ཝཱ་ཎ་ཁུལ་དུ་ཤེས་ཡོན་ལྟ་སྐོར་ལེགས་གྲུབ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 06.01.2022 |
ཝཱ་ཎ་ཁུལ་དུ་ཤེས་ཡོན་ལྟ་སྐོར་ལེགས་གྲུབ།
ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༡ ནས་ ༨ བར་སྨན་རྩིས་ཁང་ནས་མི་སྣ་དྲུག་ལས་གྲུབ་པའི་ཚོགས་ཆུང་ཞིག་ཨུཏྟར་པྲདེཤ་མངའ་སྡེར་རྟེན་གཞི་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དང་། དེ་བཞིན་བནཱརས་ཧིཾདཱུ་གཙུག་ལག་སློབ་གྲྭ་ཆེན་མོ།(Banaras Hindu University) རྒྱ་གར་རྒྱལ་ཡོངས་ཚེ་ཡི་རིག་བྱེད་སློབ་གཉེར་ཁང་།(All India Institute of Ayurveda) བཅས་སུ་བསྐྱོད་དེ་ཤེས་ཡོན་ལྟ་སྐོར་དང་བརྗེ་ལེན་མཛད་འཆར་གཅིག་ལྕོགས་ཀྱི་ལས་རིམ་ཞིག་ལེགས་གྲུབ་བྱུང་ཡོད། དེར་ཕེབས་མཁན་ཚོགས་མི་རྣམས་ནི་གསོ་རིག་སྨན་རྫས་བཟོ་སྐྲུན་དང་ཞིབ་འཇུག་གི་རྒྱབ་ལྗོངས་ལྡན་པའི་སྨན་པ་དང་། སྤུས་ཚད་དབྱེ་ཞིབ་པ་དང་ཚན་རིག་པ་གཅིག་ལྕོགས་མི་སྣ་རྣམས་ཡིན། ཟླ་ ༡༢ ཚེས་ ༡ ནས་ ༤ བར་ཧིཾདཱུ་གཙུག་ལག་སློབ་གྲྭ་ཆེན་མོའི་ཚེའི་རིག་བྱེད་སྡེ་ཚན་དང་། དེ་གའི་རྒྱ་གར་བཟོ་རིག་སློབ་ཆེན་གྱི་མངའ་ཁོངས་དང་རང་དབང་ཅན་གྱི་སྡེ་ཚན་ཁག་གི་བརྒྱུད་རིམ་དང་བྱེད་སྒོ་སྣ་ཚོགས་ཐོག་ལ་དངོས་སུ་སློབ་སྦྱོང་ཐོབ་ཡོད། སྨན་རྩིས་ཁང་ནས་དེ་གའི་སློབ་གཉེར་རིགས་སྡེའི་འགན་འཛིན་ Prof. K. N. Dwivedi མཆོག་དང་། ཁོང་གི་ཕྱག་རོགས་རྣམས་ལ་བྱམས་བརྩེའི་ངང་འཆད་ཁྲིད་གནང་བ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། སླད་ཕྱིན་དེ་བས་མང་བ་སྦྱོང་རྒྱུ་ཡོང་བ་དང་། རང་རེ་སྲོལ་རྒྱུན་སྨན་ལུགས་གཉིས་ཀྱི་དབར་ལ་ཐུན་མོང་གི་ཁེ་ཕན་ཡར་རྒྱས་ཡོང་བའི་རེ་བ་བྱེད་བཞིན་ཡོད།
དེ་ནས་ཟླ་ ༡༢ ཚེས་ ༦ ཉིན་གཅིག་རིང་ཝཱ་ཎ་མཐོ་སློབ་ཏུ་གསོ་བ་རིག་པའི་ཤེས་ཡོན་དང་གནས་ཚུལ་བརྗེ་ལེན་གྱི་མཛད་རིམ་ནང་མཉམ་ཞུགས་གནང་། སྐབས་དེར་སློབ་གཉེར་རིགས་སྡེ་འགན་འཛིན་སློབ་དཔོན་ཆེན་མོ་རྒན་རྡོ་རྗེ་དགྲ་འདུལ་མཆོག་དང་། དེ་བཞིན་སློབ་གཉེར་རིགས་སྡེ་འགན་འཛིན་ཟུར་པ་སློབ་དཔོན་ཆེན་མོ་རྒན་རག་རྡོ་བློ་བཟང་བསྟན་འཛིན་མཆོག སྡེ་ཚན་འགན་འཛིན་སྨན་པ་བཀྲིས་ཟླ་བ་མཆོག་བཅས་ནས་བཙན་བྱོལ་དུ་སྨན་རྩིས་ཁང་ནས་བོད་ཀྱི་གསོ་བ་རིག་པའི་བསྟན་པ་མི་ཉམས་རྒྱུན་འཛིན་དང་ཡར་རྒྱས་གོང་འཕེལ་གྱི་བྱ་གཞག་ལ་ཡི་རངས་བསྔགས་བརྗོད་གནང་ཡོད།
གཞན་ཡང་ཟླ་ ༡༢ ཚེས་ ༨ ཉིན་རྒྱལ་ས་དིལླིར་རྟེན་གཞི་ AIIA འགན་འཛིན་སློབ་དཔོན་ཆེན་མོ་ Tanuja Nesari མཆོག་དང་ཁོང་གི་ལས་རོགས་རྣམས་ནས་ཁོང་ཚོའི་སློབ་གཉེར་ཁང་སྤྱི་ཡོངས་དང་ལྷག་པར་ལས་ལྔའི་སྡེ་ཚན་དུ་ལྟ་སྐོར་གོ་སྒྲིག་གནང་སྐྱོང་ཡོང་བའི་འབོད་སྐུལ་ལ་དང་ལེན་གནང་བར་གོ་སྐབས་འདིའི་བརྒྱུད་ཁོ་ཅག་དང་། དེ་བཞིན་ཝཱ་ཎ་མཐོ་སློབ་ཀྱི་གསོ་རིག་སྡེ་ཚན་གྱི་འབྲེལ་ཡོད་འགོ་ལས་ཡོངས་ནས་མཐུན་འགྱུར་གང་ལེགས་གནང་བར་སྨན་རྩིས་ཁང་གིས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།།
མཐའ་མའི་འདོན་ཐེངས་།: 06.01.2022 ཉིན། 2:49 PM
<< སྔ་མ།