ས་བཅད་དང་པོ། དྲི་ཆུར་བརྟག་པའི་ཆ་རྐྱེན།
རྣམ་པར་མ་གྱུར་ཐ་མལ་ནད་མེད་དུ་གནས་པའི་དྲི་ཆུའི་ཁ་དོག་དང་དྲི་མ།
རླངས་པ། མེ་ཏོག སྤྲིས་མ་བཅས་ཀྱི་ཁྱད་ཆོས་ཇི་བཞིན་ཤེས་པ་དང་རྣམ་པར་གྱུར་པའི་ནད་ཅན་གྱི་དྲི་ ཆུར་བརྟག་པའི་ཚུལ་ལ་མ་ནོར་བར་ནད་རིགས་འཁྲུལ་མེད་ངོས་བཟུང་བས་ཕྱིར། དེར་བརྟག་པའི་སྨན་པ་ལ། སྨན་དཔྱད་ཟླ་བའི་རྒྱལ་པོ་ལས། སྙིང་རྗེ་ཆེ་དང་སྤྱོད་ལམ་དལ།། ལུས་ཟུངས་མ་ཉམས་དབང་པོ་གསལ།། ཆང་འཐུང་མ་ཡིན་གཉིད་ལོག་དང་།། ལེགས་པས་སྤྱོད་ལམ་སྨན་པས་བརྟག། ཅེས་དང་། བརྟག་ཡུལ་ནད་པ་ལ། རྒྱུད་ལས། ཇ་དང་དར་བ་ཆང་དང་སིངས་པོ་སོགས།། ཆུ་མདོག་འགྱུར་ཕྱིར་ཧ་ཅང་མང་བ་སྤང་།། སྐོམ་པར་མི་སྡོད་ཉལ་བོ་གཉིད་ཆག་དང་།། འགྲོ་འདུག་སེམས་ལས་ཆུ་འཁྲུགས་སྤང་བར་བྱ།། ནམ་ཕྱེད་ཕན་ཆན་ཟས་ཀྱི་ཆུ་འཕོ་ལ།། ནམ་སྨད་ནད་ཆུ་བསགས་ཏེ་བལྟ་བར་བྱ།། ཞེས་ནད་པའི་ཟས་དང་སྤྱོད་ལམ་ལ་གཟབ་པའོ།། ཆུ་བརྟག་པའི་སྣོད་ནི་དྲི་ཆུའི་རང་མདོག་མི་འགྱུར་བས་དཀར་ཡོལ་དང་ལྕགས་དཀར་ གྱི་སྣོད་དུ་བརྟག་ཅིང་། གཞན་རྫ་མ་ལ་སོགས་ཀྱི་སྣོད་དུ་མི་བརྟག་པ། སྨན་དཔྱད་ཟླ་བའི་རྒྱལ་བོ་ལས། སྣོད་ནི་དཀར་དང་དམར་བ་དང་།། ཤིན་ཏུ་ནག་དང་སེར་བ་སྤང་།། ཞེས་གསུངས་པ་དང་། དྲི་ཆུར་བལྟ་བའི་དུས་ཚོད་ནི་དྲི་ཆུའི་མདོག་རླངས་པ། དྲི་མ། ཀུ་ཡ་བཅས་ཀྱི་ནད་རྟགས་གསལ་པོར་མཐོང་པའི་ཆེད་དུ། ཞོགས་པའི་དྲི་ཆུའི་སྣོད་ལ་ཉི་མའི་མདངས་ཐོག་མར་ཕོག་པའི་དུས་སུ་བལྟ་བ་དང་། གལ་ཏེ་དེ་ལྟར་མ་བྱུང་ན་ཡང་ཉི་འོད་སོགས་དཀར་ཆ་ཡག་པོ་ཡོད་སར་བལྟ་དགོས་པ། དྲི་ཆུ་བརྟག་པའི་ཐབས་ལ། རྣམ་པར་གྱུར་པའི་ནད་ཆུ་དང་ཐ་མེད་ནད་མེད་ཀྱི་དྲི་ཆུར་བརྟག་པའི་དུས་གསུམ་དང་ བརྟག་ཚུལ་རྣམ་པ་དགུའི་སྒོ་ནས་བརྟག་པ་ཡིན་ཏེ། བརྟག་ཚུལ་རྣམ་པ་དགུ་ལས་མདོག་རླངས་དྲི་མ་དང་མེ་ཏོག་བཞི་ནི་དུས་རྣམ་པ་གསུམ་ གྱི་ཚན་དུས་སུ་བརྟག་དགོས་པ་དང་། བརྟག་ཚུལ་རྣམ་པ་དགུ་ལས་ཀུ་ཡ་དང་སྤྲིས་མ་གཉིས་ནི་དུས་གསུམ་གྱི་ངད་ཡལ་དུས་སུ་ བརྟག་དགོས་པ་བཅས་ཡིན་ལ། དེ་བས་སྔོན་འགྲོ་ལ་བསྟན་པས་ནད་ཆུ་རྟོགས་པ་དང་། བལྟ་བའི་དུས་ལ་བསྟན་པས་རང་མཚན་རྟོགས་པ། སྣོད་ཀྱི་ཁྱད་པར་བསྟན་པས་ཆུའི་ཁ་དོག་རྟོགས་པ། གྱུར་ཚུལ་བསྟན་པས་ཆུའི་རང་བཞིན་ཤེས་པ། ནད་མེད་ཀྱི་དྲི་ཆུ་བསྟན་པས་ནད་ཅན་ཞོར་ལ་ཤེས་པ་དང་། ནད་ཆུ་བསྟན་པས་སྤྱི་དང་བྱེ་བྲེག་གི་ཆུའི་མཚན་ཉིད་དེ་ཤེས་པའོ།།
ས་བཅད་གཉིས་པ། དྲི་ཆུའི་གྱུར་ཚུལ།
རྒྱུད་ ལས། གྱུར་ཚུལ་ཟས་སྐོམ་ཕོ་བར་དྭངས་སྙིགས་ཕྱེ།། སྙིགས་མ་རྒྱུ་མའི་ནང་ཚུད་སྐ་སླ་ཕྱེ།། སླ་བ་རྒྱུ་གྲོག་རྩ་ནས་ལྒང་པར་འདྲིལ།། ཞེས་པ་ལྟར། ཟས་སྐོམ་གང་དང་གང་ཟོས་རྣམས་ཕོ་བར་སླེབས་པའི་ཚེ་ཐོག་མར་བད་ཀན་མྱག་བྱེད་ཀྱིས་ མྱག་པ་དང་། བར་དུ་མཁྲིས་པ་འཇུ་བྱེད་ཀྱིས་བཞུས། ཐ་མར་རླུང་མེ་མཉམ་གྱིས་དྭངས་སྙིགས་གཉིས་སུ་ཕྱེ་བ་ལས་སྙིགས་མ་རྣམས་རྒྱུ་མའི་ ནང་ཚུད་ནས་སྐ་བའི་ཆ་དང་སླ་བའི་ཆ་གཉིས་སུ་ཕྱེ་བའི་སླ་བའི་ཆ་རྒྱུ་གྲོག་གཉེ་ མའི་རྩ་མཁལ་མ་བརྒྱུད་ནས་ལྒང་པར་འདྲིལ་ཞིང་གསོག་པར་བྱེད་ལ་ཟས་སྐོམ་གྱི་དྭངས་ མ་དེ་མཆིན་པའི་གནས་སུ་བརྒྱུད་དེ་གནས་དེར་ཁྲག་ཏུ་འགྱུར་ཞིང་། ཁྲག་དེ་ཡང་དྭངས་སྙིགས་གཉིས་སུ་ཕྱེ་བའི་དྭངས་མ་ཤ་སོགས་དང་། སྙིགས་མ་སྣོད་ཀྱི་མཁྲིས་པའི་གནས་སུ་གསོག་པ་དང་། གནས་དེ་ཁྲག་ཏུ་འགྱུར་ཞིང་ཁྲག་དེ་ཡང་དྭངས་སྙིགས་གཉིས་སུ་ཕྱེ་བའི་དྭངས་མ་ཤ་ དང་སྙིགས་མ་སྣོད་ཀྱི་མཁྲིས་པའི་ནང་དུ་གསོག་ལ།མཁྲིས་པ་དེ་དྭངས་སྙིགས་གཉིས་ སུ་ཕྱེ་བའི་དྭངས་མ་རྣམས་ལུས་ཀྱི་ཆུ་སེར་དུ་འགྱུར་ལ་སྙིགས་མ་རྣམས་ཀུ་ཡར་ འགྱུར་ཏེ་སླར་རྒྱུ་གྲོག་གི་རྩ་མིག་ནས་ལྒང་པའི་ཆུ་དང་ལྷན་ཅིག་ཏུ་གསོག་པར་ བྱེད་པ་ལས་དྲི་ཆུ་འབྱུང་། གཞན་སོ་མ་ར་ཛ་ལས།མཆིན་པའི་སྙིགས་མ་མཁལ་མར་འགྲོ།། བད་ཀན་མཁྲིས་པ་རླུང་གིས་ཕྱེ།། ལུས་ཟུངས་འཛིན་བྱེད་རླུང་གིས་དྲངས།། མཁལ་མའི་སྦུབས་སུ་འགྲོ་བ་སྟེ།། རླུང་མཁྲིས་བད་ཀན་གསུམ་གྱིས་བཞུ།། བཅུད་ཀྱིས་རྩ་སྦུབས་ཀུན་ཁྱབ་སྟེ།། བཅུད་ཀུན་རུས་མིག་འདྲེན་པར་བྱེད།། ལྷ་བ་རུས་པ་ཐམས་ཅད་རྒྱས།། བདེ་བ་རྒྱས་བྱེད་སྲོག་འཛིན་བྱེད།། སྙིགས་མ་ལྒང་ཕུག་དག་ཏུ་ལྷུང་།། ཞེས་དང་། དྲི་ཆུ་ནི་མཁལ་མ་བརྒྱུད་ནས་ལྒང་བར་གསོག་པར་བྱེད་པའི་གནས་དང་དྲི་ཆུའི་གྱུར་ ཚུལ་གསལ་་བོར་བསྟན། གོང་དུ་བརྗོད་པ་ནི་དྲི་ཆུ་དང་ཀུ་ཡ་གཉིས་ཀྱི་གྱུར་ཚུལ་ཡིན་པ་རྟོགས་དགོས།
ས་བཅད་གསུམ་པ། ཁྱད་པར་ནད་གཞི་བརྟག་ཚུལ།
བོད་ལུགས་གསོ་རིག་ཐུན་མོང་མ་ཡིན་པའི་དྲི་ཆུས་ནད་བརྟག་པའི་གཞི་བྱེད་པ་བརྟག་ཚུལ་ རྣམ་པ་དགུ་ལ་བལྟོས་ཏེ་ནད་ཀྱི་ངོ་བོ་དང་ཚ་གྲང་རྟགས་ངོས་འཛིན་པ་ལས་ལག་ལེན་ དངོས་དང་ཟུང་འབྲེལ་གྱིས་འདིར་གཙོ་བོ་ནད་མེད་དང་ནད་ཅན་གྱི་དྲི་ཆུའི་བཏང་མ་ ཐག་པའི་ཁ་དོག་དང་དྲི་མ། རླངས་པ། མེ་ཏོག་དང་ངད་ཡལ་དུས་ཀྱི་སྤྲིས་མ་དང་ཀུ་ཡ་བཅས་ཀྱི་བརྟག་ཚུལ་བརྗོད་པ་གཤམ་ གསལ་ལྟར།
དང་པོ། ནད་མེད་ཀྱི་ཆུ།
གོང་གསལ་ དྲི་ཆུ་བརྟག་པའི་ཆ་རྐྱེན་དང་གྱུར་ཚུལ་བསྟན་པ་ལྟར་ཟས་སྐོམ་རིགས་མི་འདྲ་ བས་ཆུའི་ཁ་དོག་བསྒྱུར་པས་སྔོན་དུ་འགྲོ་བའི་ཟས་སྤྱོད་ཀྱི་སྤང་བླང་བྱ་རྒྱུ་ ནི་ཤིན་ཏུ་གལ་ཆེ། ནད་ཅན་གྱི་དྲི་ཆུར་བརྟག་པར་བྱེད་པ་ལ་ཐོག་མ་ནད་མེད་ཀྱི་ཆུར་བརྟག་ཤེས་དགོས་པ། རྣམ་པར་མ་གྱུར་པ་ནད་མེད་བདེ་ཐང་གི་དྲི་ཆུ་དེ་སྤྱིར་བཏང་བྱས་ན་བཏང་མ་ཐག་པ་ཚ་ མོའི་དུས་སུ་ཁ་དོག་དཀར་སེར་འབྲི་མར་གསར་པ་བཞུས་པ་དང་འདྲ་བར་དྭངས་ཤིང་སླ་ ཉམས་ཡོད་པ་ཞིག་ལ་སྦྲེ་དྲི་འདྲ་བ་མནམ་པ་དང་།རླངས་པ་ཆེ་ཆུང་སྙོམས་ཤིང་ཡུན་ རིང་གནས་བ་དང་།ལྦུ་བ་ཆེ་ཆུང་སྙོམས་པ་བཅས་ཡོད་པ།དྲོད་འཇམ་གྱི་དུས་སུ་ཀུ་ཡ་ སྲབ་མཐུག་སྙོམས་ཤིང་དྲི་ཆུའི་སྟེང་འོག་ཚང་མར་ཁྱབ་པར་གནས་པ་དང་།སྤྲིས་མ་ཡང་ དབྱར་དུས་ཀོའི་ནང་དུ་ཐལ་རླུང་མ་བརྒྱབ་པའི་ཆུའི་སྤྲིས་མ་ཙམ་ཡོད་པ།ལྡོག་དུས་ ཀྱང་དྲོད་དང་རླངས་པ་ཡལ་བའི་དུས་སུ་སྣོད་ཀྱི་མཐའ་ནས་སྒོར་མོ་ལྡོག་ཅིང་།ལྡོག་ ཚར་བའི་རྗེས་སོ་དྲི་ཆུའི་ཁ་དོག་ཀྱང་དཀར་སེར་ཤིན་ཏུ་དྭངས་པ་བཅས་ནི་ནད་མེད་ ཀྱི་དྲི་ཆུ་ཡིན། རྒྱུད་ལས། ཐ་མལ་གནས་པའི་ཆུ་བསྟན་པ།། ཁ་དོག་འབྲི་མར་བཞུས་འདྲ་སྦྲེ་དྲི་མནམ།། རླངས་པ་ཆེ་ཆུང་ཡུན་རན་མེ་ཏོག་སྙོམས།། ཀུ་ཡ་སྙོམས་ཁྱབ་སྤྲིས་མ་ཀོ་ཆུ་ཙམ།། རླངས་ཡད་དུས་ན་མཐའ་ནས་སྒོར་མོར་ལྡོག། ལོག་རྗེས་དཀར་སེར་དྭངས་བ་ནད་མེད་ཡིན།། ཞེས་འདི་ནི་ནད་མེད་ཀྱི་དྲི་ཆུ་བཏང་མ་ཐག་པའི་ཚ་མོའི་དུས་ཀྱི་ཁ་དོག་དང་རླངས་ པ། ལྦུ་བ། ངད་ཡལ་དུས་ཀྱི་ཀུ་ཡ་དང་སྤྲིས་མ། རླངས་པ་ཡལ་པའི་དུས་ན་དྲི་ཆུའི་ངོ་བོ་གཞན་དུ་འགྱུར་པ་ལྡོག་པ་དང་། ལྡོག་ཚུལ། ལོག་རྗེས་བཅས་ཀྱི་ནད་མེད་ཀྱི་དྲི་ཆུ་རྟོགས་དགོས།
གཉིས་པ། ནད་ཅན་གྱི་དྲི་ཆུ།
༡ ཁ་དོག་ལ་བརྟག་པ།
བཏང་མ་ ཐག་པའི་ཚ་མོའི་དུས་ཀྱི་དྲི་ཆུའི་ཁ་དོག་ལ་བརྟག་པ་ནི། རྒྱུད་ལས། དང་པོ་ཚ་བའི་དུས་ཀྱི་ཁ་དོག་ནི།། ལུ་མའི་ཆུ་ལྟར་སྔོ་ལ་སླ་བ་རླུང་།། སེར་ན་མཁྲིས་པ་དཀར་ན་བད་ཀན་ནད།། དམར་ན་ཁྲག་ནད་རྒྱ་ཤལ་ཆུ་སེར་ཡིན།། སྨུག་ལ་དུགས་ན་བད་ཀན་སྨུག་པོར་བརྟག། ཆུ་མདོག་འདྲེས་ན་ལྡན་དང་འདུས་པའི་ནད།། མར་ནག་འདྲ་ན་རིམས་དང་མཁྲིས་པ་རྒྱས།། དམར་སེར་སྐ་དུགས་འགྲམས་སམ་འཁྲུགས་ཆུ་ཡིན།། ཆུ་མདོག་ནག་གམ་འཇའ་ཚོན་འདྲ་བ་དུག། ཞེས་གསུངས་པ་བཞིན་ཡང་བསྡོངས་ཟླ་ཤས་ཆེ་ཆུང་གིས་ཆུའི་ཁ་དོག་གཞན་དུ་འགྱུར་ཏེ། བེེ་སྔོན་ལས། ཁ་དོག་སྨུག་པོ་ལ་དུ་བ་བཏབ་པ་ལྟར་སྨུག་དུགས་སུ་འདུས་ན་བད་ཀན་སྨུག་པོ་ཡིན་པར་ བརྟག་སྨུག་སྔོ་རླུང་དང་ཆུ་སེར་སྨུག་སེར་བད་མཁྲིས་འཐབས་པ། སྨུག་ནག་ཆུ་སེར་ནག་པོའམ་རིམས་དུག་གི་ཆུ་ཡིན་ནོ།། ཞེས་གསུངས་པ་ལྟར་གོང་དུ་བཤད་པའི་ནད་རྐྱང་པའི་དྲི་ཆུའི་ཁ་དོག་དེ་དག་ཕན་ཚུན་ འདྲེས་པ་ཡིན་ན་ལྡན་དང་འདུས་བའི་ནད་ཆུ་ཡིན་པ་རྟོགས་དགོས། སྔོན་དུ་བཤད་པའི་ཁ་དོག་རྣམས་མཐའ་གཅིག་ཏུ་དེ་ཉིད་འབྱུང་པའི་ངེས་པ་མེད་དོ། དཔེར་ན། སྲིན་བུའི་ནད་ཀྱི་བད་སྲིན་གྱི་ཆུའི་མདོག་ནི་སྔོའམ་དཀར་ལ་ཉོག་པ་དང་། སྨན་དཔྱད་ཟླ་བའི་རྒྱལ་པོ་ལས། ཆུ་མདོག་དབྱེ་ན་དཔག་ཏུ་མེད།། དེ་ལ་སུམ་ཅུ་རྩ་དྲུག་སྟེ།། དེ་ལས་བསྡུས་བ་བཅོ་བརྒྱད་དྲུག། ལར་ན་ཚ་གྲང་གཉིས་སུ་བརྟག། དཀར་པ་གྲང་བ་དམར་ཕྱོགས་ཚ།། ཞེས་མདོར་ན་དྭངས་མའི་རྟ་ལ་དུག་ཞོན་ནས།། ལུས་ཟུངས་བདུན་དང་དྲི་མ་ཀུན་ལ་ཁྱབ།། གནས་ཀྱིས་བསྒྱུར་པས་ནད་རྟགས་ཅི་ཡང་སྟོན།། རླུང་མཁྲིས་བད་ཀན་འདུ་བ་འཁྲུགས་བར་བྱེད།། ཅེས་སོ།།
༢ རླངས་པ་ལ་བརྟག་པ།
སྨན་ དཔྱད་ཟླ་བའི་རྒྱལ་པོ་ལས། རླངས་པ་ཆེ་ཡུན་རིང་ན་ཚ།། རླངས་པ་ཆུང་ཡུན་ཐུང་ན་གྲང་།། ཞེས་རླངས་པ་ཆུ་ཚན་ལྟར་ཤིན་ཏུ་ཆེ་བའི་ཆུའི་ཁ་དོག་ཀྱང་བསྒྲིབས་པ་ལྟ་བུ་བྱུང་ ན་ཚ་བ་རྒྱས་པའི་ཆུར་ངོས་འཛིན་ཅིང་དེ་ལྟར་རླངས་པ་འབྲིང་དུ་བྱུང་ན་ཚ་བ་འབྲིང་ ཡིན་ལ། ཆུང་བར་བྱུང་བ་ན་ཚ་བ་ཆུང་བ་རིག་པས་དཔག་རླངས་པ་ཆུང་ལ་ཆུ་དེར་ཡུན་རིང་དུ་ སྡོད་ན་ཚ་བ་གབ་པའི་ནད་དམ་རྙིངས་པའི་ཚ་བ་ཡིན་ཏེ་གྲང་བས་མགོ་མནན་པ་གཏོང་ཚད་ ཡོད་པས་རླངས་པ་ཡུན་རིང་བ་དང་། རླངས་པ་ཆུང་ཡང་དེ་ཡུན་ཐུང་ངུ་ཞིག་ནས་སངས་འགྲོ་ན་བད་ཀན་དང་རླུང་གི་རང་བཞིན་ གྲང་བའི་ནད་ཀྱི་ཆུ་ཡིན། རླངས་པ་རེས་ཆེ་ཞིང་རེས་ཆུང་ལྟ་བུ་སྤེལ་མར་མངོན་ན་ཚ་གྲང་འདྲེས་པའི་ནད་ཡིན་ པའི་བརྟག་པར་བྱའོ།། རྒྱུད་ལས། རླངས་པ་ཆེ་ན་ཚ་བ་རྒྱས་བའི་ཆུ།། ཆུང་ལ་ཡུན་རིང་ཚ་བ་གབ་བམ་རྙིངས།། རླངས་ཆུང་ཡུན་ཐུང་བད་རླུང་གྲང་ཆུ་ཡིན།། རེས་ཆེ་རེས་ཆུང་ཚ་གྲང་འདྲེས་པར་བརྟག། ཅེས་གསུངས་སོ།།
༣ དྲི་མར་བརྟག་པ།
རྒྱུད་ ལས། དྲི་མ་དུགས་ལ་དཀུ་ན་ཚ་བ་ཆེ།། དྲི་མ་མེད་དམ་ཆུང་ན་གྲང་བ་ཡིན།། ཟས་ཀྱི་དྲི་མནམ་གང་མནམ་དེ་མ་ཞུ།། ཞེས་གསུངས་པ་སྟེ། དྲི་ཆུ་ཁོང་ནས་་བཏང་མ་ཐག་པ་ཚ་མོའི་དུས་སུ་དྲི་མ་ཆེས་གསལ་བ་ཡིན་གཤིས། དེ་དུས་དྲི་ཆུའི་དྲི་མ་ཤིན་ཏུ་དུགས་ལ་དཀུ་པ། དེར་དྲི་མ་གང་ཡང་བྲོ་རྒྱུ་མེད་པའམ་ཡང་ན་ཆུང་ངུ་ཞིག་ལས་བྲོ་རྒྱུ་མེད་པ་དེ་ ནི་གྲང་བའི་ནད་ཡིན་པ་དང་། དྲི་ཆུར་ཤའམ་རྩམ་པ་སོགས་ཁ་ཟས་གང་ཟོས་པ་དེ་ཉིད་ཀྱི་དྲི་མ་མནམ་པ་དེ་ཉིད་རང་མ་ ཞུ་བའི་རྟགས་ཡིན། གཞན་ཡང་ནད་ཀྱི་ངོ་བོ་དང་བསྡོངས་ཟླ་མི་འདྲ་བའི་དབང་གིས་ཆུའི་དྲི་མ་ཡང་མི་ གཅིག་པ། བེེ་སྔོན་ལས། ཆུའི་དྲི་མ་དེ་ཡང་རླུང་ལ་གཡའ་དྲི་དང་། མཁྲིས་པར་གསུར་དྲི། བད་ཀན་ལ་ཤུག་དྲི། འདུས་པར་ཚིལ་དྲི། ཁྲག་ལ་ཁྲག་དྲི། ལྷོག་པ་ལ་ཀླད་དྲི། དམུ་ཆུ་ལ་ལབ་མོའི་དྲི་མ། རྣག་ལ་རྣག་དྲི་སོགས་འོང་ལ། ཞེས་གསུངས་པ་དང་འདིར་ཁ་གསལ་བྱེད་དགོས་པ་ནི་དྲེག་ནད་ཀྱི་ཆུ་ལ་རྭ་གཞོབ་བྲོ།
༤ མེ་ཏོག་གམ་ལྦུ་བ་ལ་བརྟག་པ།
ཚན་དུས་ ཀྱི་དྲི་ཆུ་དཀྲུག་པའི་སྐབས་སུ་ལྦུ་བ་སྔོ་ཞིང་མཛོའི་མིག་ལྟར་འབུར་ལ་ཆེ་ བ་ནི་རླུང་ཡིན་ལ་རང་མདོག་སྔོ་བ་མཚན་ཉིད་ཡང་གཡོ་བསྐྱོད་པས་ཆེ་བའོ།། ལྦུ་བ་ཉ་མིག་ལྟར་ཕྲ་ཞིང་ཆུང་ལ་མདོག་སེར་ཤས་ཅན་དཀྲུག་རྗེས་མེ་ཏོག་མྱུར་ཏུ་ ཞིག་འགྲོ་བ་ནི་མཁྲིས་པའི་ནད་ཡིན། ལྦུ་མ་མཆིལ་མ་ཆུ་ནང་དུ་བཏབ་པ་དང་འདྲ་བར་ཕན་ཚུན་འབྲེལ་ཞིང་ཡུན་རིང་སངས་མི་ འགྲོ་བ་ནི་བདནཀན་གྲང་བའི་རྟགས། ལྦུ་བ་ཁ་དོག་དམར་ན་ཁྲག་འཁྲུགས་ཀྱི་ནད་དང་འཇའ་ཚོན་ལྟར་ཁ་དོག་སྣ་ཚོགས་སུ་ བྱུང་ན་དུག་ནད་དང་། ཕུག་རོན་གྱི་ཁྱུ་ཁྲ་ཡིས་ཕྱོགས་ངེས་མེད་དུ་གཏོར་བ་དང་འདྲ་ན་ཚ་གྲང་གང་ཡིན་ ཀྱང་བྱེར་བའི་ནད་ཡིན་ཏེ་གང་བྱེར་ཁ་དོག་ལས་ཤེས་པར་བྱའོ།། སྨན་དཔྱད་ཟླ་བའི་རྒྱལ་པོ་ལས།ལྦུ་བ་ཆུང་ལ་ཅུང་སེར་ན།། སྟོད་ན་ཚད་པ་གཟེར་བའོ།། ལྦུ་བ་ཆེ་ལ་སྔོ་ནག་ནི།། ནད་པ་ཉམ་ཆུང་ནད་སྨིན་པའོ།། ལྦུ་བ་སྔོ་འདྲིལ་ཆུང་བ་ནི།། བད་ཀན་གློར་ཞུགས་གློ་ནད་རྒྱས།། ལྦུ་བ་ཆེ་འདྲིལ་དཀར་བ་ནི།། མཆེར་བར་རླུང་ཞུགས་སྦོས་འཁྲོག་འཁྲུ།། ཞེས་དང་། ཡང་ཚ་གྲང་གཉིས་སུ་སྟེ། ལྦུ་བ་ཆུང་ལ་ཚོམ་བུར་ཆད།། ཞི་དཀའ་བ་ནི་ཚ་བའོ།། ལྦུ་བ་ཆེ་ལ་ཁེབས་པ་དང་།། ཞི་བར་སླ་བ་གྲང་བའོ།། ཞེས་ལྦུ་བའི་ཆེ་ཆུང་དང་ཁ་དོག་ལས་ནད་ཀྱི་ངོ་བོ་དང་རྟགས་ཤེས་པ། གཞན་ཚ་ཆུའི་མཚན་ཉིད་གཞན་རྣམས་ཚང་བ་ལ་མེ་ཏོག་མེད་པ་ཞེས་ཇི་ལྟར་དཀྲུགས་ཀྱང་ ལྦུ་བ་ཆགས་རྒྱུ་མེད་ན་ཚ་བ་ཁོང་དུ་ཤོར་བ་སྟེ་ཚད་པའི་ནད་གཏིང་དུ་བྱང་ཞིང་ཞེན་ པ་དང་། དེ་བཞིན་གྲང་ཆུའི་མཚན་ཉིད་གཞན་རྣམས་ཚང་བ་ལ་ལྦུ་བ་མེད་ན་གྲང་བ་འབྱམས་པ་སྟེ་ གྲང་ནད་ཡུན་ལོན་ནས་ལུས་ཀུན་ལ་ཁྱབ་པར་གྱུར་པ་ཡིན་པ་ཤེས་བར་གལ།
༥ ཀུ་ཡ་ལ་བརྟག་པ།
ཐོག་མར་ ཀུ་ཡའི་གྱུར་ཚུལ་ནི། ཟས་སྐོམ་གྱི་དྭངས་མ་དེ་མཆིན་པའི་གནས་སུ་བརྒྱུད་ནས་ཁྲག་ཏུ་གྱུར། ཁྲག་གི་དྭངས་མ་ཤར་སོང་། ཁྲག་གི་སྙིགས་མ་མཁྲིས་པའི་ནང་དུ་གསོག་མཁྲིས་པའི་དྭངས་མ་ལུས་ཀྱི་ཆུ་སེར་རུ་ འགྱུར། མཁྲིས་པའི་སྙིགས་མ་ཆུའི་ཀུ་ཡའི་འགྱུར་ནས་རིམ་གྱི་རྩ་མིག་ཏུ་འགྲིམས་ནས་ལྒང་ པའི་ནང་དུ་གསོག་པ་ཡིན་ལ། རྒྱུ་མཚན་དེའི་ཕྱིར་ཆུའི་ཁ་དོག་ཟས་ཀྱིས་བསྒྱུར་ལ། ཀུ་ཡ་ནི་ཁྲག་དང་མཁྲིས་པའི་གནས་ནས་འབྱུང་བའི་ཕྱིར། ཁྲག་ལུས་ཀུན་ཏུ་ཁྱབ་པས་དེའི་སྙིགས་མ་ལས་བྱུང་བ་ཡིན་པས་ན་ཆུའི་ལྟར་སྣང་ མཁྲུལ་སོ་ཀུ་ཡས་གསལ། བེེ་སྔོན་ལས། ཀུ་ཡ་ཞེས་དྲི་ཆུའི་ནང་དུ་བལ་ལྟ་བུའམ་རྡུལ་ལམ་སྤུ་སོགས་ཆུ་རང་མ་ཡིན་པའི་རྫས་ ཟུར་བ་ཞིག་ཤོར་བ་འདྲ་བ་སྤྲིན་ལིང་ལིང་བ་དེ་ལ་ཀུ་ཡ་ཞེས་བྱ་སྟེ། ཞེས་བསྟན་པ་དང་། སྨན་དཔྱད་ཟླ་བའི་རྒྱལ་བོ་ལས། ཀུ་ཡ་ཆུ་ཁར་སྤྲིན་འདྲ་བ།། གློ་དང་སྙིང་ལ་ནད་ཡོད་དེ།། བར་དུ་བྱུང་ན་རླངས་པ་འདྲ།། མཆིན་པ་དང་ནི་མཆིན་དྲི་དང་།། མཁྲིས་བ་ཕོ་བ་མཆེར་བ་དང་།། བར་གྱི་ནད་དེ་ཀུན་ཏུ་ཡོད།། ཞབས་སུ་བྱུང་ན་སྙིགས་མ་སྟེ།། མཁལ་མ་ཆུ་སོ་རྒྱུ་ལོང་དང་།། ལྒང་ཕུག་དག་ལ་ནད་ཡོད་པའོ།། ཁ་ཞབས་ཀུན་ཏུ་ཁྱབ་པས་ན།། སྙོམས་པས་ནད་མེད་འདུས་པའོ།། ཆུ་མདོག་སྔོ་ལ་ཀུ་ཡ་སྔོ།། བུད་མེད་སྦྲུམ་མ་དག་ཡིན་ནོ།། ཞེས་དང་། ཀུ་ཡའི་མདོག་ནི་དྲི་ཆུའི་མདོག་གང་ཡིན་པ་དེ་རིང་མ་གཏོགས་ཡོང་མི་སྲིད། རྒྱུད་ལས། ཀུ་ཡ་སྤུ་དང་འདྲ་རླུང་གི་ནད།། བལ་འདབ་ཆུ་སྐྱུར་འདྲ་ན་ཁྲག་མཁྲིས་ནད།། སྤུ་རྩེ་འདྲ་ན་བད་ཀན་གྲང་བའི་ནད།། སྤྲིན་འདྲ་གློ་ནད་རྣག་འདྲ་དེ་ཉིད་ཡོད།། བྱེ་མ་འདྲ་ན་མཁལ་ནད་ཡོད་པ་ཡིན།། སྟེང་འོག་བར་གནས་ནད་ཀྱང་དེ་བཞིན་བརྟག། ཀུ་ཡ་ཞོ་ཤི་འདྲ་བས་ཆུ་སྟེང་ཁྱབ།། རླུང་གིས་ལུས་ཟུངས་ཚ་གྲང་དཀྲུགས་པ་ཡིན།། མཐུག་དང་སྲབ་ལས་ཚ་གྲང་ཤེས་པར་བྱ།། ཞེས་དེ་ཡང་ཆུའི་ནང་དུ་ཀུ་ཡ་རའི་སྤུ་གཏོར་བ་དང་། འཇག་སོགས་ཀྱིས་ལེན་ཐུབ་པ་འདྲ་བ་དོན་དུ་མེད་ན་རླུང་གི་ནད་དང་། དེ་བཞིན་དཔེར་ན། ཆུ་སྔོ་ཞིང་སླ་ལ་ལྦུ་བ་ཆེ་བ། དྲི་དང་རླངས་པ་ཆུང་བ། ཚད་གཞུག་སོགས་ལ་དམར་སེར་དུ་ཡོད་ཀྱང་ཀུ་ཡ་མེད་ལ་དྭངས་ན་རླུང་དུ་ངོས་བཟུང་ དགོས་པ་ལྟ་བུ་རིག་པས་དཔྱོད་ཤེས་དགོས་ལ། བལ་འདབ་འཇམ་པོ་ཆུ་ནང་དུ་བསྐྱར་བ་དང་འདྲ་བ་ཆུའི་དཀྱིལ་ལ་ཡོད་ཅིང་མཐར་ཅིང་ ཆེར་མེད་པ་ལིང་ལིང་སྡོད་པས་ཆུ་སྣོད་ཀྱི་གཏིང་ན་ཡོད་པའི་གཟུགས་དབྱིབས་དེ་ བསྒྲིབས་ནས་མི་ཤེས་པ་ནི་ཁྲག་མཁྲིས་ཀྱི་ནད་ཡིན་ཞིང་། ཀུ་ཡ་རྟ་དཀར་པོའི་སྤུ་རྩེ་ལྟ་བུར་ཆུང་ལ་མིག་གིས་བལྟ་མི་བཟོད་པ་ཆུ་ནང་དུ་ གཏོར་བ་འདྲ་བ་ནི་བད་ཀན་སྐྱ་བོའམ་གྲང་བའི་ནད་དང་། ཀུ་ཡ་སྤྲིན་དང་འདྲ་བར་སྣེ་མོ་ནར་ཞིང་ལིང་ལིང་པོར་ཆགས་ན་དེ་ནི་གློ་བར་ཚད་པ་ ཡོད་པའི་རྟགས་ཡིན་པ། ཀུ་ཡ་མདོག་རྣག་དང་འདྲ་བ་བྱུང་ན་བྱང་ཁོག་སྟོད་སྨད་ཀྱི་ཆ་ཤས་སུ་རྣག་དེ་ཉིད་ ཡོད་རྟགས་ཡིན། ཀུ་ཡ་བྱེ་མ་དང་འདྲ་བ་ཞབས་སུ་རྩིག་རྩིག་བྱུང་ན་མཁལ་ནད་ཡོད་པ་ཡིན་ལ། ཀུ་ཡ་གང་ཡང་ཆུའི་སྟེང་དུ་གནས་ན་སྙིང་ག་ཡན་ཏེ་སྙིང་དང་། དེ་བཞིན་འོག་ཏུ་གནས་ན་ལྟེ་བ་མན་རགས་པ་མཁལ་མ་དང་རྒྱུ་ལོང་ལྒང་བ་སོགས་དང་། ཀུ་ཡ་དེ་ཉིད་དྲི་ཆུའི་བར་ངོས་སུ་གནས་ན་ནད་དེ་མཆིན་མཆེར་སོགས་ལུས་ཁམས་ཀྱི་ བར་ན་ཡོད་པ་བཅས་བརྟག་པར་བྱ་བ་ཡིན་ལ། ཀུ་ཡ་དབྱིབས་ཞོ་ཤི་བ་འདྲ་བར་ཁ་དོག་དཀར་ལ་སིབ་སིབ་དུམ་བུར་ཆད་པས་དྲི་ཆུའི་ སྟེང་འོག་ཐམས་ཅན་དུ་ཁྱབ་པར་བྱུང་ན་དེ་ནི་རླུང་གིས་ལུས་ཟུངས་དང་ནད་ཚ་གྲང་ཕན་ ཚུན་དཀྲུགས་པའི་རྟགས་ཡིན་གཤིས་ནད་ཀྱི་ངོ་བོ་ནི་རླུང་ཉིད་གཙོ་བོ་ཡིན་པ་ཤེས་ དགོས། མདོར་ན། དྲི་ཆུའི་སྟེང་འོག་བར་གསུམ་པོ་གང་དུ་ཡང་ཀུ་ཡ་མཐུག་པོ་ལིང་གིས་བྱུང་ན་དེ་ནི་ ཚ་བའི་ནད་ཀྱི་རྟགས་དང་། ཀུ་ཡ་ཉུང་ཞིང་སྲབ་མོ་ཙམ་ལས་མི་འབྱུང་བ་དེ་ནི་གྲང་བའི་ནད་ཀྱི་་རྟགས་ཡིན་ཏེ། ཀུ་ཡའི་གཟུགས་དབྱིབས་དང་། འབབ་གནས། ཚ་གྲང་སོགས་ཀྱི་སྒོ་ནས་ནད་གཞི་བརྟག་པ་ཡིན་ལ། མན་ངག་རྒྱུད་ལས། ཆུ་མ་ངེས་ཇི་ལྟར་འདུག་ཀྱང་རུང་།། ཆུ་ཀུ་ཡ་ཆེ་ན་ཚ་བ་ཡིན།། ཆུ་ཀུ་ཡ་ཆུང་ན་གྲང་བ་ཡིན།། ཞེས་འཁྲུལ་བ་མེད་པའི་ཕྱིར་བརྟག་པ་ཀུན་ལས་ཤིན་ཏུ་གཅེས་པར་བྱའོ།།
༦ སྤྲིས་མར་བརྟག་པ།
ལུས་ ཟུངས་བདུན་གྱི་ཡ་གྱལ་ཚིལ་བུར་དྭངས་སྙིགས་གཉིས་སུ་ཕྱེ་བ་ལས་དྭངས་མ་རུས་པའི་ གནས་སུ་འགྲོ་བ་དང་། སྙིགས་མ་རྨེན་བུའི་གནས་སུ་འགྲོ་བཞིན་དེའི་ཆ་ཤས་ཕྲ་མོ་ཞིག་དྲི་ཆུའི་ལམ་དུ་ ཕྱིན་པ་ལས་སྤྲིས་མ་ཞེས་བྱ་བ་འོ་མ་སྟེང་དུ་སྤྲིས་མ་བྱུང་བ་ལྟར་ཆུའི་ཁར་བྱུང་ བའི་ཞག་གོ དེར་བརྟག་ནས་ནད་ངོས་ཇི་ལྟར་འཛིན་དགོས་ཞེས་ན། མེས་ཞལ་དུ། སྤྲིས་མ་མཐུག་པ་ཚ་བ། སྲབ་པ་གྲང་བ། དུམ་བུར་ཆད་པ་སྐྲན། གཟུགས་བརྙན་གང་ཤར་དེའི་རིགས་ཀྱི་གདོན། ཚ་ཆུ་ཧ་ཅང་སྤྲིས་མ་མཐུག་ན་མེར་ཚིལ་མ་ཞུ། ཁ་ཞག་མཐུག་པོ་ཤིང་བུས་བླངས་ནས་མེར་བསྲེགས་པས་གསུར་དྲི་མནམ་ན་ཞག་རྒོད་ཅེས་ སྐྱོན་མེད་དོ་ཞེས་གསུངས་པ། རྒྱུད་ལས། སྤྲིས་མ་སྲབ་ན་གྲང་བ་མཐུག་ན་ཚ།། བླངས་བཞག་བཏུབ་ན་ཞག་རྒོད་ཅེས་བྱ་སྟེ།། མེར་བསྲེགས་གསུར་དྲི་བྱུང་ན་བཅོས་མི་དགོས།། སྤྲིས་མ་དུམ་བུར་ཆད་ན་སྐྲན་ནད་ཡིན།། སྤྲིས་མའི་གཟུགས་ལས་གདོན་ངོས་བཟུང་བར་བྱ།། ཞེས་སྤྲིས་མ་སྲབ་མོ་ཞིག་ལས་མི་འཁོར་ན་དེར་ནི་གྲང་བའི་ནད་ཀྱི་རྟགས་དང་། སྤྲིས་མ་མཐུག་པོ་ཞིག་འཁོར་ན་ཚ་བའི་ནད་ཀྱི་རྟགས་ཡིན་མོད། འོན་ཀྱང་དམིགས་བསལ་གྲང་ཆུ་ཡིན་ཀྱང་སྤྲིས་མ་མཐུག་པོ་ཆགས་པ་། ཐུར་རྩི་སོགས་ཀྱིས་ཚུར་བླངས་ཏེ་གཞན་དུ་བཞག་བཏུབ་པ་ལྟ་བུ་བྱུང་ན་སྤྲིས་མ་དེ་ ལྟ་བུ་མིང་ལ་ཞག་རྒོད་ཅེས་བྱ་སྟེ། མེར་བསེགས་པས་གསུར་དྲི་བྱུང་ན་མར་མ་ཞུ་བ་ཙམ་ཡིན་པས་བཅོས་མི་དགོས་ཏེ་མ་བཅོས་ ཀྱང་འཚོ་ཡོད་པས་ཤན་འབྱེད་དགོས་ལ། དྲི་ཆུ་དེ་སྒུལ་བསྐྱོད་སོགས་ཀྱི་རྐྱེན་གང་ཡང་མེད་པར་དུམ་བུར་ཆད་དེ་གས་པ་ན་ སྐྲན་ནད་ཀྱི་རྟགས་ཡིན་ལ་དམིགས་བསལ་ཏུ་ཤེས་དགོས་པ་ནི་ཚ་ཆུའི་མཚན་ཉིད་གཞན་ རྣམས་ཚང་བ་ལ་སྤྲིས་མ་ཧ་ཅང་མཐུག་པོ་བྱུང་བ་ནི་ཚད་པས་ལུས་ཟུངས་ཞུ་བའི་ཞག་ཡིན་ པ་དང་། དེ་བཞིན་གྲང་ཆུའི་མཚན་ཉིད་གཞན་རྣམས་ཚང་བ་ལ་སྤྲིས་མ་ཤིན་ཏུ་མཐུག་པོ་བྱུང་བ་ དེ་ནི་མར་སྟེ་སྣུམ་གྱི་རིགས་མ་ཞུ་བ་ཡིན་པར་ངེས་སོ། གཞན་གློ་རྣག་ཡོད་པའི་རྟགས་སུ་ཆུ་ཀར་ཞིང་ཀུ་ཡ་སྤྲིན་དང་འདྲ་བ་འབྱུང་བ་ ཡིན། ཆུ་སྣོད་དུ་བཏང་བའི་ཕྱོགས་ངོས་ཟིན་པར་བྱས་ལ་མི་བསྒུལ་བར་བཀབ་ནས་བཞག་ལ་ ངད་ཡལ་དུས་སྤྲིས་མའི་གཟུགས་ལས་གདོན་ངོས་འཛིན་ཚུལ་གདོན་ཆུ་བརྟག་པའི་སྐབས་ ཞིབ་ཕྲ་གསལ་བའོ།།
ས་བཅད་བཞི་བ། དྲི་ཆུར་བརྟག་པའི་དགོས་པ།
རྒྱུད་ ལས། སྤྱིར་ན་དོན་ནད་རྩ་གསལ་སྣོད་ནད་ཆུ།། འཚོ་འཆི་ལ་ཤན་རྩ་ཡིས་འབྱེད་ན་ཡང་།། ཚ་གྲང་ལ་ཤན་ཆུ་ལ་མཐོང་བས་གསལ།། དེ་ཕྱིར་མཁས་པས་ཆུ་ལ་བརྟག་པར་བྱའོ།། ཞེས་དང་། བོད་ཀྱི་གསོ་བ་རིག་པ་ལོ་ངོ་སུམ་སྟོང་ལྷག་ཙམ་གྱི་ལོ་རྒྱུས་དོན་སྙིང་ཟབ་མོ་ ལྡན་པ་དང་། ནང་དོན་ཕུན་སུམ་ཚོགས་པའི་རང་རིགས་ཀྱི་ཁྱད་ཆོས་ལྡན་པའི་གསོ་བ་རིག་པ་ཕུལ་དུ་ བྱུང་བ་ཞིག་ཡིན་ཞེས་བརྗོད་པ་ཡང་བརྟག་པ་རྩ་ཆུའི་མདོ་ལས་ར་སྤྲོད་གསལ་བོར་བྱས་ པས་མཚོན་ལ་ལྷག་པར་དུ་དྲི་ཆུར་བརྟག་ནས་ནད་ངོས་འཛིན་པའི་བརྟག་ཐབས་ཁྱད་དུ་མཚར་ བ་འདི་ལྟ་བུ་རྒྱ་ནག་གི་སྨན་གཞུང་རྣམས་ཀྱི་ནང་དུ་གཏན་ནས་མེད་པར་མ་ཟད། འཕགས་ཡུལ་གྱི་གཞུང་ཆེན་མོ་རྣམས་ཀྱི་ནང་དུའང་མ་མཆིས་པས། འདི་དག་ནི་སྨན་གྱི་རྒྱལ་བོ་དང་དབྱེར་མེད་རྗེ་བཙུན་གཡུ་ཐོག་ཡོན་ཏན་མགོན་པོས་ མཛད་པ་སྟེ། སྟག་ཚང་ལོ་ཙྰ་བ་ཤེས་རབ་རིན་ཆེན་གྱིས། རྩ་ཆུའི་སྒོ་ནས་ནད་ངོས་འཛིན་པ་ནི།། རྒྱ་གར་འཕགས་པའི་ཡུལ་ན་བཤད་པ་མེད།། བོད་ཀྱི་སྨན་པ་བྱང་ཆུབ་བསམ་དཔས་མཛད།། ཅེས་གསུངས་པ་ལས་རེག་པ་རྩའི་བརྟག་ཐབས་དང་མཐོང་བ་ཆུའི་བརྟག་ཐབས་གཉིས་ནི་རང་ རིགས་གསོ་བ་རིག་པའི་ཁྱད་ཆོས་ཞིག་ཡིན་པ་གསལ་བོར་རྟོགས་ཐུབ་པ།མཇུག་དོན་ལས་ ཀྱང་བོད་ཀྱི་ཡུལ་དུ་རྩ་ཆུའི་བརྟག་པ་བསྟན་།། ཞེས་གསུངས་པ་བཞིན། དེ་ལྟར་དཔལ་ལྡན་རྒྱུད་བཞི་གཙོར་བྱས་གཞུང་ལུགས་ཀྱི་དཔེ་ཆ་དང་། དཔྱད་གཞིའི་ཡིག་ཆ་གང་མང་བལྟ་ཀློག དེ་བཞིན་དགེ་རྒན་རྣམ་པར་སློབ་སྟོན་ཞུས་པ་བཅས་ལས་དྲི་ཆུའི་གྱུར་ཚུལ་དང་། དེར་བརྟག་པའི་ཆ་རྐྱེན། ནད་གཞི་བརྟག་ཚུལ་རྣམ་པ་དྲུག་ལས་ནད་ཇི་ལྟར་བརྟག་ཐབས་སྐོར་རང་བློས་གང་ཁབ་ཀྱི་ མིག་ལྟར་དོག་ཅིང་། ཤེས་བྱའི་ནོར་གྱིས་ཤིན་ཏུ་དབུལ་བའི་རྐྱེན་གྱིས་རྒྱུད་གཞུང་གི་དགོངས་དོན་གོ་ བ་ཕྱིན་ཅི་ལོག་པ་དང་། ལོ་མས་འབྲས་བསྒྲིབས་ལྟ་བུའི་སྐྱོན་མང་དུ་འབྱུང་སྲིད་ཀྱང་མཁྱེན་ལྡན་བཤེས་ གཉེན་དམ་པ་རྣམས་ཀྱི་སྤྱན་སྔར་འཐོལ་ཞིང་བཞགས་པར་ཐུགས་དང་བརྩེ་བ་ཆེན་པོའི་ སྒོ་ནས་སློབ་སྟོན་སྲོལ་བར་ཞུའོ།། །།
|