ཚེ་རབས་ལས་རྩིས་ཀྱི་སྐོར་ཅུང་ཟད་བརྗོད་པ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.09.2013 |
ཚེ་རབས་ལས་རྩིས་ཀྱི་སྐོར་ཅུང་ཟད་བརྗོད་པ།
རྩིས་རམས་པ་དཀོན་མཆོག་ཚེ་རིང་།
ཚད་མེད་སྨོན་ལམ་བཟང་པོ་ལས་གྲུབ་པའི།།
འཇིག་རྟེན་མིག་གཅིག་འགྲོ་རྣམས་རྟག་སྐྱོང་བ།།
འཚེ་མེད་སྙིང་རྗེའི་ལུགས་བཟང་དཔལ་འཛིན་པའི།།
རྣམ་འདྲེན་ྋརྒྱལ་དབང་བསྟན་འཛིན་རྒྱ་མཚོར་འདུད།།
ཅེས་མཆོད་པར་བརྗོད་པས་སྔུན་བསུས་ཏེ་སྐབས་བབ་བོད་ཀྱི་བཅུ་ཕྲག་རིག་པའི་ཁོངས་སུ་གཏོགས་པའི་གཙུག་ལག་རྩིས་ཀྱི་རིག་པ་ལས་གསུངས་པའི་ཚེ་རབས་ལས་རྩིས་ཀྱི་སྐོར་ཅུང་ཟད་བརྗོད་པ་ལས། དང་པོ་ཚེ་རྩིས་བརྩི་མི་རུང་བའི་གང་ཟག་བསྟན་པ་དང་། གཉིས་པ་བརྩི་རུང་བའི་གང་ཟག་བཤད་པ། གསུམ་པ་ཚེ་རྩིས་མ་རྩིས་པའི་སྐྱོན་བཤད་པ། བཞི་པ་ཚེ་རྩིས་རྩིས་པའི་དགེ་མཚན་བཤད་པ། ལྔ་པ་ཚེ་རྩིས་དངོས་བཅས་ས་བཅད་རྣམ་པ་ལྔའི་ཐོག་ནས་བཤད་པར་བྱའོ།།
དང་པོ། ཚེ་རྩིས་བརྩི་མི་རུང་བའི་གང་ཟག་བསྟན་པ་ནི།
བཻ་དཀར་ཚེ་རྩིས་ཀྱི་ལེའུ་ལས། ཚེ་རབས་ལས་རྩིས་རྩི་བ་ནི། །སྐྱེས་ཆེན་འགྲོ་བའི་དོན་ཕེབས་དང་། །དེ་ལས་ལྡོག་པའི་མ་རུང་བ། །མི་ཡི་ཚུལ་དུ་བཟུང་བ་རྣམས། །རྩིས་ཁོག་བྱུང་བའི་ཡུལ་མིན་ཏེ། །ཞེས་པ་ལྟར་སྐྱེས་ཆེན་དམ་པ་རྣམས་ནི་སྔོན་ལས་ཀྱིས་སྐྱེ་བ་བཞེས་པ་མ་ཡིན་པར་འགྲོ་བ་སེམས་ཅན་གྱི་དོན་དུ་ཐ་མལ་བའི་ཚུལ་བཟུང་སྟེ་བྱོན་པ་ྋརྒྱལ་བ་སྐུ་ཕྲེང་རིམ་བྱོན་སོགས་བླ་སྤྲུལ་རྣམས་ནི་རྣམ་རྟོག་གི་འཆིང་རྒྱ་ལས་གྲོལ་བས་འདི་དག་ནི་རྩིས་གཞིའི་ཡུལ་ལས་འདས་པ་ཡིན།
ཡང་དེ་ལས་ལྡོག་པ་སྨོན་ལམ་ལོག་པའི་འབྲས་བུ་སྨིན་པ་ནི་འགྲོ་བ་སེམས་ཅན་རྣམས་ལ་འཚེ་བའི་ཆེད་བསམ་བཞིན་སྐྱེ་བ་བླངས་པ་དང་། སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་སོགས་མི་བརྩི་བར་རྒྱུན་དུ་གཞན་ལ་གནོད་འཚེ་ཁོ་ན་བྱེད་མཁན་གྱི་གང་ཟག་དག་ཀྱང་རྩིས་གཞིའི་ཡུལ་མིན་ནོ།།
གཉིས་པ་བརྩི་རུང་བའི་གང་ཟག་བཤད་པ་ནི།
རང་ཅག་སོ་སོའི་སྐྱེ་བོ་ཐ་མལ་བ་བསམ་བཞིན་སྐྱེ་བ་བླངས་པ་མ་ཡིན་པར་ལས་དབང་གིས་སྐྱེ་བ་བླངས་པ་རྣམས་ངེས་པར་དུ་བརྩི་དགོས་པ་ཡིན། རང་ཅག་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཤ་སྟག་ཡིན་པས་བདེ་བ་དགོས་ན་སྡུག་བསྔལ་གྱི་རྒྱུ་སྤོང་བ་དང་རྐྱེན་ངན་བར་ཆད་ལས་གཡོལ་ཐབས་བྱེད་དགོས།
གསུམ་པ་ཚེ་རྩིས་མ་རྩིས་པའི་སྐྱོན་བཤད་པ།
ཚེ་རྩིས་མ་བརྩིས་ན་གཟའ་སྐར་གདུག་པ་ཅན་དག་གི་ནུས་པས་ལུས་ལ་ན་ཚ་དང་ཚེ་ལ་བར་གཅོད་སོགས་རྐྱེན་ངན་དུ་མ་ཡོང་གི་ཡོད། དེ་ཡང་གཞི་ཚེ་རབས་དུ་མ་ནས་བསགས་པའི་ལས་དགེ་མི་དགེའི་འབྲས་བུ་རང་དང་ལྷན་ཅིག་ཏུ་ཡོད་བཞིན་པའི་ཐོག་འཕྲལ་རྐྱེན་གཟའ་སྐར་གདུག་པ་ཅན་དང་འཕྲད་དུས་མི་དགེ་བའི་རྒྱུ་ལ་མཐུན་པའི་རྐྱེན་འཕྲད་དེ་ལུས་ཅན་དག་ལ་མི་འདོད་པ་སྣ་ཚོགས་ཡོང་གི་ཡོད།
བཞི་པ་ཚེ་རྩིས་རྩིས་པའི་དགེ་མཚན་ནི།
གོང་གི་ངན་དོགས་དེ་དག་ལ་ཚེ་རྩིས་ནས་བསྟན་པའི་རྐྱེན་སེལ་རིམ་གྲོ་དང་། ཐབས་གཏོ་བཅོས་བྱས་ན་སྔོན་ལས་ཀྱིས་རྣམ་པར་སྨིན་པ་ཐོག་ཏུ་བབས་ཟིན་ན་མ་གཏོགས་རྐྱེན་ངན་གྱི་བར་ཆད་ལས་བཟློག་ཐུབ་པ་ཐེ་ཚོམ་མེད། དེར་བརྟེན་རྩིས་རིག་གི་ལམ་ནས་ཚེ་གང་གི་བར་ཆད་ངན་པ་དག་བཟློག་པར་བྱས་ནས་ཚེ་འདིར་བར་ཆད་མེད་པར་བདེ་བའི་ངང་གནས་ཐུབ་བོ།།
ལྔ་པ་དངོས་གཞིའི་ཚེ་རབས་ལས་རྩིས་ནི།
རང་ཉིད་མ་ལས་བཙས་པ་ནས་བཟུང་ནམ་འཚོའི་བར་བདེ་བ་དང་སྡུག་བསྔལ་ཇི་ཡོང་། བྱ་བ་ལམ་འགྲོ་འབྱུང་མིན། ལུས་སྲོག་བདེ་མིན། ཕ་སྤུན་ཉེ་འཁོར་ལ་བདེ་དོགས་ཇི་ཡོང་། ཁྱིམ་གྱི་འབྱོར་གུད་སོགས་མ་འོངས་ལུང་སྟོན་བྱེད་པ་ཡིན། དེ་ཡང་སྐར་རྩིས་དང་། ནག་རྩིས་སམ་འབྱུང་རྩིས། དབྱངས་འཆར་བཅས་གསུམ་གྱི་ཐོག་ནས་བརྩི་བ་ཡིན་པས་དུས་འཁོར་སྐར་རྩིས་ལས་གསུངས་པ་ནི་གཟའ་དང་། ཚེས། སྐར་མ། རྟེན་འབྲེལ། སྦྱོར་བ་སོགས་ཀྱི་འབྲས་བུ་དང་། གཟའ་རང་རང་གི་ཁམས་དང་ཡི་གེ་བདག་སྐར་བཅས་ལ་སྦྱར་ནས་སྐྱེས་བུའི་བདེ་སྡུག་བརྟག་པ་ཡིན། དབྱངས་འཆར་རྒྱུད་ལས་བསྟན་པའི་བརྩི་ཚུལ་ནི་ཀུན་གཟིགས་དབྱངས་འཆར་ཆེན་མོ་ལས། སྐྱེས་དུས་སྐར་སོགས་ལེགས་བརྟག་སྟེ། །ནམ་ལངས་པ་ནས་བཙས་བར་གྱི། །འདས་པའི་ཆུ་ཚོད་གང་ཡོད་པ། །ཞེས་སོགས་བརྩི་བྱའི་སྐྱེས་བུ་དེ་ཐོག་མར་མ་ལས་བཙས་པའི་སྐབས་ཀྱི་ལོ་དང་། ཟླ་བ། ཞག་སོགས་འཕྱུག་མེད་ཐོག་འདས་དབྱུག་ནས་སྐྱེས་སྐར་སྒྲུབ་རྗེས་དབུགས་བར་བསིལ་དགོས། དེའི་རྒྱུ་མཚན་ནི་ཉིན་ཞག་ཕྲུགས་གཅིག་ལ་སྐྱེས་བུ་དར་མ་ནད་མེད་དལ་བྲེལ་སྙོམས་པ་ཞིག་གིས་དབུགས་འབྱུང་འཇུག་གནས་གཅིག་ཏུ་བརྩིས་པའི་གྲངས་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བ་ཡིན། དེ་ལྟར་དབུགས་འབྱུང་འཇུག་གནས་གསུམ་གཅིག་ཏུ་བརྩིས་པའི་གྲངས་དྲུག་ལ་ཆུ་སྲང་གཅིག་དང་། ཆུ་སྲང་དྲུག་ཅུར་ཆུ་ཚོད་གཅིག་ཆུ་ཚོད་དྲུག་ཅུར་ཉིན་ཞག་གཅིག་ཡིན། དེ་འདྲའི་དབུགས་སུམ་ཅུ་སོ་གཉིས་དང་ཕྱེད་ཀའི་མཚམས་ཡེ་ཤེས་ཀྱི་དབུགས་རེ་རྒྱུ་བ་ཡིན། དེར་བརྟེན་བརྩི་བྱའི་སྐྱེས་བུ་དེ་མ་ལས་བཙས་པ་ནས་ཇི་སྲིད་ཚེའི་འཕེན་པ་མ་རྫོགས་བར་དབུགས་གྲངས་ཇི་ཙམ་གཏོང་རྒྱུ་ཡོད་མེད་བརྩིས་ཏེ་དབུགས་དེ་ལས་དུས་དང་ཞག་ཟླ་བ་ལོ་བཅས་སུ་སྒྲིལ་ཏེ་མཐར་ཚེ་ཚད་འགྲུབ་པ་ཡིན། ཚེ་ཚད་བཟོ་ཚུལ་ལ་བཞེད་པ་མི་འདྲ་བ་སྣ་ཚོགས་ཡོད་དེ་སྔ་དུས་མི་རྣམས་ཀྱི་ཚེ་ལོ་ནི་མ་མཐའ་ལོ་བརྒྱ་དང་ཉི་ཤུ་བྱེད་པ་ལྟར་ད་ལྟའང་རྒྱ་གར་བ་ཚོས་རྩི་སྲོལ་ཡོད་འདུག་ཀྱང་རང་ལུགས་ཚེ་ལོ་བརྒྱ་པའི་དུས་ཞེས་པར་གཞི་བྱས་ནས་བརྩི་བཞིན་ཡོད།
འབྱུང་རྩིས་ཀྱི་གཞུང་ནས་བསྟན་པའི་ཚེ་རྩིས་ནི་རང་ཅག་རྣམས་དང་པོ་མའི་མངལ་དུ་ཆགས་པའི་ཚེ་འབྱུང་བ་ལྔའི་བྱེད་ལས་ལ་བརྟེན་ནས་གྲུབ་པ་དང་། བར་དུ་བདེ་མི་བདེ་སྣ་ཚོགས་འབྱུང་བའང་འབྱུང་བ་དེ་དག་འཁྲུགས་མ་འཁྲུགས་དང་མཐུན་མི་མཐུན་སོགས་ལ་བརྟེན་པ། མཐར་འཆི་བའང་འབྱུང་བ་རྣམས་གཅིག་ནུས་གཅིག་ལ་བསྡུས་པ་བཅས་ཐམས་ཅད་འབྱུང་བས་བྱེད་པར་བརྟེན་བཻཌཱུརྱ་དཀར་པོ་ལས། ལྕགས་ཆུ་མེ་ས་ཤིང་ལྔ་པོ། །གཅོད་བརླན་དྲོད་སྲ་གཡོ་བ་ཡི། །མཚན་ཉིད་ལྡན་པ་འདི་དག་གིས། །མ་འཁྲུགས་ལས་རྣམས་བདེ་བྱེད་ཅིང་། །འཁྲུགས་ན་ན་འཆིའི་སྡུག་སོགས་འབྱུང་། །དེ་ཕྱིར་རྩིས་འདི་གཅེས་པར་ཟུངས། །ཞེས་གསུངས་པ་ལྟར་བརྩི་བྱའི་སྐྱེས་བུ་དེའི་སྐྱེས་ལོ་དང་སྐྱེས་ཟླ་སྐྱེས་ཚེས། སྐྱེས་དུས་བཅས་ཀྱི་ལོ་རྟགས་གང་ཡིན་ངོས་འཛིན་པ་དང་། །དེ་དག་གི་སྲོག་ལུས་དབང་ཀླུང་བཅས་ཀྱི་འབྱུང་ཁམས་དང་། སྤར་ཁ། སྨེ་བ་སོགས་ཀྱི་འབྱུང་ཁམས་ཕན་ཚུན་མ་བུ་དགྲ་གྲོགས་བསྐོར་ཏེ་སྐྱེས་བུ་དེའི་མི་ཚེ་གཅིག་གི་བདེ་སྡུག་བརྟག་ནས་རྐྱེན་ངན་བར་ཆད་ཡོད་རིགས་སྐབས་སོ་སོར་བསྟན་པའི་རིམ་གྲོའི་རིགས་རྣམས་ཚུལ་བཞིན་བསྒྲུབ་ཚེ་ངན་ཀེག་རྣམས་ཞི་ནས་ཚེ་བསྲིངས་བརྙེད་པར་འགྱུར་རོ།།
སྨྲས་པ། འཆི་མེད་གོ་ལའི་ཁྱོན་ལ་གཟའ་སྐར་ཀུན།།
སྐད་ཅིག་མི་རྟག་ཚོགས་པའི་རྟེན་འབྲེལ་ལས།།
འཇིག་རྟེན་བདེ་སྡུག་འཆར་ཚུལ་ཅུང་ཟད་ཙམ།།
འདི་ན་གླེང་བས་ནོངས་པ་ཅི་མཆིས་བཤགས།།
འདི་ནི་སྤྱི་ལོ་༡༩༩༩ ལོར་བོད་གཞུང་སྨན་རྩིས་ཁང་གིས་དཔར་བསྐྲུན་ཞུས་པའི་《སྨན་རྩིས་དུས་དེབ། འདོན་ཐེངས་ལྔ་པ་》ནང་དུ་བཞུགས་ཡོད་པ་དེ་ནས་ཟུར་བཏོན་ཞུས།།
མཐའ་མའི་འདོན་ཐེངས་།: 16.11.2013 ཉིན། 4:41 PM
<< སྔ་མ།