ཞབས་ལོ་༣༠ དང་༢༠ སོན་པ་ཁག་གི་ངོ་སྤྲོད། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.04.2022 |
ཞབས་ལོ་ ༣༠ དང་ ༢༠ སོན་པ་ཁག་གི་ངོ་སྤྲོད།
ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༢༣ ཉིན་དྷ་ས་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི་ཞུས་སྐབས། སྨན་རྩིས་ཁང་གི་སྒྲིག་འཛུགས་འདི་ཉིད་ཀྱི་ལས་གནས་འདྲ་མིན་ཐོག་ལས་ཁུར་སྣ་མང་གི་ཞབས་འདེགས་ཞུས་ཏེ་གཟི་བརྗིད་དང་ལྡན་པའི་ཞབས་ལོ་ ༣༠ སོན་པ་བཞི་དང་། ཞབས་ལོ་ ༢༠ ལོན་པའང་བཞི་བྱུང་ཡོད་པའི་ལས་བྱེད་རྣམས་ཀྱི་རླབས་ཆེན་གྱི་སྲི་ཞུ་ལ་ཡི་རངས་བསྔགས་བརྗོད་དང་སྦྲགས་ངོ་སྤྲོད་སྙིང་བསྡུས་རེ་ཞུ་རྒྱུ།
ད་ལོ་སྨན་རྩིས་ཁང་དུ་ཞབས་འདེགས་ཞུས་ནས་ལོ་ངོ་ ༣༠ སོན་པ་ཁག་གི་ངོ་སྤྲོད་སྙིང་བསྡུས།
༄༅། །སྨན་རམས་པ་པདྨ་དབྱངས་ཅན་ལགས། བདེ་སྐྱིད་གླིང་ཡན་ལག་སྨན་ཁང་།
སྨན་རམས་པ་པདྨ་དབྱངས་ཅན་ལགས་སྨན་རྩིས་ཁང་དུ་གསོ་རིག་སྨན་དཔྱད་གཞུང་ལུགས་ལ་སྦྱངས་པ་ཐར་སོན་ཏེ་ཕྱི་ལོ་ ༡༩༨༨ ཟླ་ ༠༣ ཚེས་ ༠༡ ནས་ཐོག་མར་སྦུབ་ནེ་ཤི་ཝར་ཡན་ལག་སྨན་ཁང་དུ་སྨན་པ་འགན་འཛིན་གྱི་ལས་འཁུར་ཞུས། ཕྱི་ལོ་ ༡༩༨༩ ཟླ་ ༠༧ ཚེས་ ༠༡ ནས་ལྡི་ལི་ནེ་ཛམྨུ་ཏིན་ཡན་ལག་སྨན་པའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༠༡ ཟླ་ ༠༨ ཚེས་ ༢༥ ཉིན་ནི་ཛམྨུ་ཏིན་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པའི་ལས་གནས་སུ་བཀོ་བཞག་བསྩལ། ཕྱི་ལོ་ ༢༠༠༨ ཟླ་ ༠༥ ཚེས་ ༡༨ ཉིན་ལྡི་ལི་ལ་དྭགས་ནང་དགོན་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པར་གནས་སྤོས་བསྩལ་བ་དང་། ཕྱི་ལོ་ ༢༠༡༡ ཟླ་ ༠༣ ཚེས་ ༠༡ ནས་སླར་ནི་ཛམྨུ་ཏིན་ཡན་ལག་སྨན་ཁང་གི་སྨན་པར་གནས་སྤོས་བསྩལ། ལས་ཡུན་རིང་སྨན་རྩིས་ཁང་དང་། ལྡི་ལི་གསོ་རིག་མཐོ་སློབ་གྲགས་ཅན་ AIIMS དང་ཟུང་འབྲེལ་ཐོག་གསར་དུ་ནད་མནར་བྱུང་བའི་གཅིན་སྙི་ནད་པ་གྲངས་ ༢༠༠ ལ་ལོ་གཉིས་རིང་ཉམས་ཞིབ་དང་འབྲེལ་བའི་བརྟག་དཔྱད་ཞུས་ཏེ་ཉམས་ཞིབ་ཀྱི་ལས་རིམ་སྔ་ཕྱི་གཉིས་ཀ་ལེགས་གྲུབ་བྱུང་ཡོད། རང་ཉིད་ནས་བོད་ཀྱི་གསོ་རིག་གཞུང་ལུགས་ཐོག་ལག་ལེན་དང་སྦྱངས་པའི་གྲུབ་འབྲས་སུ་ ༡༩༩༩ ཟླ་ ༠༤ ཚེས་ ༠༡ ཉིན་སྨན་རམས་པ་ཆུང་བའི་མཚན་གནས་བསྩལ། ཕྱི་ལོ་ ༢༠༡༩ ཟླ་ ༠༧ ཚེས་ ༠༡ ཉིན་བདེ་སྐྱིད་གླིང་ཡན་ལག་སྨན་ཁང་དུ་གནས་སྤོས་བསྩལ་བ་བཅས་ད་བར་མི་ལོ་ཧྲིལ་པོ་ ༣༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།
༄༅། །བསྟན་འཛིན་སྒྲོལ་དཀར་ལགས། སྨན་རྩིས་རིག་གཞུང་བསྟི་གནས་ལ་དྭགས་ཀྱི་སྨན་སྤྲོད།
སྨན་སྤྲོད་བསྟན་འཛིན་སྒྲོལ་དཀར་ལགས་ཕྱི་ལོ་ ༡༩༩༡ ཟླ་ ༠༤ ཚེས་ ༠༡ ཉིན་སྨན་རྩིས་ཁང་གི་ལས་བྱེད་ངོ་མར་བསྐོ་བཞག་བསྩལ། ཐོག་མར་ལ་དྭགས་ཨག་གླིང་ཡན་ལག་སྨན་ཁང་གི་སྨན་སྤྲོད་པའི་ལས་འཁུར་ཞུས། སྐབས་རེ་སྨན་པས་བཀོད་མངགས་དང་དགོས་གལ་ལྟར་རྩིས་པའི་ལས་འགན་ཡང་གནང་ཡོད། ཕྱི་ལོ་ ༡༩༩༣ ཟླ་ ༠༣ ཚེས་ ༢༥ ཉིན་ཅོག་ལམ་སར་ཡན་ལག་སྨན་ཁང་གི་སྨན་སྤྲོད་པའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༠༣ ཟླ ༠༥ ཚེས་ ༠༩ ཉིན་སྨན་རྩིས་ཁང་རིག་གཞུང་བསྟི་གནས་ཁང་གི་སྨན་སྤྲོད་པའི་ལས་འགན་དུ་གནས་སྤོས་བསྩལ་བ་དང་། ཕྱི་ལོ་ ༢༠༡༥ ཟླ་ ༡༠ ནས་བཟུང་སྨན་རྩིས་ལས་སྣེ་ཞེས་སྨན་སྤྲོད་པ་དང་། རྩིས་པའི་ལས་འགན་ཡང་ཟླ་དྲུག་རེས་མོས་ཐོག་གནང་བ་དང་། ལ་དྭགས་བྱང་ཐང་ས་ཁག་དགུ་ལ་སྨན་སྐོར་ཡང་ཕེབས་ཡོད། ཕྱི་ལོ་ ༢༠༡༧ ནས་ ༢༠༡༩ ལོར་དགུན་དུས་རིང་དབུས་སྨན་རྩིས་ཁང་གི་བཀོད་སྒྲིག་ལྟར་གངས་སྐྱིད་ཡན་ལག་ཏུ་སྨན་སྤྲོད་པ་དང་། གནས་མཆོག་རྡོ་རྗེ་གདན་དུ་ཆོས་ཞུ་བ་རྣམས་ཀྱི་ཞབས་ཞུར་སྨན་སྐོར་བསྐྱོད་པ་དང་། ཕྱི་ལོ་ ༢༠༢༠ ལོར་ཏོག་དབྱིབས་གཉེན་རིམས་སྔོན་འགོག་གི་ཛ་དྲག་ལས་དོན་ནང་ཆ་ཤས་བླངས་ཡོད་པ་བཅས་ད་བར་མི་ལོ་ ༣༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།
༄༅། །བཀྲ་ཤིས་མཚོ་མོ་ལགས། སྨན་རྩིས་ཁང་རིག་གཞུང་བསྟི་གནས་ལ་དྭགས་ཀྱི་ལས་བྱེད།
བཀྲ་ཤིས་མཚོ་མོ་ལགས་ཕྱི་ལོ་ ༡༩༩༡ ཟླ་ ༠༥ ཚེས ༠༡ ཉིན་སྨན་རྩིས་ཁང་གི་ལས་བྱེད་ངོ་མར་བསྐོ་བཞག་བསྩལ། ཐོག་མར་ལ་དྭགས་ཅོག་ལམ་སར་ཡན་ལག་སྨན་ཁང་གི་མ་བྱན་ཁང་གཉེར་གཅིག་ལྕོགས་ཀྱི་ལས་འཁུར་ཞུས། ལས་ཞོར་སྨན་པས་བཀོད་བྱུས་ཐོག་རང་ཉིད་ནས་དམ་དོན་བྱས་ཏེ་སྨན་སྤྲོད་པའི་ལས་འགན་ཡང་བྱས་ཡོད། ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༠༡ ནས་སྨན་རྩིས་ཁང་གི་རིག་གཞུང་བསྟི་གནས་ཁང་དུ་གནས་སྤོས་ཐོག་གར་དགོས་ལས་བྱེད་གནང་མུས་བཅས་མི་ལོ་ ༣༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།
༄༅། །བསྟན་འཛིན་སྐལ་ལྡན་ལགས། སྨན་རྩིས་ཁང་གི་དྲུང་ཆེ་ལས་རོགས།(འཛིན་སྐྱོང་།)
བསྟན་འཛིན་སྐལ་ལྡན་ལགས་ཕྱི་ལོ་ ༡༩༩༡ ཟླ་ ༡༡ ཚེས་ ༠༥ ཉིན་སྨནརྩིས་ཁང་དུ་འཛུལ་ཞུགས་བྱས་ཏེ་ཀ་ཏ་ཡན་ལག་སྨན་ཁང་གི་རྩིས་པའི་ལས་འཁུར་ཞུ། ཕྱི་ལོ ༡༩༩༣ ཟླ་ ༡༡ ཚེས ༢༣ ཉིན་དབུས་དངུལ་རྩིས་སྡེ་ཚན་གྱི་རྩིས་པའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༠༤ ཟླ་ ༠༢ ཚེས་ ༠༤ ཉིན་སྨན་མཛོད་ཀྱི་རྩིས་པའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༠ ཟླ་ ༠༤ ཚེས་ ༠༡ ཉིན་སྨན་ཚོང་སྡེ་ཚན་གྱི་རྩིས་པའི་ལས་འགན་བཞེས། ཕྱི་ལོ་ ༢༠༡༤ ཟླ་ ༠༤ ཚེས་ ༠༡ ཉིན་མཐོ་སློབ་དཔེ་མཛོད་ཁང་གི་དཔེ་མཛོད་དོ་དམ་པའི་ལས་རོགས་སུ་ལས་བཀོད་དང་། ཕྱི་ལོ་ ༢༠༡༥ ཟླ་ ༠༡ ཚེས་ ༠༡ ཉིན་དབུས་ཡན་ལག་སྤྱི་ཁྱན་སྡེ་ཚན་དུ་ཕྱིར་ཚོང་རྩིས་པའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༧ ཟླ་ ༠༡ ཚེས་ ༠༡ ཉིན་སྨན་རྩིས་ཁང་གི་ཐོན་སྐྱེ་ལེ་སྒྱུར་སྡེ་ཚན་རྩིས་པའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༩ ཟླ་ ༠༤ ཚེས་ ༢༤ ནས་ཟླ་ ༠༥ ཚེས་ ༠༤ བར་ལྷོ་ཨ་མི་རི་ཀའི་རྒྱལ་ཁྱབ་སྦ་ར་ཛིལ་དང་། Brazil ཀོ་ལོམ་སྦི་ཡ། Colombia ཨར་ཇིན་ཊི་ན། Argentina བཅས་སུ་སྨན་རྩིས་ཁང་གི་ཕྱིར་བསྐྱོད་སྨན་སྐོར་དང་། འགྲེམས་སྟོན་ཁང་གི་རུ་ཁག་ཁོངས་སུ་རྩིས་པའི་ལས་འགན་བཞེས་ཏེ་བསྐྱོད། ཕྱི་ལོ་ ༡༩༩༦ ལོར་ཏོ་པོ་དང་། ཕྱི་ལོ་ ༢༠༡༡ ཕྱི་ལོ་ ༢༠༡༧ བཅས་སུ་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་རིང་སྨན་རྩིས་ཁང་གི་སྨན་སྐོར་རུ་ཁག་ཁོངས་སུ་རྩིས་པའི་ལས་འགན་བཞེས་ཏེ་བསྐྱོད་ཡོད། ཕྱི་ལོ་ ༢༠༢༡ ཟླ་ ༠༤ ཚེས་ ༡༣ ནས་དྲུང་ཆེ་ལས་རོགས་(འཛིན་སྐྱོང་)དུ་བསྐོ་བཞག་བསྩལ་བ་བཅས་ད་བར་མི་ལོ་ ༣༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།
དེ་བཞིན་སྨན་རྩིས་ཁང་དུ་ཞབས་འདེགས་ཞུས་ནས་ལོ་ངོ་ ༢༠ སོན་པ་ཁག་གི་ངོ་སྤྲོད་སྙིང་བསྡུས།
༄༅། །ཚེ་རིང་དཔལ་མོ་ལགས། དོན་གྲུབ་གླིང་ཡན་ལག་སྨན་རྩིས་ལས་སྣེ་བ།
སྨན་རྩིས་ལས་སྣེ་བ་ཚེ་རིང་དཔལ་མོ་ལགས་ཕྱི་ལོ་ ༢༠༠༡ ཟླ་ ༠༡ ཚེས་ ༠༡ ཉིན་སྨན་རྩིས་ཁང་དུ་ལས་ཞུགས་གནང་སྟེ་ཐོག་མར་ས་ལུ་སྒ་ར་ཡན་ལག་སྨན་ཁང་གི་སྣེ་ལེན་མའི་ལས་འཁུར་ཞུས། ཕྱི་ལོ་ ༢༠༠༢ ཟླ་ ༠༩ ཚེས་ ༡༥ ཉིན་མོམ་སྦེ་ཡན་ལག་སྨན་ཁང་གསར་འབྱེད་དང་བསྟུན་ཡན་ལག་དེའི་སྣེ་ལེན་མའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༠༧ ཟླ་ ༡༡ ཚེས་ ༡༥ ཉིན་མོམ་སྦེ་མཱ་ལཱཏ་ཡན་ལག་སྨན་ཁང་གི་སྨན་སྤྲོད་པའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༤ ཟླ་ ༠༤ ཚེས་ ༠༡ ཉིན་དོན་གྲུབ་གླིང་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་བའི་ལས་འགན་དུ་གནས་སྤོས་བསྩལ་བ་བཅས་ད་བར་མི་ལོ་ ༢༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།
༄༅། །བསྟན་འཛིན་ནོར་བུ་ལགས། དབུས་འཛིན་སྐྱོང་ཁ་ལོ་བ།
ཁ་ལོ་བ་བསྟན་འཛིན་ནོར་བུ་ལགས་ཕྱི་ལོ་ ༢༠༠༡ ཟླ་ ༡༢ ཚེས་ ༠༡ ཉིན་སྨན་རྩིས་ཁང་དུ་ཞུགས་སྟེ་ཁ་ལོ་བའི་ལས་འཁུར་ཞུས། ཕྱི་ལོ་ ༢༠༠༥ ཟླ་ ༠༧ ཚེས་ ༢༠ ཉིན་མོན་གྷོ་གཞིས་གྲོང་གསུམ་པའི་ཁ་ལོ་བའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༡ ཟླ་ ༠༡ ཚེས་ ༡༠ ཉིན་སྦེང་ལོར་ཡན་ལག་སྨན་ཁང་གི་ཁ་ལོ་བའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༣ ཟླ་ ༠༨ ཚེས་ ༡༠ ཉིན་སྨན་རྩིས་ཁང་དབུས་སུ་ཁ་ལོ་བའི་ལས་འགན་དུ་གནས་སྤོས་བསྩལ། ལས་ཡུན་རིང་རང་ཉིད་རོལ་དབྱངས་དང་གཞས་པའི་རྩལ་གྱི་མཐུ་ལས་སྨན་རྩིས་ཁང་གི་ཆེད་དུ་བརྩམས་པའི་གཞས་ཚིག་ཅིག་ལ་གདངས་ཀྱིས་བརྒྱན་པའི་བྱ་དགའ་དང་པོ་ཐོབ་པ་བཅས་ད་བར་མི་ལོ་ ༢༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།
༄༅། །བསྟན་འཛིན་དཔལ་ལྡན་ལགས། དབུས་འཛིན་སྐྱོང་ཡིག་ཚང་གི་ཡིག་སྐྱེལ་བ།
བསྟན་འཛིན་དཔལ་ལྡན་ལགས་ཐོག་མར་སྨན་རྩ་འདེབས་ཀྱི་ལས་དོན་ཆེད་སྨན་རྩིས་ཁང་དུ་ཞུགས་རྗེས་ཕྱི་ལོ་ ༢༠༠༡ ཟླ་ ༡༠ ཚེས་ ༠༡ ཉིན་སྨན་རྩིས་ཁང་དབུས་ཡིག་ཚང་གི་ཡིག་སྐྱེལ་བའི་ལས་བཀོད་བསྩལ། ཕྱི་ལོ་ ༢༠༠༧ ཟླ་ ༡༠ ཚེས་ ༠༡ ཉིན་སྤྱི་ཐབ་ཀྱི་གཉེར་བའི་ལས་འགན་དུ་བསྐོ་བཞག་བསྩལ། ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༠༡ ཉིན་སླར་དབུས་ཡིག་ཚང་གི་ཡིག་སྐྱེལ་བའི་ལས་བཀོད་བསྩལ་བ་བཅས་ད་བར་མི་ལོ་ ༢༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།
༄༅། །བསམ་གཏན་ལགས། སིམ་ལ་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་བ།
སྨན་རྩིས་ལས་སྣེ་བ་བསམ་གཏན་ལགས་ཕྱི་ལོ་ ༢༠༠༢ ཟླ་ ༠༡ ཚེས་ ༠༡ ཉིན་སྨན་རྩིས་ཁང་དུ་ཞུགས་ཏེ་ཀ་ཏ་ཡན་ལག་སྨན་ཁང་གི་སྨན་སྤྲོད་པའི་ལས་འཁུར་ཞུས། ཕྱི་ལོ་ ༢༠༠༥ ཟླ་ ༠༥ ཚེས་ ༠༡ ཉིན་སིམ་ལ་ཡན་ལག་སྨན་ཁང་གི་སྨན་སྤྲོད་པའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༠ ཟླ་ ༠༢ ཚེས་ ༠༡ ཉིན་མ་ན་ལི་ཡན་ལག་གི་སྨན་སྤྲོད་པའི་ལས་འགན་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༢ ཟླ་ ༠༣ ཚེས་ ༠༥ ཉིན་སིམ་ལ་ཡན་ལག་སྨན་ཁང་གི་སྨན་སྤྲོད་པའི་ལས་འགན་དུ་གནས་སྤོས་བསྩལ་བ་བཅས་ད་བར་མི་ལོ་ཧྲིལ་པོ་ ༢༠ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།
མཐའ་མའི་འདོན་ཐེངས་།: 05.04.2022 ཉིན། 9:42 AM
<< སྔ་མ།