་སྦུག་ཡན་ལག་སྨན་ཁང་གི་སྨན་སྤྲོད་རྩིས་པ་གཅིག་ལྩོགས་ཀྱི་ལས་འགན་ཞུས། ད་ལྟའི་འཆར་སྨན་རྩིས་ལས་སྣེ་གང་རུང་གི་ལས་འཁུར་གནས་མུས་སུ་ཡོད་པ་བཅས་ད་བར་མི་ལོ་ ༣༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།
སྨན་རམས་པ་ཐུབ་བསྟན་རྒྱལ་མཚན་ལགས། (མོན་གྷོ་གཞིས་གྲོང་ ༦ ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པ།)
མོན་གྷོ་གཞིས་གྲོང་དྲུག་པའི་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་རམས་པ་ཐུབ་བསྟན་རྒྱལ་མཚན་ལགས་སྐབས་ལྔ་པའི་སྨན་སློབ་ཁོངས་སུ་གསོ་རིག་རྒྱུད་གཞུང་མན་ངག་ལ་བསླབ་པ་མཐར་སོན་ཏེ་ ༡༩༨༨ ཟླ་ ༠༣ ཚེས་ ༡ ནས་ཐོག་མར་ཀོ་ལི་གྷལ་ཡན་ལག་སྨན་ཁང་གི་སྨན་པ་དང་། དེ་ནས་སྦེལ་སྐོབ་ཡན་ལག་སྨན་ཁང་གི་སྨན་པའི་ལས་འཁུར་ཞུས། ཕྱི་ལོ་ ༡༩༩༥ ཟླ་ ༡༡ ཚེས་ ༠༡ ནས་མོན་གྷོ་ཡན་ལག་སྨན་ཁང་གི་སྨན་པ་དང་། ཕྱི་ལོ་ ༡༩༩༩ ཟླ་ ༠༥ ཚེས་ ༡༥ ནས་མོན་གྷོ་གཞིས་གྲོང་དྲུག་པའི་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པར་བསྐོ་བཞག་བསྩལ། རང་ཉིད་ནས་བོད་ཀྱི་གསོ་རིག་མན་ངག་ལ་སྦྱང་བརྩོན་དང་ལག་ལེན་མི་ཉམས་རྒྱུད་འཛིན་ཞུས་པའི་འབྲས་བུར་ཕྱི་ལོ་ ༡༩༩༩ ཟླ་ ༠༤ ཚེས་ ༠༡ ནས་སྨན་རམས་པ་ཆུང་བར་གནས་སྤར་བསྩལ་བ་དང་། སྨན་རྩིས་ཁང་གི་སློབ་ཐོན་སྨན་པ་མི་ཉུང་བར་ཉམས་གསོག་སློབ་ཁྲིད་གནང་སྟེ་ད་བར་མི་ལོ་ཧྲིལ་པོ་ ༣༠ རིང་སྨན་རྩིས་ཁང་དུ་གསོ་རིག་བསྟན་པའི་ཞབས་འདེགས་བསྒྲུབས་ཡོད།
སྨན་རམས་པ་སྐྱིད་འཛོམས་ལགས། (མོན་གྷོ་གཞིས་གྲོང་ ༣ ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པ།)
མོན་གྷོ་སྨན་རྩིས་ཁང་གི་འགན་འཛིན་སྨན་རམས་པ་སྐྱིད་འཛོམས་ལགས་སྐབས་ལྔ་པའི་སྨན་སློབ་ཁོངས་སུ་གསོ་རིག་རྒྱུད་གཞུང་མན་ངག་ལ་བསླབ་པ་མཐར་སོན་ཏེ་ཕྱི་ལོ་ ༡༩༨༨ ཟླ་ ༠༣ ཚེས་ ༠༡ ནས་ཧོན་སུར་སྨན་རྩིས་ཡན་ལག་སྨན་པའི་ལས་འཁུར་ཞུས། ཕྱི་ལོ་ ༡༩༩༣ ཟླ་ ༠༤ ཚེས་ ༢༠ ཉིན་མོན་གྷོ་ཡན་ལག་སྨན་ཁང་གི་སྨན་པར་བསྐོ་བཞག་ཐོག་གནས་སྤོས་བསྩལ། ཕྱི་ལོ་ ༢༠༠༠ ཟླ་ ༡༢ ཚེས་ ༠༡ ཉིན་སྦེལ་སྐོབ་ཡན་ལག་ཏུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༠༣ ཟླ་ ༠༥ ཚེས་ ༠༡ ཉིན་ཀོ་ལི་གྷལ་ཡན་ལག་སྨན་པ་འགན་འཛིན་གྱིས་ལས་གནས་སུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༠༥ ཟླ་ ༠༤ ཚེས་ ༡༠ ཉིན་མོན་གྷོ་གཞིས་གྲོང་གསུམ་པའི་ཡན་ལག་སྨན་པ་འགན་འཛིན་དུ་གནས་སྤོས་བསྩལ། རང་ཉིད་ནས་བོད་ཀྱི་གསོ་རིག་མན་ངག་ལ་སྦྱང་བརྩོན་དང་ལག་ལེན་མི་ཉམས་རྒྱུད་འཛིན་ཞུས་པའི་འབྲས་བུར་ཕྱི་ལོ་ ༡༩༩༩ ཟླ་ ༠༤ ཚེས་ ༠༡ ནས་སྨན་རམས་པ་ཆུང་བར་གནས་སྤར་བསྩལ། ལས་ཡུན་རིང་སྨན་རྩིས་ཁང་གི་སློབ་མ་མི་ཉུང་བར་ཉམས་གསོག་སློབ་ཁྲིད་གནང་བ་བཅས་ད་བར་མི་ལོ་ ༣༠ རིང་སྨན་རྩིས་ཁང་དུ་གསོ་རིག་བསྟན་པའི་ཞབས་འདེགས་བསྒྲུབས་ཡོད།
སྨན་རམས་པ་ཡེ་ཤེས་རྡོ་རྗེ་ལགས། (དྷ་སྟེང་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པ།)
སྨན་པ་ཡེ་ཤེས་རྡོ་རྗེ་ལགས་སྐབས་ལྔ་པའི་སྨན་སློབ་ཁོངས་སུ་གསོ་རིག་རྒྱུད་གཞུང་མན་ངག་ལ་བསླབ་པ་མཐར་སོན་ཏེ་ཕྱི་ལོ་ ༡༩༨༨ ཟླ་ ༠༣ ཚེས་ ༠༡ ཉིན་བྷན་རྡ་ར་ Bhandara ཡན་ལག་སྨན་ཁང་གསར་པའི་སྨན་པ་འགན་འཛིན་གྱི་ལས་འཁུར་ཞུས། སྐབས་དེར་ཡུལ་ལུང་གནས་སྟངས་གང་ཅིར་དཀའ་ངལ་ཆེ་ཡང་དཀའ་ངལ་ལ་གདོང་ལེན་གྱིས་ས་གནས་བོད་མི་ཙམ་མ་ཟད་རྒྱ་གར་རྒྱལ་ས་དང་། གྲོང་གསེབ་ཁག་གི་ནད་པར་སྨན་བཅོས་ཞབས་ཞུ་གནང་། ས་གནས་ཀྱི་གནས་སྟངས་དཀའ་ངལ་གཞིགས་ཏེ་སྨན་ཁང་དང་ལས་ཤག་གསར་རྒྱག་ཆེད་རོགས་དངུལ་ཐབས་འཚོལ་བྱས་ཏེ་ཡན་ལག་སྨན་ཁང་དང་ལས་ཤག་གསར་རྒྱག་ཞུས། ཕྱི་ལོ་ ༡༩༩༣ ཟླ་ ༠༤ ཚེས་ ༢༦ ཉིན་མོན་གྷོ་གཞིས་གྲོང་ ༣ པའི་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པའི་ལས་འགན་དུ་གནས་སྤོས་བསྩལ། དེ་སྐབས་ཀྱང་ས་གནས་བོད་རིགས་ཙམ་མ་ཟད་ཉེ་འདབས་ཀྱི་རྒྱལ་ས་དང་གྲོང་གསེབ་ཁག་ནས་རྒྱ་གར་ནད་པ་མང་པོར་སྨན་བཅོས་ཞབས་ཞུ་གནང་བ་དང་། ཡན་ལག་སྨན་ཁང་གསར་རྒྱག་གི་རོགས་དངུལ་ཐབས་འཚོལ་ཡང་ཞུས། ཕྱི་ལོ་ ༢༠༠༡ ཟླ་ ༠༣ ཚེས་ ༡༨ ཉིན་རྡ་སྟེང་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པའི་ལས་འགན་དུ་གནས་སྤོས་བསྩལ། རང་ཉིད་ནས་བོད་ཀྱི་གསོ་རིག་མན་ངག་ལ་སྦྱང་བརྩོན་དང་ལག་ལེན་མི་ཉམས་རྒྱུད་འཛིན་ཞུས་པའི་འབྲས་བུར་ཕྱི་ལོ་ ༡༩༩༩ ཟླ་ ༠༤ ཚེས་ ༠༡ ནས་སྨན་རམས་པ་ཆུང་བ་དང་། ཕྱི་ལོ་ ༢༠༠༩ ཟླ་ ༠༤ ཚེས་ ༠༡ ནས་སྨན་རམས་པ་འབྲིང་བའི་མཚན་གནས་བསྩལ། སྨན་རྩིས་ཁང་གི་སློབ་ཐོན་སྨན་པ་མི་ཉུང་བར་ཉམས་གསོག་སློབ་ཁྲིད་གནང་ཡོད་པ་དང་། སྨན་རྩིས་ཁང་གི་སྐུ་ཚབ་དུ་ཨ་རི་དང་། USA ཕཱ་རཱན་སི། France མེག་སི་ཀོ། Mexico ཧང་གེ་རི། Hungary ཇར་མན། Germany སུ་ཌན། Sweden ལཱཊ་ཝི་ཡ། Latvia ཀ་ཛག་ཀ་སི་ཐཱན། Kazakhsthan ཨུ་རུ་སུ། Russia ཨོ་སི་ཀྲེ་རི་ཡ། Austria བཅས་སུ་བརྟག་དཔྱད་སྨན་བཅོས་དང་། བོད་སྨན་སྐོར་གཏམ་བཤད་གནང་བར་ཕེབས་ཡོད་པ་བཅས་ད་བར་མི་ལོ་ ༣༠ རིང་སྨན་རྩིས་ཁང་དུ་གསོ་རིག་བསྟན་པའི་ཞབས་འདེགས་བསྒྲུབས་ཡོད།
ཞབས་ལོ་ ༢༠ ཧྲིལ་པོ་འཁོར་བའི་ལས་བྱེད་བཅུ་བཞི།
སྨན་རམས་པ་ཐུབ་བསྟན་བཟང་པོ་ལགས། (རྟ་དབང་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པ།)
སྨན་པ་ཐུབ་བསྟན་བཟང་པོ་ལགས་སྐབས་དགུ་པའི་གསོ་རིག་སྨན་སློབ་ཁངས་སུ་བོད་ཀྱི་གསོ་རིག་རྒྱུད་གཞུང་མན་ངག་ལ་བསླབ་པ་མཐར་སོན་ཏེ་ཕྱི་ལོ་ ༡༩༩༧ ཟླ་ ༠༥ ཚེས་ ༠༡ ཉིན་སྨན་རྩིས་ཁང་གི་འབུམ་སྡེ་ལ་ཡན་ལག་སྨན་ཁང་གི་སྨན་པའི་ལས་འགན་དུ་བསྐོ་བཞག་བསྩལ། སྐབས་དེར་སྨན་ཁང་བསྟན་འཛིན་སྒང་གཞིས་ཆགས་སུ་བཙུགས་ཏེ་རྟ་དབང་། འབུམ་སྡེ་ལ། ཨི་ཀྲ་ན་གར་བཅས་སུ་སྨན་སྐོར་བསྐྱངས། ཕྱི་ལོ་ ༡༩༩༩ ཙམ་ནས་རྟ་དབང་དུ་འཛུགས་སྐྲུན་བྱས་རྗེས་རྟ་དབང་ཡན་ལག་སྨན་ཁང་གི་སྨན་པའི་འགན་འཁུར་བླངས། སྨན་རྩིས་ཁང་ལ་མཁོ་བའི་སྨན་རྒྱུ་ཐབས་འཚོལ་དང་ས་གནས་མི་མང་གི་འཕྲོད་བསྟེན་ཞབས་ཞུ་གནང་། ལས་ཡུན་རིང་རང་ཉིད་ནས་བོད་ཀྱི་གསོ་རིག་མན་ངག་ལ་སྦྱང་བརྩོན་དང་ལག་ལེན་མི་ཉམས་རྒྱུད་འཛིན་ཞུས་པའི་འབྲས་བུར་ཕྱི་ལོ་ ༢༠༠༩ ཟླ་ ༠༤ ཚེས་ ༠༡ ནས་སྨན་རམས་པ་ཆུང་བའི་མཚན་གནས་བསྩལ་ཡོད་པ་བཅས་ད་བར་མི་ལོ་ ༢༠ རིང་སྨན་རྩིས་ཁང་དུ་བོད་ཀྱི་གསོ་རིག་བསྟན་པའི་ཞབས་འདེགས་བསྒྲུབས་ཡོད།
ཟླ་བ་དགྲ་འདུལ་ལགས། (བྷན་རྡ་ར་ཡན་ལག་སྨན་ཁང་གི་ཁ་ལོ་བ།)
ཟླ་བ་དགྲ་འདུལ་ལགས་ཕྱི་ལོ་ ༡༩༩༧ ཟླ་ ༧ ཚེས་ ༡ ཉིན་སྨན་རྩིས་ཁང་དུ་འཛུལ་ཞུགས་བྱས་ཏེ་བྷན་རྡ་ར་ཡན་ལག་སྨན་ཁང་གི་ཁ་ལོ་བའི་ལས་འཁུར་ཞུས། བྷན་རྡ་ར་དང་ཉེ་འཁོར་ནཱག་པུར། ཝར་དྷ་བཅས་སུ་སྨན་སྐོར་རིང་སྣུམ་འཁོར་བཏང་སྟེ་བསྐྱོད་བཞིན་ཡོད། འདས་པའི་ལོ་ངོ་བཞི་སྔོན་ཅནྜ་པུར། ཝ་ནི་ཝ་རོ་ར། བྷན་ཌ་ར། གྷོན་ཌི་ཡ། རཱཡེ་པུར། སྦི་ལཱསི་པུར་བཅས་སུ་སྣུམ་འཁོར་བཏང་སྟེ་སྨན་སྐོར་བསྐྱོད་ཡོད་ཅིང་། སྨན་པ་འགའ་ཞིག་གནས་སྤོས་སྐབས་ཀ་ཏ་དང་། ཅེན་ནའི། སྦེང་ལོར་བར་སྣུམ་འཁོར་བཏང་སྟེ་ཕེབས་སྐྱེལ་ཞུས་མྱོང་ཡོད་པ་བཅས་ད་བར་མི་ལོ་ ༢༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།
སྐལ་བཟང་ཆོས་སྒྲོན་ལགས། (སྨན་རྩིས་འགྲེམས་སྟོན་ཁང་གི་དོ་དམ་པ།)
སྐལ་བཟང་ཆོས་སྒྲོན་ལགས་ཕྱི་ལོ་ ༡༩༩༧ ཟླ་ ༡༠ ཚེས་ ༠༡ ཉིན་སྨན་རྩིས་ཁང་དུ་འཛུལ་ཞུགས་བྱས་ཏེ་རྡ་སྟེང་ཡན་ལག་སྨན་ཁང་གི་སྨན་སྤྲོད་པའི་ལས་འཁུར་ཞུས། ཕྱི་ལོ་ ༡༩༩༩ ལོར་གངས་སྐྱིད་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་བའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༠༡ ཟླ་ ༠༣ ཚེས་ ༡༨ ཉིན་སྨན་མཛོད་དང་སྨན་ཚོང་སྡེ་ཚན་གྱི་སྨན་རྩིས་ལས་སྣེ་བའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༠༣ ཟླ་ ༠༦ ཚེས་ ༡༢ ཉིན་སྨན་རྩིས་མཐོ་སློབ་ཁང་གི་ལས་དྲུང་གནང་བ་དང་། ཕྱི་ལོ་ ༢༠༡༠ ཟླ་ ༠༧ ཚེས་ ༡༥ ཉིན་སྐར་དཔྱད་རྩིས་རིག་སྡེ་ཚན་གྱི་ལས་དྲུང་གི་ལས་གནས་སུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༤ ཟླ་ ༠༡ ཚེས་ ༠༡ ཉིན་སྨན་རྫས་ཉམས་ཞིབ་སྡེ་ཚན་ཁོངས་ཀྱི་འགྲེམས་སྟོན་དོ་དམ་པའི་ལས་གནས་སུ་གནས་སྤོས་བསྩལ། འགྲེམས་སྟོན་ཁང་དུ་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་གཟིགས་སྐོར་བ་རྣམས་ལ་སྨན་རྩིས་གཉིས་ཀྱི་རིག་གཞུང་ཆ་ལག་སྐོར་ངོ་སྤྲོད་དང་། ཐོན་རྫས་ཚོང་སྒྱུར་ཞུ་བཞིན་ཡོད་པ་བཅས་ད་བར་མི་ལོ་ ༢༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།
པདྨ་སྒྲོལ་མ་ལགས། (ས་ལུ་སྒ་ར་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་བ།)
པདྨ་སྒྲོལ་མ་ལགས་ཕྱི་ལོ་ ༡༩༩༧ ཟླ་ ༡༠ ཚེས་ ༠༡ ཉིན་སྨན་རྩིས་ཁང་དུ་འཛུལ་ཞུགས་བྱས་ཏེ་སྦེང་ལོར་ཡན་ལག་སྨན་ཁང་གི་སྨན་སྤྲོད་པའི་ལས་འཁུར་ཞུས། ཕྱི་ལོ་ ༢༠༠༣ ཟླ་ ༠༧ ཚེས་ ༠༡ ཉིན་ས་ལུ་སྒ་ར་ཡན་ལག་སྨན་ཁང་གི་རྩིས་པའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༠༤ ཟླ་ ༡༠ ཚེས་ ༡༤ ཉིན་ས་ལུ་སྒ་རའི་ལས་དྲུང་རྩ་དགོངས་ཞུས་པའི་ལས་ཚབ་མ་འབྱོར་བར་ཟླ་གྲངས་བཅུའི་རིང་རྩིས་པ་དང་ལས་དྲུང་གི་ལས་དོན་གཅིག་ལྕོགས་སུ་བསྐོ་བཞག་བསྩལ་བ་དང་། དེ་བཞིན་ཕྱི་ལོ་ ༢༠༠༦ ཟླ་ ༠༩ ཚེས་ ༢༤ ནས་ཟླ་དྲུག་རིང་དང་། ཕྱི་ལོ་ ༢༠༡༠ ཟླ་ ༠༤ ཚེས་ ༠༡ ནས་ཟླ་གསུམ་རིང་རྩིས་པ་དང་ལས་དྲུང་གཅིག་ལྕོགས་ཀྱིས་ལས་འཁུར་ཞུས་ཡོད། ཕྱི་ལོ་ ༢༠༡༣ ཟླ་ ༠༩ ཚེས་ ༡༣ ནས་ལས་དྲུང་དུ་བསྐོ་བཞག་བསྩལ་བ་ནས་བཟུང་ལས་དྲུང་གནང་མུས་སུ་ད་བར་མི་ལོ་ ༢༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།
ཚེ་རིང་མཚོ་མོ་ལགས། (རྡ་སྟེང་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་བ།)
ཚེ་རིང་མཚོ་མོ་ལགས་ཕྱི་ལོ་ ༡༩༩༧ ཟླ་ ༡༠ ཚེས་ ༠༡ ཉིན་སྨན་རྩིས་ཁང་དུ་འཛུལ་ཞུགས་བྱས་ཏེ་སིམ་ལ་ཡན་ལག་སྨན་ཁང་གི་སྨན་སྤྲོད་པའི་ལས་འཁུར་ཞུས། ཕྱི་ལོ་ ༡༩༩༩ ཟླ་ ༠༧ ཚེས་ ༠༡ ཉིན་དྭང་སློབ་ཡན་ལག་སྨན་ཁང་གི་སྨན་སྤྲོད་རྩིས་པ་གཅིག་ལྩོགས་ཀྱི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༠༡ ཟླ་ ༠༣ ཚེས་ ༠༡ ཉིན་མ་ན་ལི་ཡན་ལག་སྨན་ཁང་གི་རྩིས་པའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༠༥ ཟླ་ ༠༧ ཚེས་ ༢༥ ཉིན་རྡ་སྟེང་ཡན་ལག་སྨན་ཁང་གི་རྩིས་པའི་ལས་འགན་དུ་གནས་སྤོས་བསྩལ་བ་བཅས་ད་བར་མི་ལོ་ ༢༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།
ཚེ་རིང་ཆོས་སྒྲོན་ལགས། (སྦིར་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་བ།)
ཚེ་རིང་ཆོས་སྒྲོན་ལགས་ཕྱི་ལོ་ ༡༩༩༧ ཟླ་ ༡༠ ཚེས་ ༠༡ ཉིན་སྨན་རྩིས་ཁང་དུ་འཛུལ་ཞུགས་བྱས་ཏེ་ས་ལུ་སྒ་ར་ཡན་ལག་སྨན་ཁང་གི་སྨན་སྤྲོད་པའི་ལས་འཁུར་ཞུས། ཕྱི་ལོ་ ༡༩༩༨ ཟླ་ ༠༣ ཚེས་ ༡༨ ཉིན་སྒང་ཏོག་ཡན་ལག་སྨན་ཁང་གི་སྨན་སྤྲོད་པའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༠ ཟླ་ ༠༦ ཚེས་ ༣༠ ཉིན་ཅོན་ཏ་ར་ཡན་ལག་སྨན་ཁང་གི་སྨན་སྤྲོད་པའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༠༡ ཉིན་སྦིར་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་གནས་པའི་ལས་འགན་དུ་གནས་སྤོས་བསྩལ་བ་བཅས་ད་བར་མི་ལོ་ ༢༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།
ཀུན་བཟང་ཆོས་དབྱིངས་ལགས། (ཅ་སྦེལ་ཡན་ལག་སྨན་ཁང་གི་ཁ་ལོ་བ།)
ཀུན་བཟང་ཆོས་དབྱིངས་ལགས་ཕྱི་ལོ་ ༡༩༩༧ ཟླ་ ༡༠ ཚེས་ ༡ ཉིན་སྨན་རྩིས་ཁང་དུ་འཛུལ་ཞུགས་བྱས་ཏེ་ཅ་སྦེལ་ཡན་ལག་སྨན་ཁང་གི་ཁ་ལོ་བའི་ལས་འཁུར་ཞུས། ཁ་ལོ་བའི་ལས་འགན་ཐོག་ཡན་ལག་སྨན་ཁང་དང་ལས་ཤག་གི་ཆུ་དང་གློག་རིན་འབུལ་བར་བསྐྱོད་རྒྱུ་དང་། དངུལ་ཁང་དུ་ལས་དོན་ཆེད་བསྐྱོད་རྒྱུ། ཇོ་ལ་ཁེལ་དང་། ཨང་ལེ་ཤོད། ཀོ་པན་བཙུན་དགོན་བཅས་སུ་སྨན་སྐོར་རིང་ཁ་ལོ་བ་དང་སྨན་སྤྲོད་ཀྱི་ལས་འགན་གཅིག་ལྕོགས་གནང་ཞིང་། ཅ་སྦེལ་སྨན་ཁང་དུའང་སྨན་སྤྲོད་ལས་ཚབ་ཀྱང་གནང་བཞིན་ཡོད། འདས་པའི་ལོ་ངོ་ ༡༥ ཙམ་རིང་ཀར་ཀ་སྦི་ཏ་ས་མཚམས་བརྒྱུད་སྨན་དང་ཐོན་རྫས་འོར་འདྲེན་བྱས་དགོས་བྱུང་སྟབས་ས་མཚམས་ནས་སྨན་དང་ཐོན་རྫས་འོར་རྒྱུའི་འགན་འཁུར་རྐང་ལེན་ཞུས་པ་བཅས་ད་བར་མི་ལོ་ ༢༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།
པདྨ་ཆོས་སྒྲོན་ལགས། (གངས་སྐྱིད་ཡན་ལག་སྨན་རྩིས་ལས་སྣེ་བ།)
པདྨ་ཆོས་སྒྲོན་ལགས་ཕྱི་ལོ་ ༡༩༩༨ ཟླ་ ༠༡ ཚེས་ ༠༡ ཉིན་སྨན་རྩིས་ཁང་དུ་འཛུལ་ཞུགས་བྱས་ཏེ་ལྡི་ལི་བོད་སྒར་ཡན་ལག་སྨན་ཁང་གི་སྨན་སྤྲོད་པའི་ལས་འཁུར་ཞུས། ཕྱི་ལོ་ ༢༠༠༠ ཟླ་ ༠༧ ཚེས་ ༡༥ ཉིན་རྡ་སྟེང་ཡན་ལག་སྨན་ཁང་གི་སྨན་སྤྲོད་པའི་ལས་གནས་སུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༠༡ ཟླ་ ༠༥ ཚེས་ ༠༡ ཉིན་དཔེ་ཐོག་ཞིབ་འཇུག་དང་པར་སྐྲུན་སྡེ་ཚན་གྱི་དེབ་རིགས་བདག་ཉར་དང་ཚོང་འགྲེམས་ཀྱི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༥ ཟླ་ ༠༡ ཚེས་ ༠༡ ཉིན་གངས་སྐྱིད་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་བའི་ལས་འགན་དུ་གནས་སྤོས་བསྩལ་བ་བཅས་ད་བར་མི་ལོ་ ༢༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།
ཚེ་རིང་སྒྲོལ་མ་ལགས། (ར་སྦང་ལ་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་བ།)
ཚེ་རིང་སྒྲོལ་མ་ལགས་ཕྱི་ལོ་ ༡༩༩༨ ཟླ་ ༠༡ ཚེས་ ༠༡ ཉིན་སྨན་རྩིས་ཁང་དུ་འཛུལ་ཞུགས་བྱས་ཏེ་སྤོག་ར་བཀྲ་ཤིས་དཔལ་འཁྱིལ་ཡན་ལག་སྨན་ཁང་གི་སྨན་སྤྲོད་རྩིས་པ་གཅིག་ལྕོགས་ཀྱི་ལས་འཁུར་ཞུས། ཕྱི་ལོ་ ༡༩༩༨ ཟླ་ ༠༥ ཚེས་ ༢༠ ཉིན་རྡོར་གླིང་ཡན་ལག་སྨན་ཁང་གི་སྨན་སྤྲོད་པའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༠ ཟླ་ ༠༧ ཚེས་ ༡༥ ཉིན་ར་སྦང་ལ་ཡན་ལག་སྨན་ཁང་གི་སྨན་སྤྲོད་པའི་ལས་འགན་དུ་གནས་སྤོས་བསྩལ་བ་བཅས་ད་བར་མི་ལོ་ ༢༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།
ལྷ་མོ་སྐྱིད་འཛོམས་ལགས། (དཔེ་ཐོག་ཞིབ་འཇུག་དང་པར་སྐྲུན་སྡེ་ཚན་གྱི་ལས་དྲུང་།)
ལྷ་མོ་སྐྱིད་འཛོམས་ལགས་ཕྱི་ལོ་ ༡༩༩༨ ཟླ་ ༡ ཚེས་ ༠༧ ཉིན་སྨན་རྩིས་ཁང་དུ་འཛུལ་ཞུགས་བྱས་ཏེ་གནས་ཚུལ་ཕྱོགས་སྒྲིག་དང་དཔར་བསྐྲུན་སྡེ་ཚན་གྱི་ལས་དྲུང་གི་ངོ་བོར་ལས་འཁུར་ཞུས། ད་ལྟའི་འཆར་སྡེ་ཚན་གྱི་མཚན་བྱང་དུ་དཔེ་ཐོག་ཞིབ་འཇུག་དང་པར་སྐྲུན་སྡེ་ཚན་ཞེས་འབོད་བཞིན་ཡོད་རུང་སྡེ་ཚན་དེ་ཉིད་ཀྱི་སྔ་གཞུག་བར་གསུམ་གྱི་ལས་འཁུར་ཞུས། སྡེ་ཚན་དུ་ལས་ཡུན་རིང་སྨན་རྩིས་གཉིས་ཀྱི་དཔེ་དེབ་འབོར་ཆེན་ཀམ་པུ་ཊར་ནང་དཔར་རྩ་འཇུག་སྒྲིག་དང་། དེབ་རིགས་འཇུ་འགོད་སོགས་དང་། སྨན་རྩིས་དྲྭ་རྒྱའི་ནང་ཡིག་ཆ་འཇུག་སྒྲིག སྨན་རྩིས་ཁང་གི་གསར་ཤོག་སྨན་རྩིས་ཟླ་གསར་འཇུ་འགོད་སོགས་བསྒྲུབས་དང་སྒྲུབ་མུས་སུ་ད་བར་མི་ལོ་ ༢༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།
སྨན་རམས་པ་རྟ་མགྲིན་བཟང་མོ་ལགས། (སྦེང་ལོར་ཡན་ལག་སྨན་པ།)
སྨན་པ་རྟ་མགྲིན་བཟང་མོ་ལགས་སྐབས་དགུ་པའི་གསོ་རིག་སྨན་སློབ་ཁོངས་སུ་བོད་ཀྱི་གསོ་རིག་རྒྱུད་གཞུང་མན་ངག་ལ་བསླབ་པ་མཐར་སོན་ཏེ་ཕྱི་ལོ་ ༡༩༩༨ ཟླ་ ༠༢ ཚེས་ ༠༡ ཉིན་སྨན་རྩིས་ཁང་གི་མོན་གྷོ་ཡན་ལག་སྨན་ཁང་དུ་ཟ་ཁུ་གཅིན་སྙི་ཉམས་ཞིབ་སྨན་པའི་ལས་འཁུར་ཞུས། ཕྱི་ལོ་ ༡༩༩༩ ཟླ་ ༠༤ ཚེས་ ༡༠ ཉིན་སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་གྱི་སྨན་པའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༡༩༩༩ ཟླ་ ༡༢ ཚེས་ ༢༥ ཉིན་མོན་གྷོ་གཞིས་གྲོང་ ༣ ཡན་ལག་སྨན་ཁང་གི་སྨན་པའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༠༥ ཟླ་ ༠༤ ཚེས་ ༠༥ ཉིན་ཀོ་ལི་གྷལ་ཡན་ལག་སྨན་ཁང་གི་སྨན་པ་འགན་འཛིན་གྱི་ལས་གནས་སུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༤ ཟླ་ ༠༤ ཚེས་ ༠༡ ཉིན་སྦེང་ལོར་ཡན་ལག་སྨན་ཁང་གི་སྨན་པའི་ལས་འགན་དུ་གནས་སྤོས་བསྩལ། རང་ཉིད་ནས་བོད་ཀྱི་གསོ་རིག་མན་ངག་ལ་སྦྱང་བརྩོན་དང་ལག་ལེན་མི་ཉམས་རྒྱུད་འཛིན་ཞུས་པའི་འབྲས་བུར་ཕྱི་ལོ་ ༢༠༠༩ ཟླ་ ༠༤ ཚེས་ ༠༡ ནས་སྨན་རམས་པ་ཆུང་བའི་མཚན་གནས་བསྩལ། ལས་ཡུན་རིང་སྨན་རྩིས་ཁང་གི་སྐུ་ཚབ་ཏུ་ཕྱི་རྒྱལ་ཡུལ་གྲུ་ཀ་ཛཱག་ཀིས་ཐཱན་ Kazakhsthan དང་། སིཔཱེན། Spain ཨུཛུ་བྷེ་ཀིསི་ཐཱན་ Uzbekisthan བཅས་སུ་བརྟག་དཔྱད་སྨན་བཅོས་དང་། བོད་སྨན་སྐོར་གཏམ་བཤད་ཆེད་བསྐྱོད་ཡོད་པ་བཅས་ད་བར་མི་ལོ་ ༢༠ རིང་སྨན་རྩིས་ཁང་དུ་གསོ་རིག་བསྟན་པའི་ཞབས་འདེགས་བསྒྲུབས་ཡོད།
སྨན་རམས་པ་ཐུབ་བསྟན་ནོར་བུ་ལགས། (སེ་ར་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པ།)
སྨན་པ་ཐུབ་བསྟན་ནོར་བུ་ལགས་སྐབས་དགུ་པའི་གསོ་རིག་སྨན་སློབ་ཁོངས་སུ་བོད་ཀྱི་གསོ་རིག་རྒྱུད་གཞུང་མན་ངག་ལ་བསླབ་པ་མཐར་སོན་ཏེ་ཕྱི་ལོ་ ༡༩༩༨ ཟླ་ ༠༢ ཚེས་ ༠༡ ཉིན་སྦེལ་སྐོབ་ཡན་ལག་སྨན་ཁང་གི་སྨན་པའི་ལས་འཁུར་ཞུས། སྐབས་དེར་སྨན་རྩིས་ཁང་གི་ཟ་ཁུ་གཅིན་སྙི་ཉམས་ཞིབ་ཀྱི་ལས་གཞིར་ཆ་ཤས་བླངས་ཡོད། ཕྱི་ལོ་ ༢༠༠༢ ཟླ་ ༠༦ ཚེས་ ༡༥ ཉིན་ཀོ་ལི་གྷལ་ཡན་ལག་སྨན་ཁང་གི་སྨན་པ་འགན་འཛིན་གྱི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༠༣ ཟླ་ ༠༧ ཚེས་ ༠༣ ཉིན་མོན་གྷོ་གཞིས་གྲོང་ ༠༣ ཡན་ལག་སྨན་ཁང་གི་སྨན་པ་འགན་འཛིན་གྱི་ལས་འགན་དུ་གནས་སྤོས་བསྩལ། མོན་གྷོ་རུ་ལས་ཡུན་རིང་ཚོགས་པ་ཁག་དང་། སློབ་གྲྭ་ལ་འཕྲོད་བསྟེན་གཏམ་བཤད། ཨེ་ཤི་ཡ་རང་དབང་རླུང་འཕྲིན་བརྒྱུད་ནད་པའི་ལྷན་དུ་ཕོ་ནད་སྐོར་གྱི་བགྲོ་གླེང་དུ་ཆ་ཤས་བླངས་ཡོད། ཕྱི་ལོ་ ༢༠༡༤ ཟླ་ ༠༤ ཚེས་ ༠༡ ཉིན་སྦེལ་སྐོབ་ཡན་ལག་སྨན་ཁང་གི་སྨན་པའི་ལས་འགན་དུ་གནས་སྤོས་བསྩལ། སྐབས་དེར་སེ་ར་དང་། རྣམ་གྲོལ་གླིང་གི་དགོན་པ་དང་མི་མང་བཅས་ལ་འཕྲོད་བསྟེན་སློབ་གསོ་གནང་ཡོད། ཕྱི་ལོ་ ༢༠༡༦ ཟླ་ ༠༤ ཚེས་ ༠༡ ནས་སྦེལ་སྐོབ་སྨན་རྩིས་ཁང་གི་ཁྱབ་ཁོངས་སེ་ར་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པའི་ལས་འགན་བཞེས། རང་ཉིད་ནས་བོད་ཀྱི་གསོ་རིག་མན་ངག་ལ་སྦྱང་བརྩོན་དང་ལག་ལེན་མི་ཉམས་རྒྱུད་འཛིན་ཞུས་པའི་འབྲས་བུར་ཕྱི་ལོ་ ༢༠༠༩ ཟླ་ ༠༤ ཚེས་ ༠༡ ནས་སྨན་རམས་པ་ཆུང་བའི་མཚན་གནས་བསྩལ་བ་བཅས་ད་བར་མི་ལོ་ ༢༠ རིང་སྨན་རྩིས་ཁང་དུ་གསོ་རིག་བསྟན་པའི་ཞབས་འདེགས་བསྒྲུབས་ཡོད།
སྨན་རམས་པ་བདེ་སྐྱིད་མཚོ་མོ་ལགས། (གངས་སྐྱིད་ཡན་ལག་སྨན་ཁང་གི་སྨན་པ།)
སྨན་པ་བདེ་སྐྱིད་མཚོ་ལོ་ལགས་སྐབས་དགུ་པའི་གསོ་རིག་སྨན་སློབ་ཁོངས་སུ་བོད་ཀྱི་གསོ་རིག་རྒྱུད་གཞུང་མན་ངག་ལ་བསླབ་པ་མཐར་སོན་ཏེ་ཕྱི་ལོ་ ༡༩༩༨ ཟླ་ ༠༢ ཚེས་ ༠༡ ཉིན་གནས་ཚུལ་ཕྱོགས་སྒྲིག་དང་དཔར་བསྐྲུན་སྡེ་ཚན་དུ་སྨན་པ་ཁྱད་ལས་པའི་ལས་གནས་སུ་བསྐོ་བཞག་བསྩལ། ཕྱི་ལོ་ ༡༩༩༩ ཟླ་ ༡༠ ཚེས་ ༠༡ ཉིན་གངས་སྐྱིད་ཡན་ལག་སྨན་ཁང་གི་སྨན་པའི་ལས་གནས་སུ་གནས་སྤོས་བསྩལ། དེའི་རིང་རྡ་ས་ཁུལ་བཙུན་དགོན་གྲོལ་མ་གླིང་དང་། ཤེས་རབ་དགའ་ཚལ་གླིང་། གོ་པཱལ་པུར་བོད་ཁྱིམ་སློབ་གྲྭ། རྡ་ཤོད་བོད་ཁྱིམ་སློབ་གྲྭ། ཤུག་གསེབ་བཙུན་དགོན་གླིང་། སྙིང་སྟོབས་གླིང་བཅས་སུ་སྨན་སྐོར་བསྐྱངས་བ་དང་། ད་ལྟ་གངས་སྐྱིད་ཡན་ལག་སྨན་ཁང་དང་དབུས་ནད་གསོ་ཁང་གི་ནད་པར་བརྟག་དཔྱད་སྨན་བཅོས་ཞུ་མུས། རང་ཉིད་ནས་བོད་ཀྱི་གསོ་རིག་མན་ངག་ལ་སྦྱང་བརྩོན་དང་ལག་ལེན་མི་ཉམས་རྒྱུད་འཛིན་ཞུས་པའི་འབྲས་བུར་ཕྱི་ལོ་ ༢༠༠༩ ཟླ་ ༠༤ ཚེས་ ༠༡ ནས་སྨན་རམས་པ་ཆུང་བའི་མཚན་གནས་བསྩལ། ལས་ཡུན་རིང་སློབ་ཐོན་སྨན་པ་མི་ཉུང་བར་ཉམས་གསོག་སློབ་འཁྲིད་གནང་ཡོད་པ་བཅས་ད་བར་མི་ལོ་ ༢༠ རིང་སྨན་རྩིས་ཁང་དུ་གསོ་རིག་བསྟན་པའི་ཞབས་འདེགས་བསྒྲུབས་ཡོད།
སྨན་རམས་པ་འཇམ་དབྱངས་སྒྲོལ་མ་ལགས། (ས་ལུ་སྒ་ར་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པ།)
སྨན་པ་འཇམ་དབྱངས་སྒྲོལ་མ་ལགས་སྐབས་དགུ་པའི་གསོ་རིག་སྨན་སློབ་ཁོངས་སུ་བོད་ཀྱི་གསོ་རིག་རྒྱུད་གཞུང་མན་ངག་ལ་བསླབ་པ་མཐར་སོན་ཏེ་ཕྱི་ལོ་ ༡༩༩༨ ཟླ་ ༠༢ ཚེས་ ༠༡ ཉིན་ཇའི་སྒང་ཡན་ལག་སྨན་ཁང་གསར་པ་དབུ་འབྱེད་དང་འབྲེལ་དེ་གའི་ཡན་ལག་སྨན་པ་འགན་འཛིན་དུ་བསྐོ་བཞག་བསྩལ། ཕྱི་ལོ་ ༢༠༠༣ ཟླ་ ༠༩ ཚེས་ ༠༨ ཉིན་ནས་འཕྲལ་སེལ་རིང་དབུས་ཀྱི་ནད་གསོ་ཁང་དུ་སྨན་པའི་ལས་གནས་སུ་ལས་བཀོད་བྱེད། ཕྱི་ལོ་ ༢༠༠༥ ཟླ་ ༡༠ ཚེས་ ༢༠ ཉིན་སིམ་ལ་ཡན་ལག་སྨན་ཁང་གི་སྨན་པ་འགན་འཛིན་གྱི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༠༨ ཟླ་ ༠༥ ཚེས་ ༠༥ ཉིན་ཕབ་སྒྱུར་སྡེ་ཚན་གྱི་སྨན་པའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༠ ཉིན་ནད་བཅོས་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་སྨན་པའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༤ ཟླ་ ༠༤ ཚེས་ ༠༡ ཉིན་ས་ལུ་སྒ་ར་ཡན་ལག་སྨན་ཁང་གི་སྨན་པ་འགན་འཛིན་གྱི་ལས་འགན་དུ་གནས་སྤོས་བསྩལ། རང་ཉིད་ནས་བོད་ཀྱི་གསོ་རིག་མན་ངག་ལ་སྦྱང་བརྩོན་དང་ལག་ལེན་མི་ཉམས་རྒྱུད་འཛིན་ཞུས་པའི་འབྲས་བུར་ཕྱི་ལོ་ ༢༠༠༩ ཟླ་ ༠༤ ཚེས་ ༠༡ ནས་སྨན་རམས་པ་ཆུང་བའི་མཚན་གནས་བསྩལ། ལས་ཡུན་རིང་སྨན་རྩིས་ཁང་གི་སྐུ་ཚབ་ཏུ་ཕྱི་རྒྱལ་ཀ་ཛགྐ་སིཐཱན་དང་། Kazakhsthan ལྷོ་ཨ་མི་རི་ཀ་ South America བཅས་སུ་བརྟག་དཔྱད་སྨན་སྐོར་དང་། ལྷོ་ཀོ་རི་ཡར་ South Korea ཨེ་ཤི་ཡའི་རྒྱལ་སྤྱིའི་སྲོལ་རྒྱུན་སྨན་གྱི་ཚོགས་ཆེན་ཐེངས་བརྒྱད་པར་ ICTAM བཅར་ཏེ་གཏམ་བཤད་བྱས་པ་དང་། སློབ་ཐོན་སྨན་པ་མི་ཉུང་བར་ཉམས་གསོག་སློབ་ཁྲིད་གནང་ཡོད་པ་བཅས་ད་བར་མི་ལོ་ ༢༠ རིང་སྨན་རྩིས་ཁང་དུ་གསོ་རིག་བསྟན་པའི་ཞབས་འདེགས་བསྒྲུབས་ཡོད།
མཐའ་མའི་འདོན་ཐེངས་།: 02.04.2018 ཉིན། 4:21 PM
<< སྔ་མ།