ཚན་རིག་གི་སྒོ་ནས་དཔྱད་པའི་བོད་ཀྱི་སྐར་རྩིས་གོ་དོན། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 25.08.2020 |
ཚན་རིག་གི་སྒོ་ནས་དཔྱད་པའི་བོད་ཀྱི་སྐར་རྩིས་གོ་དོན།
ཧྭང་མིན་ཞིན།
གླེང་གཞི།
སྤྱིར་བོད་ཀྱི་སྐར་རྩིས་རིག་པ་འདི་ལ་ལྔ་བསྡུས་དང་ཞག་གསུམ། རྐང་པའི་ལོངས་སྤྱོད། སྒྲ་གཅན་གཟའ་འཛིན། གཟའ་ལྔ་དལ་མྱུར་ལ་སོགས་པ་བརྗོད་བྱ་རྒྱ་ཆེ་ཞིང་། ལོ་ངོ་སྟོང་ཕྲག་གི་རིང་ལ་སློབ་དཔོན་རིམ་བྱོན་གྱི་བརྩསམ་ཆོས་མཐའ་ཡས་པ་མཆིས་ནའང་། ཡུལ་ཁམས་གཞན་དུ་དེ་ལ་སྦྱང་མཁན་དཀོན་པས་། མཁས་རློམ་འགའ་ཞིག་གིས་མུན་པ་འདོམ་འཇལ་གྱིས་སྒྲོ་འདོགས་ཅི་རིག་བྱས་པ་མ་དག་རྒྱུན་འབྱམས་སུ་གྱུར་པ་མང་ལ། བོད་ཀྱི་རིག་པའི་གཞུང་ལུགས་འདི་མི་རིག་གཞན་ལ་མཚམས་སྦྱོར་བྱེད་པ་སྤྱི་དང་། སྒོས་སུ་གོང་དུ་བཤད་པའི་ཁ་ཡམ་དེ་དག་སེལ་བའི་ཆེད་དུ་ཁྲིན་ཅུའུ་ཅིན་དང་ཕྲན་གཉིས་གྱིས་རང་བློས་གང་སྤོབས་ཀྱིས’’བོད་ཀྱི་སྐར་རྩིས་གོ་དོན་ལ་དཔྱད་པ”ཞེས་པའི་རྒྱ་ཡིག་ཅིག་བྲིས་ཏེ། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གིས་བསྒྲིགས་པའི’’བོད་ལྗོངས་ཞིབ་འཇུག”ཅེས་པའི་དུས་དེབ་ཏུ་བཀོད་དེ། དུས་འཁོར་ལུགས་ཀྱི་གྲུབ་མཐའ་དང་རྩ་སྒྲུབ་ཀྱི་ཆོ་ག་མདོར་བསྡུས་ཙམ་ཞིག་དང་། རིག་པ་འདི་དང་རབས་རླུང་ལྟར་གྲགས་པའི་ཚན་རིག་གི་ཡན་ལག་ཏུ་འགྱུར་བའི་གན་རིག་དང་ཧ་ལམ་མཐུན་ཚུལ། དྷྲུུ་ཝ་ཀ་འགའ་ཞིག་ལ་ཆེ་ཆུང་གི་ཁྱད་པར་ཡང་ཡོད་ཚུལ་མགོ་འབུས་ཙམ་སྦྱར་ཏེ། རྗེས་སོར་རྒྱའི་གནམ་རིག་ལ་མཁས་པ་རྣམས་ཀྱིས་མུ་མཐུད་ནས་དཔྱིས་ཕྱིན་པར་མཐའ་དཔྱད་པའི་ལྡེ་མིག་གི་གོ་ཆོད་པའང་སྲིད་སྙམ། བོད་ཡིག་སྟེང་ནས་གྲུབ་མཐའ་འདིའི་གོ་དོན་དགྲོལ་རྒྱུ་ནི། ངེད་ཅག་ལྟ་བུའི་ལས་དང་པོ་བའི་འོས་སུ་མི་ཆེ་མོད། དུས་དེབ་འདིའི་སྤྱི་སྲོལ་དུ་དེར་འཁོད་པའི་རྩོམ་ཡིག་ཀུན་ལ་རྒྱ་བོད་ཤན་སྦྱར་ཅིས་ཀྱང་དགོས་པའི་དབང་གིས་བོད་ཡིག་ཅིག་འབྲི་དགོས་བྱུང་། འོན་ཏེ་རྒྱ་ཡིག་དེའི་བསྟན་བྱའི་ཡུལ་ནི། རྒྱ་ཡིག་དང་དེང་གི་གནས་(གནམ)རིག་ལ་མཁས་ཀྱང་། བོད་དུ་དར་བའི་སྐར་རྩིས་ལ་ཆ་རྒྱུས་མེད་མཁན་ཤ་སྟག་ཡིན་པར་བརྟེན། ཕུག་ལུགས་ཀྱི་གྲུབ་མཐའ་དང་རྩ་སྒྲུབ་ཀྱི་ཆོ་ག་ཅུང་ཞིབ་པར་ངོ་སྤྲོད་བྱེད་དགོས་ཀྱང་། དེང་གི་གནམ་རིག་གི་ཐ་སྙད་རྣམས་དེ་དང་དེར་སྦྱོར་རམ་མི་སྦྱོར་མཛུབ་སྟོན་ཙམ་གྱིས་ཆོག་ལ། དེ་དག་གི་གོ་བ་སྤྲོས་མ་དགོས་པ་ཡིན། བོད་ཡིག་སྟེང་དུ་བྲིས་ན་བསྟན་བྱའི་ཡུལ། གོང་དང་མི་མཚུངས་པས། བོད་ཀྱི་སྐར་རྩིས་ཀྱི་གོ་དོན་རྒྱས་པར་སྤྲོས་མི་དགོས་པར། དེང་རབས་ཀྱི་འདོད་ཚུལ་ཞིབ་ཙམ་མཚམས་སྦྱོར་བྱེད་དགོས་བྱུང་བ་ཡིན། རང་ཉིད་ཀྱི་རེ་འདུན་དེ་ལྟར་ཡིན་མོད། སྐར་རྩིས་ཀྱི་རིག་པའི་རྒྱ་མཚོ་ཁོང་དུ་མ་ཚུད་ཅིང་། བོད་ཀྱི་སྐད་ཡིག་ལ་སྦྱངས་པའི་རྩལ་ཡང་མ་ཐོན་པའི་རྐྱེན་གྱིས་དོན་གོ་བ་ལེན་སྟངས་ཡང་དག་པ་ཡིན་མིན་དང་། རང་གིས་གོ་ཡང་བརྡ་ཇི་བཞིན་འཕྲོད་ཡོད་མེད་སོགས་དོན་དང་ཚིག་གི་སྐྱོན་ཆ་འབྱུང་ངེས་ཡིན་པས། ལུགས་འདིར་མཁྱེན་དཔྱོད་ཡངས་པ་རྣམས་ཀྱིས་བཀའ་སློབ་དང་ལེགས་བཅོས་ཅིས་ཀྱང་སྩོལ་བར་འཚལ།
དེས་ན་འདིར་བོད་ཀྱི་སྐར་རྩིས་གོ་དོན་དེང་རབས་ཀྱི་གནམ་རིག་ལ་སྦྱོར་ཚུལ་མགོ་འབུས་ཙམ་དཔྱད་པ་ལ་བཅུ་བཞི། 1) སྐར་རྩིས་དང་རྒྱ་རྩིས། 2) བོད་ཀྱི་ལོ་ཐོ། 3) གཞལ་བྱ་ལའི་རྣམ་གཞག 4)འཇལ་བྱེད་དུས་ཀྱི་ཆུ་ཚོད་དང་ཡུལ་གྱི་ཆུ་ཚོད། 5) ཞག་གསུམ་གྱི་རྣམ་དབྱེ། 6) རྩིས་མགོ་དང་ལོ་དག 7) ལོ་མགོ་དང་ཟླ་མགོ 8) ཟླ་བཤོལ་དང་དུས་ཟེར་དབུགས་སྒང། 9) ཞག་ཆད་ལྷག 10) ཉིན་ཚད་མཚན་ཚད། 11) རྐང་པའི་ལོངས་སྤྱོད། 12) སྒྲ་གཅན་གཟའ་འཛིན། 13) གཟའ་ལྔ། 14) རེའུ་མིག་གི་སྒོ་ནས་མཇུག་བསྡུ་བའོ།།
སྐར་རྩིས་དང་རྒྱ་རྩིས།
བོད་དུ་དར་བའི་རྩིས་རིག་ལ་རྩ་བའི་དབྱེ་བ་བཞི་ཡོད་དེ། རྒྱ་དཀར་ནག་ནས་འོང་བའི་ཚན་རིག་གི་ཆ་དང་ཚན་རིག་མ་ཡིན་པའི་གཉིས་ཏེ། རྒྱ་གར་གྱི་གནམ་རིག་གི་ཆ་སྐར་རྩིས་སམ་དཀར་རྩིས་དང་ གཡུལ་ལས་རྣམ་རྒྱལ་སོགས་ཚན་རིག་མ་ཡིན་པའི་ཆ་དབྱངས་འཆར། རྒྱ་ནག་གི་གནམ་རིག་ཆ་རྒྱ་རྩིས་དང་། དར་གུད་སྤང་བླངས་སོགས་ཚན་རིག་མ་ཡིན་པའི་ཆ་ནག་རྩིས་བཞི་ཡོད་པའི་ཕྱིར། སྐབས་འདིར་དཔྱད་པར་བྱ་བ་ནི་དེའི་ནང་གསེས་ཀྱི་སྐར་རྩིས་གཅིག་པུ་ཡིན་ནོ།།
དེ་ཡང་སྤྱིར་འཛམ་བུའི་གླིང་ན་སྐར་རྩིས་ཀྱི་ལུགས་བྱེ་བྲག་བགྲངས་ཀྱི་མི་ལངས་ཤིང་། ཧིན་དུ་ནས་དར་བའི་དུས་འཁོར། ཙི་ནའི་ཡུལ་ནས་དར་བའི་ཧུང་ལེ། ནུབ་གླིང་ནས་དར་བའི་གནམ་རིག་གང་ཡིན་ཡང་སྐར་རྩིས་ཀྱི་བྱེ་བྲག་ཡིན་རུང་། བོད་ཡུལ་ཡོངས་གྲགས་སུ་དུས་འཁོར་ལུགས་ཁོ་ནར་སྐར་རྩིས་ཞེས་བརྗོད། རྒྱནག་ནས་དར་བའི་ལུགས་དེ་ལས་ལོགས་སུ་བཀར་ཏེ་རྒྱ་རྩིས་ཞེས་དབྱེ་བ་ཕྱེ་བ་ནི་གོམས་གཤིས་ཀྱི་དབང་གིས་སྤྱི་མིང་བྱེ་བྲག་ལ་བཏགས་པ་ཡིན་ལ། སྐབས་འདིར་ཡང་གོམས་པའི་གཤིས་ལུགས་དང་མི་འགལ་བར་སྐར་རྩིས་ཞེས་པ་དུས་འཁོར་ལུགས་ཁོ་ནར་བྱེད་དོ།།
སྐར་རྩིས་སྐོར་ཡང་བོད་རང་གི་རྩིས་རམས་པ་སྔ་མ་རྣམས་ཀྱི་བརྩམས་ཆོས་མང་ཡང་། འདིར་མཚན་གཞིར་འཛིན་པ་ནི་ཉེ་ལམ་འཆད་ཉན་དམར་བའི་རྩིས་གཞུང’’རིགས་ལྡན་སྙིང་ཐིག”ཅེས་པ་དེ་ཡིན། གཞུང་དེའི་མཚན་བྱང་དུ། ‘’དཔལ་དང་པོའི་སངས་རྒྱས་ལས་ཕྱི་དུས་ཀྱི་འཁོར་ལོ་སྐར་རྩིས་ཀྱི་རི་མོ་གཏན་ལ་འབེབས་པར་བྱེད་པའི་མན་ངག་རིགས་ལྡན་སྙིང་གི་ཐིག་ལེ” ཞེས་བྱུང་སྟེ། ཕྱི་དུས་ཀྱི་འཁོར་ལོ་ཞེས་པ་ནི་སྟོན་པ་སངས་རྒྱས་དགུང་ལོ་གྱ་གཅིག་བཞེས་པའི་དཔའ་བོ་ལྕགས་འབྲུག་ལོ་ (སྤྱི་ལོའི་སྔོན་གྱི་བརྒྱད་བརྒྱ་གྱ་གཅིག) ནག་པའི་ཉར་དུས་འཁོར་རྩ་རྒྱུད་ལེའུ་ལྔ་གསུངས་པ་ལས་ལེའུ་དང་པོ་ཕྱི་སྣོད་ཀྱི་འཇིག་རྟེན་ཁམས་གསལ་བར་སྟོན་པའི་ལེའི་ཕྱི་མ་དུས་ཀྱི་འཁོར་ལོའི་རྣམགཞག་དེ་ཡིན་ལ། དེ་ནས་ཤིང་ཕཽ་སྤྲེའུ་ལོར་(སྤྱི་ལོའི་སྔོན་གྱི་ཉིས་བརྒྱ་དོན་བདུན་) ཤམ་བྷ་ལའི་རིགས་ལྡན་འཇམ་དཔལ་གྲགས་པས་རྩ་བའི་རྒྱུད་ལས་བསྡུས་རྒྱུས་ཀྱི་འགྲེལ་ཆེན་དྲི་མེད་འོད་བརྩམས། རྩ་རྒྱུད་ལས་དངོས་སུ་བསྟན་བསྟན་པའི་གྲུབ་རྩིས་དར། བསྡུས་རྒྱུད་ལས་བསྟན་པའི་མུ་སྟེགས་བྱེད་ཀྱི་ལུགས་དང་བསྟན་པའི་བྱེད་རྩིས་དར་ཞིང་ཕུག་ལུགས་བཞེད་དོ།།
རབ་བྱུང་དང་པོའི་མེ་ཡོས་ལོ་(སྤྱི་ལོ་༡༠༢) ནས་བཟུང་དུས་འཁོར་གྱི་གཞུང་རིམ་གྱིས་བོད་དུ་བསྒྱུར་ཏེ། རྩ་རྒྱུད་ནི་དུམ་བུ་གཅིག་སྟེ་དབང་མདོར་བསྟན་ཙམ་ལས་མ་བསྒྱུར། བསྡུས་རྒྱུད་ཡོངས་རྫོགས་དང་འགྲེལ་ཆེན་དྲི་མེད་འོད་བཅས་བོད་དུ་བསྒྱུར་ཀྱང་། གཞུང་རྣམ་དག་ཡིན་མིན་གྱི་རྩོད་པ་ལངས་པས་རེ་ཞིག་ཆེས་ཆེར་མ་དར། དེ་ནས་ལོ་ངོ་སུམ་བརྒྱསོང་བའི་རྗེས་སུ་རབ་བྱུང་ལྔ་པར་ཀརྨ་པ་རང་བྱུང་རྡོ་རྗེས་ཧོར་གྱི་རྒྱལ་པོ་ལ་དུས་འཁོར་དབང་ཆེན་བསྐུར། རྩིས་གཞུང་ཀུན་ལས་བཏུས་པ་བརྩམས། (སྤྱི་ལོ་1318) བུ་སྟོན་རིན་ཆེན་གྲུབ་ཀྱིས་རྩིས་གཞུང་མཁས་པ་དགའ་བྱེད་བརྩམས། (སྤྱི་ལོ་1326) དེ་ནས་བཟུང་སྟེ་རྩོད་པ་ཞི་བར་གྱུར་ཏེ་རྒྱུད་དེ་རྒྱ་ཆེར་སྤེལ། སྒོས་སུ་རབ་བྱུང་བརྒྱད་པའི་སྐབས་སུ་རྒྱ་མཚོ་རྣམ་གསུམ་གྱིས་<<པད་དཀར་ཟལ་ལུང་>> (སྤྱི་ལོ་1445) དང་<<དུས་འཁོར་སྤྱི་དོན་དྲི་མེད་འོད་རྒྱན>>སོགས་བརྩམས་ཏེ་ཕུག་ལུགས་ཕྱི་མའི་སྲོལ་བཏོད་པར་བརྟེན་ལུགས་འདི་དར་རྒྱས་ཆེས་ཆེ་བར་གྱུར་ཏོ།། སླར་ཡང་ལོ་ངོ་ཉིས་བརྒྱ་ལྷག་ཙམ་ཕྱིན་ནས་རབ་བྱུང་བཅུ་གཉིས་པ་ལ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་བསྟན་བཅོས་བཻ་དཀར་མ་བུ་གཡའ་སེལ་དང་བཅས་པ་བརྩམས། (སྤྱི་ལོ་1687) སྨིན་གྲོལ་ལོ་ཆེན་དྷ་རྨ་ཤྲཱིས་ཉིན་བྱེད་སྣང་བ་བརྩསམ། (སྤྱི་ལོ་1714) དེ་གཉིས་ནི་ད་ལྟ་རང་རེས་དཔྱད་ཡུལ་རིགས་ལྡན་སྙིང་ཐིག་གི་ཁུངས་གཏུགས་ས་ཡིན་ནོ།།
རིག་ལྡན་སྙིང་ཐིག་གི་མཛད་པ་པོ་ནི་ཤིང་བཟའ་ཧོ་ཏོག་ཐུའི་ཕྱག་མཛོད་གསུང་རབ་ཡིན། རབ་ཡིད་མེ་ཕག་ལོར་(སྤྱི་ལོ་1827) བརྩམས་ཏེ་དཔར་ཞིང་(ཤིང་) ཨ་མདོ་རྭ་རྒྱའི་དགོན་དུ་བཞུགས་ཀྱང་མཛད་བྱང་གི་དཔར་ཤིང་གཅིག་ཡལ་བར་གྱུར་པའི་རྐྱེན་གྱིས་མཛད་པ་པོ་སུ་ཡིན་མི་གསལ་བར་གྱུར། ཕྱིས་སུ་ལྷ་གདན་སྨན་རྩིས་ཁང་གི་མཁན་པོ་མཁྱེན་རབ་ནོར་བུས་ཡང་བསྐྱར་དཔར་དུ་བཏབ་པའི་མཇུག་བྱང་དུ། ‘’རྩིས་གཞི་ལྷ་ཡི་སྐྱེད་ཚལ་ལས། །རིག་ལྡན་སྙིང་གི་ཐིག་ལེ་འདི། །ཨུ་སུམ་བཱ་ར་ལྟར་མཐོང་ནས། །དང་བའི་ཡིད་ཀྱི་བླས་ཏེ་བསུ། །གཞི་རྩ་བཞག་ཐོག་མཆོད་བརྗོད་ཕྲེང་། །འཁྲུགས་པ་བསྡེབས་ཤིང་རྩིས་མགོ་བསྟུང” ཞེས་པ་ལྟར་རྩིས་མགོ་རབ་རྒྱལ་མེ་ཡོས་ལོར་(སྤྱི་ལོ་1925) བསྟུངས་སོ།།
འོ་ན་རྒྱ་བོད་གཉིས་ཀྱི་དེབ་ཐེར་མགྲིན་གཅིག་གིས་རྒྱ་བཟའ་ཝུན་ཤིང་ཀོང་ཇོ་དང་གྱིམ་ཤིང་ཀོང་ཇོ་རྣམ་གཉིས་བོད་དུ་བྱོན་སྐབས་རིག་པའི་གནས་ཀྱི་གཙུག་ལག་གྱ་ནོམ་པ་བསྣམས་ཕེབས་པའི་གྲས་སུ་རྩིས་རིག་ཡང་ཡོད་པ་ཙམ་དུ་མ་ཟད། ལྷག་པར་བོད་ཀྱི་དེབ་ཐེར་དུ་དེ་དུས་བོད་མི་ཤེས་རབ་ཅན་བཞི། རྒྱ་ནག་ཏུ་རྩིས་རིག་སློབ་པར་མངགས་པ་དང་། ཁྲི་སྲོང་ལྡེའུ་བཙན་དུས་སུ་རྒྱ་ནག་གི་རྩིས་ཀྱི་སློབ་དཔོན་དུ་ཧར་ནག་པོ་བོད་དུ་སྔ་ཕྱིར་ཐེངས་གཉིས་ཕེབས་པ་དང་། དེའི་སློབ་མ་ཁྱུང་ནག་ཤཀ་དར་རྣམས་ཀྱིས་རྩིས་གཞུང་དུ་མ་བརྩམས་ཞེས་སོགས་དང་། བསྟན་བཅོས་བཻ་དཀར་གྱི་ལེའུ་ཉི་ཤུ་པར་རྒྱ་ནག་ནས་དར་བའི་གཙུག་ལག་རྩིས་རིག་གི་མཚན་ཐོ་བརྒྱ་ཙམ་བགྲངས་ཡོད་པ་སོགས་ལ་བསྟས་ན་བོད་ཀྱི་སྐར་རྩིས་འབྱུང་ཁུངས་གཙོ་བོར་མ་ཧཱ་ཙི་ནའི་ཡུལ་མ་ཡིན་ནམ་ཞེ་ན། བཤད་པར་བྱ་སྟེ། ལོ་རྒྱུས་ལ་དེ་ལྟར་བཀོད་ཡོད་མོད། རྩིས་གཞུང་དེ་དག་གི་བརྗོད་བྱའི་ནང་དོན་དངོས་ལ་བལྟ་དགོས་ཏེ། དེ་དག་གི་དཔེ་རྒྱུན་ཤིན་ཏུ་དཀོན་པས་མཚན་བྱང་ཙམ་ལ་བལྟས་ན་མང་ཆེ་བ་འབྱུང་རྩིས་ནག་རྩིས་ཀྱི་ཕྱོགས་ཡིན་གྱི། སྐར་རྩིས་ཀྱི་ཕྱོགས་འདྲ་བ་ཉུང་ཟད་ཙམ་ལས་མེད། ‘’རྒྱ་བཟའི་གོང་ཁུག་མན་ངག་སྙིང་ནོར”ཞེས་པ་དེའི་བརྗོད་བྱ་དངོས་ལ་ལོ་རྒན་དྲུག་ཅུ་དང་། སྤར་ཁ་བརྒྱད་བསྡེབས་ནས་ཚེ་རབས་ལས་རྩིས་འབའ་ཞིག་ལས། ལོ་ཐོ་བཟོ་བ་ལ་མེད་དུ་མི་རུང་བའི་ཟླ་བ་ཆེ་ཆུང་དང་ཟླ་བཤོལ་འདོན་ཚུལ་སོགས་སྣེ་མོ་ཙམ་ཡང་མི་སྣང་ངོ་།།
གཞན་ཡང་གྱིམ་ཤིང་ཀོང་ཇོའི་རྗེས་ཀྱི་ལོ་ཉིས་བརྒྱ་ཙམ་སོང་བའི་སྐབས་སུ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས’’རྟ་བྱ་བྱི་བ་ཡོས་ལ་བཤོལ། སྟོན་དགུན་དཔྱིད་དབྱར་འབྲིང་པོ་གཉིས”ཞེས་བོས་ཀྱི་རྒྱལ་པོའི་ལུགས་ཟླ་བཤོལ་ཇི་ལྟར་འདོན་པའི་སྡོམ་ཚིག་གནང་བ་དེ་ལ་བལྟས་ན། རྩིས་སྲོལ་ཧ་ཅང་རགས་པ་ལས་མི་གདའ་བས། རྩིས་རིག་དར་རྒྱས་ཤིན་ཏུ་ཆེ་བའི་ཐང་རྒྱལ་རབས་ཀྱི་མན་ངག་དེ་འདྲ་བ་ཞིག་ག་ལ་ཡིན།
དེ་ལྟར་རྒྱ་རྩིས་ཀྱི་མན་ངག་ཡུན་རིང་ལོ་སྟོང་ཕྲག་གི་བར་དུ་བོད་ལ་མ་སྤེལ་བའི་འགལ་རྐྱེན་གང་ཡིན་ཞེ་ན། གསེར་ཏོག་སྐུ་ཕྲེང་ལྔ་པའི་རྩིས་འགྲེལ་ཤོག་གྲངས་121 ལས་’’ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་སུ་ལྷ་གཅིག་ཀོང་ཇོ་ཁབ་ཏུ་བཞེས་སྐབས་གཙུག་ལག་འབྱུང་རྩིས་ཀྱི་གབ་རྩེ་བོད་དུ་ཐོག་མར་ཕེབས། ལོ་ཙཱ་བ་ནམ་མཁའ་གཡུང་དྲུང་སོགས་ཀྱིས་བོད་སྐད་དུ་བསྒྱུར་ཏེ་དར་བར་མཛད། དེ་དག་ལ་ལོ་ཙཱ་བས་རྒྱ་ནག་གི་སྐད་མ་འཁྱོངས་པ་དང་། ཚིག་དང་དོན་གྱི་སྔ་ཕྱི་འབྲེལ་བ་འཕྱུགས་པ། མིང་ཚིག་རྗོད་པའི་བརྡ་ལོག་པར་འགྲེལ་པ་སོགས་ཀྱི་སྐྱོན་ཡོད་པར་མ་ཟད། སྔ་རབས་ཀྱི་མཁས་རློམ་རྣམས་ནས་འགྱུར་བཅོས་ཐལ་བའི་བསྲེ་ལྷད་མང་ཞུགས་ཏེ། ད་ལྟའི་རྒྱ་ནག་འབྱུང་རྩིས་དང་འགལ་བ་ལྟག་སྤྲོད་དུ་སོགངས་བའི་རྐྱེན་གྱིས་རིན་ཐང་མེད་པར་འདུག་གོ། དེས་ན་འཁྲུལ་བྲལ་རྒྱ་ནག་གསེར་རྩིས་ཞེས་པ་འདི། ཡུལ་ལྗོངས་གང་གི་རྒྱལ་ཁབ་ཆེན་པོའི་རྒྱལ་པོའི་ཕོ་བྲང་རང་གི་ཐེམ་པ་ལས་མི་འདའ་བའི་རྩིས་ཡིན་པའི་གནད་ཀྱིས་རང་ཅག་ཆབ་འབངས་སེར་སྐྱ་ཡོངས་ལ་ཤེས་རྒྱུའི་དགོས་དོན་སྤུ་ཙམ་ཡང་མེད་པའི་རྒྱུ་མཚན་གྱིས་གོང་དུ་བཤད་པའི་ཧན་རྒྱལ་རབས་ལྔ་པའི་དུས་(སྤྱི་ལོའི་སྔོན་གྱི་ལོ་བརྒྱ་ཙམ་) ནས་བརྩམས་ཏེ་ཞིང་ཆེན་ཡུལ་གྲུ་སོ་སོར་ལོ་ལྟར་བཞིན། རྒྱ་ནག་ལ་ཤེན་བཤུ། དེ་ནས་རིམ་བཞིན་ཧོར་ཡུལ་དུ་སོག་པོའི་ཧྭང་ལི་དང་། མན་གྲུའི་ཧྭང་ལི་རྣམས་ཁྱབ་གདལ་དུ་འགྱེད་པའི་སྲོལ་བཙུགས་ཏེ། མངའ་འབངས་ཡོངས་ལ་ལོ་ཡི་གནས་ཚུལ་དང་རྒྱུ་བའི་ལྷ། ཟླ་བ་ཆེ་ཆུང་། ཞག་རེ་ལ་སྟག་སོགས་ཉི་མ་བཅུ་གཉིས། ཁམས་བཅུ། སྐར་མ་ཉེར་བརྒྱད། རྐྱེན་སོགས་རྟེན་འབྲེལ་བཅུ་གཉིས…..ཟླ་བ་སོ་སོའི་ཟླ་བདག་དང་དུས་གཟེར་གང་འཆར་དུས་ཚོད་དང་བཅས་པ་ལ་སོགས་པ་གསལ་བར་སྟོན་པའི་རྀ་ཐུ་བཞུགས་པས་ན། གསེར་རྩིས་ལུགས་ཀྱི་ལོ་དག ཟླ་དག སྤྱི་ཞག རྟག་ལོངས། ཟླ་ཉིའི་རྐང་བ་ལ་བརྟེན་པའི་ཉིན་རྩིས་དང་། ཟླ་ཆེ་ཆུང་། བཞོལ་(བཤོལ)འདོན་སོགས་ཕུགས་ཀྱི་གནད་གཟེར་མ་ཐིག་པའི་རྀ་ཐུ་བཟོ་ཚུལ་མ་བྲིས་སོ” ཞེས་དང་། བླ་སྨན་མཁྱེན་རབ་ནོར་བུས་<<རྒྱ་རྩིས་བསམ་འཕེལ་དབང་གི་རྒྱལ་པོའི་>>མཛད་བྱང་དུའང་’’ལག་ལེན་དུ་མེད་ཐབས་མེད་པའི་ཉི་ཟླ་གཟའ་འཛིན་གཙོ་བོར་བཏོན་པའི་ས་རིས་འདེབས་ཚུལ་འདི་བཞིན་རྒྱལ་ཁབ་ཀྱི་ཁྲིམས་སུ་བཅས་པ་རྒྱའི་སློབ་དཔོན་ནས་བཀའ་རྒྱ་དམ་བསྒྲགས་ཤིན་ཏུ་ཆེ་ཡང་། རབ་འདོད་ནང་ཙམ་ནས་དད་སྦྱོར་གྱི་ཐབས་སྣ་ཚོགས་ལ་བརྟེན་ཨ་མདོ་ཁུལ་དུ་རིམ་བཞིན་འགྱུར་འདུག་པ་བཞིན”ཞེས་པ་དང་། དེང་རབས་ཀྱི་སློབ་དཔོན་ཚེ་ཏན་ཞབས་དྲུང་གིས་བརྩམས་པའི་<<རྒྱ་རྩིས་གོ་དོན་>>ཤོག་ངོས་97 པར་ཡང་དུས་དེར་བཤད་སྲོལ་དེ་རྒྱ་རྗེ་གོང་མའི་ཕོ་བྲང་ནང་ཁོ་ནའི་སྐར་རྩིས་ཀྱི་མན་ངག་ཏུ་བྱེད་པ་ལས་ཡོངས་ལ་མ་སྤེལ་བ་ཤས་ཆེ་བའི་སྟབས་ཀྱིས། བོད་དུ་བྱོན་པའི་རྒྱ་བཟའ་སྔ་ཕྱི་རྣམ་གཉིས་ཀྱིས་ཀྱང་ནག་རྩིས་སུ་གྲགས་པའི་རྒྱ་ནག་གི་རྩིས་ཡིག་དུ་མ་བོད་དུ་བསྒྱུར་ན་ཡང་། དེར་གཙོ་བོ་སྤར་སྨེ་ཀླུང་རྟ་ས་བདག་སོགས་ལས་གཟའ་འཛིན་གྱི་སྒྲོས་ཙམ་ཡང་མ་བྱུང་སྣང་ངོ”ཞེས་ལུགས་དེ་བོད་དུ་མ་དར་བའི་འགལ་རྐྱེན་གསལ་བར་བརྗོད་དོ།།
རྒྱའི་ཡིག་ཚང་འདིའི་བདེན་དཔང་དུ་འཕེར་ཏེ། དེབ་ཐེར་དམར་པོས་གང་ལ་ཁུངས་ཐུག་པའི་རྒྱའི་ཡི་གེ་ཞིན་ཐང་ཧྲུའུ་ཞེས་ཐང་རྒྱལ་རབས་ཀྱི་དེབ་ཐེར་གྱི་དཔོན་རིག་བཅའ་ཡིག་གི་ལེའུར’’ལྐོག་གྱུར་གནམ་རིག་གི་བརྟག་ཆས་དཔེ་རིས་ལ། སྐབས་སུ་བབ་པའི་ལས་བྱེད་ཁོ་ན་མ་གཏོགས་ཞན་སུ་ཞིག་གིས་ཀྱང་ལག་ཐེ་བྱེད་མི་ཆོག”ཅེས་དང། ཏ་མིང་རྒྱལ་རབས་སུ་ཧྲིན་དེའི་ཧྥུ་ཡིས་ཀྱང’’རྒྱལ་སྲིད་འདི་ཉིད་ཀྱི་ཐོག་མ་ནས་གནམ་རིག་སྦྱངས་པ་ལ་བཀའ་རྒྱ་ཤིན་ཏུ་བཙན་ཏེ། ཆབ་འབངས་གང་ཞིག་གིས་དེ་སྦྱངས་ན་ཡུལ་ཕྱུང་མཐར་སྐྲོད་གཏོང་རྒྱུ། ས་ལི་ཐོ་བཟོས་ན་སྲོག་ཆད་གཅོད་རྒྱུ”ཞེས་སོགས་ཀྱིས་ཀྱང་གྲུབ་བོ།།
ཧྭང་ལིའི་ལོ་ཐོ་བཟོ་ཚུལ་དང་ཉི་ཟླ་གཟའ་འཛིན་བརྟག་ཚུལ་བཅས་ཆ་ཚང་བ་ཇི་བཞིན་བོད་དུ་བསྒྱུར་བའི་ཐོག་མ་ནི། ཁང་ཞི་ཁྲི་ལོ་ང་བཞི་པ་རབ་བྱུང་བཅུ་གཉིས་པའི་ཤིང་ལུག་སྤྱི་ལོ་1715 ལོར་དཔར་དུ་བཏབ་པའི’’འཇམ་དབྱངས་བདེ་ལྡན་རྒྱལ་པོས་མཛད་པའི་རྒྱ་རྩིས་བོད་ཡིག་ཏུ་བསྒྱུར་པ”ད་ལྟ་ཡོངས་གྲགས་ལ་”རྒྱ་རྩིས་ཆེན་མོ་’’ཞེས་བྱ་བ་ཤོག་ལྷེ་མདའ་ཚད་མ་བརྒྱད་བརྒྱ་བདུན་ཅུ་ཅན་དེ་ཉིད་ཡིན་ལ། གཞུང་དེ་ཧ་ཅང་རྒྱ་ཆེ་བར་མ་ཟད། ལག་ལེན་གྱི་འགྲོ་ལུགས་ཀྱང་བོད་ལ་ལོ་བརྒྱ་ཕྲག་བདུན་གྱི་བར་དུ་གོམས་པའི་ཚུལ་དང་ཆེས་མི་འདྲ་བས་བོད་དུ་སྤེལ་དཀའ་ཙམ་བྱུང་། དེའི་རྗེས་སུ་བོད་དུ་དར་ཚུལ་ནི། བཀྲ་ཤིས་ཁྱིལ་ཀྱེ་རྡོར་གྲྭ་ཚང་གི་ལོ་ཐོའི་བསྟན་རྩིས་སྐབས་སུ། ‘’གནམ་སྐྱོང་ཆེན་ལུང་ཁྲི་ལོ་དགུ་པའི་སྟེང་། (སྤྱི་ལོ་1799) མཁས་དབང་པེ་ཅིང་རྩིས་རམས་པས། །རབ་ཉི་ཤིང་བྱི་རྩིས་མགོ་བཟུང་། །དུས་འཁོར་སྐར་རྩིས་དང་བསྟུན་པར། །འབྲི་བསུབ་རི་མོའི་ལམ་དུ་བསྒྱུར། རྒྱ་རྩིས་རྙིང་བོ་བསྡུས་པར་གྲགས”ཞེས་དང་། གཞུང་དེ་ཉིད་ཀྱི་མཛད་བྱང་དུ”འདི་ནི་དཔའ་རིས་མཱ་ཡང་དགོན་ཀྱི་རྩིས་རིག་པ་བཟོད་པ་རྒྱལ་མཚན་གྱིས། སློབ་དཔོན་མཁས་པའ་ངག་སྒྲོས་ལ་བརྟེན་ནས་ཙི་ནའི་རྩིས་གཞུང་ཇི་བཞིན་དོན་འགྱུར་བྱས་ནས་བྲིས་པ”ཞེས་བྱུང་ངོ་། དེ་ནས་རབ་བྱུང་བཅུ་བཞི་པའི་ཤིང་བྱི (སྤྱི་ལོ་1869) ཚུན་ལ’’འཇམ་དབྱངས་མཆོད་པའི་མེ་ཏོག་”དང་’’འཇམ་དབྱངས་འཛུམ་ཟེེར”སོགས་ལུགས་འདིའི་རྩིས་གཞུང་ལྷགས་པར་བྱུང་སྟེ་བོད་དུ་དར་ཁྱབ་ཆེ་བར་གྱུར། ལྷག་པར་དུ་གཟའ་འཛིན་བརྟགས་པ་ལ་བློ་གྲོས་ཞིབ་མོས་ལམ་མང་བརྟགས་ཏེ། རྒྱ་རྩིས་ལས་བཤད་པ་ཕལ་ཆེར་ཐིག་པོ་བྱུང་ཞེས་མཁས་མང་གིས་བསྔགས་སོ།། གཞན་ཙི་ནའི་ཡུལ་དུ་སྔ་ཕྱིར་དར་བའི་རྩིས་ཀྱི་གྲུབ་མཐའི་རགས་རིམ་དབྱེ་ན་གསུམ་ཡོད་དེ། ཏཱ་མིང་རྒྱལ་རབས་ཡན་ཆད་རྒྱ་རང་གི་རྒྱུན་སྲོལ་དང་གཅིག དུས་རབས་བཅུ་དྲུག་པར་ཡོ་རོབ་གླིང་ནས་འོངས་པའི་’’ནུབ་གླིང་རྩིས་གསར”དུ་གྲགས་ཏེ། མན་ཇུའི་རྒྱལ་སྲིད་ལོ་ཉིས་བརྒྱ་བདུན་ཅུའི་རིང་ལ་ལག་ལེན་དུ་བསྟར་བ་དེ་དང་གཉིས། དུས་རབས་ཉི་ཤུ་པ་སྟེ་དེང་རབས་སུ་དར་བའི་ཚན་རིག་ཏུ་གྲགས་པའི་རྩིས་རིག་དང་གསུམ་མོ། །ཕྱི་མ་གཉིས་ཀ་ནུབ་གླིང་ནས་འོངས་བ་འདྲ་ན་ཡང་། གྲུབ་མཐའ་མི་གཅིག་སྟེ། དེ་གཉིས་ནང་གསེས་ཀྱི་སྔ་མ་དེ་ས་དཀྱིལ་(ས་གཞི་ཟླུམ་པོ་)འཁོར་གཞིར་སྨྲ་བ་དང་། ཕྱི་མ་དེ་ཉི་མ་འཁོར་གཞིར་སྨྲ་བ་ཡིན་པའི་ཕྱིར་ཏེ། ཇི་སྐད་དུ་རྒྱུ་རྩིས་ཀྱི་གཞུང་<<འཇམ་དབྱངས་འཛུམ་ཟེར་>>ལས། ‘’ལུགས་འདིར། འཇིག་རྟེན་ས་གཞི་ཟླུམ་པོ་འདིའི། །སྟེང་ཐད་ཉི་མ་གཟའ་སྐར་རྣམས། །བརྩེགས་ཚུལ་འཁོར་བའི་འགྲོས་དབང་གིས། །ཟླ་བས་ཉི་མ་སྒྲིབ་པར་འདོད། ཅེས་གསུངས་པ་ལྟར་རོ།། དེས་ན་གསུམ་གར་རྒྱ་རྩིས་ཟེར་ན་འཐད་མོས་ཀྱི། བོད་དུ་གྲགས་པའི་རྒྱ་རྩིས་ཞེས་པ་ནི། གསུམ་པོའི་ནང་ཚན་གྱི་གཉིས་པ་དེ་ཡིན་པ་ལས། དེའི་གསུམ་པ་དེང་རབས་ཀྱི་གནམ་རིག་དང་མ་འདྲེས་པར་དབྱེ་བ་འབྱེད་ཤེས་པ་གནད་དུ་ཆེའོ།།
བོད་ཀྱི་ལོ་ཐོ།
ད་ལྟ་བོད་དུ་ལག་ལེན་བསྟར་བཞིན་པའི་ལོ་ཐོའི་ཁུངས་གཏུགས་ས་ནི་རྩིས་ཀྱི་བསྟན་བཅོས་ཆེན་པོ་<<བཻ་ཌཱུརྱ་དཀར་པོ་>>ཡིན་ལ། བཻ་དཀར་གྱི་ལེའུ་བཅུ་གསུམ་པ་དང་བཅུ་བཞི་པར་ལོ་ཐོ་བཟོ་ཚུལ་རྒྱས་འབྲིང་བསྡུས་གསུམ་ཞིབ་པར་བཤད་ཅིང་། གང་ལྟར་ཡང་རྒྱ་གར་ནས་དར་བའི་དུས་འཁོར་ལུགས་དང་དབྱངས་འཆར། རྒྱ་ནག་ནས་དར་བའི་རྒྱ་རྩིས་ཧྭང་ལི་དང་ནག་རྩིས་འབྱུང་རྩིས། བོད་རང་གི་ཉམས་མྱོང་ལས་བྱུང་བའི་གནམ་དཔྱད་དུས་རྟགས་བཅས་གསུམ་སྦྲགས་ཀྱི་སྒོ་ནས་ལོ་བཤད། ཟླ་བཤད། ཉིན་བཤད་སོགས་རགས་ཞིབ་གང་འོས་བཀོད་པའོ།།
དེ་ལས་དང་པོ་དུས་འཁོར་ལུགས་ལྟར་བརྩི་བ་ནི། གཙོ་བོར་གཟའ་དག་སྟེ་ཚེས་ཞག་གི་ལོངས་སྤྱོད་རྫོགས་མཚམས་ཀྱི་རེས་གཟའ་རྗེས་འབྲང་ཆུ་ཚོད་སོགས་དང་བཅས་པ། ཉི་སྐར་ཏེ་ཉི་མ་རང་འགྲོས་ཀྱིས་ཁྱིམ་གང་དུ་སླེབས་པའི་སྐར་གནས་རྗེས་འབྲང་དང་བཅས་པ། ཚེས་འཁྱུད་ཟླ་སྐར་ཏེ་ཚེས་ལོངས་རྫོགས་མཚམས་སུ་ཟླ་བ་གང་དུ་སླེབས་པའི་སྐར་གནས་རྗེས་འབྲངས་དང་བཅས་དེ་གསུམ་ཡིན་ལ། འདིར་སྐར་གནས་ཞེས་པ་ནི་དེང་གི་ཚན་རིག་ཏུ་སེར་ལམ་སྟེང་གི་དུའུ་ཕུན་མེའོ་ཞེས་པ་དེ་དག་གོ། གཟའ་དག་ཉི་སྐར་ཟླ་སྐར་སོགས་ལ་བརྟེན་ནས་ཟླ་བཤོལ་དང་། ཚེས་ཆད་ལྷག་ཁྱིམ་སླེབས། ཟླ་བའི་འཕེལ་འགྲིབ། གཟའ་ལྔའི་མྱུར་དག་སོགས་གཏན་ལ་འབེབས་པའོ།།
གཉིས་པ་ཧྭང་ལི་གསེར་རྩིས་ལྟར་བརྩི་བ་ནི། དཔྱིད་ཚུགས་ཁ་བ་ཆར་ལྡོག་སོགས་དུས་ཚིག་ཉེར་བཞི། ས་གླང་རྫི་བོ། ཁུར་བ་དང་འབྲུག་མང་ཉུང་། ཚ་བ་ཚུགས་པ། དགུ་འདྲེན་པ། གཡང་སྐར་གཉིས། གཟའ་སྐར་སྤར་སྨེ་ཉི་ཁམས་སོགས་མང་ངོ་། དབུགས་སྒང་བརྩི་ཚུལ་རྒྱ་ནག་ནས་དར་ཡང་། བོད་དུ་ལག་ལེན་སྐབས་སུ་དུས་འཁོར་ལུགས་ཀྱི་ཉི་མར་བསྟུན་ཏེ་བརྩི་བས་འབབ་སོ་རྒྱ་རྩིས་ལས་ཉི་མའི་ངེས་ཞག་དག་པར་བསྟུན་ཏེ་བརྩི་བ་དང་འདྲན་མིན་འབྱུང་ངོ་།།
བོད་རང་གི་ཉམས་མྱོང་ལྟར་བརྩི་བ་ནི། སྤྱིར་དྲོད་བབས་དང་བད་ལྷུང་བ་སོགས་གནམ་གཤིས་ཀྱི་འགྱུར་བ་དང་། འབུ་སྲིན་དབུགས་རྒྱུ་བ་ཤིང་རྩི་ཁ་འབུས་པ་སོགས་ཐང་གཤིས་ཀྱི་འགྱུར་བ་སོགས་ལི་ཐོར་བཀོད་པ་དེ་ཧྭང་ལིའི་གོམས་སྲོལ་ཡིན་ཡང་། ཐོག་མར་གཏན་འབེབས་བྱེད་ཡུལ་རྨ་ཆུའི་སྨད་རྒྱུད་གཞིར་བྱས་ཏེ་བཟོས་པ་ཡིན་ལ། བོད་ཡུལ་ནི་དེ་དང་ས་ཁང་རིང་བའི་རྐྱེན་གྱིས་རང་སར་འཚམས་དང་མི་འཚམ་ཅི་རིག་བྱུང་བས་ན། བོད་ལྗོངས་ཀྱི་གནས་ལུགས་ལ་བསྟུན་ནས་བཅོས་བསྒྱུར་གང་ལ་གང་འཚམ་ཞིབ་པར་བྱས་ཡོད། སྒོས་སུ་དབྱར་དགུན་ཉི་ལྡོག་སོགས་བརྩམས་ཏེ་བརྩི་བའི་ལོག་ཞག་དང་། དེ་མིན་བྱ་ཞག ཝ་ཞག ཀོང་ཞག སྐྱུང་ཞག སྨལ་པོ་ཟླ་ཕྱེད། བཤོལ་པོ་ཟླ་ཕྱེད་ལ་སོགས་པའི་དུས་ཀྱི་ཁ་ཆར་དང་གྲང་ངར་སོགས་གནམ་གཤིས་ཀྱི་འགྱུར་བ་ལ་བརྟེན་ནས་སད་སེར་ཞོད་ཐན་སོགས་ཡོད་མེད་བརྟགས་ཐབས། དྲུག་རྩིས། བཞི་རྩིས་སྣ་ཚོགས་པ་ནི། དབུས། གཙང་ལྷོ་ཁ། ནག་ཆུ། ཨ་མདོ་སོགས་ཁུལ་སོས་སོའི་རོང་འབྲོག་གི་རྒན་རབས་ཀྱི་ཉམས་མྱོང་ལས་བྱུང་བ་ཡིན་པས་བོད་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སུ་མངོན་ནོ།།
གཞལ་བྱའི་གོ་ལ།
དུས་འཁོར་ལུགས་ཀྱི་གོ་ལའི་རྣམ་གཞག་ལ། བརྟན་གཡོའི་རླུང་ཇི་སྙེད་ཀྱིས་གནམ་གྱི་གོ་ལ་བཏེགས་ཏེ་དབྱིབས་གདུགས་ཕུབ་པ་བཞིན་རི་གླིང་རྣམས་ཀྱི་སྟེང་དུ་དབུས་མཐོ་རི་རབ་ལ་ཉེ་ཞིང་། མཐའ་ཁྱུད་གཞོལ་གྱི་དམའ་སྟེ་མེ་དཀྱིལ་ལ་ཉེ་བ། དེའི་སྟེང་དུ་རྒྱུ་སྐར་ཉེར་བདུན་འཕྲ་བཏབ་པ་བཞིན་དུ་གནས། རླུང་སྟོབས་ཀྱི་ཉིན་ཞག་རེར་གོ་རྫོགས་པར་འཁོར་ཐེང་གཅིག་གཡས་སུ་བསྐོར་བ་དེ་མིག་གི་ཡུལ་དུ་ཤིན་ཏུ་གསལ་བས་ན’’སྣང་འགྲོས་སམ’’རླུང་འགྲོས་ཞེས་གྲགས། གཟའ་བདུན་དང་དུ་བ་མཇུག་རིང་རྣམས་རང་རང་སྐྱེས་སྐར་སྟེང་ནས་ཁ་ཤར་དུ་ཕྱོགས་ཏེ་ལྷུན་པོ་ལ་གཡོན་བསྐོར་ཚུལ་གྱིས་སྐར་ཁྱིམ་ལ་སྤྱོད་པ་དེ་ལ’’རང་འགྲོས་”ཞེས་གྲགས། དེ་ལྟར་གཟའ་རྣམས་རང་དབང་གི་འགྲོས་ཀྱི་རྒྱུ་སྐར་འཁོར་ལོ་རྫོགས་པར་སྤྱོད་པའི་ཡུན་ཚད་ནི་གཟའ་དེའི་དཀྱིལ་འཁོར་ཡིན་ནོ།།
བོད་དུ་གྲགས་པའི་སྣང་འགྲོས་དང་རང་འགྲོས་གཉིས་ཀ་དེང་གི་གནམ་རིག་ཏུ་སྣང་འགྲོས་ཟེར་ཏེ། སྐར་ཁྱིམ་ལ་ཉིན་འཁོར་སྣང་འགྲོས་ཉི་མ་ལ་ལོ་འཁོར་སྣང་འགྲོས་ཟླ་བ་ལ་ཟླ་འཁོར་སྣང་འགྲོས་སྣང་འགྲོས་ཞེས་དབྱེ་བ་གསུམ་དུ་ཕྱེ། གཟའ་ལྔ་ལའང་ལོ་འཁོར་སྣང་འགྲོས་ཟེར་ཡང་། དེ་དག་རང་རང་གི་དཀྱིལ་འཁོར་རེ་ལ་ཁྱིམ་ལོ་རེར་བརྩི་བ་ཡིན་གྱི། རང་རེའི་ས་དཀྱིལ་སྟེང་གི་ཁྱིམ་ལོ་དང་མི་གཅིག་སྟེ། དཔེར་ན་གཟའ་སྤེན་པའི་སྟེང་གི་ཁྱིམ་ལོ་གཅིག་ནི་ས་དཀྱིལ་སྟེང་གི་ཁྱིམ་ལོ་ཧ་ལམ་ལོ་སུམ་ཅུ་ཡིན་པ་ལྟ་བུའོ།།
དུས་འཁོར་ལུགས་ལ་གཟའ་རྣམས་སྐར་ཁྱིམ་སྟེང་དུ་རྒྱུ་བ་པོ་ཡིན་པས་ན་བགྲོད་བྱེད་ཅེས་བྱ་ཞིང་། རྒྱུ་སྐར་ཉེར་བདུན་ནི་གཟའི་རྒྱུ་བ་གསལ་བའི་བཀྲ་རྟགས་ཡིན་པས་ན་བགྲོད་བྱ་རྒྱུ་སྐར་ཞེས་པའི་ཐ་སྙད་སྦྱོར་བ་ཡིན་གྱི། རྒྱུ་བ་པོའི་སྒོ་ནས་མིང་བཏགས་པ་མ་ཡིན་ནོ། དེང་གི་གནམ་རིག་ཏུ་དེ་དག་ལ་རྒྱུ་བའི་སྐར་མ་མི་ཟེར་བར། བརྟན་སྐར་ཞེས་ཟེར། དེ་ལྟ་བས་ན་རྒྱའི་ལོ་ཙཱ་བ་ལ་ལས་རྒྱ་སྐད་ཞེས་པ་དེ་བོད་སྐད་དུ་ཐད་བསྒྱུར་བྱས་ཏེ’’རྒྱུ་སྐར”ཞེས་བསྒྱུར་བ་ནི་དོན་དང་མཐུན་པར་མི་སྣང་ངོ་།།
དུས་འཁོར་ལུགས་ལ་སྒྲ་གཅན་ཡང་བགྲོད་བྱེད་ཅིག་ཡིན་ཡང་། གཟའ་གཞན་དང་མི་འདྲ་བར་རང་གི་སྐྱེས་ཁྱིམ་ནས་བརྩམས་ཏེ་ཁ་ནུབ་ཏུ་ཕྱོགས་གཡས་བསྐོར་གྱིས་སྐར་ཁྱིམ་སྤྱོད་ཅིང་། དེའི་ཚེ་རྟག་པའི་ལོངས་སྤྱོད་ལ་རྐང་པའི་འཕེལ་འགྲིབ་མེད་པས་རྟག་ལོངས་ཅན་དུ་གྲགས་སོ།།
དེང་རབས་ཀྱི་གནམ་རིག་ལྟར་ན། སྤྱིར་ཉི་མས་ལོ་གཅིག་ལ་རྒྱུ་སྐར་གྱི་གོ་ལར་བསྐོར་བ་ཐེངས་གཅིག་བྱེད་པའི་བགྲོད་ལམ་དེ་ལ་སེར་ལམ་ཞེས་པའི་ཐ་སྙད་སྦྱོར་ཞིང་། ཟླ་བས་གོ་ལར་འཁོར་བའི་བགྲོད་ལམ་དེ་ལ་དཀར་ལམ་ཟེར། དེ་ལྟ་བུའི་སེར་ལམ་དང་དཀར་ལམ་གཉིས་ཀ་ཨ་ལོང་ཆེ་ཆུང་གཉིས་ཀྱི་མུ་ཁྱུད་ངོས་མཉམ་པ་གཅིག་གི་སྟེང་དུ་གནས་པ་མ་ཡིན་པར། ཕན་ཚུན་དུའུ་ལྔ་ཙམ་གཟུར་བའི་ཚུལ་གྱིས་སྣོལ་སྡེབ་ཏུ་གནས། དེ་ཡང་ཟླ་བ་སེར་ལམ་གྱི་ལྷོ་ནས་བྱང་དུ་རྒྱུ་བ་དང་། བྱང་ནས་ལྷོ་རུ་རྒྱུ་བའི་སྐབས་གཉིས་བྱུང་བ་ལས། སྔ་མ་ནི་འོག་ནས་གྱེན་དུ་རྒྱུ་བ་དང་། ཕྱི་མ་ནི་སྟེང་ནས་ཐུར་དུ་རྒྱུ། ཟླ་བ་དཀར་ལམ་ལ་བརྒྱུད་དེ་ལྷོ་མཐའ་ནས་གྱེན་དུ་རྒྱུ་བའི་ལམ་བར་ན་སེར་ལམ་དང་འཕྲད་པའི་གནས་དེའི་མིང་ལ་གྱེན་རྒྱུའི་འཕྲད་ས་དང་། བྱང་མཐའ་ནས་ཐུར་དུ་ལྷོར་རྒྱུ་བའི་ལམ་བར་ན་སེར་ལམ་དང་འཕྲད་པའི་གནས་དེའི་མིང་ལ་ཐུར་རྒྱུའི་འཕྲད་ས་ཞེས་ཟེར་བ་འདི་གཉིས་དུས་འཁོར་ལུགས་ལ་སྒྲ་གཅན་དང་དུས་མེའམ་སྒྲ་གཅན་གདོང་མཇུག་ཟེར། དུས་འཁོར་ལུགས་ལ་སྒྲ་གཅན་འཁོར་ལོ་ཚེས་ཞག་དྲུག་སྟོང་དགུ་བརྒྱ་ཐམས་པ་སྟེ། ཉིན་ཞག་དྲུག་སྟོང་བདུན་བརྒྱ་དགུ་བཅུ་གོ་གཉིས་དང་བརྒྱ་ཆ་བཞིར་འདོད། དེང་གི་གནམ་རིག་ལ་ཉིན་ཞག་དྲུག་སྟོང་བདུན་བརྒྱ་དགུ་བཅུ་གོ་གསུམ་དང་བརྒྱ་ཆ་ཞེ་དྲུག་ཏུ་འདོད། དེ་གཉིས་ལ་དྷཱུ་ཝ་ཀའི་ཁྱད་པར་ཕྲན་བུ་ཡོད་པ་དང་། ཐ་སྙད་འདོགས་ཚུལ་མི་འདྲ་བ་མ་གཏོགས། དོན་གཅིག་ཡིན་པ་ལྷང་ངེར་མངོན་ནོ།།
ཉེ་ཆར་ཁ་་ཅིག་གིས་དེ་དོན་མ་གོ་བར་སྒྲ་གཅན་དུས་མེ་ཞེས་པའི་ཐ་སྙད་དེ་དག་དེང་རབས་ཀྱི་གནམ་རིག་ལ་མེད་བཞིན་དུ་དངོས་པོ་གཟུགས་ཅན་པ་ཡིན་པར་ཡང་ཁས་མི་ལེན་པར་རྨོངས་དད་ཁོ་ན་ཡིན་ཞེས་ཁ་ཚོན་གཅོད་པའི་རྐྱེན་གྱིས་སྐར་རྩིས་པ་འགའ་ཞིག་གིས་ཀྱང་བོད་ཀྱི་གྲུབ་མཐའ་འདི་དེང་རབས་ཚན་རིག་གི་བཤད་སྲོལ་དང་མི་མཐུན་ན་ཀུན་གྱིས་སྣང་ཆུང་ཁྱད་གསོད་ཀྱི་ཡུལ་དུ་འགྱུར་བར་དོགས་ནས་སྒྲ་གཅན་ཞེས་པའི་མིང་ཙམ་ཡང་ཁ་ནང་དུ་ལེན་མི་ཕོད་པར་མ་ཟད། དུས་འཁོར་ལུགས་ཀྱི་གོ་ལའི་རྣམ་གཞག་འདི་ཉི་མ་འཁོར་འཁོར་གཞི་ལྟེ་བར་སྨྲ་བའི་ལུགས་དང་ཡོངས་སུ་མཐུན་པར་ཨུ་ཚུགས་ཀྱིས་བཤད་པ་ནི་དགོས་མེད་ཀྱི་རྣམ་རྟོག་འབས་ཞིག་ཡིན་ཏེ། དབྱིན་ཇིའི་ཚན་རིག་མཁས་དབང་ཆེན་པོ་ཇོ་སིབ་ཉེ་དྷམ་(Joseph Needham) gayis 1959 ལོར་བརྩམས་པའི་<<ཀྲུང་གོའི་ཚན་རིག་གཞུང་ལུགས་>>ཞེས་པའི་ལོ་རྒྱུས་རྒྱས་པ་བམ་པོ་བདུན་ཅན་གྱི་བམ་པོ་གཉིས་པའི་ལེའུ་ཉི་ཤུ་པའི་ས་བཅད་བཅུ་པ་ (རྒྱ་སྐད་དུ་བསྒྱུར་བའི་ཤོག་ངོས་དྲུག་བརྒྱ་རེ་དྲུག) ལས། ‘’ལོ་རྩིས་འབའ་ཞིག་གི་ཆེད་དུ་ཡིན་ན། ས་དཀྱིལ་དེ་འཁོར་གཞི་ལྟེ་བར་སྨྲ་བ་དང་། ཉི་མ་འཁོར་གཞི་ལྟེ་བར་སྨྲ་བ་གཉིས་ཏེ། མི་འགུལ་བར་རང་སོར་གནས་པ་དེ་ས་དཀྱིལ་དང་ཉི་དཀྱིལ་གང་ཡིན་ཡང་རུང་། ཕན་ཚུན་བར་ཐག་ཁད་རིང་ཐུང་དང་སྣོལ་སྡེབས་ཀྱི་དུའུ་ཡི་གྲངས་ཀ་འབབ་ས་གཅིག་ཏུ་འཆར་རོ།། གནད་འགག་ནི་དངོས་སུ་རྟོག་འཇུག་ལས་ཐོབ་པའི་མྱོང་བྱང་གི་དྷཱི་ཝ་དེ་དག་རགས་ཞིབ་ཀྱི་ཚད་ལ་རགས་ལས་པ་ཡིན་གྱི། གནམ་སའི་བཀོད་པའི་རྣམ་གཞག་མ་ཡིན་ཏེ། ཡེ་ཤུའི་ཆོས་ལུགས་སྤེལ་མཁན་རྣམས་ཙི་ནའི་ཡུལ་དུ་མ་སླེབས་པའི་གོང་རོལ་གྱི་ལོ་ངོ་བརྒྱ་ཕྲག་དུ་མའི་རིང་ལ། ཡུལ་ཁམས་དེར་ཉི་མ་འཁོར་གཞིར་འཛིན་པའི་གྲུབ་མཐའ་དེ་རྣ་བས་ཀྱང་མ་ཐོས་ཀྱང་། ལོ་ཐོ་ཤིན་ཏུ་ལེགས་པ་སྒྲུབ་འདུག་པ་གང་ཞིག་ལོ་རྩིས་ཀྱི་རིག་པ་དེ་ངེས་དོན་དུ་བཤད་ན། དངོས་སུ་རྟོག་འཇུག་གི་འབབ་འབྲས་ཏེ་གཟའ་སྐར་ལོངས་སྤྱོད་ཀྱི་དཀྱིལ་འཁོར་རྣམས་ཕན་ཚུན་གཤིབས་ཏེ། ཡུལ་དུས་དེ་དང་དེར་ཡོངས་སུ་གྲགས་པའི་ལོ་ཟླ་ཞག་དུས་བརྩི་སྟངས་ཐོག་ནས་ཁ་སོ་ཞིབ་སྒྲིག་གང་ཐུབ་བྱེད་པའི་ཐབས་ཙམ་གྱིས་ཟད་པའི་ཕྱིར་རོ།། ཞེས་སྒྲུབ་བྱེད་གཉིས་བཀོད་ཡོད་པ་དེས་གོང་གི་དོགས་པ་དེ་སེལ་རྒྱུར་རིགས་ལམ་འབྱེད་པར་ཕན་སྲིད་སྙམ་ཏེ་དོན་བསྡུས་ཏེ་ཟུར་དུ་བཀོད་པའོ།།
དུས་ཀྱི་ཆུ་ཚོད་ཡུལ་གྱི་ཆུ་ཚོད། དུས་ཀྱི་ཆེད་དུ་དུས་འཁོར་ལུགས་ལ་ཞག་གཅིག་ལ་ཆུ་ཚོད་དྲུག་ཅུ། ཆུ་ཚོད་གཅིག་ལ་ཆུ་སྲང་དྲུག་ཅུ།་ཆུ་སྲང་གཅིག་ལ་དབུགས་དྲུག དེ་ཡང་དབུགས་ཞེས་པ་སྐྱེས་བུ་ནད་མེད་ཞིག་གི་དབུགས་འབྱུང་རྔུབ་གཅིག་ཏུ་བརྩི་བའི་ཚད་དེ། དེང་གི་དུས་ཚོད་འཁོར་ལོ་ལ་སྦྱར་ན་ཆུ ཚོད་གཅིག་ལ་ཕུན་ཉེར་བཞི། ཆུ་སྲང་གཅིག་ལ་མེའོ་ཉེར་བཞི། དབུགས་གཅིག་ལ་མེའོ་བཞི།་ཕུན་གཅིགལ་དབུགས་བཅོ་ལྔ་ཡིན་གཤིས།དེང་སྐབས་ཀྱི་གསོ་རིག་སྨྲ་བ་རྣམས་ཀྱིས་ཕུན་གཅིག་ལ་དབུགས་འབྱུང་རྔུབ་ཉུང་མཐའ་བཅུ་བཞི་དང་། མང་མཏའ་བཅོ་བརྒྱད་དུ་བསད་པ་དང་མཐུན་པ་ཡིན། དབུགས་མན་ཆད་ཆ་ཤས་ཕྱེ་ནས་བརྩི་རྒྱུ་ལས་ཐ་སྙད་ལོགས་སུ་མེད། ཆ་ཤས་ལ་མང་ཉུང་དང་གནས་ལ་ངེས་པ་མེད་པས། སྐབས་དང་བསྟུན་ཏེ་འདོད་ཆ་དང་། རི་རོའི་ཆ། རི་མཁའ་རེིའི་ཆ་སོགས་མང་དུ་བརྩི་བ་དེ་དག་ནི་ཐོབ་ནོར་ལྷག་མེད་རྣམ་དག་ཡོང་བའི་ཆེད་དུའོ།།
གནམ་གྱི་གོ་ལ་འཇལ་བྱེད་དུ་དུས་འཁོར་ལུགས་ལ་གཙོ་བོར་རྒྱུ་སྐར་ཉེར་བདུན་གྱི་སྒོ་ནས་བརྩི་བ་ཡིན་ལ། སྤྱིར་གནམ་གྱི་རྒྱུ་སྐར་ཉེར་བདུན་སོ་སོའི་ས་ཁྱོན་མི་གཅིག་ཀྱང་། སྐར་རྩིས་སྐབས་སུ་ཆ་སྙོམས་ཉེར་བདུན་བྱས་པའི་ཆ་གཅིག་ལ་སྐར་གནས་གཅིག་ཏུ་བརྩི། དེ་འདྲ་བའི་དབང་དུ་བྱས་པའི་རྒྱུ་སྐར་གཅིག་གི་ས་ཁྱོན་ཆ་མཉམ་དྲུག་ཅུར་བྱས་པའི་ཆ་གཅིག་ལ་ཡུལ་གྱི་ཆུ་ཚོད་གཅིག་ཅེས་བཏགས་ཀྱང་། ཆུ་ཚོད་མཚན་ཉིད་པ་མིན་ནོ།། དེས་ན་རྒྱུ་སྐར་ཉེར་བདུན་གྱི་སྐར་ཁྱོན་ལ་ཡུལ་གྱི་ཆུ་ཚོད་ཆིག་སྟོང་དྲུག་བརྒྱ་ཉི་ཤུ་ཐམ་པ་ཡོད། དེང་གི་གནམ་རིག་གིས་གོ་ལ་ཁྱོན་ལ་ཆ་སུམ་བརྒྱ་དྲུག་ཅུ་ཐམ་པར་ཕྱེ་བའི་ཆ་གཅིག་ལ་དུའུ་ཞེས་བྱ་བ་དེ་ཡུལ་གྱི་ཆུ་ཚོད་བཞི་དང་ཆུ་སྲང་སུམ་ཅུ་ཡིན། རྒྱུ་སྐར་ཉེར་བདུན་གྱི་མགོ་ཐ་སྐར་ནས་བརྩི་བས་གཡོན་བསྐོར་བྱས་ཏེ་ནམ་གྲུའི་བར་དུ་རྫོགས། དབྱར་ཉི་ལྡོག་གི་ཡུལ་ལོངས་ཀྱིས་དཔེར་མཚོན་ན། སྐར་གནས་བདུན། ཆུ ཚོད་ཞེས་ལྔ་ཞེས་པ་དེང་གི་གནམ་རིག་ཏུ་དུའུ་དགུ་བཅུ་ཐམ་པ་ཞེས་བྱའོ།།
ཞག་གསུམ་གྱི་རྣམ་གཞག
དུས་འཁོར་ལུགས་ལ་ལོ་ཟླ་ཞག་གསུམ་རེ་རེ་ལ་ཁྱིམ། ཉིན། ཚེས་གསུམ་གསུམ་ཡོད་དེ། ཁྱིམ་ལོ་གཅིག་ལ་ཁྱིམ་ཟླ་བཅུ་གཉིས། ཁྱིམ་ཞག་སུམ་བརྒྱ་དྲུག་ཅུ་ཐམ་པ། དེ་བཞིན་ཚེས་ལོ་གཅིག་ལ་ཚེས་ཟླ་བཅུ་གཉིས། ཚེས་ཞག་སུམ་བརྒྱ་དྲུག་ཅུ་ཐམ་པ། ཉིན་ལོ་གཅིག་ལ་ཉིན་ཟླ་བཅུ་གཉིས། ཉིན་ཞག་སུམ་བརྒྱ་དྲུག་ཅུ་ཐམ་པ་ལྷག་རོ་མེད་པར་ཁྲིགས་ཆགས་སུ་ཤར། ཁྱིམ་ཞག་དྲུག་ཅུ་རེ་ལྔ་དང་ཚེས་ཞག་རེ་བདུན་དོ་མཉམ། ཚེས་ཞག་རེ་བཞི་དང་ཉིན་ཞག་རེ་གསུམ་དོ་མཉམ་པ་ནི་རགས་རྩིས་ཡིན་ལ། དག་རྩིས་བྱས་ན་ཚེས་ཞག་ཉི་འདོད་ཟླ་བ་༡༡༣༡༢ དང་ཉིན་ཞག་འབྱུང་འདོད་དྲག་པོ་༡༡༡༣༥དང་མཉམ་པས་ན་ཉིན་ཞག་བུག་མཁའ་མིག་བུག་ཡིད་༡༩༦༢༠༩(༡༤༩༢༠༩)ཁྱིམ་ཞག་དུས་མདའ་འཁའ་རི་ཡིད་༩༧༠༥༦(༡༤༧༠༥༦)དང་མཉམ་པ་ཞེས་འདོད་དོ།།
དེ་ཡང་ཞག་ལ་ཉིན་ཞག་དང་། ཟླ་བ་ལ་ཚེས་ཟླ། ལོ་ལ་ཁྱིམ་ལོ་དབང་བཙན་ཞེས་འོ།། ཁྱིམ་ལོ་ཞེས་པ་ནི། གཞུང་ལས’’ཉི་མ་རང་འགྲོས་ཀྱི་རྒྱུ་སྐར་འཁོར་ལོ་རྫོགས་པར་སྤྱོད་པ་ལ་རྟེན་ནས་ས་ལ་དུས་བཞི་འཁོར་ཚུལ་གྱི་ཁྱིམ་བཅུ་གཉིས་རྫོགས་པར་འཆར་བ་ལ་ཁྱིམ་ལོ་ཞེས་བཏགས་པའོ”ཞེས་འཆད་ཀྱང་། དེང་རབས་ཀྱི་གནམ་རིག་གི་བཤད་སྲོལ་ལྟར་ན། ཉི་མས་གནམ་ལ་རྒྱུ་སྐར་འཁོར་ལོ་རྫོགས་པར་སྤྱོད་པ་ལ་བརྟན་སྐར་གྱི་ལོ་ཞེས་བྱ་ལས་ལ་མཉམ་གཉིས་ལྡོག་གཉིས་རྫོགས་པར་འཁོར་བ་ལ་ནི་ཉི་མ་ཕྱིར་ལྡོག་གི་ལོ་ཞེས་ཐ་དད་པ་གཉིས་སུ་ཕྱེ་སྟེ། སྔ་མ་ཉིན་ཞག་༣༦༥ འབུམ་ཆ་༢༥༦༣༦ སྟེ་བཞི་ཆ་གཅིག་ལས་ཅུང་ཆེ་བ་དང་། ཕྱི་མ་ནི་ཉིན་ཞག་༣༦༥ འབུམ་ཆ་༢༩༢༢༠ སྟེ་ཆ་གཅིག་ཅུང་མི་ལོངས་པའི་རྐྱེན་གྱིས། ལོ་རེར་ཉིན་ཞག་འབུམ་ཆ་༡༩༡༦ སྟེ་ཕུན་ཉི་ཤུ་ཙམ་གཟུར་བ་དེའི་མིང་ལ’’ལོ་ཁྱད”ཅེས་ཟེར་དེ་ལོ་བདུན་ཅུ་དོན་གཅིག་དང་ཟླ་བ་བདུན་གྱི་ཡུན་ལ་བསགས་ནས་ཉི་མས་སེར་ལམ་གྱི་སྟེང་དུ་དུའུ་གཅིག་རྗེས་སུ་ལུས་པས། ལོ་ངོ་ཉིས་སྟོང་ཆིག་བརྒྱ་ལྔ་བཅུ་ལ་བསགས་ན་དུའུ་སུམ་ཅུ་སྟེ་ཁྱིམ་གཅིག་གི་ཁྱད་པར་འཇུག ལོ་ཉི་ཁྲི་ལྔ་སྟོང་བརྒྱད་བརྒྱ་ཙམ་ལ་བགྲོད་པ་རྫོགས་ཏེ། དཔྱིད་མཉམ་གྱི་སྐར་གནས་སླར་ཡང་ལུག་གི་ཁྱིམ་གྱི་མགོ་དང་འཛོམ་པར་འགྱུར། དཔྱིད་མཉམ་གྱི་སྐར་གནས་ལུག་ཁྱིམ་ནས་རིམ་གྱིས་ཉ་ཁྱིམ་དུ་ནུར་བའི་གནད་དེ་ལ་ཐུག་ཅེས་མན་ངག་ཏུ་གདམས། ‘’ལོ་ཁྱད”བྱུང་བའི་རྒྱུ་མཚན་ནི། ས་དཀྱིལ་རང་འཁོར་གྱི་སྲོག་ཤིང་གཟུ་བོར་མི་གནས་པར་ཡམ་ཡོམ་ཕྲན་བུ་ཙམ་གཡོ་བས། ཉི་མ་ལ་འཁོར་བའི་སྤྱི་འགྲོས་གོ་ལའི་སྲོག་ཤིང་དང་གཏད་སོའི་ཕྱོགས་གཟུར་བའི་རྐྱེན་གྱིས་ཡིན་ཞེས་བཤད་དོ།།
ཚེས་ཟླ་ཞེས་པ་ནི། ཟླ་བ་རྒྱུ་སྐར་འཁོར་ལོར་སྤྱོད་པའི་སྒོ་ནས་འཇོག་པ་མ་ཡིན་པར། ཟླ་བ་ཡར་ངོ་མར་ངོ་འཕེལ་གྲིབ་ཀྱི་སྒོ་ནས་འཇོག་པ་ཡིན་ལ། དེའི་དུས་ཀྱི་ལོངས་སྤྱོད་བྱེད་གྲུབ་གཉིས་ལ་རི་མཁའ་རིའི་ཆ་མ་གཏོགས་མཐུན་ཏེ། ཉིན་ཞག་ཉེར་དགུ་ཆུ་ཚོད་སོ་གཅིག་ཆུ་སྲང་ལྔ་བཅུ་རི་རོའི་ཆ་ཞེ་ལྔ་རི་མཁའ་རིའི་ཆ་སུམ་བརྒྱ་ཞེ་ལྔར་འདོད་པ་དེ། དེང་གི་གནམ་རིག་ཏུ་ཉིན་ཞག་ཉེར་དགུ་དུས་བཅུ་གཉིས་ཕུན་ཞེ་བཞི་ཆུ་སྲང་གསུམ་དུ་འདོད་པ་དེ་དང་ཁྱང་ཧ་ཅང་ཕྲ་མོ་ཙམ་ཞིག་མ་གཏོགས་ཡོངས་སུ་མཐུན་པ་ཡིན། ཟླ་བ་རྒྱུ་སྐར་འཁོར་ལོར་རྫོགས་པར་སྤྱོད་པའི་ཉིན་ཞག་གི་གྲངས་ལ་དུས་འཁོར་ལུག་སུ་ཟླ་བའི་ཉིན་ཞག་དཀྱིལ་འཁོར་ཟེར། དེའི་དུས་ལོངས་ཉིན་ཞག་ཉེར་བདུན་དང་དུས་རི་ཀླུ་མིག་ཉི་༡༢༢༨༧༦༦ གི་ཆ་༣༩༥༣༩༣སྟེ་ཉིན་ཞག་༣༧འབུམ་ཆ་༣༢༡༧༩རུ་འདོད། དེང་གི་གནམ་རིག་ལ་དེའི་མིང་ལ’’བརྟན་སྐར་གྱི་ཟླ་བ”ཞེས་ཟེར། དུས་ལོངས་ཉིན་ཞག་༢༧འབུམ་ཆ་༣༢༡༦༦ཏུ་འདོད་པས་ལུགས་གཉིས་ལ་སྟེ་འབུམ་ཆ་བརྒྱད་ཙམ་ལས་ཁྱད་པར་མེད་དོ།།
གཞན་ཡང་དེང་གི་གནམ་རིག་ལས་’’ཉེ་མཐའི་ཟླ་བ”འམ་ཟླ་བའི་ཉ་མཐའི་དཀྱིལ་འཁོར་ཞེས་བྱ་བ་ཞིག་ཡོད་དེ། གོ་དོན་ནི། ཟླ་བ་ས་དཀྱིལ་ལ་བསྐོར་བ་བྱེད་པའི་བགྲོད་ལམ་དེ་གོར་མོ་མཚན་ཉིད་པ་ཞིག་མ་ཡིན་པར། རྐེད་ཟླུམ་འཇོང་ལྗོད་སྒོ་ངའི་དབྱིབས་ཅན་ཞིག་ཡིན་ལ། གོ་ལ་དེའི་ལྟེ་བ་ས་དཀྱིལ་དང་དེའི་སྲིད་ཐིག་གི་སྣེ་མོ་གནིས་ལ་བར་ཐག་ཉེ་རིང་མི་གཅིག་པས། དེ་ལྟ་བུའི་སྣེ་གཉིས་ལ་རིང་མཐའ་དང་ཉེ་མཐའ་ཟེར། དེའི་ནང་ཚན་གྱི་རིག་མཐའ་ཞེས་པ་དེ་ནི། དུས་འཁོར་ལུགས་སུ་སྐྱེས་ཁྱིམ་ཞེས་པ་དེ་ཉིད་ཡིན་ལ། ཟླ་བ་དེ་ལྟ་བུའི་ཉེ་མཐའ་ནས་བརྩམས་ཏེ་སླར་ཡང་ཉེ་མཐའ་རུ་ཐེངས་གཅིག་རྫོགས་པར་འཁོར་བ་ལ་ཉེ་མཐའི་ཟླ་བ་ཞེས་ཟེར་ཞིང་། བོད་ལ་བརྗོད་བདེ་བའི་དབང་གིས་སྐྱེས་ཁྱིམ་གྱི་ཟླ་བ་ཟེར་ནའང་དོན་ལ་བགའ་བ་མེད་སྙམ། དེའི་དུས་ལོངས་དེང་གི་གནམ་རིག་ཏུ་ཉིན་ཞག་ཉེར་བདུན་འབུམ་ཆ་༥༩༥༥༥ཡིན་པར་འདོད། དུས་འཁོར་ལུགས་སུ་དེ་འདྲ་བའི་ཐ་སྙད་དངོས་སུ་མེད་ཀྱང་། དོན་གྱི་ཡོད་དེ། ཟླ་རྐང་གི་རིལ་ཆའི་སྐབས་སུ་ཚེས་ཟླ་གཅིག་གི་ཚེས་ཞག་སུམ་ཅུ་ཐམ་པ་ལ་ཚེས་ཞག་གཉིས་དང་དུས་ཁྱིམ་༡༧༦གི་ཆ་གཅིག་གིས་ཕྲི་ན་ཚེས་ཞག་ཉེར་བདུན་དང་དུས་ཁྱིམ་༡༢༦གི་ཆ་མདའ་ཁྱིམ༡༧༥ཐོབ་པས། ཉིན་ཞག་གི་དབང་དུ་བྱས་ན་ཉེར་བདུན་དང་འབུམ་ཆ་༥༥༠༤༧འབབ་པས་གོང་གསལ་གནམ་རིག་ཏུ་བཤད་པའི་དྷྲུ་ཝ་དེ་དང་བསྡུས་ན། སྟོང་ཆ་ལྔ་ཙམ་ལས་ཁྱད་མེད་དོ།།
ཚེས་ཞག་ཅེས་པ་ནི་དུས་འཁོར་ལུགས་ཀྱི་ཁྱད་ཆོས་ཤིག་ཡིན་ཏེ། དེའི་གོ་དོན་དུ་གཞུང་ལས།ཟླ་བ་ཡར་ངོར་འཕེལ་ཆ་བཅོ་ལྔ་དང་། མར་ངོར་འགྲིབ་ཆ་བཅོ་ལྔའི་ཆ་རེ་འགྲིབ་པའམ་འཕེལ་བའི་ཡུན་ཚད་ལ་བརྗོད། དེའི་དུས་ཀྱི་རྟག་ལོངས་ནི། ཉིན་ཞག་ཉི་མ་འདོད་ཟླ་༡༡༣༡༢ཡི་ཆ་འབྱུང་འདོད་དྲག་པོ་༡༡༡༣༥་སྟེ་ཆུ་ཚོད་ང་དགུ་ཆུ་སྲང་གསུམ་དབུགས་བཞི་རི་མཁའ་རི་ཆ་བཅུ་དྲུག་དང་བཅས་པ་ཡིན་ཞེས་འཆད་དོ།། འདིར་རྟག་ལོངས་ཅེས་པ་ནི་ཆ་སྙོམས་བྱས་པའི་ཙད་ཀྱི་དོན་ཡིན། ཟླ་བའི་འགྲོས་ལ་རྐང་ལོངས་ཡོད་པའི་དབང་གིས་མྱུར་བུལ་མི་གཅིག་སྟེ།་རིང་མཐའ་ཆུ་ཚོད་རེ་བཞི་དང་། ཐུང་མཐའ་ཆུ་ཚོད་ང་བཞི་ཡིན། ཚེས་ཞག་རྫོགས་མཚམས་ཉིན་མཚན་གང་གི་དུས་སུ་འབབ་པར་ངེས་པ་མེད་པས་མངོན་སུམ་ལ་སྣང་དུ་མེད་པའི་རྐྱེན་གྱིས་རྩིས་ལུགས་གཞན་དུ་དེ་ལྟར་བརྩི་རྒྱུ་དཀོན་ནའང་། གཏན་ནས་མེད་པ་མ་ཡིན་ཏེ། གྱིམ་ཀོང་ཇོ་དང་ཧ་ལམ་དུས་མཉམ་པའི་སྐབས་སུ་རྒྱ་གར་གྱི་པཎྜིཏ་སིངྷྲུརྠ་ཡིས་རྒྱ་ནག་སྐད་དུ་བསྒྱུར་བའི’’གཟའ་དགུའི་རྩིས་ཞེས་པའི་རྩིས་གཞུང་དུ་ཚེས་གྲངས་ལ་བཅུ་གཅིག་གིས་བསྒྱུར། བདུན་བརྒྱ་བཅུ་མེད་གསུམ་གྱིས་བགོས་ཏེ་ཟླ་ཆུང་གྲུབ་ཅེས་བཤད་པའི་སྐབས་སུ། ཤུགས་ཀྱིས་ཚེས་ཞག་གི་རྟག་ལོངས་མེ་མཁའ་རི་༧༠༣ཡི་ཅ་མིག་བུག་རོ་༦༩༢ཡིན་པར་བསྟན་ཏོ།། མར་མཁའ་རིའི་ཆ་མིག་བུ་ག་རོ་དང་། ཉི་མ་འདོད་ཟླའི་ཆ་འབྱུང་འདོད་དྲག་པོ་གཉིས་ཀའི་བར་ཁྱད་ཧ་ཅང་ཕྲ་མོ་བྱེ་བའི་ཆ་གཅིག་ཙམ་དུ་ཟད་ཅིང་། སྔ་མ་དེ་རི་མོ་ཐུང་བས་ཕྱི་མ་ལས་ཀྱང་སྟབས་བདེ་བར་སྣང་། ཚེས་ཞག་ཅེས་པ་འདི་མངོན་སུམ་གྱི་ཡུལ་ལ་སྣང་དུ་མེད་ཀྱང་། ཟླ་བ་ཉ་རྒྱས་དང་སྟོངས་པ། གཟའ་འཛིན་བརྟག་པའི་སྐབས་སུ་སྟབས་ཤིན་ཏུ་བདེ་བའི་ཕྱིར་ན་དུས་འཁོར་ལུགས་ལ་དེ་གཙིགས་ཆེ་བར་འཛིན། ཞག་ཆད་ལྷག་གི་བརྩི་ཚུལ་ཡང་དེ་ལ་རག་ལས་པ་ཡིན་ནོ།།
ཁྱིམ་ཟླ་ཞེས་པ་ནི། ཉི་བར་ཁྱིམ་རེར་འཕོ་བའི་ཡུན་ཚད་དམ། ཡང་ན་ཉི་མས་རང་འགྲོས་ཀྱིས་ཡུལ་གྱི་ཆུ་ཚོད་མདའ་ཡོན་ཟླ་བ༡༣༥བགྲོད་པའི་ཡུན་ཚད་དེ་ལ་ཁྱིམ་ཟླ་ཞེས་བྱ། ཚེས་ཟླ་གཅིག་གིས་ཁྱིམ་ཟླའི་དོད་མི་ཐུབ་པས་མདའ་རོ་༦༥ཡི་གཉིས་ལྷག་པ་དེ་ནི་དབུགས་སྒང་ལྡོག་གཉིས་དུས་གཟེར་བརྟག་པ་དང་ཟླ་བཤོལ་འདོན་པའི་གཞི་ཡིན། ཨི་སམ་ལམ་གྱི་རྩིས་སུ་མི་འགུལ་བའི་ཟླ་བ་ཞེས་པ་དེ་དང་དོན་གཅིག་གོ། ཁྱིམ་ཟླའི་དུས་ལོངས་ནི་གྲུབ་རྩིས་ལྟར་ན། ཉིན་ཞག་སུམ་ཅུ་དང་འབུམ་ཆ་93922། དེང་གི་གནམ་རིག་ལྟར་ན་ཉིན་ཞག་སུམ་ཅུ་དང་འབུམ་ཆ་93685ཡོ་དོ།།
ཁྱིམ་ཞག་ཅེས་པ་ནི་ཁྱིམ་ཟླ་གསུམ་ཅུར་ཕྱེ་བའི་ཆ་གཅིག་སྟེ་ཁྱིམ་ལོ་ཆ་སུམ་བརྒྱ་དྲུག་ཅུར་ཕྱེ་བའི་ཆ་གཅིག་གི་དུས་ཀྱི་ལོངས་སྤྱོད་ཡིན་ལ། རྒྱ་རྩིས་དང་དེང་གི་གནམ་རིག་གི་དུའུ་ཟེར་བ་དང་། གྲངས་མཚུངས་ཀྱི་ལྟོ་སྦྱར་ནས། བོད་སྐད་དུ་ཁྱིམ་ཞག་གི་ཐ་སྙད་ཀྱང་ཐོབ་ཅིང་། གནམ་གྱི་ཁྱིམ་ཞག་ཅེས་པའི་བརྡ་དེ་ས་ལའང་སྦྱར་ཏེ། ས་དཀྱིལ་དམར་ལམ་གྱི་སྲིད་ཐིག་དུའུ་གཅིག་དེ་བོད་ལ་ཁྱིམ་ཞག་གཅིག་ཅེས་ཀྱང་བརྗོད། དེས་ན་ཁྱིམ་ཞག་ཅེས་པ་སྒྲའི་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། དུས་ཀྱི་ཁྱིམ་ཞག གནམ་གྱི་ཁྱིམ་ཞག ས་ཚིགས་ཀྱི་ཁྱིམ་ཞག་གསུམ་ཡོད་དོ།།
རྩིས་མགོ་དང་ལོ་དག
རྩིས་མགོ་དང་འདས་ལོ་རྩི་ཚུལ་ལ་དུས་འཁོར་ལུགས་ཀྱི་རྩིས་གཞུང་དུ་ཤཱཀྱའི་འདས་ལོ་དང་། ཤཱཀྱའི་འདས་ལོ། མེ་མཁའ་རྒྱ་མཚོའི་འདས་ལོ། བྱེད་པའི་རྩིས་མགོ། རབ་བྱུང་རྩི་ཚུལ་སོགས་མང་དུ་འཆད་པ་ལས།
དང་པོ་ཤཱཀྱའི་འདས་ལོ་ནི། སྤྱིར་སྟོན་པ་སངས་རྒྱས་མྱ་ངན་ལས་འདས་པའི་ལོ་ཚིགས་ལ་མཁས་པ་རིམ་བྱོན་གྱི་བཞེད་ཚུལ་མི་འདྲ་བ་དུ་མ་ཡོད་ཅིང་། དུས་འཁོར་རང་ལུགས་སུ་སྤྱི་ལོའི་སྔོན་གྱི་བརྒྱད་བརྒྱ་གྱ་གཅིག་ལོར་གཏན་ལ་ཕབ་ནའང་། ལག་ལེན་སྐབས་སུ་ཐོག་མར་ལུགས་གང་དེ་གཞིར་བཞག་ཅེས་བརྗོད་དགོས་པས་རྒྱ་བོད་རྩིས་པ་ཀུན་གྱི་ཐུན་མོང་གི་བརྗོད་སྲོལ་དུ་མ་ཆགས།།
གཉིས་པ་ཤཱཀྱའི་འདས་ལོ་ནི། བལ་པོའི་ཡུལ་དུ་དར་བའི་ཆེ་འབྲས་སོགས་ལ་བརྟགས་ཐབས་ཀ་རའི་རོ་མྱོང་ལྟ་བུའི་རྩིས་ཀྱི་རྩིས་མགོ་སྟེ་སྤྱི་ལོ་དོན་དགུ་པ་ཡིན་ལ། ཐེག་དམན་ཤིན་ཏུ་དར་བའི་ཧིན་དུ་རྩི་ནའི་རྒྱལ་ཁབ་ཐའི་གོ་ལ་སོགས་སུ’’རྩིས་ཆེན་གྱི་འདས་ལོ་ཞེས”ཞེས་གྲགས་པ་དེ་དང་དོན་གཅིག་ཡིན།
གསུམ་པ་རབ་བྱུང་ཞེས་པ་ནི། དུས་འཁོར་ལས་དངོས་སུ་མེད་ཀྱང་། ལོ་ཡི་ཐོག་མར་རབ་བྱུང་ཞེས། རིག་བྱེད་གཞུང་ལས་བཤད་པ་བཞིན། སྟོད་འགྲེལ་ལས་ཀྱང་དེ་ལྟར་གསུངས། ཞེས་པ་ལྟར། སེམས་འགྲེལ་སྐོར་གསུམ་ནང་ཚན་བདེ་མཆོག་རྩ་རྒྱད་ཀྱི་ལེའུ་དང་པོ་དུས་འཁོར་ལུགས་སུ་འགྲེལ་བ་སྟོད་འགྲེལ་ཞེས་བྱ་བའི་གཞུང་ལས། 1རབ་བྱུང་། 2རྣམ་བྱང་། 3དཀར་པོ་ཞེས་སོགས་ནས། 58གྲག་མིག 59ཁྲོ་བོ། 60ཟད་པ་ཞེས་པའི་བར་དུ་ལོ་སྐོར་དྲུག་ཅུ་ཐམ་པ་རེ་རེ་ལ་མིང་རེ་གསུངས་པ་དེ་རྣམས་འབྱུང་རྩིས་ཀྱི་ལོ་རྒན་དྲུག་ཅུ་དང་གྲངས་མཚུངས་ཀྱིས་ལྟོ་སྦྱར་ན། རིམ་བཞིན་མེ་ཡོས་དང་ས་འབྲུག་ནས་མེ་སྟག་བར་འཁེལ་ཞིང་། དེའི་ཐོག་མ་རབ་བྱུང་ཞེས་པ་མེ་ཡོས་ནས་འཛིན་པའི་རྒྱུ་མཚན་ནི། སྔོན་ཟད་པ་མེ་སྟག་གི་ལོ་ཞིག་ལ་དུས་མེ་མ་གཏོགས་གཟའ་གཞན་རྣམས་ཀྱི་ལོངས་སྤྱོད་སྣ་མཉམ་པས་གཟའ་རྣམས་ལྷན་ཅིག་སྟོང་པར་འཇུག་ཅིང་། དེ་ནས་སླར་ཡང་རབ་བྱུང་ངམ་མེ་ཡོས་ནས་གཟའ་རང་རང་གི་ངེས་པ་གསར་དུ་རྩོམ་པའི་རྐྱེན་གྱིས་ཡིན་ལ། སྤྱི་ལོ་ཆིག་སྟོང་བརྒྱ་མེད་ཉེར་བདུན་ལོར་དུས་འཁོར་རྩ་རྒྱུད་ཀྱི་དུམ་བུ་དབང་བདོར་བསྟན་དང་བསྡུས་རྒྱུད་སོགས་བོད་ཡུལ་དུ་ཕེབས་པའི་ལོ་དེ་ནས་བཟུང་རབ་བྱུང་དང་པོ་དང་གཉིས་པ་སོགས་ཀྱི་རྩི་སྲོལ་འདི་བཏོད་པ་ཡིན། མིང་དེ་དག་གདགས་ཚུལ་ཡང་། ལོ་འདི་ནི་བཟང་པོའོ་ཞེས་པ་སོགས་འཇིག་རྟེན་གྱི་གྲགས་པ་དང་། ཁ་ཅིག་འདོད་རྒྱལ་དུ་བཏགས་པར་ཟད་ལ། འདི་དག་ལས་གཞན་པའི་ལོའི་མིང་རྒྱ་གར་གྱི་གཞུང་ཁུངས་མ་ལས་བྱུང་བ་མེད་ཅེས་དཔའ་བོ་གཙུག་ལག་རྩིས་འགྲེལ་ལས་གསུངས་སོ།། ནག་རྩིས་པའི་ལོ་རྒན་དྲུག་ཅུ་རྩི་སྲོལ་དར་ཁྱབ་ཆེ་ནའང་། དབང་ཐང་ཁམས་འདྲ་མཚུངས་འཁེལ་ན་རྒྱལ་པོའི་ཁྲི་ལོ་དང་སྦྱར་ནས་རྩི་རྒྱུ་མ་གཏོགས་དབྱེ་བ་འབྱེད་མི་ཐུབ་པའི་སྐོར་ཡོད། དེ་ལ་ལྟོས་ཏེ་རབ་བྱུང་དང་པོ་དང་གཉིས་པ་སོགས་ཀྱི་རྩི་སྲོལ་དེ་འཁྲུལ་གཞི་མེད་པའི་ཡོན་ཏན་མངོན་པར་གསལ། ཡིན་ན་ཡང་ལོ་དྲུག་ཅུ་རེ་རེ་ལ་མིང་རེ་རེ་ཡོད་པ་དེ་དག་བློ་ལ་ཟིན་དགོས་པའི་དཀའ་ངལ་ཅུང་ཟད་ཡོད་པའི་རྐྱེན་གྱིས་རྩིས་པ་དང་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་ཕལ་ཆེར་རབ་བྱུང་གི་གོ་རིམ་དང་དབང་ཐང་གི་ལོ་རྒན་དྲུག་ཅུ་གཉིས་སྦྲགས་ཀྱི་སྒོ་ནས་བརྩིའོ།།
བཞི་པ་མར་མཁའ་རྒྱ་མཚོ་ནི། རྒྱུད་ལས་ཤིང་སྤྲེལ་ལོ་སྟེ་སྤྱི་ལོ་དྲུག་བརྒྱ་ཉེར་བཞི་ལོར་རིགས་ལྡན་རྒྱ་མཚོ་རྣམ་རྒྱལ་ཁྲིར་འཁོད་པ་དང་ཀླ་ཀློ་ཞུགས་པ་དུས་མཉམ། དེ་ནས་བརྩམས་ཏེ་རིགས་ལྡན་རྒྱལ་དཀའི་ལོ་མཐའ་སྤྱི་ལོ་1025སྟེ་མེ་སྟག་ལོའི་བར་དུ་ལོ་གྲངས་བཞི་བརྒྱ་དང་གསུམ་སོང་བ་དེ་ལ་རྒྱུད་ལས་མེ་མཁའ་རྒྱ་མཚོར་གྲགས། དེའི་ཕྱིར་ལོ་ལ་རབ་བྱུང་དང་པོའི་མགོ་བཟུང་བས། དེ་དང་རབ་བྱུང་གི་ལོ་གྲངས་བསྲེ་བ་ནི་ཀླ་ཀློའི་གནས་ཚད་ཀྱི་ལོ་གྲངས་བརྟག་ཆེད་ཡིན་ཞེས་གསུངས་ཤིང་། བོད་རྒྱལ་རབས་ཀྱི་ལོ་ཚིགས་རྩོད་མེད་རིགས་ཕལ་ཆེར་རྒྱ་བཟའ་ཀོང་ཇོ་བོད་དུ་བྱོན་པའི་སྤྱི་ལོ་དྲུག་བརྒྱ་ཞེ་གཅིག་གི་རྗེས་སུ་བྱུང་བས། མེ་མཁའ་རྒྱ་མཚོའི་སྒོ་ནས་བརྩིས་ན་སྟབས་བདེ་བའི་དབང་གིས་བསྟན་རྩིས་པ་དག་དེའི་སྒོ་ནས་རྩི་མཁན་མང་ངོ་།། དེ་དང་ཨི་སི་ལམ་ཆོས་ལུགས་ཀྱི་བསྟན་རྩིས་མགོ་ཚུགས་པའི་ལོ་སྤྱི་ལོ་དྲུག་བརྒྱ་ཉེར་གཉིས་འདི་གཉིས་ཁད་ཤིན་ཏུ་ཉེ་བས་ན་འབབ་ས་གཅིག་ཡིན་པར་སྣང་ངོ་།།
ལྔ་པ་བྱེད་པའི་རྩིས་མགོ་ནི། གཞུང་ལས་མེ་ཁྱིའི་ལོ་སྟེ་སྤྱི་ལོ་806རིགས་ལྡན་རྒྱལ་དཀས་རྒྱལ་སར་ཕེབས་པ་དང་བྱེད་པའི་རྩིས་མགོ་བཟུང་བ་དུས་མཉམ་པར་འཆད་དོ།།
གཞན་ཡང་། རྒྱུད་ལས་མ་འོངས་རབ་བྱུང་རེ་རེའི་མགོར་རྩིས་འཕྲོ་སྤོ་དགོས་པར་གསུངས་པ་དེ་ནི་རྩིས་འཕྲོའི་སྐྱོན་ཕྲ་མོ་བསགས་ནས་ཆེ་བར་འགྱུར་བའི་སྐྱོན་སེལ་བའི་ཆེས་དུ་དང་། རི་མོ་ཐུང་ན་སྟབས་བདེ་བའི་ཆེད་དུ་ཡིན་ནོ།།
ལོ་མགོ་དང་ཟླ་མགོ།
ལོ་རེའི་ཟླ་བ་བཅུ་གཉིས་ལས་གང་དང་གང་ལ་ལོའི་མགོ་འཛིན་ཚུལ་མི་འདྲ་བ་དུ་མ་ཡོད་དེ། ཀློང་རྡོལ་བླ་མས་དཀྱུས་གཅིག་ཏུ་ཧོར་ཟླའི་སྒོ་ནས་བཤ་དེ།
1 ཧོར་ཟླ་གསུམ་པའི་ཚེས་གཅིག་སྟེ་ནག་ཟླ་ཡར་ངོའི་ཚེས་གཅིག་ལ་འཛིན་པ་ནི་དུས་འཁོར་རྩ་་རྒྱུད་ཀྱི་རྗེས་སུ་འབྲངས་ནས་སྐར་རྩིས་པ་རྣམས་ཀྱི་ལུགས།
2 ཧོར་ཟླ་དང་པོའི་ཚེས་གཅིག་ལ་འཛིན་པ་ནི། མདོ་གསེར་འོད་དང་སྨན་གྱི་རྒྱུད་བཞི་ལྟར། རྒྱ་ནག་ཧོར་རྒྱལ་པོ། བོད་ཁ་བ་ཅན། ནག་རྩིས་པ་འགའ་ཞིག་བཅས་ཐམས་ཅད་མཐུན་པས་ད་ལྟ་ཡོངས་གྲགས་ལྟར་རོ།།
3 ཧོར་ཟླ་བཅུ་གཅིག་པའི་ཚེས་གཅིག་གམ་དགུན་ཉི་ལྡོག་ནས་འཛིན་པ་ནི། ནག་རྩིས་པ་རྣམས་ཀྱི་ལུགས་ཡིན།
4 ཧོར་ཟླ་བཅུ་པའི་མང་ངོའི་ཚེས་གཅིག་ནས་འཛིན་པ་ནི། འདུལ་པ་དང་། མངོན་པ་མཛོད་ཀྱི་རྗེས་སུ་འབྲངས་ནས་ས་སྐྱ་པ་དང་དགེ་ལུགས་པའི་མཁས་མང་གི་རིང་ལུགས་སུ་འཛིན།
གཞན་ཡང་ཧོར་ཟླ་བཅུ་གཉིས་པའི་ཚེས་གཅིག་དང་། དགུ་པའི་མར་ངོའི་ཚེས་གཅིག བརྒྱད་པའི་མར་ངོའི་ཚེས་གཅིག་ནས་འཛིན་པའང་སོ་སོའི་ཁུངས་ཡོད་དོ།།
དེ་ལས་ནག་ཟླ་ལོ་མགོར་འཛིན་པ་དུས་འཁོར་རང་ལུགས་ཡིན་ཀྱང་། ཡུལ་གྱི་རྒྱལ་པོའི་རྗེས་སུ་འབྲངས་དགོས་པས་དཔྱིད་ཚུགས་གང་དུ་གནས་པའི་ཟླ་བ་དེ་ལ་ལོ་མགོ་འཛིན་དགོས་བྱུང་། དེ་ཡང་ཟླ་འཕྲོ་དང་ཟླ་བ་ཆེ་ཆུང་འདོན་སྟངས་དང་རྒྱ་རྩིས་དང་སྐར་རྩིས་འདོན་སྟངས་མི་འདྲ་བའི་དབང་གིས་རྒྱ་བོད་གཉིས་ཀྱི་ལོ་གསར་སྐབས་འགར་མཐུན་པ་དང་། སྐབས་འགར་ཉིན་གཅིག སྐབས་འགར་ཟླ་བ་གཅིག་སྔ་ཕྱིའི་ཁྱད་པར་བྱུང་ངོ་།།
ཟླ་བ་སོ་སོའི་མིང་འདོགས་སྲོལ་ནི། དུས་འཁོར་ལུགས་སུ་ཟླ་བ་ཉ་རྒྱས་དུས་སུ་རྒྱུ་སྐར་གང་དང་ཟླ་དཀྱིལ་འགྲོགས་པའི་སྒོ་ནས་བཏགས་པ་ཡིན་ལ། དེའི་རྐྱེན་གྱིས་ཧོར་ཟླ་གཉིས་པའི་མང་ངོའི་ཚེས་གཅིག་ནས་གསུམ་པའི་ཚེས་བཅོ་ལྔའི་བར་དུ་ནག་ཟླ་ཞེས་ཟེར་ཞིང་། དེ་ནས་རིམ་པ་བཞིན་ས་ག་དང་། སྣྲོན། ཆུ་སྟོད། གྲོ་བཞིན། ཁྲུམས། ཐ་སྐར། སྨིན་དྲུག མགོ། རྒྱལ། མཆུ། དབོ། བཅས་ཉ་སྐར་བཅུ་གཉིས་ཀྱི་མིང་ཟླ་བ་ལ་བཏགས། གཞན་ཡང་དཔྱིད་སྟོན་དབྱར་དགུན་དུས་བཞི་ལ་ར་འབྲིང་ཐ་གསུམ་དུ་ཕྱེ་ནས་བཅུ་གཉིས་དང་། བྱི་བ་སོགས་ལོ་བརྙན་བཅུ་གཉིས་ཀྱི་ཟླ་བའི་མིང་འཛིན་པའང་གྲགས་ཆེ། དེ་མིན་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་མིང་འཛིན་པ་དང་། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས་བྱུང་བའི་ཟླ་བའི་མིང་གི་རྣམ་གྲངས་ཡོད་ནའང་ཁྱབ་དེ་ཙམ་མི་ཆེ། ད་ལྟ་ཁྱབ་ཆེ་ཤོས་ཨང་གྲངས་ཀྱི་སྒོ་ནས་ཟླ་བ་དང་པོ་དང་གཉིས་པ་སོགས་ཀྱི་རྩི་ཚུལ་འདི་རྒྱ་ནག་ཏུ་སྔ་རབས་ནས་ཡོད་ཀྱང་། བོད་དུ་ཧོར་ཟླ་ཞེས་འབོད་པའི་རྒྱུ་མཚན་རབ་བྱུང་བཞི་པའི་མེ་ཕག་སྤྱི་ལོ་ཆིག་སྟོང་ཉིས་བརྒྱ་ཉེར་གཉིས་ལོར་ཇིང་གེར་རྒྱལ་པོ་ཆིང་གེ་ཧན་གྱིས་མི་ཉག་གི་ལག་ནས་རྒྱལ་ས་ཐོབ་པའི་ཟླ་བར་བཀྲ་ཤིས་པའི་དགའ་སྟོན་བྱས་པ་ལོ་གསར་གྱི་ཟླ་བར་བཟུང་བ་ནས། མཆུ་ཟླ་བ་དེ་ཟླ་བ་དང་པོར་བྱེད་པའི་སྲོལ་དར་བ་ཡིན། མདོར་ན་རང་རང་གི་ལོ་མགོའི་ཟླ་བ་དང་། པོར་འཛིན་པ་གཙིགས་ཆེ་ཆེའོ། གཞན་ཡང་ཧོར་རྒྱལ་པོས་མི་ཉག་གི་རྒྱལ་ས་ཐོབ་པའི་ཟླ་བ་དེ་དཔྱིད་ཀྱི་མཆུ་ཟླ་མ་ཡིན་པར་དྲུག་པ་ཡིན་པར་རྒྱའི་ཡིག་ཚང་དུ་གསལ་བས་ལོ་རྒྱུས་དེ་ད་དུང་ཞིབ་ཏུ་དཔྱད་བར་བྱའོ།།
ཟླ་བཤོལ་་དང་དུས་གཟེར།
ཟླ་བཤོལ་འདོན་དགོས་པའི་ཉིན་ཚེས་སྦྲགས་མའི་ལོ་རྩིས་ཀུན་ལ་མཐུན་ཡང་། ལོ་གཅིག་གི་ཟླ་བ་བཅུ་གཉིས་པོ་གང་གི་མཚམས་སུ་འདོན་རྒྱུའི་ཚུལ་ལུགས་མཐུན་མིན་ཅི་རིགས་བྱུང་བ་ལས། སྒང་བྲལ་ཟླ་བཤོལ་ཞེས་རིགས་ལྡན་སྙིང་ཐིག་ལས་བཤད་པའི་མན་ངག་འདི་རྒྱ་རྩིས་ལ་བརྟེན་པ་ཡིན་ནོ།། འདིར་སྒང་འཆར་དང་དབུགས་ཐོབ་གཉིས་སུ་ཕྱེ་བའི་སྒང་ཞེས་པ་ནི། ཁྱིམ་ཟླའི་དཀྱིལ་ལ་སླེབས་པའི་དུས་རྟགས་ཡིན་ཏེ། ཁྱིམ་ཟླ་གཅིག་ལ་ཉིན་ཞག་སུམ་ཅུ་དང་ཆུ་ཚོད་ཉེར་དྲུག་ཆུ་སྲང་ཉེར་གཅིག་ཡོད་ཀྱང་། ཚེས་ཟླ་གཅིག་ལ་ཉིན་ཞག་ཉེར་དགུ་ཆུ་ཚོད་སོ་གཅིག་ཆུ་སྲང་ལྔ་ཙམ་ལས་མེད་པས། ཆུ་ཚོད་ང་དྲུག་དང་ཕྱེད་ཙམ་དོད་མི་ཐུབ་པ་དེ་བསགས་ནས་ཁྱིམ་ཟླ་སོ་གཉིས་དང་ཕྱེད་ལོངས་པའི་སྐབས་ཤིག་ན་ཚེས་ཟླ་དེར་དབུགས་གཅིག་པུ་ལས་སྒང་མི་འཆར་བའི་ཚེ། ཟླ་བ་སྔོན་མ་དེའི་བཤོལ་དུ་རྩི་བའི་རིགསས་པ་འདི་མཁས་པའི་ལུགས་སུ་གྲགས། རྒྱ་རྩིས་སུ་ཁྱིམ་འཕོ་བ་ལ་སྒང་དང་། དཀྱིལ་ལ་སླེབས་པ་དབུགས་སུ་རྩི་བ་ནི་ལུགས་འདི་དང་མི་འདྲའོ།།
དེས་ན་དབུགས་སྒང་ཟླ་དག་བཤོལ་འཕྲོ་ཐིག་ལེའི་ནང་གཅིག་འཆར་དུས་ལ་འཁེལ་མོད། རིགས་ལྡན་སྙིང་ཐིག་གིས་ཉིན་བྱེད་སྣང་བའི་རྗེས་སུ་འབྲངས་ནས་ཞེ་བརྒྱད་ཞེ་དགུ་ཟླ་བ་བཤོལ་ཞེས་མན་ངག་ཏུ་གདསམ་པ་དེ་གང་ཡིན་ཞེ་ན། གཞུང་དེ་ཉིད་ལས། རང་ཅག་གནས་པའི་པའི་ས་ཚིགས་འདི། ལྷོ་གླིང་ཤར་མའི་ཚངས་ཐིག་ནས། །ཁྱིམ་ཞག་བདུན་འདས་ས་ཚིགས་དང་། །ལྷོ་གླིང་དབུས་མའི་ཚངས་ཐིག་ནས། །ཤར་དུ་ཁྱིམ་ཞག་ཉེར་གསུམ་དག བགྲངས་པའི་ས་ཚིགས་ཉིད་དུ་ནི། ཕུག་ལུགས་རྗེས་འབྲངས་དང་བཅས་འདོད། ཅེས་དང་། ཁྱིམ་སླེབས་ལ་ཚེས་ཞག་བདུན་མདའ་རོའི་ཆ་བཅུ་བཞི་ཕྲི་ན་དབུགས་ཐོབ་དང་། ཚེས་ཞག་བརྒྱད་དང་མདའ་རོའི་ཆ་བཅུ་དྲུག་བསྣན་ན་སྒང་འཆར། ཟླ་རེར་མདའ་རོའི་ཆ་གཉིས་ཀྱིས་བསྒྱུར། དྲུག་ཅུ་རེ་ལྔ་ལ་སྦྱངས་ན་ཞེ་བརྒྱད་དང་མདའ་རོའི་ཆ་སོ་གསུམ་ཐོབ་པ་དེ་ཞེ་བརྒྱད་ལས་ལྷག་ཅིང་། ཞེ་དགུ་མི་ལྡང་བའི་དབང་གིས། དེ་གཉིས་གང་རུང་འཆར་དུས་ཟླ་བཤོལ་འདོན་དགོས་པར་འགྱུར།
དེང་གི་གནམ་རིག་ལྟར་ན་ཁྱིམ་སླེབས་དང་དབུགས་སྒང་གི་བར་ཁྱིམ་ཞག་བདུན་བརྒྱད་ཙམ་བྱུང་བའི་རྒྱུ་མཚན་ས་ཚིགས་མི་འདྲ་བའི་དབང་གིས་ཡིན་པར་འདོད་དེ། བརྟན་སྐར་གྱི་ལོ་འཕོ་དང་ཉི་ལྡོག་གི་ལོ་འཕོ་གཉིས་མི་གཅིག་པའི་དབང་གིས་ཡིན་པར་བཤད་ཚུལ་ནི་གོང་དུ་བཤད་ཟིན་ཏོ།།
ཞག་ཆད་ལྷག
སྤྱིར་ཚེས་ཟླ་གཅིག་ལ་ཉིན་ཞག་ཉེར་དགུ་དང་ཕྱེད་ལྷག་ཙམ་ཡོད་པས་རྣམ་པ་ཐམས་ཅད་དུ་ཉེར་དགུའམ་སུམ་ཅུ་གང་བྱས་ནའང་མི་འགྲིག་པར། ཉེར་དགུ་དང་སུམ་ཅུ་སྤེལ་མར་འཆར་དགོས་པ་ནི། ཉིན་ཚེས་སྦྲགས་མའི་ལོ་རྩིས་ཀུན་ལ་མཐུན་ཡང་། ཇི་ལྟར་སྤེལ་རྒྱུ་ལ་ཚུལ་ལུགས་མི་འདྲ་བ་མང་དུ་ཡོད་པའི་ནང་དུ་ཚེས་ཆད་ལྷག་རྩི་ཚུལ་ནི། དུས་འཁོར་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན་ལ། ཁ་ཅིག་གིས་དེའི་རྒྱུ་མཚན་མ་གོ་བར་འོལ་ཚོད་ཀྱིས་སྐར་མ་བཟང་ན་ལྷག་ཏུ་བཅུག སྐར་མ་བཀྲ་མི་ཤིས་པ་ཞིག་ཡིན་ན་ཆད་དུ་བཅུག་པར་བཤད་པ་དེ་ནི་དོན་མེད་ཁོ་ན་ཡིན་ཏེ། དེ་ལྟར་ན། ཧོར་ཟླ་བཅུ་གཅིག་པའི་ངན་པ་དགུ་འཛོམས་ཞེས་པའི་སྐར་མ་དེ་བས་ཀྱང་ཆད་དུ་འཇུག་དགོས་པར་ཐལ་བར་འགྱུར་རོ།།
ཞག་ཆད་ལྷག་གང་ཡང་མེད་པའི་ཟླ་བ་ལ་བཀྲ་ཤིས་ཟླ་བ་ཟེར་བ་སོགས་གོམས་ཤིས་ཡོད་ཀྱང་། དེ་ནི་ཞག་ཆད་ལྷག་ཡོད་མེད་ལ་བརྟེན་ནས་བྱུང་བའི་འབྲས་བུ་རྩི་སྲོལ་ཤིག་ཡིན་པ་ལས། ཟླ་བ་བཀྲ་ཤིས་མ་ཤིས་ལ་བརྟེན་ནས་ཞག་ཆད་ལྷག་གཏན་ལ་འབེབས་པ་ག་ལ་ཡིན། རྟེན་དང་བརྟེན་འབྱུང་། རྒྱུ་དང་འབྲས་བུ་གོ་ལྡོག་པར་མ་བྱེད་ཅིག ཚེས་ཆད་ལྷག་གི་རྩི་བའི་རྒྱུ་མཚན་ནི། ཟླ་བའི་འགྲོས་མྱུར་བུལ་གྱི་རྐང་པའི་དབང་གིས་ཚེས་ཟླའི་ལོངས་སྤྱོད་ཆུ་ཚོད་ང་བཞི་ནས་རེ་བཞིའི་བར་མི་འདྲ་བས། སྐབས་འགར་ཉིན་ཞག་གཅིག་གི་ཆུ་ཚོད་དྲུག་ཅུ་ལས་མང་བ་དང་། སྐབས་འགར་དེ་ལས་ཐུང་བའི་རྐྱེན་གྱིས་ཡིན་ཏེ། དེའི་དོན་འཆད་པ་ལ་གཞུང་ལས། །དོན་དུ་ཚེས་ལ་ཆད་ལྷག་མེད། དེ་ལྟར་སྣང་བའི་རྒྱུ་མཚན་ནི། །ཉིན་ཚེས་བསྟན་ནས་བརྩི་ཕྱིར་ཏེ། །ཉིན་ཞག་གཅིག་གི་ཚེས་ཞག་ནི། །རིལ་པོ་གཅིག་དང་སྔ་ཕྱི་ཡི། །ངོ་མཐོང་རིལ་པོ་ཆད་ཅེས་བཏགས། །ཚེས་ཞག་གཅིག་གིས་ཉིན་ཞག་ནི། །གསུམ་མཐོང་དེ་ལས་རིལ་པོ་དང་། །འགྲོགས་པའི་ཚེས་དེ་ལྷག་པར་འདོད། །དེས་ན་རྐང་པའི་འཕེལ་འགྲིབ་ལས། །བྱུང་བའི་ཆད་ལྷག་ཁ་འགྲིག་སྟེ། །དེ་ནས་ཆད་པ་མང་བ་ནི། །ཉིན་ཚེས་ཞག་མི་ཐུབ་ཀྱི་ཆ།། ཞེས་དང་། ལག་ལེན་མན་ངག་འཆད་པ་ལ་གཞུང་ལས། །གཟའ་གཅིག་ལན་གཉིས་བལྡབས་གྱུར་ན། །ཆུ་ཚོད་མང་པའི་ཚེས་དེ་ཆད། །མཆོངས་ན་ཆུ་ཚོད་ཉུང་བ་ལྷག ཅེས་བྱུང། གཞུང་དོན་གསལ་བར་བྱེད་པ་ལ་འདིར་མི་ལོ་བརྒྱ་དང་བརྒྱད་ཅུ་ཐམས་པའི་སྔ་རོལ་གྱི་ལོ་ཐོ་རྙིང་པ་ཞིག་གིས་དཔེར་བྱས་ཏེ་མཚོན་ན། བསྔགས་སྨོན་ཁྲི་ལོ་དྲུག་པ་ལྕགས་བྱ་སྤྱི་ལོ་1801ཧོར་ཟླ་གཉིས་པར།
ཚེས། |
|
1 |
2 |
3 |
4 |
5 |
6 |
7 |
8 |
9 |
10 |
11 |
12 |
13 |
14 |
15 |
གཟའ་དག |
གཟའ་ |
6
|
6 |
4 |
1 |
2 |
3 |
4 |
5 |
6 |
0 |
2 |
3 |
4 |
5 |
6 |
ཆུ་ཚོད |
2 |
51 |
53 |
49 |
47 |
41 |
47 |
49 |
52 |
55 |
0 |
4 |
8 |
12 |
10 |
|
ཆུ་སྲང |
43 |
27 |
11 |
55 |
39 |
55 |
39 |
22 |
6 |
50 |
1 |
13 |
24 |
36 |
47 |
ཚེས། |
|
16 |
17 |
18 |
19 |
20 |
21 |
22 |
23 |
24 |
25 |
26 |
27 |
28 |
29 |
|
གཟའ་དག |
གཟའ་ |
0
|
1 |
2 |
3 |
4 |
5 |
6 |
0 |
1 |
2 |
3 |
4 |
5 |
6 |
|
ཆུ་ཚོད |
20 |
23 |
24 |
25 |
24 |
22 |
18 |
14 |
8 |
2 |
56 |
50 |
45 |
39 |
||
ཆུ་སྲང |
26 |
5 |
44 |
23 |
30 |
2 |
36 |
9 |
42 |
48 |
53 |
59 |
4 |
10 |
འདིར་ཚེས་གཅིག་དང་ཚེས་གཉིས་ཀར་གཟའ་དྲུག་པ་ལན་གཉིས་བལྡབས་བྱུང་ཞིང་། ཚེས་གཉིས་ཀྱི་ཆུ་ཚོད་༥༧ དེ་ཚེས་གཅིག་གི་ཆུ་ཚོད་༢ལས་མང་བས་ཚེས་གཉིས་ཆད། ཚེས་བཅུ་ལ་གཟའ་ཐིག་ལེ། ཚེས་བཅུ་གཅིག་ལ་གཟའ་གཉིས་བྱུང་བས་གཟའ་༡མཆོང་ཞིང་། ཚེས་བཅུ་གཅིག་གི་ཆུ་ཚོད་༠ཆུ་སྲང་༡དེ་ཚེས་བཅུའི་ཆུ་ཚོད་༥༥ལས་ཉཱུང་བས་ཚེས་བཅུ་གཅིག་ལྷག དེ་བཞིན་ཚེས་༢༦ཡང་ཆད་དེ། ཟླ་བ་དེ་ལ་ཉིན་ཉེར་དགུ་ལས་མེད། ཟླ་ཐོ་འདི་ནི་གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི་གསུང་འབུམ་ཇ་བམ་ལས་བཤུས་པའོ།།
ཉིན་ཚད་མཚན་ཚད།
རིགས་ལྡན་སྙིང་ཐིག་ཏུ་དུས་སྦྱོར་གྱི་སྐབས་སུ་ཁྱིམ་ཟླ་བཅུ་གཉིས་སོ་སོའི་སྒང་ཚད་ཀྱི་ཉིན་ཚད་མཚན་ཚད་ངོས་འཛིན་པའི་རེའུ་མིག་ཅིག་ཡོད་པ་དེར། ཉིན་མཚན་མཉམ་པའི་དུས་ཚིགས་གཉིས་ལུག་ཁྱིམ་དང་སྲང་ཁྱིམ་ལ་མ་འཁེལ་བར། ཉ་ཁྱིམ་དང་བུ་མོའི་ཁྱིམ་དུ་འཁེལ། དེའི་རྒྱུ་མཚན་དེང་གི་གནམ་རིག་ཏུ་བཤད་ནའང་གོང་དུ་བཤད་ཟིན་པའི་བརྟན་སྐར་གྱི་ལོ་དང་ཉི་ལྡོག་གི་ལོ་གཉིས་ཀྱི་ཁྱད་པར་ལ་ཐུག་གོ།
གཞན་ཡང་རེའུ་མིག་དེར་ཉིན་ཚད་རིང་མཐའ་ཆུ་ཚོད་སོ་གསུམ་ཆུ་སྲང་སུམ་ཅུ། མཚན་ཚད་ཆུ་ཚོད་ཉེར་དྲུག་ཆུ་སྲང་སུམ་ཅུ། གཉིས་ཀའི་བར་ཁྱད་ཆུ་ཚོད་བདུན(དེང་གི་དུས་ཚོད་གཉིས་སྐར་མ་ཞེ་བརྒྱད་)བཀོད་ཡོད་པ་དེ་དེང་གི་གནམ་རིག་ལྟར་ན། བྱང་གི་སྤུན་ཐིག་གི་དའུ་ཉེར་གསུམ་སྟེ། སའི་གོ་ལའི་དམར་ལམ་ནས་བྱང་མཐར་ཐུག་པར་ཆ་དགུ་བཅུར་བགོས་པའི་ཆ་ཉེར་གསུམ་པའི་ས་ཚིགས་ཀྱི་ཉིན་ཚད་མཚན་ཚད་ཡིན་གྱི། དབུས་གཙང་གི་མ་ཡིན་ཏེ། ལྷ་ས་དའུ་ཉེར་དགུ་ཕུན་ཉེར་གསུམ། ཨ་མདོ་བཀྲ་ཤིས་འཁྱིལ་དའུ་སོ་གཉིས་ཙམ། པེ་ཅིང་དའུ་བཞི་བཅུ་ཅུང་མི་ལོངས་པའི་ས་ཚིགས་སུ་གནས་པ་དང་། ཉིན་ཚན་བར་ཁྱད་བྱང་ནས་བྱང་དུ་རིང་བར་འགྱུར་བའི་ཕྱིར་རོ།།
གཞན་ཡང་རེའི་མིག་དིར་ཐུར་གྲིབ་ཀྱི་སྒོ་གཞི་རགས་པ་ཞེས་བཀོད་པ་དེའང་གནམ་རིག་གཞན་ལ་མེད་པའི་རིག་པ་ངོ་མཚར་བ་ཞིག་ཡིན་ཏེ། ཙི་ནའི་ཡུལ་དུའང་ཉི་མའི་གྲིབ་མར་བརྟེན་ནས་ཉིན་མོའི་དུས་ཚོད་བརྟག་ཚུལ་ཡོད་ཀྱང་། དེ་ནི་གྲིབ་མའི་གཏན་ཕྱོགས་ལ་བརྟེན་ནས་བརྟག་ཐབས་ཡིན་ལ། བོད་ཀྱི་ཐུར་གྲིབ་ནི་གྲིབ་མའི་རིང་ཚད་ལ་བརྟེན་ནས་དུས་ཚོད་བརྟག་ཐབས་ཡིན། རིག་པ་དེ་ངོ་མཚར་ཆེ་བའི་གནས་ནི། ཐུར་མ་དང་གྲིབ་མ་འཇལ་བྱེད་དུ་ཁྲེ་ཙེ་སོགས་འཇལ་ཆས་གཞན་ལ་བརྟེན་མི་དགོས་པར། ཐུར་མ་ཚིགས་བདུན་ཅན་རང་ཉིད་ཀྱིས་གོ་ཆོད་ཅིང་། ཐུར་མའི་རིང་ཐུང་ཡང་ཅི་འདོད་བྱེད་ཆོག་པ་དེའོ།། ཡིན་ནའང་བགོ་གཞི་རགས་པའི་དྷཱུ་ཝ་དེ་དག་ཅི་ལྟར་གྲུབ་པའི་རིག་པ་གཞུང་ལས་དངོས་སུ་མ་བསྟན། ངེད་ཅག་གིས་རིག་པས་དཔྱད་ན། ཐོག་མར་དངོས་ཀྱི་བརྟག་འཇུག་གི་ལག་ལེན་ལས། ཧོར་ཟླ་གཉིས་པའི་ཉིན་གུང་དུ་གྲིབ་མའི་རིང་ཚད་ཐུར་མ་ཚིགས་བདུན་གྱི་ཆ་གསུམ་ཡིན་པར་ངེས། དེ་བཞིན་ཟླ་བ་གསུམ་པའི་ཆ་གཉིས། བཞི་པར་ཆ་གཅིག ལྔ་པར་གྲིབ་མ་མེད། དྲུག་པར་ཆ་གཅིག བདུདན་པར་ཆ་གཉིས། བརྒྱད་པར་ཆ་གསུམ། དགུ་པར་ཆ་བཞི། བཅུ་པར་ཆ་ལྔ། བཅུ་གཅིག་པར་ཆ་དྲུག བཅུ་གཉིས་པར་ཆ་ལྔ། ཧོར་ཟླ་དང་པོར་ཆ་བཞི་སོགས་མངོན་སུམ་གྱིས་གྲུབ། ཧོར་ཟླ་གཉིས་པའི་ཉིན་ཚད་སྲང་དུ་བཤིག་ན་ཆུ་སྲང་ཆིག་སྟོང་བརྒྱད་བརྒྱའི་ཕྱེད་ཀ་སྟེ་དགུ་བརྒྱ་ནི། ཉི་ཤར་ནས་ཉིན་གུང་བར་གྱི་ཆུ་སྲང་ཡིན། དེ་ལ་ཧོར་ཟླ་གཉིས་པའི་ཉིན་གུང་གི་གྲིབ་མ་ཆ་གསུམ་དང་། ཐུར་མ་རང་ཚིགས་བདུན་བསྡོམས་པའི་བཅུ་ཡིས་བསྒྱུར་ན་དགུ་སྟོང་ཐམ་པ་ཐོབ་པ་དེ་ཟླ་བ་གཉིས་པའི་བགོ་གཞི་རགས་པ་གྲུབ། ཟླ་བ་གསུམ་པ་སོགས་རིགས་འགྲེའོ།།
རྐང་ལོངས།
སྐབས་འདིར་རྐང་བ་ཞེས་པ་གཟའ་རྣམས་སྐར་མའི་གནས་སུ་འགྲོ་བའི་བགྲོད་པ་ལ་ལྟོས་ནས་འཇོག་ལ། ཉི་མ་ལ་མཚོན་ན། རྐང་པ་དྲུག་ཁྱིམ་ལོ་རེ་ལ་ལན་གཉིས་འགྲོ་བས་རྐང་པ་བཅུ་གཉིས་སུ་གྱུར་ཞིང་། ཉི་རྐང་རེའུ་མིག་ཏུ་བཀོད་པའི་རྐང་འཛིན་གྱིས་ཉི་མ་གང་དུ་གནས་པའི་ཁྱིམ་བསྟན། སྒྱུར་བྱེད་རྐང་སྡོམ་གྱིས་རྐང་ལོངས་སྤྱད་ཟིན་པ་དང་མ་ཟིན་པ་གང་རུང་སྡོམ་པའི་ཆུ་ཚོད་བསྟན་ཏོ།།
ལག་ལེན་སྐབས་སུ་རིམ་དང་རིམ་མིན་ཞེས་པའི་གོ་དོན། ཉི་མ་ལ་མཚོན་ན། ཀརྐཊ་སོགས་ཁྱིམ་དྲུག་ལ་གནས་པའི་ཚེ་རིམ་པ་དང་། ཆུ་སྲིན་སོགས་ཁྱིམ་དྲུག་ལ་གནས་པའི་ཚེ་རིམ་མིན་ཞེས་ཟེར། སྔ་རྐང་ཕྱི་རྐང་ཞེས་པ་ནི། གཟའ་རྣམ་ཀྱི་རྐང་ལོངས་འགྱུར་ཚད་འཕེལ་འགྲིབ་ཀྱི་སྒོ་ནས་ཆ་སྔ་ཕྱི་གཉིས་སུ་ཕྱེ་སྟེ། འགྲོས་གཞི་ནང་ཚན་གྱི་མྱུར་འགྲོས་དང་འཁྱོགས་འགྲོས་གཉིས་སྔ་རྐང་དང་། དལ་འགྲོས་འབྱུང་འགྲོས་གཉིས་ཕྱི་རྐང་ཡིན། རེའུ་མིག་གི་སྒོ་ནས་གསལ་བར་བྱས་ན་འདི་ལྟར།
|
རིམ། |
རིམ་མིན། |
སྔ་རྐང་། |
མྱུར་འགྲོས། |
འཁྱོག་འགྲོས། |
ཕྱི་རྐང་། |
དལ་འགྲོས། |
གྲུབ་རྩིས་ཉི། |
དེ་ཡང་འཁོར་ཕྱེད་དོར་དང་མ་དོར་ཞེས་པའི་གོ་དོན་ལ། རྒྱུ་སྐར་ཉེར་བདུན་གྱི་ཕྱེད་ནི་སྐར་བཅུ་གསུམ་དང་ཆུ་ཚོད་སུམ་བཅུ། ཉི་མ་ལ་མཚོན་ཀརྐཊ། སེངྒེ། བུ་མོ་གསུམ་རིམ་པའི་སྔ་རྐང་ཅི་ཙམ་སྤྱད་པ་དེ་སྲང་སྡིག་གཞུ་གསུམ་དུ་རིམ་པའི་ཕྱི་རྐང་ལ་སྤྱད་པ་དེས་ཁ་བསབ་པས་ནོར་དང་བུ་ལོན་ཁ་འགྲིག་སྟེ། རྟག་པའི་ལོངས་སྤྱོད་ལ་བྲི་གང་མེད་པར་གནས་པས། དེ་ཡན་གྱི་རྐང་རྩིས་བྱེད་མི་དགོས་པའི་རྐྱེན་གྱིས་ཡིན་ནོ།།
དེང་རབས་ཀྱི་ཚན་རིག་ཏུ་གནམ་ཐིག་སེར་པོའི་དའུ་རེ་རེ་དང་ཕུན་མེའོ་རེ་རེ་ལ་ཉི་མ་སོགས་གཟའ་རྣམས་ཀྱི་འགྲོས་མྱུར་བུལ་མི་འདྲ་བའི་ཚད་ཞིབ་ཏུ་རྩི་སྲོལ་ཡོད་ཀྱང་། གཞུང་འདིར་ཉི་མ་ལ་རྐང་པ་བཅུ་གཉིས་དང་ཟླ་བ་ལ་རྐང་པ་ཉེར་བརྒྱད་ཙམ་ལས་མ་བརྩིས་པ་ནི་ལག་ལེན་སྟབས་བདེ་བའི་ཆེད་དུ་ཆ་སྙོམས་པའི་དབང་དུ་བྱས་པ་ཡིན།
རྟག་ལོངས་ཀྱི་སྒོ་ནས་རྩི་བའི་ཉི་བར་ལ་རྐང་ལོངས་ཀྱི་ནོར་དང་བུ་ལོན་སྣོན་ཕྲི་བྱས་ན་ཉི་སྐར་རྣམ་པར་དག་པ་ཐོབ་བོ།།
ཟླ་སྐར་སྒྲུབ་པ་ལ། ཟླ་བ་རྒྱུ་སྐར་ཉེར་བདུན་གྱི་གཞི་ཁྱོན་གང་དུ་གནས་པའི་སྐར་མ་ལ་ཟླ་རྐར་ཞེས་བྱ་ཟིང་། རྒྱུ་སྐར་ཆུ་ཚོད་1620མཁའ་མེ་30ཡིས་བགོས་ཏེ་59ཐོབ་པ་དེ་ཟླ་བ་ཚེས་ཞག་རེར་ཉི་མ་ལས་བརྒལ་བའི་ཐུན་མོང་མ་ཡིན་པའི་ཟླ་བའི་རྟགས་ལོངས་ཡིན་ཞིང་། དེ་སྟེང་ཉི་མའི་ཚེས་ལོངས་བསྣན་པས་ཟླ་བའི་ཚེས་ལོངས་གྲུབ་བོ།། དེ་ལ་ཚེས་འཁྱུད་ཟླ་སྐར་དང་རེས་འགྲོགས་ཟླ་སྐར་གཉིས་ལས། ཚེས་འཁྱུད་ཟླ་སྐར་ནི་དེ་ཉིན་གྱི་ཚེས་ལོངས་རྫོགས་པར་སྤྱོད་པའི་ཟླ་སྐར་རྣམ་དག་ཡིན་ལ། ཚེས་འཁྱུད་ཟླ་སྐར་ནི་དེ་ཉིན་གྱི་ཚེས་ལོངས་རྫོགས་པར་སྤྱོད་པའི་ཟླ་སྐར་རྣམ་དག་ཡིན་ལ། དཔེར་ན་ཚེས་གཅིག་ལ་ཟླ་བའི་རང་འགྲོས་ཀྱི་སྨིན་དྲུག་གི་གནས་སུ་འགྲོ་བའི་ཚེ། ཟླ་བའི་དཀར་ཅ་དང་པོ་སྨིན་དྲུག་གི་གནས་སུ་རྫོགས་པར་འགྱུར་བས་སྨིན་དྲུག་ལ་ཞག་དེའི་ཚེས་འཁྱུད་ཟླ་སྐར་ཞེས་བྱ་བ་དང་། རེས་འགྲོགས་ཟླ་སྐར་ནི། སྐར་མ་དེའི་སྟེང་ཟླ་བས་སྔ་ཉིན་ཞག་ལ་སྤྱད་ཟིན་པའི་ཆ་སྟེ་ནམ་ལངས་དུས་ཀྱི་ཟླ་སྐར་ཡིན།།
གཟའ་འཛིན།
གཟའ་འཛིན་གྱི་རྩ་བའི་རྒྱུ་མཚན། དུས་འཁོར་ལུགས་སུ། སྤྱིར་གནམ་སྟོང་ལ་ཉི་ཟླ་གཉིས་ཕྱོགས་ཏུ་འཆར་བའི་དུས་དེར་སྒྲ་གཅན་གདོང་མཇུག་གང་རུང་ཞིག་དང་གསུམ་འཛོམས་ཚེ་ཉི་འཛིན་འབྱུང་སྲིད་ལ། ཉ་གང་ལ་ཉི་ཟླ་གཉིས་ཁ་གཏད་དུ་འཆར་བའི་དུས་དེར་སྒྲ་གཅན་གདོང་མཇུག་གང་རུང་ཞིག་ཟླ་བ་དང་འཛོམས་ཚེ་ཟླ་འཛིན་འབྱུང་སྲིད་ཀྱང་། དེ་གསུམ་རླུང་འགྲོས་ཀྱི་བགྲོད་པ་མྱུར་བུལ་དང་ལྷོ་དབུས་བྱང་གསུམ་གང་ལ་སྤྱོད་པ། སྐར་མ་གང་དང་གང་ལ་གནས་པ་སོགས་ལེགས་པར་བརྟག་དགོས་ཏེ། ས་ཚིགས་སོ་སོའི་དབང་གིས་འཛིན་ཆ་ཆེ་ཆུང་། མཐོང་མི་མཐོང་མི་འདྲ་བ་སྣ་ཚོགས་འབྱུང་ཞེས་བཤད་དོ།།
སྒྲ་གཅན་ཞེས་པ་གཟའི་གཙོ་བོ་སྟོང་པའི་ལུས་ཅན་ཞིག་སྟེ། ཚེས་ཟླའི་དཀྱིལ་འཁོར་ཉིས་བརྒྱ་སུམ་ཅུ་ལ་རྒྱུ་སྐར་འཁོར་ལོ་ལན་གཅིག་འཁོར་བས་ཚེས་ཟླ་གཅིག་ལ་ཡུལ་གྱི་ཆུ་ཚོད་བདུན་དང་ཆུ་སྲང་གཉིས་དབུགས་གསུམ་མེ་མིག་གི་ཆ་ཤས་བཅོ་ལྔ་སྤྱོད། དེ་ལ་རྩ་གདོང་མཇུག་གསུམ་དུ་བརྗོད་པའི་རྒྱུ་མཚན་ནི། སྒྲ་གཅན་དེ་གཟའ་གཞན་དང་མི་འདྲ་བར་རྟག་ཏུ་རང་འགྲོས་འཕེལ་འགྲིབ་མེད་པར་འགྲོས་མཉམ་ཀྱིས་གོ་ལའི་གཞིར་གཡས་བསྐོར་བྱེད་པས་དེའི་སྐར་གནས་ནམ་གྲུ་ནས་གཡས་བསྐོར་དུ་རྩི་དགོས་ཀྱང་། ཉི་ཟླ་གཟའ་འཛིན་ཤེས་པའི་ཆེད་དུ་ཉི་ཟླ་རྒྱུ་སྐར་ལ་སྤྱོད་ཚུལ་དང་བསྟུན་ནས་ཐ་སྐར་ནས་གཡོན་སྐོར་གྱིས་རྩིས་པའི་སྐར་གནས་རྗེས་འབྲང་དང་བཅས་པ་ལ་སྒྲ་གཅན་གྱི་གདོང་ཞེས་རྩ་བ་ལས་ལོགས་སུ་ཐ་སྙད་སྦྱོར་ཡང་། རྩ་གདོང་གཉིས་དོན་ལ་ཁྱད་མེད་དོ།། གཟའ་དུས་མེ་དེ་དང་ཕྱོགས་ཁ་གཏད་དུ་གནས་པས་ན། སྒྲ་གཅན་གྱི་མཇུག་མ་ཞེས་པའི་ཐ་སྙད་བཏགས། དེང་གི་གནམ་རིག་ཏུ་སྒྲ་གཅན་གྱི་གོ་དོན་ནི་གོང་དུ་གོ་ལའི་རྣམ་གཞག་གི་སྐབས་སུ་བཤད་ཟིན་ཏོ།།
འདིར་དཔྱད་པར་བྱ་བ་ཞིག་ཡོད་དེ། གོང་དུ་བཤད་པའི་གྱེན་རྒྱུའི་འཕྲད་ས་དེའི་མིང་ལ་རྒྱ་གར་སྐད་དུ་རཱ་ཧུ་ཞེས་བྱ་བ་རྒྱ་བོད་གཉིས་ཀའི་གཞུང་དུ་མཐུན་ཀྱང་། ཐུར་རྒྱུའི་འཕྲང་ས་དེའི་མིང་རྒྱ་གར་ནས་རྒྱ་ནག་ཏུ་བསྒྱུར་བའི་རྩིས་གཞུང་ཀུན་ཏུ་ཀེ་ཏུ་ཞེས་བྱུང་། བོད་ཀྱི་སྒྲ་གཞུང་དུ་ནི་ཀེ་ཏུ་ཞེས་པ་དུ་བ་མཇུག་རིང་གི་སྐད་དོད་ཡིན་པར་བྱུང་བ་དེ་གཉིས་མི་མཐུན་པས་རྒྱ་གར་ན་ཀེ་ཏུ་ཞེས་པ་སྒྲ་གཅན་མཇུག་མ་དང་དུ་བ་མཇུག་རིང་ལ་འཇུག་ཚུལ་གཉིས་ཡོད་པར་སྣང་ངོ་།།
ལག་ལེན་སྐབས་སུ་དུས་འཁོར་ལུགས་ཀྱི་ཆོ་གར། ཟླ་དག་ལ་སྒྲ་གཅན་གྱི་ཚེས་ཟླའི་དཀྱིལ་འཁོར་ཉིས་བརྒྱ་སུམ་ཅུས་དོར་བའི་ལྷག་མ་ལ་སུམ་ཅུས་བསྒྱུར་ཏེ་ཚེས་གྲངས་སུ་གྱུར་པ་དེ་ལ་ཟླ་འཛིན་བསྒྲུབ་ཆེད་ཉར་བཅོ་ལྔ་དང་། ཉི་འཛིན་བསྒྲུབ་ཆེད་སྟོང་ལ་སུམ་ཅུ་བསྣན། དེ་ལ་སྒྲ་གཅན་གྱི་ཚེས་ལོངས་ཀྱིས་བསྒྱུར། ཉིན་དེར་སྒྲ་གཅན་ལུག་ཁྱིམ་ནས་གཡས་འཁོར་གྱི་ལོངས་སྤྱོད་གྲུབ། དེས་རྒྱུ་སྐར་འཁོར་ལོ་ཉེར་བདུན་ལ་ཕྲི་བའི་ལྷག་མ་དེ་སྒྲ་གཅན་གདོང་སྐར་ཡིན། དེ་ལ་འཁོར་ཕྱེད་སྟེར་རམ་དམན་ན་སྒྲ་གཅན་མཇུག་སྐར། དེ་ནས་གོང་དུ་སྨྲས་པའི་ཉི་ཟླའི་ལོངས་སྤྱོད་དང་སྒྲ་གཅན་གདོང་མཇུག་གང་ཉེ་བ་དང་བསྟུན་ནས་ཆེ་ཆུང་སྦྱངས་པའི་ལྷ་མ་ཆུ་ཚོད་ལྔ་བཅུ་ཡན་ཤར་ན་འཛིན་མི་སྲིད་ཅེས་འཛིན་མཚམས་གཅོད་པའི་རྒྱུ་མཚན་དེང་གི་གནམ་རིག་གི་སྒོ་ནས་བཤད་ན། ཉི་དཀྱིལ་གྱི་སྲིད་ཚད་ལས་ཟླ་དཀྱིལ་ལྡབ་བཞི་བརྒྱས་ཆུང་ཡང་། ཉི་ཟླ་དང་ས་གཞིའི་བར་གྱི་ཐག་རིང་ཐུང་མི་འདྲ་བའི་དབང་གིས་ཤའི་མིག་གི་ཐུན་མོང་སྣང་ཚོད་ལ་ཁྱད་ཆེར་མེད་པས། གཉིས་ཀ་རེ་རེའི་སྲིད་དུ་དའུ་ཕྱེད་ཙམ་ཡིན་པ་དང་། གོང་དུ་གསལ་བའི་དཀར་ལམ་དང་སེར་ལམ་གཉིས་ཀྱི་ཁྱུད་མོ་ཕན་ཚུན་དའུ་ལྔ་ལྷག་གཟུར་བ་བཅས། རྐྱེན་དེ་གཉིས་ཀྱིས་ཉི་ཟླའི་སྐར་གནས་དཀར་སེར་འཕྲད་ས་ལས་བར་ཏག་དུའུ་བཅུ་ལྷགཙམ་ལས་འདས་ན་གཟའ་འཛིན་འབྱུང་མི་སྲིད་ཅིང་། དེ་ཡང་དུའུ་གཅིག་ནི་དུས་འཁོར་ལུགས་ལ་ཡུལ་གྱི་ཆུ་ཚོད་བཞི་དང་ཆུ་སྲང་སུམ་ཅུ་ཡིན་པ་དང་། ཡུལ་གྱི་ཆུ་ཚོད་ལྔ་བཅུ་ལ་དུའུ་བཅུ་གཅིག་ཡིན་པས་ཧ་ལམ་འདྲའོ།།
ཟླ་འཛིན་གྱི་འཛིན་ཆ་དང་སྒྲིབ་ཡུན་ཆེད་དུ་རིགས་ལྡན་སྙིང་ཐིག་ཏུ་གོང་སྨྲས་ཆེ་ཆུང་སྦྱང་ལྷག་ལ་བརྟེན་ནས་བརྟགས་པའི་རེའུ་མིག་ཅིག་བཀོད་པ་དེ་ལྟར་ན་རིལ་འཛིན་གྱི་ཡུན་ལ་ཆུ་ཚོད་བཅུ་དྲུག་འགྱངས་པ་དེ་དུས་ཚོད་དྲུག་དང་ཕུན་ཉེར་བཞི་ཡིན་ལ། དེང་གི་གནམ་རིག་གི་འདོད་ཚུལ་ལས་ཅུང་རིང་བར་སྣང་།།
ཟླ་འཛིན་གྱི་ཕྱོགས་བརྟག་པ་ལ། དུས་གཞུང་ལས། (1)ཟླ་བས་གདོང་སྦྱང་བའམ། དུས་མེས་ཟླ་བར་སྦྱངས་པའི་ཚེ་བྱང་ཤར་ནས་འཛིན། (2)གདོང་གི་ཟླ་བའམ། ཟླ་བས་མཇུག་སྦྱང་ཚེ་ཤར་ལྷོ་ནས་འཛིན། (3)ཟླ་སྒྲ་གཉིས་མཉམ་ན་ཤར་དྲང་པོ་ནས་འཛིན་ཞེས་བཤད་པ་དེ་དག་ཀྱང་དེང་གི་གནམ་རིག་དང་ཤིན་ཏུ་མཐུན་པ་ཡིན་ཏེ། ཟླ་བ་གཡོན་སྐོར་བྱས་ཏེ་ཤར་མཐའ་ཐོག་མར་ས་དཀྱིལ་གྱི་གྲིབ་མར་འཇུག དེ་ཡང་གནས་ཚུལ་དང་པོ་ལྟར་ན་ཟླ་བ་ས་དཀྱིལ་གྱི་གྲིབ་མའི་འོག་ཆ་ན་སྤྱོད་པ་དང་། གཉིས་པ་ལྟར་ན་ཟླ་བ་ས་དཀྱིལ་གྱི་གྲིབ་མའི་སྟེང་ཆར་སྤྱོད། གསུམ་པ་ལྟར་ན་ཟླ་བ་སའི་གྲིབ་མའི་དྲང་ཐད་དུ་སྤྱོད་པའི་དབང་གིས་ཡིན། ཡིན་ན་ཡང་ལུགས་དེར་ནམ་ཕྱེད་ཁོ་ནར་དེ་ལྟར་འབྱུང་བ་ལས། ནམ་སྟོད་ནས་ནམ་སྨད་ལ་འདི་དང་མི་འདྲ་བར་བཤད་པ་ནི་དེང་གི་གནམ་རིག་དང་མི་མཐུན་ནོ།། ཉི་འཛིན་སྐབས་སུ་དེ་དེ་ལས་ལྡོག་སྟེ། ཟླ་བའི་གྲིབ་མ་གཡོན་བསྐོར་བྱས་ཏེ་ས་དཀྱིལ་གྱི་སྟེང་དུ་ལོག་པའི་ཟླ་དཀྱིལ་ཐོག་མར་ཉི་མའི་ནུབ་མཐའི་འོད་ཟེར་གྱི་བར་དུ་ཆོད་པའི་དབང་གིས་ནུབ་ཕྱོགས་ནས་འཛིན་པར་སྣང་ངོ་།།
ཉིན་འཛིན་གྱི་ཡུན་ཚད་བརྟག་ཆེད། སྐར་རྩིས་ལ་འཛིན་ཆ་གཉིས་སུ་བྱས་ནས་ཆ་རེས་ཆུ་ཚོད་རི་ཡིན་ཕྱིར་རིལ་འཛིན་ལ་ཆུ་ཚོད་བཅུ་གཉིས་ཏེ་དེང་གི་དུས་ཚོད་བཞི་དང་སྐར་མ་ཞེ་བརྒྱད་ཡིན་པར་བཤད་དེ། དེང་གི་འདོད་ཚུལ་དུས་ཚོད་གསུམ་དང་སྐར་མ་ཞེ་བཞི་ལས་དུས་ཚོད་གཅིག་རིང་ངོ་།།
སྒྲིབ་མཐར་སོན་དུས་བརྟག་ཆེད། དུས་འཁོར་ལུགས་ལ་སླ་ཆོས་ཤིག་ཡིན་ཏེ། གང་ཡིན་ཞེ་ན། ལུགས་དེར་ཟླ་བའི་དཀར་ཕྱོགས་རྫོགས་མཚམས་དང་ཚེས་ཞག་བཅོ་ལྔ་རྫོགས་པ་དོན་གཅིག་ཡིན། དེའི་ཚེ་ཉི་མ་དང་ཟླ་བ་རྒྱུ་སྐར་གྱི་གོ་ལར་ཁ་གཏད་དུ་འཆར་བས་ན། ལྔ་བསྡུས་སྐབས་ཀྱི་གཟའ་དག་དེ་ཉིད་ཟླ་བ་སྒྲིབ་མཐར་སོན་དུས་ཡིན་པས་དེ་ལས་ལོགས་སུ་བཙལ་བའི་ཚེགས་མེད་དོ།། དེ་བཞིན་དམར་ཕྱོགས་མཚམས་དེར་ཉི་སྐར་དང་ཟླ་སྐར་མཉམ་པས། སྐབས་དེར་ཉི་འཛིན་བྱུང་ན། རི་མོ་དེ་ཉིད་ཉི་མ་སྒྲིབ་མཐར་སོན་དུས་ཡིན་པ་ལས། ལོགས་སུ་བཙལ་དགོས་པའི་ཚེགས་ཀྱང་མེད། འདི་ཡང་དུས་འཁོར་རྩིས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བསྔགས་པར་འོས་པ་ཞིག་ཡིན།
མདོར་ན། དུས་འཁོར་ལུགས་ཀྱི་རྩིས་གཞུང་དུ་གཟའ་འཛིན་སྒྲུབ་མཐར་སོན་དུས། འཛིན་ཡུན་རིང་ཐུང་། འཛིན་ཆ་ཆེ་ཆུང་། འཛིན་ཕྱོགས་ཁ་དོག་དང་བཅས་པ་རྩ་སྒྲུབ་ཀྱི་ཆོ་ག་ཆ་ཚང་བ་ཞིག་ཡོད་པ་དེ་གཟའ་སྐར་ལ་བརྟག་འཇུག་གི་འཕྲུལ་ཆས་མ་བྱུང་བའི་སྐབས་སུ་མེ་རྒྱལ་གྲངས་ཉུང་མི་རིགས་ཁག་གི་ནང་དུ་རིག་པ་ཕུལ་དུ་བྱུང་བ་ཞིག་ཡིན་ནོ།།
གཟའ་ལྔ།
དུས་འཁོར་ལུགས་ལ་གཟའ་ལྔ་པོའི་ནང་ནས་མིག་དམར་དང་། ཕུར་བུ་སྤེན་པ་གསུམ་ཉི་མའི་གཡས་ཀྱི་ཡན་ལག་ཏུ་འགྱུར་བས་ན་དྲག་གཟའ། ལྷག་པ་དང་པ་སངས་གཉིས་ཉི་མའི་གཡོན་གྱི་ཡན་ལག་ཏུ་འགྱུར་བས་ན་ཞི་གཟའ་ཞེས་བྱའོ།། དེང་གི་གནམ་རིག་ལ་མིག་དམར་ཕུར་བུ་སྤེན་པ་གསུམ་གྱི་དཀྱིལ་འཁོར་སའི་དཀྱིལ་འཁོར་ས་དཀྱིལ་གོ་ལ་ལས་ཆེ་ཞིང་། དེ་དག་དང་ཉི་མའི་བར་གྱི་བར་ཐག་ས་དཀྱིལ་གོ་ལ་ལས་རིང་བས། བགྲོད་ལམ་སའི་ཕྱི་རོལ་ཏུ་ཡོད་པས་ན་ཕྱི་གཟའ། ལྷག་པ་དང་པ་སངས་གཉིས་དེ་ལས་ལྡོག་སྟེ། བགྲོད་ལས་སའི་ནང་རོལ་ཏུ་ཡོད་པས་ན་ནང་གཟའ་ཞེས་ཟེར། ཐ་སྙད་འདོགས་ཚུལ་གྱི་ཁྱད་པར་ཙམ་ལས་དོན་འདྲའོ།། དཀྱིལ་འཁོར་གྱི་དྷྲུ་ཝ་ནི་ཞི་གཟའ་གཉིས་ལུགས་གཉིས་ལ་ཁྱད་པར་མེད། མིག་དམར་ཕུར་བུ་གཉིས་ལ་ཁྱད་ཕྲ་མོ་ཞིག་ཡོད། སྤེན་པའི་དཀྱིལ་འཁོར་ཤིན་ཏུ་ཆེ་བས་ཉིན་དྲུག་ཙམ་གྱི་ཁྱད་པར་ཡོད་དོ།།
ལག་ལེན་སྐབས་སུ་དལ་དག་དང་མྱུར་དག་རིམ་པ་གཉིས་ཀྱིས་བསྒྲུབ་སྟེ། དལ་དག་ནི་གཟའ་རྣམས་རང་རང་གི་སྐྱེས་སྐར་ལས་བརྩམས་ཏེ་རང་འགྲོས་ཀྱིས་སྐར་ཁྱིམ་ལ་ལོངས་སྤྱོད་པའི་སྟེང་ལ་དལ་བའི་རྐང་ལོངས་ཀྱི་སྣོན་ཕྲི་བྱས་པ་ཡིན་ལ། མྱུར་དག་ནི། གཟའ་རྣམས་དལ་བའི་སྟེང་ནས་མགོ་རྩམས་ཏེ། རང་འགྲོས་ཀྱིས་རྐང་བའི་ལོངས་སྤྱོད་འཕེལ་འགྲིབ་རྣམས་ཀྱི་ནོར་དང་བུ་ལོན་སྤྱད་ཟིན་པ་དང་མཉམ་དུ། རང་རང་སྐྱེས་སྐར་དང་ཉི་མའི་སྟེང་དུ་འཛོམས་ཏེ་ལོངས་སཔྱོད་དག་པར་འགྱུར་བ་ཡིན་པར་བཤད་ཚུལ་འདི་དང་། དེང་གི་གནམ་རིག་ཏུ་གཟའ་རྣམས་རང་ཉིད་ཀྱི་བགྲོད་པ་དང་། ས་དཀྱིལ་སྤྱི་འགྲོས་ལས་བྱུང་བའི་སྣང་ཚོད་བར་ཁྱད་ཀྱི་བགྲོད་པ་གཉིས་བསྡོམས་ཏེ་གཟའ་རྣམས་སྣང་ཕྱོགས་ཀྱི་སེར་ལམ་དཀྱུས་ཞག་སྒྲུབ་ཚུལ་གོ་དོན་འདྲའོ།། སྐབས་འདིར་དེང་རབས་ཀྱི་བཤད་ཚུལ་དེ་ཞིབ་པར་བཤད་དགོས་ནའང་དཔེ་རིས་ཞིབ་གསལ་མེད་ན་བརྗོད་དཀའ་བས་གཞན་དུ་སྤྲོ་བར་འདོད་དོ།།
མཇུག་སྡོམ་རེའུ་མིག
གྲུབ་རྩིས། |
ཉི་མའི་ཉིན་ཞག་ དཀྱིལ་འཁོར། |
365 འབུམ་ཆ 27065 |
བྱེད་རྩིས། |
ཉི་མའི་ཉིན་ཞག་ དཀྱིལ་འཁོར། |
365 འབུམ་ཆ 25876 |
རྒྱ་རྩིས། |
ལོ་འཕོ། |
365 འབུམ་ཆ 24291 |
དེང་རབས་ ནམ་རིག
|
ཉི་མ་ལྡོག་པའི་ལོ། |
365 འབུམ་ཆ 24220 |
བརྟན་སྐར་གྱི་ལོ། |
365 འབུམ་ཆ 25636 |
གྲུབ་རྩིས། |
ཚེས་ཟླ། |
29 འབུམ་ཆ 53509 |
བྱེད་རྩིས། |
ཚེས་ཟླ། |
29 འབུམ་ཆ 53506 |
རྒྱ་རྩིས། |
ཚེས་ཟླ། |
29 འབུམ་ཆ 53059 |
དེང་རབས་གནམ་རིག |
ཚེས་ཟླ། |
29 འབུམ་ཆ 53509 |
གྲུབ་རྩིས། |
ཟླ་བའི་ཉིན་ཞག་དཀྱིལ་འཁོར། |
27འབུམ་ཆ 32174 |
དེང་རབས་གནམ་རིག |
བརྟན་སྐར་གྱི་ཟླ་བ། |
27 འབུམ་ཆ 32166 |
དེང་རབས་གནམ་རིག |
ཉེ་མཐའི་ཟླ་བ། |
27 འབུམ་ཆ 55446 |
གྲུབ་རྩིས། |
(ཐ་སྙད་མེད་པ།) |
27 འབུམ་ཆ 55047 |
གྲུབ་རྩིས། |
སྒྲ་གཅན་ཉིན་ཞག་ དཀྱིལ་འཁོར། |
6712 བརྒྱ་ཆ 4 |
དེང་རབས་གནམ་རིག |
དཀར་སེར་འཕྲད་སའི་འཁོར་ལོ། |
6793 བརྒྱ་ཆ 46 |
|
ལྷག་པ་ |
པ་སངས་ |
མིག་དམར་ |
ཕུར་བུ་ |
སྤེན་པ་ |
གྲུབ་རྩིས། |
87 བརྒྱ་ཆ་ 97 |
224 བཅུ་ཆ་ 7 |
687 |
1332 |
10766 |
དེང་རབས་གནམ་རིག |
87 བརྒྱ་ཆ་ 99 |
224 བཅུ་ཆ་ 7 |
686 བརྒྱ་ཆ་ 98 |
4332 བརྒྱ་ཆ་ 59 |
10759 བརྒྱ་ཆ་ 21 |
ཞེས་པ་འདི་ནི། མདོ་སྨད་བཀྲ་ཤིས་འཁྱིལ་སྐྱེ་རྡོར་གསང་སྔགས་དར་རྒྱས་གླིང་གི་རྩིས་རམས་པ་བསམ་གྲུབ་རྒྱ་མཚོ་དང་། ཀླུང་གོའི་ཚན་རིག་ལོ་རྒྱུས་ཞིབ་འཇུག་ཁང་གི་ཁྲེན་ཅིའུ་ཅིན་ཞེས་པ་རྒྱ་བོད་རྩིས་རིག་གསར་རྙིང་གི་མཁས་དབང་རྣམ་གཉིས་བསྟེན་ནས་རིག་པའི་གནས་འདིའི་བང་མཛོད་ཀྱི་སྒོ་ལ་འཇུག་པ་ཙམ་ཡིན་ཀྱང་། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དང་། གནམ་རིག་སྐར་རྩིས་སློབ་ཚོགས། སྨན་རྩིས་ཁང་ལྷན་གྱིས་བསྐུལ་ངོ་མ་ལྡོག་པར། ཙི་ནའི་ཡུལ་དུ་ལྟེ་ཁྲག་བོར་བ་ཧྭང་མིན་ཞིན་ཏེ་རྨད་བྱུང་ཐོས་བསམ་གླིང་དུ་རབ་འབྱམས་མིང་ཅན་བསོད་ནམས་རྒྱ་མཚོས་རབ་རྒྱལ་ལྕགས་བྱ་ལོའི་ཁྲུམས་སྟོད་ཟླ་བར་སུག་བྲིས་བྱས་ཏེ། དེང་སྐབས་སྤྱིའི་རྩོམ་ལུགས་ལྟར་ན་ལུང་ཁུངས་དང་ཞར་བྱུང་རང་མཆན་ཇི་སྙེད་ཨང་ཀི་བསྒྲིགས་ཏེ་མཇུག་ཏུ་དགོད་དགོས་ཀྱང་། འདིར་བོད་རིག་ཀྱིས་བལྟ་བདེ་བའི་ཆེད་དུ་ཕལ་ཆེ་བ་གཞུང་དངོས་དང་དཀྱུས་གཅིག་ཏུ་བྲིས་ཡོད་པ་དང་། ལ་ལ་ཚིག་རྫོབ་ཆེ་བར་དོགས་ནས་རྒྱས་པར་མ་སྤྲོས་སོ།། །།
སླར་སྨྲས་པ།
ཟབ་བརླིང་རྩིས་ཀྱི་གཙུག་ལག་ཀུན་གསལ་ངོས།།
སྐྱེས་སྦྱང་གཤོག་རྩལ་དམན་པའི་མཁའ་ལྡེང་གིས།།
འདབ་ཟུང་བསྐྱོད་པའི་ཚིག་དོན་ནོངས་བའི་རིགས།།
ཚུལ་འདི་རྣམ་དཔྱོད་ཡངས་པའི་སྤྱན་སྔར་འཆགས།།
མཐའ་མའི་འདོན་ཐེངས་།: 25.08.2020 ཉིན། 11:10 AM
<< སྔ་མ།