སྨན་རྩིས་དྲ་བ། - མདུན་ངོས།

ཚོགས་པ་གསུམ་གྱིས་བརྟན་བཞུགས་བསྟར་འབུལ་ལེགས་གྲུབ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 17.06.2024
མདུན་ངོས། >>


ཚོགས་པ་གསུམ་གྱིས་བརྟན་བཞུགས་བསྟར་འབུལ་ལེགས་གྲུབ།



ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༡༡ བོད་ཟླ་ ༥ ཚེས་ ༥ བོད་ལུགས་ཀྱི་སྐུའི་དགུང་གྲངས་དགུ་བཅུར་སོན་པའི་འཁྲུངས་སྐར་གྱི་ཉིན་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་སྒྲིག་འཛུགས་ལས་བྱེད་ཟུར་པ་དང་། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་། སྐུ་སྲུང་ཟུར་པ་བཅས་མཐུན་གྲོགས་ཚོགས་པ་གསུམ་གྱིས་སྒྲོལ་དཀར་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་རྒྱས་པ་ཞིག་ཞུས་ཡོད།

དེ་ཡང་གཟའ་སྐར་ཚེས་བཟང་གི་ཉིན་དེའི་ཐོ་རངས་ཆུ་ཚོད་ ༥ མ་ཟིན་ཙམ་ནས་འཛམ་གླིང་ཡུལ་གྲུ་གང་ས་ནས་བརྟན་བཞུགས་མཛད་སྒོར་ཆེད་བཅར་མཐུན་གྲོགས་ཚོགས་པ་གསུམ་གྱི་ལས་ཟུར་དང་ལས་ཐོག་ཚོགས་མི། དེ་བཞིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཡང་ཐོག་དང་ཁྱམས་རར་དད་དམ་གཡོ་བ་མེད་པའི་བོད་རིགས་མང་ཚོགས་སྟོང་ཚོ་བརྒལ་བ་འདུ་འཛོམས་ཐོག་སྔ་དྲོ་ཚོུད་ ༧།༤༥ ཙམ་ལ་རྒྱལ་བའི་ཕོ་བྲང་གི་རྒྱལ་སྒོ་ནས་མིའི་གཟུགས་སུ་རྣམ་པར་རོལ་བའི་འཕགས་མཆོག་སྤྱན་རས་གཟིགས་སྐུ་ཤ་རློན་པ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་སྐབས་མཐུན་གྲོགས་ཚོགས་པ་གསུམ་གྱི་འཐུས་མི་རྣམས་ནས་དྲི་བཟང་སྤོས་སྣེས་མདུན་བསུ་དང་། ཕེབས་ལམ་གྱི་གཞོགས་གཉིས་སུ་བོད་ཀྱི་ཟློས་གར་ཚོགས་པའི་གླུ་གར་གྱི་མཆོད་པ་འབུལ་མཁན་རྣམས་རུ་སྒྲིག་དང་བཅས་མི་འཇིགས་གདོང་ལྔའི་ཁྲི་སྟེང་དུ་གདན་ཞུ་མཛད།

དེ་ནས་ཇི་ལྟར་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་བོད་ཡིག་དྲ་རྒྱའི་ནང་དུ་གནས་ཚུལ་བཀོད་པ་འདིར་ཟུར་འདོན་ཞུ་ན། “བཞུགས་ཁྲིར་ྋཞབས་སོར་འཁོད་མཚམས་བརྟན་བཞུགས་ཀྱི་དབུ་བཞུགས་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་མཇལ་དར་རྐྱང་འབུལ་ཞུས་པ་དང་། དབུ་མཛད་ཀྱིས་གསུང་ཆོག་དབུ་འཛུགས་ཀྱིས་རྒྱུན་ཆགས་གསུམ་པ་སོགས་ཞལ་འདོན་དབུ་འཛུགས་གནང་ཞིང་། བླ་མ་ལྷར་བསྐྱེད་ནས་མཆོད་བསྟོད་ཚེ་འགུགས་བཟླས་པའི་བར་ཆོ་གའི་གཞུང་ལྟར་བརྟན་བཞུགས་དངོས་གཞི་དབུ་འཛུགས་བསྐྱངས།

དབུ་བཞུགས་སློབ་དཔོན་ཟམ་གདོང་རིན་པོ་ཆེ་དང་། གཞུང་ཞབས་ཟུར་པའི་ཚོགས་གཙོ་འཇིགས་མེད་འབྱུང་གནས་ལགས། སྐུ་སྲུང་ཟུར་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་ལྷག་པ་ལགས་བཅས་ནས་གསོལ་འདེབས་མཎྜལ་འདེགས་འདུལ་དང་། ཞལ་འདོན་ཚིག་བསྟུན་གྱིས་དབུ་བཞུགས་སློབ་དཔོན་ནས་སྐུ་གསུང་ཐུགས་རྟེན་སོགས་རིམ་པར་ཕུལ་མཚམས་ཚོགས་སྡེ་ཁག་གསུམ་གྱི་འཐུས་མིས་མཇལ་ཁ་ཞུས་ཤིང་། སྨན་རྩིས་ཁང་གིས་གཡུ་ཐོག་ཡོན་ཏན་མགོན་པོའི་སྐུ་བརྙན་དང་སྨན་རྩིས་ཀྱི་གསུང་རབས་སོགས་འདེགས་འབུལ། བོད་ཀྱི་ཟློས་གར་ཚོགས་པས་བསྟོད་དབྱངས་གཟིགས་འབུལ་བཅས་ཞུས་རྗེས། གཏང་རག་མནྜལ་འདེགས་འབུལ་སོགས་བརྟན་བཞུགས་ཀྱི་ཆོ་ག་རིམ་པར་བསྐྱངས་མཚམས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ།”

དེ་ཡང་བོད་དོན་བདེན་མཐའ་གསལ་ཆེད་དང་། བསྟན་དང་འགྲོ་བའི་དོན་དུ་མགོན་པོ་གང་ཉིད་དགུང་ལོ་བརྒྱ་དང་བཅུ་གྲངས་ཤིག་བཞུགས་རྒྱུ་ཡིན་པ་དཔལ་ལྡན་ལྷ་མོའི་ལུང་བསྟན་གསལ་པོ་ཡོད་ལུགས་དང་། བོད་བརྒྱུད་ནང་བསྟན་གྱི་སྙིང་པོ་ཐབས་སྙིང་རྗེ་ཆེན་པོ་དང་ཤེས་རབ་སྟོང་ཉིད་ཀྱི་ལྟ་བར་དཔྱད་སྒོམ་དགོས་པའི་བཀའ་སློབ་ཡང་ཡང་ཕེབས་ཡོད། དེ་ནས་ཚོགས་མང་ནས་ཞལ་འདོན་ཉི་གཞོན་འཆར་ཀ་མ་དང་། རིས་མེད་བསྟན་རྒྱས་སྨོན་ལམ། བདེན་ཚིག་སྨོན་ལམ་བཅས་གསུང་རྗེས་མགོན་པོ་མཆོག་གིས་བརྟན་བཞུགས་འབུལ་མཁན་ཐུན་མོང་ལ་ཐུགས་རྗེ་ཆེ་ཞེས་བཀའ་ཕེབས་ཏེ་བརྟན་བཞུགས་ཀྱི་རིམ་པ་ལེགས་པར་གྲུབ་ཡོད།།

 ཐུགས་སྣང་། འདིའི་ནང་གི་སྐུ་པར་ཆ་ཚང་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་བོད་ཡིག་དྲ་རྒྱ་ https://gyalwarinpoche.com/  དང་། ཨིན་ཡིག་དྲ་རྒྱ།  https://www.dalailama.com/ ནས་ཟུར་འདོན་ཞུས་པ་ཡིན།















མཐའ་མའི་འདོན་ཐེངས་།: 17.06.2024 ཉིན། 2:44 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།

བོད་ཀྱི་གསོ་རིག་རྒྱ་མཚོའི་ཡང་སྙིང་།

བོད་ཀྱི་གསོ་བ་རིག་པའི་སྲོལ་ལུགས་ཆེན་པོ་གཉིས།

བོད་ཀྱི་གསོ་རིག་སློབ་གསོའི་བྱ་གཞག་གི་སྒོ་འཕར་ཡངས་པོར་དབྱེ་བ།

བོད་མདོ་ཁམས་ལྷོ་བྱང་ཁུལ་གྱི་གསོ་རིག་དར་རྒྱས།

བོད་ཀྱི་གསོ་རིག་འཕེལ་ཕྱོགས་ཀྱི་ལེའུ་གསར་པ།