ཞང་བོད་སྨན་གྱི་ལོ་རྒྱུས་ཁྲོད་དཔྱད་བསྡུར། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 21.09.2019 |
ཞང་བོད་སྨན་གྱི་ལོ་རྒྱུས་ཁྲོད་དཔྱད་བསྡུར་གྱི་ཕུགས་ཐག་འཚོལ་བ།
རྒྱ་ཤོད་གཡུང་དྲུང་བཀྲ་ཤིས།
སྨན་རིའི་མཐོ་སློབ་ཁང་།
སྤྱིར་ན་ཞང་བོད་གསོ་རིག་རྒྱུད་པ་འཛིན་པའི་སྐྱེས་ཆེན་དུ་མ་ཞིག་མཐོ་སྒང་གངས་རིའི་ལྗོངས་སུ་སྐུ་འཁྲུངས་པ་དང་། དེ་དག་གིས་གསུངས་གནང་བའི་སྨན་དཔེ་རྒྱས་བསྡུས་འགའ་ཞིག་བྱུང་མྱོང་ཡོད་པ་རེད་ལ། གནའ་ནས་ད་བར་བོན་ཆོས་གཉིས་ཀྱི་གསོ་རིག་མི་སྣ་རིམ་བྱོན་གྱིས་ཕྱག་ལེན་གནང་དང་གནང་བཞིན་པའི་སྨན་དཔྱད་བརྟག་ཐབས་རིག་པའི་རྣམ་བཞག་དང་། ནད་བཅོས་གཏར་སྲེག་སོགས་ཀྱི་གསུང་རྩོམ་གང་མང་ཞིག་བྱུང་ཡོད་པ་ནི་མིག་མཐོང་ལག་ཟིན་ལྟ་བུ་རེད། འོན་ཀྱང་ལོ་རྒྱུས་ཀྱི་གོད་ཆགས་རིང་མོའི་ཁྲོད། འགལ་རྐྱེན་སྣ་ཚོགས་ཀྱི་དབང་གིས་དངོས་བྱུང་གི་ཡིག་ཚགས་ཁག་གི་མཚན་བྱང་ཆ་ཚང་བ་ཞིག་སྟོན་རྒྱུ་མེད་པའི་ཁར། གསོ་རིག་མི་སྣ་དག་གི་རྒྱུད་རིམ་ཡང་གྲངས་ཚང་པའི་ཟིན་ཐོ་ཁ་གསལ་ཞིག་རྙེད་དཀའ་ནའང་། ཐར་ཐོར་གྱི་ལོ་རྒྱུས་མང་པོའི་ཁྲོད་དཔྱད་ཞིབ་ཀྱི་ལམ་བུ་རྒྱུད་དེ་ཞང་བོད་གསོ་བ་རིག་པའི་བརྒྱུད་རིམ་སྟབས་བདེ་ཞིག་འགོད་པར་འདོད།
དེ་ཡང་ཞང་བོད་གསོ་བ་རིག་པའི་སྲོལ་འབྱེད་ཆེན་མོ་ྋརྣམ་མཁྱེན་གཤེན་རབ་མི་བོས། ཐོག་མར་དགུང་ལོ་གཅིག་བཞེས་པའི་གནས་སྐབས། ཕྱྭ་གཤེན་ལེགས་རྒྱལ་ཐང་པོ་ལ་ཐེག་པ་ཐ་མ་ཕྱྭ་གཤེན་ཐེག་པའི་བོན་སྡེ། མོ་རྩིས་གཏོ་དཔྱད་བཞི་གཏན་འབེབས་གནང་སྐབས། དཔྱད་ཀྱི་སྡེ་ལ་སྨན་བཅོས་ཀྱི་ལག་ལེན་དང་། ནད་ཀྱི་ངོས་འཛིན་སྟངས། རྒྱུ་རྐྱེན། རྩ་ཆུ། ཚ་གྲང་གི་བརྟག་ཐབས། འཆི་སོས་ཁམས་ལ་དཔྱད་ཚུལ། གཉེན་པོ་ཟས་སྤྱོད་སྨན་དཔྱད་བཞི། ནད་དང་སྨན་སྦྱོར་སྟབས། སྨན་གྱི་རོ་ནུས་ཞུ་རྗེས། ཐང་ཕྱེ་རིལ་ལུ་ལྡེ་གུ་དང་། སྨན་མར་བྱུག་པ་སོགས་འདུ་བ་ཉི་ཁྲི་ཆིག་སྟོང་གི་གཉེན་པོ། སྨན་དཔྱད་ཉི་ཁྲི་ཆིག་སྟོང་བསྟན་པས་མ་ཚད། དཔྱད་ལ་གཏར་སྲེག་བཤལ་སྐྱུག་རྗེས་གཅོད་སོགས་འགྲོ་བ་ནད་པ་གསོ་བའི་ཆ་ཤས་ཡོངས་སུ་ཚང་བ་ཞིག་བསྟན་ཡོད་པ་རེད། དེ་ནི་བོན་གྱི་ལོ་རྒྱུས་རྙིང་གྲས་(གཤེན་རབ་མི་བོའི་མཛད་རྣམ་རྒྱས་པ་དྲི་མེད་གཟི་བརྗིད་)དང་། (རྩ་རྒྱུད་ཉི་ཟེར་སྒྲོན་མ་)གཉིས་ཞལ་མཐུན་དུ་བཀོད་པ་ཞིག་ཡིན།
གཤེན་ལོ་དང་མི་ལོ་དུས་ཡུན་གཅིག་པའི་དབང་དུ་བཏང་སྟེ་ཞུས་ན། ྋགཤེན་རབ་དགུང་ལོ་ ༢༤ ཡས་མས་ཤིག རི་གཡུང་དྲུང་དགུ་བརྩེགས་ཀྱི་རྩ་བ། བདུད་རྩི་སྨན་གྱི་ནགས་ཚལ་གྱི་དཀྱིལ། སངས་རྒྱས་སྨན་ལྷའི་ཕོ་བྲང་ལྕགས་རི་དཔག་ཚད་བཞི་ཡི་འཁོར་བའི་གནས་སུ། གསོ་རིག་བསྟན་པ་གཉེར་གཏད་ཀྱི་སྣོད་དཔྱད་བུ་ཁྲི་ཤེས་གཙོས་པའི་དྲང་སྲོང་ཆེན་པོ་བརྒྱད་དང་། ལྷ་ཀླུ་མི་ཡི་འཁོར་དང་བཅས་པའི་གསོ་རིག་སྨན་གྱི་སློབ་གྲྭ་ཆེན་མོ་ཞིག་བསྐངས་འཚོགས་གནང་ཞིང་། སྨན་གྱི་གཞུང་ཆེན་ཁག་མང་པོ་ཞིག་ཞིབ་ཚགས་ཀྱི་བཤད་འཁྲིད་གནང་ཡོད་དེ། (དྲི་མེད་གཟི་བརྗིད་པོད་བདུན་པ་)ལས། སངས་རྒྱས་སྨན་གྱི་ལྷ་ྋབཻཌཱུརྱ་འོད་ཀྱི་རྒྱལ་པོའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔའི་དཀྱིལ་འཁོར་ལས་བྱུང་བའི། དཔྱད་ཀྱི་རྒྱུད་སྡེ་ཆེན་པོ་གཞུང་ལྔ། མདོ་སྡེ་ཆེན་པོ་སྡེ་དགུ། མན་ངག་ཡན་ལག་བརྒྱད་ལྡན། ཉིང་ལག་ཉི་ཁྲི་ཆིག་སྟོང་གཏན་ལ་ཕབ་ནས། རྒྱལ་སྲས་དཔྱད་བུ་ཁྲི་ཤེས་དང་། དྲང་སྲོང་ཆེན་པོ་བརྒྱད་ལ་གཉེར་གཏད་མཛད། ཅེས་པས། སྐབས་དེར་བསྟན་གྱི་མདོ་སྡེ་དགུ་ནི། བདུད་རྩི་མི་ཏྲིའི་གཞུང་ཆེན་མདོ། བདུད་རྩི་འཁོར་ལོ་ཆེན་པོའི་མདོ། བདུད་རྩི་བང་མཛོད་འབུམ་བཞིའི་མདོ། བདུད་རྩི་ཡིད་བཞིན་ནོར་བུའི་མདོ། གཟའ་ཀླུ་བཅོས་དགོས་མདོ། བདུད་རྩི་དམར་བྱང་ཐེམ་བྱང་མདོ། བདུད་རྩི་ཤེལ་དཀར་མེ་ལོང་མདོ། བདུད་རྩི་དཔག་བསམ་ལྗོན་ཤིང་མདོ། བདུད་རྩི་གདམ་ངག་འཕྲུལ་མདོ་དང་དགུ་ཡིན་ཞིང་། ད་དུང་དེ་རྣམས་ཀྱི་འགྲེལ་རྒྱས་པར་བཤད་པ་སྤྱི་ཁོག་ཁྲོལ་བའི། བདུད་རྩི་སྙིང་པོ་ཡོངས་བསྡུས་འགྲེལ་རྒྱས་པར་བཤད་པ་ཞེས། མདོ་དགུའི་སྤྱི་ཁོག་ཁྲོལ་བའི་འགྲེལ་པ་ཞིག་དང་། གབ་སྦས་ཀྱི་དོན་སོ་སོར་གསལ་བའི་ཆ་ལག་བཅོ་བརྒྱད་ཙམ་གསུངས་པ་སྟེ། (ཐུགས་འབུམ་ལེའུ་གཉིས་པའི་འདབ་)ལས། དེ་རྣམས་ཀྱི་འགྲེལ་རྒྱས་པར་བཤད་པ་སྤྱི་ཁོག་ཁྲོལ་བའི། བདུད་རྩི་སྙིང་པོ་ཡོངས་བསྡུས་འགྲེལ་རྒྱས་པར་བཤད་པ་དང་བཅུ། ཆ་ལག་བཅོ་བརྒྱད་སོ་སོར་གབ་སྦས་དོན་ཀུན་གསལ་བ་སོགས་ཡོད། ཅེས་བཞེད། དེང་སྐབས་བོད་ཀྱི་འཚོ་མཛད་རྣམས་ནས་འགྲོ་བ་ནད་པ་གསོ་བའི་ཆེད། ཕྱྭ་ལེན་གནང་དང་གནང་བཞིན་པ་འདི་ནི། གོང་གི་མདོ་སྡེ་གསུམ་པ་བདུད་རྩི་བང་མཛོད་འབུམ་བཞི་འདིའི་རླབས་དང་མ་འབྲེལ་བ་ཞིག་ཆེས་དཀོན་པར་མཐོང་།
གང་ལྟར་དུས་དེར་སྨན་གཞུང་རྩ་འགྲེལ་ཆ་ལག་དང་བཅས་པ་མང་དག་གསུངས་པའི་ནང་ནས། ད་ལྟ་སྤྱི་ཚོགས་ནང་འགྲོ་བ་ནད་པའི་ཆེད་ལག་ལེན་དངོས་སུ་སྦྱོར་བཞིན་པ་ནི། མདོ་སྡེ་གསུམ་པ་བདུད་རྩི་བང་མཛོད་འབུམ་བཞི་འདི་ཁོ་ན་ལྟ་བུ་ལགས། འབུམ་བཞི་ཕུད་པའི་རྒྱུད་གཞུང་མདོ་འགྲེལ་ཆ་ལག་རྣམས། སྔར་བོན་དར་ནུབ་སྐབས་འཇིག་རྟེན་འདི་ནས་ཁ་བྲལ་སོང་བ་ཡིན་ནའང་རེད། ཡང་ན་རྒྱུད་གཞུང་གཞན་པ་གསང་སྔགས་སོགས་ཀྱི་གཞུང་དུ་ཡོད་པའི་སྨན་སྒྲུབ་དང་། གདོན་འགོག་གི་སྡེ་ཚན་སོགས་ལ་བཤད་ཀྱི་ཡོད་ནའང་རེད། མདོར་ན་དེང་སྨན་པས་ནད་པར་སྨན་སྦྱོར་ལག་ལེན་གནང་བའི་ཁོངས་སུ། གོང་གི་གཞུང་བྱེ་བྲག་པ་ཞིག་ངོས་བཟུང་རྒྱུ་མེད་བསྡད་པ་ལྟ་བུ་རེད། འོན་ཀྱང་འབུམ་བཞི་ཁོ་རང་གི་ལེའུ་དང་སྡེ་ཚན་སོ་སོའི་ནང་གསལ་བའི་ནད་བཅོས་རྫས་སྔགས་ཀྱི་སྦྱོར་སྟབས་སོགས་ལ་གཞིག་ན། མདོ་དགུའི་དོན་ཕལ་ཆེར་མ་ཚང་བ་མེད་པ་ལྟ་བུ་ཡོད་ཀྱང་། མདོ་དགུ་འབུམ་བཞི་ལ་ངོས་བཟུང་ཐབས་རྩ་བ་ནས་མེད་པ་ཞིག་སྟེ། འབུམ་བཞི་ནི་མདོ་སྡེ་གསུམ་པ་ཡིན་པས་སོ།།
གོང་གི་བདུད་རྩི་སྨན་གྱི་མདོ་དགུ་སོགས་བཤད་འཁྲིད་ཡུན་རིང་གནང་ཞིང་། དཔྱད་བུ་སོགས་རིག་པ་རྣོ་བའི་སློབ་མ་རྣམས། གསོ་རིག་གཞུང་ལུགས་ལ་ྋགཤེན་རབ་མི་བོའི་ཤེས་ཚད་དང་མཉམ་པར་འགྱུར་བ་དང་། སྐབས་བབས་ཀྱི་བསྐངས་འཚོགས་གནང་བའི་སློབ་གྲྭའི་མཇུག་ཡོངས་སུ་གྲུབ་སྟེ། སོ་སོར་འགྲོ་དོན་ལ་འཇུག་བཞིན་པའི་སྐབས་མཚམས་ཤིག་ལྷའི་རྒྱལ་པོ་དཔལ་སྐྱོང་གི་བུ། ལྷ་བུ་གཡུང་དྲུང་ལེགས་པའི་བློ་གྲོས་འཁོར་གཡོག་དུ་མ་དང་ལྷན་དུ། སྟོན་པའི་གམ་དུ་བཅར་ནས། ད་ལྟ་སྟོན་པ་ཞལ་བཞུགས་ཤིང་སྐལ་པ་བཟང་བའི་དུས་འདིར། རྒྱུ་དུག་གསུམ་ལས་བྱུང་བའི་འགྲོ་བ་ནད་པའི་ཟུག་རྔུ་བསལ་ཆེད། སྨན་དཔྱད་ལག་ལེན་གྱི་གཞུང་ཞིག་གསུངས་པའི་རེ་འབོད་ཞུས་པ་བཞིན། ཡང་ྋགཤེན་རབ་མི་བོས་༼དཔྱད་ཐབས་འཕྲུལ་སྡེའི་ཡང་བཅུད་མན་ངག་ཉམས་ཀྱི་ཡིག་ཆུང་།༽ ཞེས་པའི་སྨན་དཔྱད་ལག་ལེན་ཡོངས་སུ་ཚང་ཞིང་། སོང་ཟིན་པའི་རྒྱུད་གཞུང་དག་གི་སྙིང་དོན་ཕལ་ཆེར་ཚང་བའི། ལེའུ་བཅོ་ལྔའི་བདག་ཉིད་ཅན་གྱི་སྨན་གཞུང་བསྡུས་མ་ཞིག་ཀྱང་གསུངས་གནང་ཡོད་པ་རེད། གཞུང་དེ་ཉིད་སྟོན་པས་གསུངས་པའི་བཀའ་དྲི་མ་མེད་པ་ཡིན་ཀྱང་། དུས་ཀྱི་འགྱུར་འགྲོས་ལ་བརྟེན་ནས་བཀའ་འགྱུར་པར་སྐྲུན་གྱི་ཁོངས་སུ་མ་བྱོན་བས། ད་བར་དུས་ཡུན་གང་འཚམས་རིང་བོན་གྱི་ལྷ་སྡེ་སྨན་པའི་ཁྱིམ་རྒྱུད་ཅིག་ཏུ་བཞུགས་ཡོད་པ་དང་། ཕྱིས་སུ་བོན་གྱི་བཤེས་གཉེན་ཤིག་གི་ཕྱག་ཏུ་འབྱོར་ནས། འགྲོ་བ་ནད་པ་ཕན་བདེའི་སླད་དུ་པར་བསྐྲུན་གནང་ཐུབ་པར་བྱུང་ཞིང་། ད་ལྟ་ཀུན་གྱིས་མཐོང་ཡུལ་དུ་ནད་བཅོས་སྨན་དཔྱད་ཆེད་དངོས་སུ་བེད་སྤྱོད་གནང་བཞིན་ཡོད་པ་རེད།
བོད་ཀྱི་ཡུལ་ལུང་བྱེ་བྲག་པ་མེ་ཉག་ཡུལ་དུ་སྨན་དཔྱད་ཀྱི་ཆ་ཤས་འགའ་ཞིག་བསྟན་ཡོད་པར་སྣང་སྟེ། (རྩ་རྒྱུད་ཉི་ཟེར་སྒྲོན་མ་ལས།) དེ་ནས་སྟོན་པ་མེ་ཉག་ཡུལ་དུ་བྱོན། མེ་ཉག་ཉི་མ་རབ་གསལ་ལ། སེལ་དང་གཏོ་དང་སྨན་དཔྱད་གཏན་ལ་ཕབ། མེ་ཉག་སྐད་ཀྱང་བོན་ལ་བསྒྱུར། ཞེས་གསུངས་པས། སྟོན་པ་མེ་ཉག་ཡུལ་དུ་ཞབས་བཅགས་སྐབས། མིང་གྲགས་ཅན་གྱི་སྨན་གྱི་གཞུང་ཆེན་དེ་འདྲ་གསུངས་ཁོམ་བྱུང་ཡོད་མེད་ཆ་མ་འཚལ་ཀྱང་། ནད་བཅོས་སྨན་སྦྱོར་གྱི་ལག་ལེན་འགའ་ཞིག་གསུངས་གནང་ཡོད་པ་ནི་ཐེ་ཚོམ་མི་དགོས་པ་ལྟ་བུ་ཡོད་དེ། (གཡུ་ཐོག་རྙིང་མའི་རྣམ་ཐར་གཟི་བརྗིད་གཏེར་མཛོད་)ལས་ཀྱང་། གཡུ་ཐོག་པ་དགུང་ལོ་ཉི་ཤུ་ལ་སླེབས་མཚམས་ཤིག རྒྱལ་པོ་ཁྲི་སྲོང་གིས་རྒྱ་དཀར་ནག་བལ་བོད་ལི་ཡུལ་སོགས་ས་ཕྱོགས་འདྲ་མིན་ནས། སྨན་པ་མཁས་པ་དགུ་བསམ་ཡས་ལ་གདན་འདྲེན་ཞུས་ནས་རྩོད་པ་མཛད་དུས། མེ་ཉག་ལུགས་ལ་རྡོ་སྦྱོར་ཆེན་མོ། ཞེས་པའི་སྨན་དཔྱད་ཅིག་ཡོད་རབས་བཤད་པས། སྔར་སྟོན་པས་གཏན་ལ་ཕབ་པའི་སྨན་དཔྱད་དེ་ཉིད། རྡོ་སྦྱོར་ཆེན་མོ་ཞེས་པའི་ལག་ལེན་དེ་མིན་ནམ་སྙམ།
དེ་ལྟར་གསོ་བ་རིག་པའི་བོན་སྡེ་རྣམས་བསྟན་པའི་སྣོད་གཙོ་བོར་གོང་དུ་ཕྱིན་ཟིན་པ་ལྟར། ཕྱྭ་གཤེན་ལེགས་རྒྱལ་ཐང་པོ་དང་། དཔྱད་བུ་ཁྲི་ཤེས། ལྷ་བུ་གཡུང་དྲུང་ལེགས་པའི་བློ་གྲོས། མེ་ཉག་ཉི་མ་རབ་གསལ་རྣམས་ཡིན་པ་ལུང་གིས་གྲུབ་པས་མ་ཚད། ལྷ་ཀླུ་མི་ཡི་འཁོར་བསམ་གྱིས་མི་ཁྱབ་པར་བྱུང་ཡོད་ནའང་། རིག་གནས་ཆེ་བ་ལྔའི་ཡ་གྱལ། གསོ་རིག་བསྟན་པ་གཉེར་གཏད་གྱི་སྣོད། རྒྱལ་སྲས་དཔྱད་བུ་ཁྲི་ཤེས་ཡིན་ཞིང་། ཁོང་བསྟན་འདི་འཛིན་སྐྱོང་སྤེལ་གསུམ་མཛད་པའི་མཐུ་སྟོབས་དང་། ལྷག་པར་རིག་པའི་དཔྱད་ལམ་རྣོ་ཞིང་། དཔྱད་རྒྱུད་བདུད་རྩི་གཏམས་པའི་བློ་རྒྱ་ཅན་ཞིག་སོང་ཕྱིར། སྟོན་པས་གསུངས་པའི་གསོ་རིག་གི་བཀའ་རྣམས་ཡོངས་སུ་བསྡུ་བ་པོ་དང་། བཏང་བཞག་གི་དབང་ཚད་ཇི་ཡོད་དཔྱད་བུ་རང་ལ་གནང་ཡོད་པ་རེད།
སྤྱིའི་ཆ་ནས་དམ་པ་གོང་ཉིད་སྟོན་པས་བདུད་བཏུལ་བའི་དཔུང་གཉེན་དུ་བྱོན་པ་ཞིག་སྟེ། ྋགཤེན་རབ་ལ་དོ་ཟླ་བྱེད་བའི་ཕྱོགས་བཞིའི་བདུད་ཆེན་སྡེ་བཞིའི་ཁ་གནོན། གཙུག་ལག་སྲིད་པའི་བུ་བཞི་མ་བྱོན་ཐབས་མེད་ཡིན་པ་བཞིན། སྡེ་བཞིའི་ཡ་གྱལ་བདུད་ཆེན་རམ་པ་དུག་འགྱེད་ཀྱིས། དུག་གི་ལས་སྦྱོར་གྱི་ནད་ངན་སྣ་ཚོགས་པས་སེམས་ཅན་གྱི་ཚེ་སྲོག་ལ་བར་ཆད་བཏང་སྐབས། ཕྱི་ནང་གི་དུག་རྣམས་སྨན་གྱིས་བཏུལ་ཞིང་འགྲོ་ཀུན་བདེ་ལ་བཀོད་པའི་ཕྱིར། གཙུག་ལག་བུ་བཞིའི་ཡ་གྱལ་སྐུ་སྲས་དཔྱད་བུ་ཁྲི་ཤེས་སྤྲུལ་པ་ཞིག་སྟེ། (བསྒྲགས་པ་རིན་པོ་ཆེ་གླིང་གྲགས་)ལས། དུས་དེར་བདུད་རམ་པ་དུག་འགྱེད་ཀྱིས་དུག་གི་ལས་བྱས་ཏེ། སེམས་ཅན་རྣམས་ལ་ནད་ཀྱི་བར་ཆོད་བཏང་བ་ལ། སྟོན་པས་སྲས་དཔྱད་བུ་ཁྲི་ཤེས་སྤྲུལ་ཏེ། ཕྱི་ནང་གི་དུག་རྣམས་སྨན་གྱིས་བཏུལ་ནས་ཐམས་ཅད་བདེ་བ་ལ་བཀོད་པར་མཛད་སོགས་གསུངས་པ་དང་། མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་ཀྱང་། ཤར་རྫའི་ལེགས་བཤད་མཛོད་ལས། གོང་གི་བསྒྲགས་གླིང་དང་མཐུན་པའི་ལུང་འདྲེན་གནང་ཞིང་། གནད་ལ་ཁེལ་བའི་བསྡོམས་ཚིག་མཛད་ཡོད།
ཡང་བསྟན་པ་རྗེས་བཞག་མཛད་སྐབས། དཔྱད་བུ་ལ་དཔྱད་རྒྱུད་བདུད་རྩིའི་ཟིལ་པ་བསྟན་རབས་བཤད་ཀྱང་། དེ་ནི་དཔྱད་ཀྱི་རྒྱུད་སྡེ་ཡོངས་ཀྱི་སྤྱི་མིང་ཙམ་ལས། བདུད་རྩིའི་ཟིལ་པ་ཞེས་པའི་སྨན་དཔེ་བྱེ་བྲག་པ་ཞིག་ཡོད་མེད་ཆ་མ་འཚལ།
ང་ཚོ་བོད་པ་ཚང་གི་ངོས་ནས་བཤད་ན། གསོ་རིག་བསྟན་པ་འདི་ཉིད་ནད་དང་སྨན་གཉིས་ཕན་ཚུན་རྫས་ནུས་སྦྱོར་སྟབས་ཁོ་ན་མིན་པར། སྨན་ལྷ་བེཌཱུརྱ་འོད་ཀྱི་རྒྱལ་པོའི་ཆོག་གཞུང་སྲོང་སྟེ་བྱིན་རླབས་ཞུ་བ་དང་། སྔགས་དང་ཏིང་འཛིན་ལ་རྟེན་ནས་གཟུགས་སུ་མ་གྲུབ་པའི་ནུས་པ་དང་། རྫས་ཀྱི་ནུས་པ་གཉིས་ཟུང་འབྲེལ་ཚུལ་དུ་སྤྱོད་དགོས་པར་རྟེན། སྨན་རྫས་བདུད་རྩིར་བསྒྱུར་བའི་ཆོག་གཞུང་ཞིག་ཀྱང་ཡོད་དགོས་ངེས་ཡིན་པས། སྨན་ལྷའི་ཆོག་གཞུང་དེ་ཉིད་དུས་ནམ་ཞིག་བྱུང་ཞེ་ན། དཔྱད་བུ་སྐུ་ན་གང་འཚམས་ལོན་པའི་སྐབས་ཞིག་ འོལ་གླིང་གི་བྱང་ཕྱོགས་སུ་རྨངས་རིགས་གདོལ་པའི་རྒྱལ་པོ་སྒྲ་ཅན་འོད་སྲུང་བྱ་བའི་རྒྱལ་བུ། སྒྲ་ཅན་འཁོར་ལོ་བྱ་བ་ཞིག་གིས་མུ་སྟེགས་ཀྱི་སྟོན་པ་ལ་བསྟེན་ནས། ལོག་སྤྱོད་སྣ་ཚོགས་སྤེལ་བའི་རྐྱེན་གྱིས། ཡུལ་ལུང་དེའི་རྗེ་འབངས་འཁོར་བཅས་སྨྱོ་ནད་སོགས་མི་བདེ་བའི་ནད་སྣ་ཚོགས་ཀྱིས་མནར་སྐབས། སྟོན་པས་འགྲོ་བ་ནད་པ་གསོ་བའི་ཕྱིར། ཞང་བོད་སྨན་གྱི་རྒྱུད་འཛིན་ཆེན་མོ་འཚོ་བྱེད་དཔྱད་བུ་ཁྲི་ཤེས་ལ། སྨན་ལྷའི་ཆོག་གཞུང་ཡོངས་སུ་གསུངས་གནང་བཅུག་པ་དང་། གཞུང་དེའི་དཀྱིལ་འཁོར་གྱི་གཟུགས་རིས་ནི། ྋགཤེན་རབ་མི་བོས་སྨན་ལྷ་བཻཌཱུརྱའི་སྐུར་བཞེངས་ཏེ། མདུན་གྱི་ནམ་མཁའ་ལ་སྨན་ལྷའི་རྒྱལ་པོའི་དཀྱིལ་འཁོར་ཚོན་མདོག་རྣམ་པར་བཀྲ་ཞིང་། ཕྱི་ནང་བར་ཁྱམས་སྒོ་བཞི་སྒོ་ཁྱུད་དང་ལྡན་པ། ཕྱི་རོལ་བདུད་རྩི་སྨན་གྱི་ནགས་ཚལ་དང་། ལྕགས་རི་མུ་ཁྱུད་ཀྱིས་འཁོར་ཞིང་ཡིད་དུ་འོང་བ་ཞིག་མཛད་དེ། དེའི་དབུས་སུ་སྐུ་ཉིད་སྨན་ལྷའི་སྐུར་བྱོན་ནས། མཁའ་ལ་རང་བཞིན་རྫོགས་པའི་དཀྱིལ་འཁོར་བཀྲ་ལམ་མེར་བ་ཞིག་བཞེངས་པ་དང་། དཔྱད་བུས་ཀྱང་དེ་ལྟ་བུའི་ཏིང་འཛིན་ཡིད་ཀྱི་དཀྱིལ་འཁོར་ཐུགས་ལ་བཀྲམས་ཏེ། མཚན་མ་རྡུལ་ཚོན་གྱི་དཀྱིལ་འཁོར་ས་ལ་ལག་གིས་འབྲི་འགོ་ཐོག་མར་བརྩམས་ཏེ། ཆོ་ག་ཚར་གཅིག་གསུངས་པས། ཡུལ་དེའི་བློ་དཀར་གྱི་གང་ཟག་འགའ་ཞིག་སངས་རྒྱས་པ་དང་། སེམས་ཅན་ཉོན་མོངས་པ་དག་གི་རྒྱུ་དུག་ལྔ་དུག་གསུམ་གྱི་ནད་རྣམས་བསང་ཤིང་། མ་རུང་བའི་ནད་ཡམས་སྡུག་པ་ཅན་རྣམས་ཡོངས་སུ་ཞི་བར་བྱས་ཡོད་པར་གྲགས། དེ་ཡན་ཞང་ཞུང་བོན་གྱི་ལོ་རྒྱུས་དང་འབྲེལ་བའི་གསོ་རིག་བསྟན་པའི་དཔྱད་འབྲས་ཙམ་མོ།།
ཡང་གསོ་དཔྱད་ཀྱི་བསྟན་པ་རྒྱ་གར་ནས་དབུ་བརྙེས་པར་འདོད་པ་དང་། དེའི་གོང་དུ་བོད་ལ་གསོ་རིག་གི་ལག་ལེན་མེད་པར་བཞེད་པའི་གང་ཟག་རྣམས་ཀྱིས། ཐོ་ཐོ་རི་སྙན་ཤལ་གྱི་རིང་བོད་ལ་གསོ་དཔྱད་ཐོག་མར་དབུ་ཚུགས་པར་འདོད་པ་དག་ནི། ཡང་དག་པའི་འདོད་ཚུལ་ཞིག་མ་ཡིན་པར་འདྲ་སྟེ། མཁས་དབང་བྱམས་པ་འཕྲིན་ལས་ཀྱིས། ཐོ་ཐོ་རི་སྙན་ཤལ་གྱི་རིང་ལ་གསོ་དཔྱད་ཀྱི་དབུ་བརྙེས་ཟེར་བ་དེའང་མ་ངེས་ཏེ། བོན་པོ་ལ་བརྟེན་པའི་གསོ་དཔྱད་ཇི་སྙེད་ཅིག་ཡོད་ལ། ཞེས་ཟུར་མཁར་བློ་གྲོས་ཀྱི་ཤེས་བྱ་སྤྱིའི་ཁོག་འབུབས་ལས། ལུང་འདྲེན་གནང་ཞིང་དགག་བསྒྲུབས་མཛད་ཡོད།
དེ་རྗེས་བོད་ཀྱི་རྒྱལ་རབས་རང་ལ་མཚོན་ན། རྒྱལ་པོ་ཐོག་མ་གཉའ་ཁྲི་ནས་བཟུང་ད་ལྟའི་བར་སྨན་པའི་རྒྱུད་པ་ཟམ་མ་ཆད་པར་གནས་ཡོད་པ་འདྲ། དེ་གང་ལ་ཞེ་ན། གཉའ་ཁྲིའི་སྐབས་བོན་ཤེས་པ་ཅན་བཅུ་གཉིས་བྱུང་ཡོད་པ་དང་། དེ་དག་གི་ནང་ནས་གསོ་རིག་བསྟན་པ་འཛིན་སྐྱོང་གནང་མཁན། བྲོ་ནད་གསོ་ཞིང་ཚེ་ཡི་བར་ཆད་སེལ་བའི་(ཕན་ཤེས་སྨན་དཔྱད་)ཅེས། ཤེས་ཡོན་མཚན་དུ་ཐོགས་པའི་བོན་གཤེན་དེ་ཡིན་ལ། དེའི་ཐད་མཁས་དབང་བྱམས་པ་འཕྲིན་ལས་ཀྱི་གསུང་རྩོམ་ཕྱོགས་སྒྲིག་ལས་ཀྱང་། སྤྱིར་བོད་ཡུལ་དུ་རྒྱུ་ཡི་བོན་བཞི་དར་སྔ་བ་དང་། ཤེས་པ་ཅན་གྲངས་བཅུ་གཉིས་ཡང་། རྒྱལ་པོ་གཉའ་ཁྲིའི་སྐུ་རིང་དར་ཞིང་། ཕན་ཤེས་སྨན་དཔྱད་བོན་ཞེས་བྱ་བ་ནི། བྲོ་ནད་གསོ་བས་ཚེ་ཡི་བར་ཆད་སེལ་བའི་ནུས་པ་ཡོད་ཚུལ་བཤད། ཡང་དེ་དང་ཕྱོགས་མཚུངས་པའི་བཀའ་ཐང་སྡེ་ལྔའི་ནང་ཚན་(བློན་པོ་བཀའ་ཐང་)ལས། བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོ་ཡར་ལུང་བཙན་ཐང་སྒོ་བཞིར་བྱོན་དུས། ཁོང་བོད་ལ་དྭོགས་ཡོད་ཀྱི་གནད་དྲུག་ནི། རྐུ་ཡོད། སྡང་ཡོད། དགྲ་ཡོད། གཡག་ཡོད། དུག་ཡོད། བྱད་སྟེམས་ཡོད་ཅེས་གསུངས་སྐབས། དེའི་ལན་དུ། རྩིབ་ལྷ་སྐར་མ་ཡོལ་སྡེས། བོད་འདིར་རྐུ་ལ་ལན་ཡོད། སྡང་ལ་བྱམས་ཡོད། དགྲ་ལ་ལན་ཡོད། གཡག་ལ་མཚོན་ཡོད། དུག་ལ་སྨན་ཡོད། བྱད་སྟེམས་ལ་འགྲོལ་ཐབས་ཡོད་ཅེས་ཞུས་ཡོད་པས། སྐབས་དེར་དུག་སེལ་སྨན་གྱི་བྱ་ཐབས་ཡོད་པ་ཤིན་ཏུ་གསལ་བས། གཉའ་ཁྲིའི་སྐབས་བོད་ཡུལ་དུ་གསོ་རིག་བསྟན་པ་དར་ཁྱབ་ཆེན་པོ་བྱུང་ཡོད་པའི་བཟོ་རེད། ད་དུང་གོང་གི་ལུང་དང་མཚུངས་པར། མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་(ལྡེའུ་ཆོས་འབྱུང་)ལས་དྲངས་ཏེ། རྒྱལ་ཐོག་གཉའ་ཁྲིའི་སྐུ་རིང་དུག་སྦྱོར་སྨན་བཅོས་ཀྱི་ལག་ལེན་ཚད་མཐོའི་གནས་སུ་སླེབས་པའི་སྒྲུབ་བྱེད་ཀྱང་བཀོད་ཡོད།
སྤྱིར་བོད་ཀྱི་སྨན་གཞུང་རྣམས་སུ་དུག་ནད་བཅོས་ཐབས་ཀྱི་རྣམ་བཞག་ཕྲན་ཚེགས་ཡོད་པ་ནི། ཀུན་གྱིས་མཁྱེན་གསལ་ལྟར་རེད། ལྷག་པར་དུ་དཔྱད་བུ་ཁྲི་ཤེས་ཀྱིས་ཆེད་དུ་དམིགས་ཏེ་མཛད་པའི། (དུག་བཅོས་གཡུང་དྲུང་འཁྱིལ་བ་)ཞེས་པའི་དཔེ་ཆ་ཞིག་ཡོད་པར་གྲགས། སྨན་དཔེ་དེ་ཉིད་དེང་སྐབས་བོན་གྱི་དཔེ་གཞུང་རྣམས་སུ་མི་གསལ་ཀྱང་། ཕྱིས་བྱུང་བོན་ཆོས་གཉིས་ཀའི་སྨན་པ་འགས་སྤྱན་གཟིགས་གནང་ཡོད་པ་ལ་ཐེ་ཚོམ་མི་དགོས་པ་ལྟ་བུར་སྣང་། གང་ལ་ཞེ་ན། དེའུ་དམར་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི། (གསོ་རིག་གི་ཡིག་ཐོ་གསལ་བྱེད་མལཱི་ཀའི་རྒྱུན་ཐག་ནང་ཚན་དབང་པོ་རིལ་བུ་གསུམ་གྱི་ལག་ལེན་གསལ་བའི་བསྟན་བཅོས་ཟབ་གསང་སྙིང་ཐིག་)ལས། ཞང་ཞུང་ལུགས་ཀྱི་དྲང་སྲོང་དཔྱད་བུ་ཁྲི་ཤེས་ཀྱིས་མཛད་པའི་(དུག་བཅོས་གཡུང་དྲུང་འཁྱིལ་བ་)ཞེས་པའི་ནང་། སྔོན་དུས་སྟོན་མཆོག་དབང་པོ་གཤེན་རབ་ཀྱིས། སྐྱབས་གནས་སྲུང་མར་བཅས་ལ་དམོད་འདི་བོར། སྙིགས་དུས་མ་རུངས་བདུད་ཀྱི་སྤྲུལ་བ་འགས། ཟུངས་ངན་དུག་སྦྱོར་ཉེས་པ་ཡོད་མིན་གྱིས། མི་ཆེན་སྲོག་ལ་ཧུར་ཐུམ་བྱེད་དུས་སུ། དེ་ཉིད་འཇོམས་པའི་སྨན་མཆོག་རིན་ཆེན་འདི། མཐུ་ལྡན་རང་བཞིན་དངོས་གྲུབ་སྩལ་དུ་གསོལ། གསུངས་པས་ལྷུང་བཟེད་ནང་དུ་དངོས་གྲུབ་ཀྱི། རིལ་བུ་རིགས་ལྔ་བྱུང་བ་ཕྱོགས་བཅུར་བོར། ཕྱོགས་ཀུན་ཁྱབ་ནས་འགྲོ་ལ་ཕན་པར་ཤོག ཅེས་གསུངས་པས་དབང་དུ་བྱས་ཏེ་གནས་ལ་མ་ངེས་པ། སྲོག་ཆགས་ཀུན་དང་ཁྱད་པར་རྨ་བྱ་སོགས། སྲོག་རྩ་རྭ་རྩེ་མཁྲིས་རྩ་ཀླད་པ་དང་། ཕོ་ལོང་རྒྱུ་མ་མཆིན་པ་སོགས་ལས་འབྱུང་། ཞེས་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་ལུང་འདྲེན་གནང་ཡོད་པས། དེ་ལྟར་ན་དེའུ་དམར་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས། དུག་བཅོས་གཡུང་དྲུང་འཁྱིལ་བའི་དཔེ་ཆ་དེ་ཉིད། གཟིགས་མྱོང་ཡོད་པ་ལ་བསྙོན་རིན་གང་ཡང་མི་དགོས་པ་ཞིག་རེད། ད་དུང་དེ་ཉིད་ལས། དབང་རིལ་གྱི་དབྱེ་བ་དང་རང་བཞིན་ཁ་དོག་འདྲ་མིན་དང་། དེ་དག་གི་ཕན་ནུས་ཆེ་ཆུང་སོགས་ཡོངས་སུ་ལུང་འདྲེན་གནང་ཞིང་། དཔྱད་བུ་ཁྲི་ཤེས་ནི་ཧ་ཅང་སྔ་བའི་དུས་ནས་སྨན་དཔྱད་ཀྱི་བསྟན་པའི་བྱ་བར་ཞུགས་མཁན་ཞིག་ཡིན་པར་བསྡོམས་ཚིག་ནན་པོ་རྒྱབ་ཡོད།
དེ་ལྟར་རྒྱལ་གཉའ་ཁྲི་ནས་བཟུང་གནམ་གྱི་ཁྲི་བདུན་དང་། བར་གྱི་ལྡིང་གཉིས། ས་ལ་ལེགས་དྲུག ཆུ་ལ་སྡེ་བརྒྱད་ཀྱི་རྒྱལ་རབས་རྣམས་སུ་སྨན་རྒྱུན་མ་ཆད་པར་བཞུགས་ཡོད་པ་འདྲ། ཆོས་ཕྱོགས་ཀྱི་ལོ་རྒྱུས་དག་ལས་བར་གྱི་བཙན་ལྔའི་མཐའ་མ་རྒྱལ་ཐོ་རི་ལུང་བཙན་ནམ། ལྷ་ཐོ་ཐོ་རི་སྙན་ཤལ་སྐབས་རྒྱ་གར་ནས་ཆོས་དང་རིག་གཞུང་མང་པོ་བོད་ལ་དར་ཁྱབ་བྱུང་བར་བཤད་པ་བཞིན། རག་རྡོ་བློ་བཟང་བསྟན་འཛིན་གྱི་དཔྱད་རྩོམ་ཐོར་བུ་ལས་ཀྱང་། དུས་དེར་རྒྱ་གར་ཚེ་ཡི་རིག་བྱེད་ལས་རེག་པ་རྩ་མདོ་དང་། འཚོ་བ་ཟས་མདོ། སྦྱོར་བ་སྨན་མདོ། རྨ་ཆས་བཟོ་མདོ་བཅས་མདོ་བཞི་དར་ཚུལ་བཤད། ཡང་དེ་ཉིད་ལས། བཙན་པོ་ཁྲི་སྲོང་སྐབས་དཔེ་གཞུང་ལྔ་ཅུ་ལ་ཉེ་བའི་མཚན་བགྲང་ཡོད་ཀྱང་། རྩ་ཆེའི་གཞུང་ལུགས་དག་གི་དགོངས་བཅུད་སྨན་དཔྱད་སོ་མ་རཱ་ཛ་དང་། དཔལ་ལྡན་རྒྱུད་བཞི་སོགས་སུ་སྔོན་བྱོན་བོད་ཀྱི་དྲན་དབང་རྣམས་ཀྱིས་མེ་ཏོག་ལས་སྦྲང་རྩི་དང་། འོ་མ་ལས་མར་གྱི་ཚུལ་དུ་བསྡུས་ནས་ཡོད། ཅེས་པ་ལས་གཞན་གོང་དུ་བགྲང་བའི་མཚན་ཅན་དག་ཕལ་ཆེ་བ་འདྲེན་བྱེད་ཀྱིས་མཇལ་བའི་བསྐལ་བ་མེད་པར་བཤད།
རྒྱལ་པོ་ཁྲི་སྲོང་གི་གནས་སྐབས་ཤིག་ལ། བསམ་ཡས་ཕྱོགས་སུ་གཡས་གཡོན་རྒྱལ་ཁབ་དག་གི་གྲགས་ཅན་སྨན་པ་དགུ་ཙམ་འཛོམས་ཤིང་། ཕན་ཚུན་གསོ་བ་རིག་པའི་བོན་སྡེ་བཀའ་བབས་ཚུལ་གླེང་མོལ་གནང་སྐབས། མཁས་དབང་གཡུ་ཐོག་པས། རྒྱ་དཀར་གྱི་ལུགས་ལ་རིག་པ་ཡེ་ཤེས་ཀྱི་རྒྱུད་དང་། རྒྱ་ནག་གི་ལུགས་ལ་འཁོར་འདས་རྩིས་ཀྱི་རྒྱུད། བལ་པོའི་ལུགས་ལ་འཁོར་འདས་བཟོའི་རྒྱུད། ཁ་ཆེའི་ལུགས་ལ་རྫས་སྦྱོར་རིན་པོ་ཆེའི་རྒྱུད། སོག་པོའི་ལུགས་ལ་ནད་ཕྱིར་འདྲེན་པ་གཏར་ཁའི་རྒྱུད། གར་ལོག་གི་ལུགས་ལ་ནད་བསྲེག་པ་མེའི་རྒྱུད། ཏ་ཟིག་གི་ལུགས་ལ་ནད་གསོད་པ་དུག་བཅོས་ཀྱི་རྒྱུད། ཁྲོམ་གྱི་ལུགས་ལ་ཆུ་དཔྱད་ཟལ་བསིལ་གྱི་རྒྱུད། ཟ་ཧོར་གྱི་ལུགས་ལ་ནད་སྡུས་པ་རྔབ་རུའི་རྒྱུད། གེ་སར་གྱི་ལུགས་ལ་ནད་འདེད་པ་སྔགས་ཀྱི་རྒྱུད། ཞང་ཞུང་གི་ལུགས་ལ་ནད་ཐུར་དུ་སྦྱོང་པ་བཤལ་གྱི་རྒྱུད། ཨོ་རྒྱན་གྱི་ལུགས་ལ་ནད་གྱེན་དུ་འདྲེན་པ་སྐྱུགས་ཀྱི་རྒྱུད། བོད་ཀྱི་ལུགས་ལ་ནད་གསོ་བར་བྱེད་པ་གཉེན་པོ་བཞི་ལྡན་གྱི་རྒྱུད། གཡུང་དྲུང་བོན་གྱི་ལུགས་ལ་ནད་ཞི་བར་བྱེད་པ་དུགས་ལུམས་བྱུག་གསུམ་གྱི་རྒྱུད། ཐགས་བཟང་ལྷ་མ་ཡིན་གྱི་ལུགས་ལ་ནད་བཅིང་བ་དེབ་ཆིངས་ཀྱི་རྒྱུད། ཚངས་པ་ལྷའི་ལུགས་ལ་གསོ་དཔྱད་འབུམ་པའི་རྒྱུད། འཕགས་པ་བྱང་ཆུབ་སེམས་དཔའི་ལུགས་ལ་ཐུགས་རྗེ་རང་གྲོལ་གྱི་རྒྱུད། དྲང་སྲོང་གི་ལུགས་ལ་ཙ་ར་ཀ་སྡེ་བརྒྱད་ཀྱི་རྒྱུད། ཕྱི་པའི་ལུགས་ལ་“ད”་དབང་ཕྱུག་ཆེན་པོའི་རྒྱུད། ནང་པའི་ལུགས་ལ་རིག་གསུམ་མགོན་པོའི་རྒྱུད་དོ་ཞེས། ཡུལ་ལུང་མི་འདྲ་བ་རེ་ལ་ཆ་མཉམ་གྱི་སྨན་དཔྱད་མི་འདྲ་བ་རེ་ཡོད་པ་ལྟ་བུར་བཞེད་སྲོལ་ཡོད་པ་རེད། ལུང་དེ་དག་གི་ནང་ནས། མཁས་དབང་བྱམས་པ་འཕྲིན་ལས་ཀྱིས། ཞང་ཞུང་གི་ལུགས་དང་གཡུང་དྲུང་བོན་ལུགས་གཉིས་ཟུར་འདོན་གནང་ཞིང་། བོད་ཀྱི་གསོ་རིག་རྒྱུད་བཞིའི་ནང་ཚན། ཕྱི་རྒྱུད་དུ་སྤྱོང་བྱེད་ལས་མདོ་དང་། དེ་བཞིན་འཇམ་དཔྱད་དུགས་ལུམས་བྱུག་པ་གསུམ་གྱི་ལེའུ་སོ་སོར་ཡོད་པ་དེས། ཞང་བོད་གསོ་རིག་དབར་གྱི་འབྲེལ་བ་ཟབ་མོ་ཡོད་པ་ལོ་རྒྱུས་ཀྱི་གསལ་བཤད་བྱུང་བར་བསྒྲུབས་ཡོད། ད་དུང་ལྷ་ཡི་ལུགས་ཀྱི་གསོ་དཔྱད་འབུམ་པ་དེ་ཉིད། ལོ་རྒྱུས་འགའ་ཤས་ནང་ལྷ་ཡི་ཡུལ་དུ་གསོ་དཔྱད་འབུམ་པ་གསུངས། ཞེས་འཁོད་པའི་ལུང་དང་ཤིན་ཏུ་མཚུངས་པར་སྣང་།
དེ་ལ་རིགས་པས་དཔྱད་ན། གོང་གི་བཀའ་བབས་པའི་ཡུལ་ལུང་གི་ལུགས་རྣམས། ལུང་པ་སོ་སོ་རང་རང་ནས་ཚུར་དར་བ་གོ་དགོས་ན། ཡུལ་ལུང་འགར་ནད་ཚ་གྲང་ལྡན་འདུས་གང་ལ་བཤལ་ཁོ་ནས་བཅོས་དགོས་པ་དང་། ཡང་འགའ་ཤས་སྐྱུག་ཁོ་ན་དང་། ལ་ལར་རྨ་ཆས་ཁོ་ནར་བེད་སྤྱོད་གནང་དགོས་ཕྱིར། ནད་འགའ་ཞིག་ལ་ཕན་པ་ཡོང་ཆོག་ཀྱང་། འགའ་ཞིག་ལ་བཅོས་ལོག་འགྲོ་རྒྱུ་ལས། ནད་པའི་ཟུག་རྔུ་ཡོངས་རྫོགས་སེལ་ནུས་པའི་གཉེན་པོ་བཞི་ལྡན་གྱི་རྒྱུད་ནི། བོད་ལུགས་ཁོ་ན་མ་གཏོགས་རྒྱ་དཀར་ནག་སོགས་གཞན་པའི་ཁྱིམ་མཚེས་རྒྱལ་ཁབ་སུ་ལ་མེད་སོང་བ་ལྟ་བུ་རེད།
ཡང་རིགས་ལམ་གཞན་ཞིག་རྒྱུད་ཚེ། བཀའ་བབས་ཀྱི་ལུང་ནི་སྟོན་པའི་བཀའ་ལྟ་བུར་གོ་དགོས་ཕྱིར། དཔེར་ན། གནམ་ནས་ཟླ་བ་གཅིག་ཤར་བས་ས་ཐོག་གི་ཆུ་སྐྱོག་ཐ་དག་དུ་ཟླ་གཟུགས་རེར་བྱུང་བ་བཞིན། སངས་རྒྱས་ཀྱི་བཀའ་གསུང་གཅིག་ལ་གང་ཟག་སོ་སོར་གོ་བ་མི་འདྲ་བ་རེ་བྱུང་བར་འགྲེལ་ན། དེ་ནི་ཧ་ཅང་མི་མཚུངས་པའི་རིགས་པ་ཞིག་སྟེ། རྒྱལ་བའི་གསུང་གཅིག་ལ་གདུལ་བྱས་ཐ་དད་དུ་གོ་ཚུལ་ནི། ལྟ་བའི་ཁ་ཕྱོགས་མི་མཐུན་པ་ལ་བརྗོད་བྱའི་གོ་དོན་ཁ་ཁར་འགྲོ་བ་གཅིག་དང་། སྐད་རིགས་མི་གཅིག་པའི་མི་ཚོགས་དཀྱིལ་དུ་རྗོད་བྱེད་གང་ལ་དྲངས་ཀྱང་། སོ་སོའི་ཡུལ་སྐད་ཐོག་བརྗོད་དོན་གཅིག་ཏུ་གོ་བའི་དགོས་གནད་ཡོད་པ་ལས། སངས་རྒྱས་ཀྱིས་སྨན་གཞུང་གསུངས་དུས། རི་རོང་རེ་འགའི་རྒྱབ་མདུན་གྱི་མི་སོ་སོའི་གཞུང་དེའི་ཆ་ཤས་མི་འདྲ་བ་རེ་གོ་སོང་ན། དགོས་པ་འདི་ཞེས་པ་ཞིག་མེད་པ་ལྟ་བུར་ལགས། གལ་སྲིད་ཡུལ་ལུང་སོ་སོའི་གཙོར་འཛིན་དང་རྒྱུ་རྩལ་ཁྱད་པར་བ་ཞིག་ལ་ངོས་འཛིན་གནང་ན། གོང་གི་ཡུལ་ལུང་ཀུན་ལ་ཞང་བོད་སྨན་གྱི་གཞུང་ལུགས་ཀྱི་ཡན་ལག་རྣམས། སྔ་མ་ནས་ཁྱབ་བདལ་སོང་ཟིན་པའི་གསང་རྟགས་ཤིག་མིན་ན་སྙམ།
དེ་ཡང་ཞང་བོད་སྨན་གྱི་བརྒྱུད་རིམ་རགས་བསྡུས་ཙམ་ཞུས་ན། སྔར་མི་ལོ་ཁྲི་གྲངས་ཀྱི་གོང་དུ་སྟོན་པ་གཤེན་རབ་མི་བོས་བཀའ་བབས་དཔྱད་བུ་ཁྲི་ཤེས་ལ་གསུངས། དེ་རྗེས་ཏ་ཟིག་མཁས་པ་དམུ་ཚ་ཏྲ་ཧེ་དང་། ཁྲོམ་གསེར་ཐོག་ལྕེ་འབྱམས། ཞང་ཞུང་སྟོང་རྒྱུང་མཐུ་ཆེན། སྡེ་བོན་གྱིམ་ཚ་རྨ་ཆུང་རྣམས་ནས་སོ་སོའི་ལུང་པའི་སྐད་ཐོག་བསྒྱུར་ནས། ཡུལ་ལུང་སོ་སོར་དར་རྒྱས་མཛད་དེ། མི་རབས་མང་པོའི་རིང་རྒྱུན་གནས་ཐུབ་པར་བྱུང་བ་ཞིག་སྟེ། འབུམ་བཞི་དང་དུས་མཉམ་པའི་བདུད་རྩི་ཕུན་ཕུན་དགུ་པའི་རྒྱུད་རིམ་ལ་མཚོན་ན། ཐོག་མར་སངས་རྒྱས་ཀྱིས་དཔྱད་བུ་སོགས་ལ་གསུངས་པ་དང་། བོན་གཤེན་བརྒྱད་ལ་བརྒྱུད། དེ་ནས་ཞང་ཞུང་གཤེན་པོ་ཉེར་གསུམ་ལ་བརྒྱུད། དེ་རྗེས་རིག་འཛིན་དགུ་ལ་རྒྱུད་དེ་མཐར་གུ་བསྐྱེད་དཔལ་གྱི་གཡུང་དྲུང་གིས་གཏེར་དུ་སྦས་པ་དང་། ཕྱིས་དུས་སུ་ཁུ་མཛུ་སྲིད་པའི་རྒྱལ་པོས། སྣ་རུ་བྲག་གནམ་སྐས་ཅན་ནས་སྤྱན་དྲངས་ཏེ། ཤཱཀྱ་དཔལ་ལ་བརྒྱུད། དེ་རྗེས་གཤེན་པོ་ཉེར་གཅིག་ལ་རིམ་པས་བརྒྱུད་ཚུལ་ཡོད་པས། མདོར་ན་གང་ཟག་དྲུག་བཅུ་ཡས་མན་ཞིག་གི་བརྒྱུད་རིམ་གསལ། དེ་རྗེས་བོད་རྗེ་ཐོག་མ་གཉའ་ཁྲི་ནས་བཟུང་རྒྱལ་ཐོ་རེ་ལུང་བཙན་བར། ཞང་ཞུང་གི་སྨན་རྒྱུད་དང་། ལྷ་ཐོ་ཐོ་རིའི་སྐབས་རྒྱ་གར་ནས་བྱུང་བའི་སྨན་དཔྱད་ལག་ལེན་གང་མང་དར་བར་བཤད་པས། དེ་ནས་བཟུང་ཞང་བོད་སྨན་ཀྱི་ཡོ་ཆས་རྒྱས་འཛོམས་དང་གོད་ཆགས་གཉིས་ཀ་འབྱུང་རྒྱུ་དབུ་ཚུགས་ཡོད་པ་འདྲ།
གཡུ་ཐོག་གསར་སྙིང་གི་རྣམ་ཐར་ལྟར་དུ། ལྷ་ཐོ་ཐོ་རི་དང་དེའི་སྲས་ཁྲི་སྙན་གཟུགས་བཙན་གྱི་སྐུ་ཚེའི་སྟོད། སྨན་པ་དུང་གི་ཐོར་ཅོག་ཅན་གྱིས་བླ་སྨན་མཛད་པ་དང་། དུང་གི་ཐོར་ཅོག་གི་སྲས་བློ་གྲོས་ཆེན་པོས། ཁྲི་སྙན་གཟུགས་བཙན་གྱི་སྐུ་ཚེ་སྨད་དང་། འབྲོང་སྙན་ལྡེའུའི་བླ་སྨན་གནང་། བློ་གྲོས་ཆེན་པོའི་སྲས་བློ་གྲོས་མཚུངས་མེད་དང་། དེའི་སྲས་བློ་གྲོས་རབ་གསལ་གཉིས་ཀྱིས། སྟག་རི་གཉན་གཟིགས་ཀྱི་བླ་སྨན་མཛད། དེའི་སྲས་བློ་གྲོས་རྒྱལ་མཛོད་ཀྱི་རྒྱལ་པོ་གནམ་རི་སྲོང་བཙན་གྱི་བླ་སྨན་མཛད། བློ་གྲོས་རྒྱལ་མཛོད་ཀྱི་སྲས་བློ་གྲོས་བཤེས་གཉེན་གྱིས། ཆོས་རྒྱལ་སྲོང་བཙན་སྒམ་པོའི་བླ་སྨན་མཛད། དེའི་སྲས་འདྲེ་རྗེ་རྒྱ་གར་བཛྲ་རམ་གཡུ་ཐོག་རྙིང་མ་པས། རྒྱལ་པོ་གུང་སྲོང་གུང་བཙན་དང་མང་སྲོང་མང་བཙན་གཉིས་ཀྱིས་བླ་སྨན་མཛད། དེའི་སྲས་ཁྱུང་པོ་རྡོར་རྗེས་འདུས་སྲོང་མང་པོ་རྗེ་རླུང་གནམ་འཕྲུལ་གྱི་རྒྱལ་པོའི་བླ་སྨན་མཛད། ཁྱུང་པོ་རྡོ་རྗེའི་སྲས་གཡུ་ཐོག་ཡོན་ཏན་མགོན་པོ་འཁྲུངས་ཏེ་དགུང་ལོ་བརྒྱ་དང་ཉི་ཤུ་རྩ་ལྔ་བཞུགས་ནས། རྒྱལ་པོ་ཁྲི་སྲོང་སྡེ་བཙན་དང་དེའི་ཡབ་མེས་ཨག་ཚོམ་གཉིས་ཀའི་བླ་སྨན་མཛད། དེའི་སྲས་འབུམ་སེང་། དཔལ་འབུམ། དགའ་དགའ་གསུམ་གྱིས་མངའ་བདག་མུ་ཏིག་བཙན་པོ། མུན་བཙན་པོ། མུ་ཁྲི་བཙན་པོ་མཆེད་གསུམ་གྱི་བླ་སྨན་མཛད། དེའི་སྲས་སྲ་ལུའམ་མཚན་གཞན་གཡུ་ཐོག་འགྲོ་མགོན་གྱིས། མངའ་བདག་རལ་པ་ཅན་དང་གླང་དར་སོགས་ཀྱི་བླ་སྨན་མཛད། དེའི་སྲས་གཡུ་ཐོག་ཇོ་སྲས་དཔལ་གྱིས། འོད་སྲུངས་ཀྱི་བླ་སྨན་མཛད། དེའི་སྲས་གཡུ་ཐོག་བྱམས་པ་ཐུགས་རྗེས། མངའ་བདག་དཔལ་འཁོར་བཙན་གྱི་བླ་སྨན་མཛད། དེའི་སྲས་བྱམས་པ་དཀོན་ཅོག་བདེ་ལེགས་དང་། དེའི་སྲས་བྱམས་པ་བདེ་ལེགས་གཉིས་ཀྱིས། སྐྱིད་བདེ་ཉི་མགོན་དང་སྐྱིད་བདེའི་སྲས་བཀྲ་ཤིས་བདེ་གཉིས་ཀྱི་བླ་སྨན་མཛད་ཚུལ་བཤད། དེ་ལྟར་བཤད་པའི་རྒྱུད་རིམ་ཁྲོད། རྒྱལ་པོ་རྣམས་སྔ་ཕྱི་དང་གོང་འོག་ཏག་ཏག་བསྡད་མིན་སོགས་ཞོར་དོན་སྣ་ཚོགས་ཡོད་ཆོག་སྟེ། སྤྱིར་རྒྱལ་རབས་ཀྱི་འཆད་ཚུལ་ལའང་གསར་རྙིང་མི་མཚུངས་པ་ཕྲན་ཚེགས་ཡོད་པ་བཞིན་ནོ། མདོར་བསྡུས་ཏེ་བཤད་ན། ཞང་ཞུང་བྱ་རུ་ཐོབ་པའི་རྒྱལ་རབས་བརྒྱད་དང་བཅོ་བརྒྱད་སོགས་ཀྱི་རིང་ནས་བརྒྱུད། བོད་ཀྱི་རྒྱལ་རབས་མིང་གྲགས་ཅན་ཞེ་གཉིས་སོགས་ཀྱི་རིང་། གསོ་རིག་བསྟན་པའི་རྒྱུད་འཛིན་གྱི་སྐྱེས་བུ་ཟམ་མ་ཆད་པར་གནས་ཡོད་པ་ནི་སུས་ཀྱང་གསལ་བཤད་མི་དགོས་པ་ཞིག་རེད།
ཉིས་སྟོང་བརྒྱ་མེད་བཅུ་དགུའི་ལོ་ཚིགས་འདིར། །རྒྱལ་ཡོངས་གསོ་རིག་ཉིན་མོའི་སྲུང་རྩི་ལ།།
དམ་པ་གོང་མའི་བཀའ་དྲིན་རྗེས་དྲན་ཆེད། །རིས་མེད་གསོ་རིག་རྒྱུད་འཛིན་སྐྱེས་ཆེན་འགའི།།
མཛད་འཕྲིན་ཡིད་ངོར་འཆར་ཚད་འདིར་ཕབ་སྟེ། །སྔོན་བྱོན་དམ་པའི་ཕྲེང་རྒྱུན་གསལ་འདེབས་དང་།།
ད་བྱུང་ལུས་སེམས་གསོ་བའི་མགོན་པོའི་ཕྱོགས། །མི་ཚད་དད་པའི་རྗེས་དྲན་འདི་ཕུལ་བས།།
འགྲོ་ཀུན་ཟུག་རྔུའི་ནད་ལས་གྲོལ་བར་སྨོན།། །།
- འདི་ནི་ཕྱི་ལོ་ ༢༠༡༩ ཟླ་ ༩ ནང་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་ཕྱོགས་བསྒྲིགས་དང་དཔར་བསྐྲུན་འགྲེམས་སྤེལ་ཞུས་པའི་དུས་དེབ་<<གསོ་རིག་ཆེད་རྩོམ་ཕྱོགས་བསྡུས།>>འདོན་ཐེངས་དང་པོ། ཞེས་པ་ནས་ཟུར་འདོན་ཞུས།
མཐའ་མའི་འདོན་ཐེངས་།: 25.09.2019 ཉིན། 10:04 AM
<< སྔ་མ།