ཚ་ཆུའི་ལོ་རྒྱུས་དང་ཕན་ནུས་དབྱེ་ཞིབ་སྐོར། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 02.08.2015 |
༄༅། །མགར་ས་དང་སྤུ་ནང་ཁ་རྫོང་ཁག་གཉིས་ཀྱི་ཚ་ཆུའི་ལོ་རྒྱུས་དང་ཕན་ནུས་དབྱེ་ཞིབ་སྐོར།
- དྲུང་འཚོ་སངས་རྒྱས་དབང་འདུས།
ལེགས་སྦྱར་བ། རྒྱལ་ཡོངས་ནང་པའི་གསོ་རིག་སྤེལ་ཁང་།
སྨན་ལྗོངས་འབྲུག་གི་རྒྱལ་ཁབ་འདིར་རང་བཞིན་ལྷུན་གྱིས་གྲུབ་པའི་ངོ་མཚར་ཅན་གྱི་ཚ་ཆུ་གྲངས་ཀྱིས་མ་ཆོད་པར་ཡོད་པའི་ནང་གསེས་ཡོངས་གྲགས་ཅན་འབྲུག་བྱང་ཕྱོགས་མགར་ས་(བཀྲིས་མཐོང་སྨོན་རྫོང་དང་)སྤུང་ཐང་བདེ་བ་ཆེན་པའི་ཕོ་བྲང་རྫོང་ཁག་གཉིས་ཀྱི་ས་གནས་སུ་ཡོད་པའི་ཚ་ཆུ་འདི་འབྲུག་མི་ཡོངས་ཀྱིས་དགུན་དང་སྟོན་དཔྱིད་ཀྱི་དུས་སུ་སྤྱིར་ལུས་ཁམས་བདེ་སྲུང་གི་ཆེད་དུ་དང་། ཁྱད་པར་ཉེས་པ་རླུང་མཁྲིས་བད་ཀན་དང་གཞན་རྐྱེན་གང་རུང་གིས་ལུས་ཁམས་འཁྲུགས་པའི་ཚེ་ན་ཡང་ནད་གཞི་དང་འཁྲིལ་ཏེ་རང་གི་བློ་འདོད་དང་དལ་འཁོམ་དང་བསྟུན་ཚ་ཆུ་བསྟེན་བཞིན་དུ་ཡོད།
ད་རེས་རང་ཉིད་ནས་སྤྱིར་གསོ་བ་རིག་པའི་གཞུང་ལྟར་དུ་ཚ་ཆུའི་ངོ་བོ། ངེས་ཚིག དབྱེ་བ། བསྟེན་རུང་མི་རུང་། ཕན་ཡོན་བཅས་དང་། ཁྱད་པར་དུ་གོང་གསལ་རྫོང་ཁག་གཉིས་ཀྱི་ས་གནས་སུ་ཡོད་པའི་ཚ་ཆུའི་ལོ་རྒྱུས་དང་། ཚ་ཆུའི་དངོས་རྫས་ཤས་ཆེ་ཆུང་། དེའི་ཕན་ནུས་དྲོད་ཚད་ཀྱི་ཁྱད་པར། ནད་པར་དངོས་སུ་དྲིས་གཏུགས་བྱས་པའི་ཚ་ཆུ་བསྟེན་པའི་ནད་གཞི་དང་ན་ཚོད་ཀྱི་དབྱེ་བ། ཕན་གནོད་ཀྱི་དབྱེ་ཞིབ་བཅས་ཀྱི་སྐོར་ད་ལོ་སྤྱི་ལོ་༢༠༡༢ ལ་རང་རེ་བོད་པའི་རྒྱལ་སྤྱིའི་སྨན་གྱི་ཞལ་འཛོམས་སུ་སྤྱན་འབུལ་ཞུ་རྒྱུ་ཡིན།
ངོ་སྤྲོད།
བཤད་རྒྱུད་ལས། གསོ་བ་རིག་པའི་དོན་རྣམས་མདོར་བསྡུ་ན། །གསོ་བྱ་གསོ་བྱེད་ཇི་ལྟར་གསོ་བ་དང་། །གསོ་བ་པོ་དང་རྣམ་པ་བཞི་རུ་བཤད། །ཅེས་གསུངས་པ་བཞིན། གསོ་བ་རིག་པའི་དོན་རྣམས་མདོར་བསྡུས་ཏེ་བཤད་ན། གསོ་བར་བྱེད་པའི་ཡུལ་དང་། གསོ་བར་བྱེད་པའི་གཉེན་པོ། གསོ་བར་བྱེད་པའི་ཐབས། གསོ་བ་པོ་སྨན་པའི་ཚུལ་དང་རྣམ་པ་བཞི་རུ་བསྡུས་པ་ཡིན། དེའི་ནང་ནས་གསོ་བར་བྱེད་པའི་གཉེན་པོ་སྟོང་དང་རྩ་གཉིས་ལ་སོགས་པ་ཡོད་པ་རྣམས་ཚུར་བསྡུ་ན་ཟས་སྤྱོད་སྨན་དཔྱད་བཞི་རུ་མ་བསྡུས་པ་མེད། དེ་ཡང་རྒྱུད་ལས། དཔྱད་རྣམས་གང་བྱེད་དཔྱད་ལྔའི་ནང་བཞིན་སྦྱོར། །ཞེས་གསུངས་པ་བཞིན་གཏར་བསྲེག་དུགས་ལུམས་བྱུག་པ་ལྔ་ཡོད་པའི་ནང་ནས་རང་འབྱུང་གི་ཆུ་ལུམས་འདི་ནི་འཚོ་བྱེད་གྲུབ་པས། རྒྱལ་བ་སྲས་བཅས་སྤྱི་མཐུན་གྱི། །ཐུགས་རྗེའི་སྨོན་ལམ་བསོད་ནམས་ལས། །སྲིད་པའི་རླན་གཤེར་ཆུ་ཁམས་བྱུང་། །ཆུ་ཉིད་གཅིག་ཀྱང་འབྱུང་ལྔ་ཡིས། །རང་བཞིན་ལྔ་རུ་ངེས་པ་ཡིན། །ཞེས་རང་བཞིན་ཆུ་ཚན་ནི་སྤྱིར་སངས་རྒྱས་དང་བྱང་ཆུབ་སེམས་པའི་ཐུགས་རྗེ་སྨོན་ལམ་དང་། སེམས་ཅན་གྱི་སྤྱི་མཐུན་བསོད་ནམས་ལས་གྲུབ་སྟེ་ཁྱད་པར་དུ་དུས་རབས་༨ པའི་ནང་ཨྱོན་གུ་རུ་རིན་པོ་ཆེ་ལ་སོགས་པའི་སྐྱེས་ཆེན་དམ་པ་མང་པོ་ཞིག་འབྲུག་ཡུལ་དུ་ཞབས་བཅགས་བྱིན་གྱིས་བརླབས་པས་སྐུ་དྲིན་ལས་མ་བསྐོལ་རང་བཞིན་འཁོལ་བའི་ཆུ་ཚན་ནང་མ་བཏབ་སྨན་རྫས་ཚང་བའི་ཆུ་ཚན་མང་པོ་ཞིག་སྐྱེ་འགྲོ་སྤྱིའི་བསོད་ནམས་ཀྱི་བགོ་སྐལ་དུ་གྲུབ་ཡོད། རེ་ཟིག་ནེའུ་ལེའི་རྐྱལ་པ་ལས། དབྱེ་བ་འབྱུང་ཆེན་རྣམ་ལྔ་ཡི། །ནང་ནས་ཆུ་ཉིད་གཅིག་པུ་ལ། །འབྱུང་བ་ལྔ་ཡི་བདག་ཉིད་ཚང་། །ཆ་ཤས་ནུས་པའི་ཁྱད་པར་གྱིས། །རྣམ་པ་ལྔ་རུ་ཡང་དག་བཤད།། ཅེས་རྒྱུ་རྡོ་སོལ་དང་དངོས་རྫས་གཞན་ལས་འབྱུང་བའི་རང་བྱུང་ཆུ་ཚན་དེ་ཡང་དབྱེ་བ་ལྔ་ལ་སོགས་པར་ཕྱེ་ཆོག་པ་ཡིན།
དེ་ཡང་འབྲུག་བྱང་ཕྱོགས་ཁ་སྟོད་དུ་ཡོད་པའི་མགར་ས་རྫོང་ཁག་ནང་དུས་རབས་ ༡༧ པའི་སྐོར་ནང་གྲུབ་ཐོབ་གཏེར་ཁུངས་པ་ཟེར་བའི་སྐྱེས་ཆེན་དམ་པ་དེ་ཡིས་སྒྲུབ་པ་གནང་བའི་རྗེས་སུ་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་ཆིབས་ཁ་ལྷོར་བསྒྱུར་ཏེ་ས་གནས་དེར་གནས་བདག་དང་འདྲེ་སྲིན་མ་རུངས་པ་རྣམས་ལ་བཀའ་བསྒོ་དམ་བཞག་མཛད་དེ་ཚ་ཆུའི་གནས་བདག་ལྟོགས་ལེ་ཕ་ཁབ་ཅེས་པ་དེ་ཡང་དོན་གྲུབ་ནོར་བཟང་ཞེས་མིང་གནས་གྱུར་མཛད་གནང་འདུག དེ་ནས་རིམ་པར་མགར་ས་རྫོང་གདན་ས་ཆགས་པ་ནས་བཟུང་མཚན་ཡང་མགར་ས་རྫོང་ཞེས་གསོལ་གནང་འདུག དེ་ལྟར་བྱིན་གྱིས་བརླབས་གནང་བའི་ས་གནས་དེར་ཚ་ཆུའི་རྫིང་བུའི་ཆུ་རླུང་རབ་ཏུ་རྒྱས་ཡོད་པ་ལས་སྔོན་ནས་དེ་གའི་མི་རྣམས་དད་པ་དང་དག་སྣང་ཐོག་ཚ་ཆུ་རྒྱག་ཡོད་པའི་མིང་དང་དོན་མཐུན་པར་བལ་ཆུ་ཞེས་ལབ་སྲོལ་ཡོད་པ་དེར་ད་ལྟ་རྫིང་མི་འདྲ་བ་ཁག་བཞི་ཡོད། ཡིན་ནའང་ཆོས་ཐམས་ཅད་མི་རྟག་པའི་རང་བཞིན་ལས་མ་འདས་པས་སྤྱི་ལོ་ ༢༠༠༨ ལོར་ཆུ་རུད་ཀྱི་རྐྱེན་ངན་གྱིས་ཚ་ཆུའི་རྫིང་བཞི་རྩ་བ་ནས་ཁྱེར་ཟིན་ཡོད་ཀྱང་དེའི་ཤུལ་གྱི་ཚ་ཆུའི་ངོ་བོ་དྲོད་ཚད་སོགས་ལ་འཕོ་འགྱུར་གང་ཡང་མེད་པར་འབབ་བཞིན་ཡོད་པས་འབྲུག་མི་རྣམས་ཚ་ཆུ་རྒྱག་རྒྱུའི་དད་མོས་ཆེ་བས་ད་དུང་ཡང་སྔར་ལྟར་བསྟེན་བཞིན་ཡོད། དེ་བཞིན་སྤུང་ཐང་བདེ་བ་ཆེན་པོའི་ཕོ་བྲང་གི་བྱང་ཕྱོགས་སུ་ཉིན་ལམ་གཅིག་གི་སར་ཡོད་པའི་ཆུ་སྦུག་ཚ་ཆུ་ཟེར་བ་དེ་ཡང་ཞབས་དྲུང་རིན་པོ་ཆེ་སྐུ་གཟུགས་འཕྲོད་བསྟེན་གྱི་དོན་དུ་ཚ་ཆུ་དེར་བྱོན་ཏེ་བྱིན་གྱིས་བརླབས་གནང་བར་མ་ཟད། བྲག་ཉི་ཟླ་ཁ་སྦྱོར་ལས་ཚེ་ཆུ་བཏོན་གནང་བའི་ས་གནས་ངོ་མཚར་ཅན་དེར་ཤིན་ཏུ་ཚ་བའི་རྫིང་གོང་འོག་གཉིས་པོ་དེ་སྔར་ནས་ད་ཚུན་འབྱུང་བཞིའི་རྐྱེན་ངན་གང་གིས་ཀྱང་མ་གནོད་པར་གནས་ཡོད།
དམིགས་ཡུལ།
༡། མི་རྣམས་ཀྱིས་ཚ་ཆུའི་ཁུངས་དང་དགོས་པའི་སྐོར་ཤེས་པའི་ཆེད་དུ།
༢། ཚ་ཆུ་དེའི་རྒྱུ་རྫས་དང་ཕན་ནུས་བཅས་ཧ་གོ་ཞིང་ཁྱབ་སྤེལ་གང་མང་གཏོང་ཆེད།
༣། ཚ་ཆུ་སོ་སོའི་ཕན་ནུས་ཀྱི་ཁྱད་པར་དང་ཕན་ནུས་ཚུལ་བཞིན་ཤེས་ནས་རང་གི་འཕྲོད་བསྟེན་གོང་འཕེལ་གཏོང་ཆེད།
༤། ཚ་ཆུ་བསྟེན་མཁན་རྣམས་ནད་གཞི་གང་ཤས་ཆེ་བ་དང་ན་ཚོད་ཀྱི་ཁྱད་པར་ཇི་ལྟར་ཡོད་ལུགས་ཧ་གོ་བའི་ཆེད་དུ།
༥། ཚ་ཆུ་རྒྱག་སྟངས་དང་དུས་ཚོད་ཤེས་ཐབས་སུ།
ཐབས་ལམ།
༡། མུ་ཟི་ལ་སོགས་པའི་དངོས་རྫས་གང་ཤས་ཆེར་ཡོད་པའི་ཐོག
༢། ཚ་ཆུའི་མདོག་དང་དྲི་བྲོ་བ་འཁོར་ཡུག་བཅས་དབྱེ་ཞིབ་ཐོག
༣། མི་རྣམས་ཀྱི་ཁ་རྒྱུན་དང་དཔེ་ཆའི་ཁུངས་གཏུགས།
༤། ནད་པ་དང་གྲོང་མི་དག་ལ་དྲིས་ལན།
༥། གློག་རིག་ཡོང་འབྲེལ།
ཚ་ཆུའི་རྒྱུ།
གསོ་རིག་ཚིག་མཛོད་གཡུ་ཐོག་དགོངས་རྒྱན་ལས། ཆུ་ཚན་རིགས་ལྔའི་ནུས་པ་ནི། །རྡོ་སོལ་མེད་པར་མི་འབྱུང་སྟེ། །ཞེས་གསུངས་པ་བཞིན་དང་། ཇི་སྐད་དུ། རྡོ་སོལ་ཡོད་པའི་ས་ཕྱོགས་དེར། །སྲིད་པའི་རླན་གཤེར་ཆུ་ཁམས་རྡོལ། །ལྷན་ཅིག་ཐུག་པས་ཆུ་ཚན་འབྱུང་། །དབྱེ་བ་ཆུ་དང་རྡོ་སོལ་གཉིས། །མེད་པར་ཆུ་ཚན་འབྱུང་མི་སྲིད། །དེ་ལ་སྨན་གཞན་གྲོགས་ཀྱིས་བསྒྱུར། །ཞེས་གསུངས་པ་བཞིན་རྒྱུ་རྡོ་སོལ་ལ་ཡང་རིགས་དཀར་པོ། སྔོ་སྐྱ། སྐྱ་བོ། སྔོ་ནག་བཅས་ཡོད་པ་ལས་རླན་གཤེར་གྱི་ཆུ་དང་རྡོ་སོལ་གཉིས་འཕྲད་པ་ལས་ཚ་ཆུ་བྱུང་བ་ཡིན།
ངེས་ཚིག
འཚོ་བྱེད་གྲུབ་པས། རླན་གཤེར་ཆུའི་རང་བཞིན་ལ། །རེག་བྱ་ཚ་བས་མེ་དང་མཚུངས། །དེ་ཕྱིར་ཆུ་ཚན་ཞེས་སུ་བཤད། །ཅེས་དང་། མ་ལ་ཡའི་དཀའ་འགྲེལ་ལས། རླན་གཤེར་ཆུ་ཡི་དངོས་པོ་ལ། །རེག་བྱ་མེ་ཡི་རང་བཞིན་ཅན། །དེས་ན་ཆུ་ཚན་ཞེས་བརྗོད་དོ། །ཞེས་གསུངས་པ་བཞིན་ནོ།།
ཚ་ཆུའི་དབྱེ་བ།
མ་ལ་ཡའི་དཀའ་འགྲེལ་ལས། སྤྱིར་ནི་ཚ་ཆུ་རིགས་ལྔ་སྟེ། །མུ་ཟི་མུ་ལྗང་རྡོ་ཞོ་དང་། །རྡོ་ཆུ་ཅོང་ཞི་ཆུ་ཚན་ལྔ། །ཞེས་དང་། མི་ཕམ་རྣམ་རྒྱལ་རྒྱ་མཚོས་། རྡོ་སོལ་ཅོང་ཞི་འདྲེས་ཆ། རྡོ་སྲོལ་བྲག་ཞུན། རྡོ་སྲོལ་མུ་ཟི། རྡོ་སོལ་ལྡོང་རོས། རྡོ་སོལ་སིན་དྷུ་ར་འདྲེས་ཆུ་ལྔའོ། །ཞེས་གསུངས། གཡུ་ཐོག་པ་ཆེན་པོས། མུ་ཟི་མུ་ལྗང་རྡོ་ཞོ་དང་། །རྡོ་ཆུ་ཅོང་ཞི་ཆུ་ཚན་ལྔ། །རྩ་བའི་སྨན་ཆུ་རིགས་ལྔ་ཡིན། །དེ་དག་ཕན་ཚུན་འདྲེས་པ་ལས། །གཅིག་ལ་ལྔ་ལྔ་ཉི་ཤུ་ལྔ། །རྒྱས་པར་ཕྱེ་ན་དཔག་ཏུ་མེད། །ཅེས་དང་། དྲི་མིད་ཤེལ་ཕྲེང་དུ། སྤྱིར་ནི་ཆུ་ཚན་རིགས་ལྔ་སྟེ། །ཆུ་ཚན་ཕན་ཚུན་འདྲེས་པ་སོགས། །བྱེ་བྲག་དབྱེ་བ་བརྒྱ་རྩ་ཅིག །མཆོག་དམན་ལ་སོགས་ཤེས་པར་བྱ། །སྨན་ཆུ་དག་ལས་འདྲེས་པ་ལས། །རིགས་ནི་དཔག་ཏུ་མེད་པ་འབྱུང་། །ཞེས་པ་ལ་སོགས་པའང་ཡོད་པས་བློ་ལྡན་རྣམས་ཀྱིས་དཔྱོད་ཅེས་གསུངས་པ་བཞིན་ནོ།།
ཚ་ཆུ་སྤྱིའི་ཕན་ནུས།
རྒྱུད་ལས། ཆུ་ལུམས་སྤྱི་མཐུན་ལས་གྲུབ་ཆུ་ཚན་ཞུགས། །འགྲམས་དུག་ཚད་རྙིང་བྱེར་ཞིང་ཞེན་པ་དང་། །འབྲས་དང་རྨ་རྒན་སུར་ཡ་རྩ་ནད་དང་། །རེངས་འཁུམས་སྒུར་པོ་ཤ་སྐམ་འདོན་པར་བྱེད། །ལུམས་ཀྱིས་ཚ་རླངས་ཆུ་སེར་བ་སྤུར་འདོན། །རླུང་འདུལ་སྐྲངས་འཇོམས་སྐེམ་པོ་ཤ་རྒྱས་བྱེད། །ཅེས་དང་། དྲི་མེད་ཤེལ་གོང་ལས། ཕན་ཡོན་དུག་ཚད་རྙིང་བྱེར་འདོན། །དྲེག་གྲུམ་འབམ་འབྲས་རེངས་པ་འདུལ། །འབྲས་དང་སུར་ཡའི་རྣག་ཆུ་སྐེམས། །དགྱེ་བོ་གུགས་ཤིང་སྒུར་པོ་རྐྱོངས། །སྐེམ་པོ་རྒྱས་དང་སྦོམ་པོ་དབྲི། །ཆུ་སེར་འོར་དང་དམུ་ཆུ་སྐེམས། །ཤ་པགས་རྩ་རུས་ཐིག་ལྷད་འདོན། །དྲི་སྦྱོངས་བཀྲག་ལེགས་ལུས་འཇམ་བྱེད། །ཅེས་དང་། ཡོངས་གཏད་ལས། འབྲས་ཀྱི་ནད་ལ་ལུམས་དང་མེ་བཙའ་མཆོག །ཅེས་གསུངས་པ་བཞིན་དྲེག་གྲུམ། རྐང་འབམ་རུས་ཚིགས་ན་བ། གྲིབ་སྐྱོན་དང་རྩ་དཀར་ཡན་ལག་ཞ་བ། ཁྲག་སྐྲན། རྐེད་པ་ན་བ། ཤ་བཀྲ། པགས་ནད། ཆུ་སེར་མཛེ་ནད། རྨ་རྙིང་། དོན་སྣོད་སུརྱ། ལྷན་སྐྱེས་རྨ་ནད་རྙིང་པ་བཅོས་དཀའི་རིགས། འབྲས་དང་དུག་གི་གྲང་ནད། ཁྲག་རྩ་དང་ཤ་ལྤགས་ལ་ཚ་བ་བྱེར་ཏེ་འབུར་བ། རྐེད་རྩ་འཆུས་པ། པགས་ནད་ཆུ་སེར་གྱི་རིགས། རྨ་འབྲས། ཚད་རྙིང་ཤ་ལྤགས་རྩ་ཚིགས་ལ་ཞེན་པ། དུག་གི་ནད་རོ། རླུང་གིས་སྦོས་པ། པགས་པའི་མདངས་ཉམས་པ། པགས་པ་རྩུབ་པ། གཞན་ཡང་འཕྱེན་རྟུག་གཅིན་བཅས་ཀྱི་ཤུགས་བཀག་པ་ལས་བྱུང་བའི་ཉེས་པ་བཅས་ལ་ཕན།
ཁྱད་པར་རིགས་ལྔ་སོ་སོའི་ཕན་ནུས།
རྡོ་སོལ་ཅོང་ཞི་འདྲེས་པའི་ཆུ། །རབ་ཏུ་ཚ་བའི་ནད་རྣམས་སེལ། །རྡོ་སོལ་མུ་ཟི་འདྲེས་པའི་ཆུ། །ཁྱད་པར་གྲང་བའི་ཆུ་སེར་འཇོམས། །ཅུང་ཟད་རྩུབ་པས་རླུང་ལ་གནོད། །རྡོ་སྲོལ་བྲག་ཞུན་འདྲེས་པའི་ཆུ། །བསིལ་དྲོད་སྙོམས་པས་ལྡན་འདུས་སེལ། །དེ་བཞིན་རྡོ་སོལ་ཅོང་ཞི་དང་། །མུ་ཟི་གསུམ་འདྲེས་ཆུ་ཚན་ནི། །ཀུན་ལ་ཡོད་དེ་གྲང་རྐྱང་སེལ། །རྡོ་སོལ་མུ་ཟི་བྲག་ཞུན་དང་། །ཅོང་ཞི་ལྡོང་རོས་འདྲེས་པའི་ཆུ། །ཆུ་སེར་ཚ་བ་ལ་སོགས་སེལ། །ཞེས་གསུངས་པ་བཞིན་ནོ།།
ཆུ་ཚན་རྒྱག་རུང་བའི་ནད་གཞི།
དྲེག གྲུམ་བུ། རྩ་དཀར། ཡན་ལག་རེངས་པ་དང་འཁུམས་པ། ཞ་བ། འབྲས་ནད། ལྷོག་པ། རྨ་རྙིང་། རྨ་གསར། སུར་ཡ་སྐྲངས་པ། རླུང་ཚབས། རྐེད་པ་སྒུར་བ། ཤ་འབྲས། རུས་འབྲས། རྩ་ནད། བུད་མེད་ཀྱི་ཚབས་ནད། སྒལ་ཚིགས་བུད་པ། ཤ་དང་རུས་པའི་བར་ཆུ་སེར་བསགས་པ་དང་། རླུང་ནད་ཀུན་ལ་ཕན་པ་མ་ཟད་ཁྱད་པར་གྲང་བའི་ནད་རིགས་ལ་དུགས་དང་ལུམས་ཞེས་རྒྱུད་ནས་གསུངས་པ་ལྟར་ཕན་ཐོགས་ཡོད་པ་ཡིན།
ཆུ་ཚན་རྒྱག་མི་རུང་བའི་ནད་གཞི།
སྙིང་ནད། ཁྲག་ཤུགས་ཅན། རླུང་ནད་ཅན། གཉན་ཚད། ཧ་ཅང་ལོ་ན་རྒས་པ། ལུས་ཟུངས་ཤིན་ཏུ་ཞན་པ། བུད་མེད་སྦྲུམ་མ། རིམས་ཚད། འཁྲུགས་ཚད། ཚ་བ་རྒྱས་པ། སྐྱ་རྦབ། དང་ག་འགགས་པ། བུད་མེད་ཟླ་མཚན་ལྡན་པའི་དུས་དང་། ཟས་ཟོས་མ་ཐག་པར་ཡང་ཆུ་ལུམས་རྒྱག་ཏུ་མི་རུང་། གལ་སྲིད་རྒྱག་དགོས་པར་བྱུང་ན་ཡང་དུས་ཡུན་གང་ཐུང་རྒྱག་དགོས། ཁྱུང་སྨོན་ལམ་གྱིས། འདུག་ཏུ་མི་རུང་བསམ་བྱ་ནི། །ཚ་རིམས་འཁྲུགས་ཚད་རྒྱས་པ་དང་། །ཁྲག་མཁྲིས་ཁྲག་ཚད་མཐོ་བ་དང་། །གློ་སྙིང་སྦྲུམ་མ་སོགས་ལ་འཛེམས། །ཞེས་གསུངས་པ་བཞིན་ནོ།།
གནས་ཀྱི་དབང་གིས་མི་རུང་བ་ནི།
མིག་དང་། མཁུར་ཚོས། རླིག་པ། དྲེག་བཞི་སྟེ་རྐང་པའི་མཐེ་བོང་གཉིས་དང་། ལག་པའི་གྲུ་མོ་གཉིས། ལྟོ་བ་སྟེ་ཕོ་བ་རྒྱུ་ལོང་གི་ཡུལ། སྙིང་གའི་གནས་སམ་སྙིང་འཕར་བའི་གནས་རྣམས་སུ་ལུམས་མི་རུང་ཞེས་གསུངས་ཡོད་པས་དེའི་ཐབས་སུ་སོག་པོ་ལུང་རིག་བསྟན་དར་གྱིས་དྲེག་བཞི། རླིག་པ། ལྟོ་བ། སྙིང་གི་གནས་རྣམས་སུ་རས་དཀར་གང་རུང་ཅིག་གིས་དམ་དཀྲིས་ཏེ་ཆུ་ཚན་ལ་ཞུགས་དགོས་པའི་ཐབས་ལམ་དག་གསུངས་ཡོད་པ་བཞིན་ལག་ལེན་དགོས།
ཆུ་ཚན་རྒྱག་སྐབས་སྐྱབས་སེམས་སྔོན་འགྲོ།
ཆུ་ཚན་རྒྱག་པའི་སྐབས་སྐྱབས་སེམས་སྔོན་འགྲོ་རང་གི་ཡི་དམ་གང་ཡིན་དེའི་རྣལ་འབྱོར་བསྒོམས་ཏེ་མདུན་གྱི་ནམ་མཁར་ཚོགས་ཞིང་གསལ་བཏབ་ཡན་ལག་བདུན་པ་མནྜལ་དང་བཅས་སྤྱི་དང་། ཁྱད་པར་གྱི་གསོལ་འདེབས་རང་གིས་གང་ཤེས་ཅི་ནུས་བགྲངས་ནས་དེ་དག་གི་སྐུ་ལས་འཕྲོས་པའི་འོད་ཟེར་གྱིས་སྣོད་བཅུད་འཁོར་འདས་ཀྱིས་བསྡུས་པའི་ནད་སེལ་བའི་སྨན་གྱི་བཅུད་ཐམས་ཅད་བདུད་རྩིའི་ཆུ་རྒྱུན་རོ་དྲུག་ལྡན་གྱི་རྣམ་པར་བསྡུས་ཏེ་ཆུ་ཚན་ལ་ཐིམ་པར་གསལ་བཏབ་པ་དང་། དུས་གཅིག་སྐྱབས་ཡུལ་རྣམས་གྱི་སྐུ་ཆས་ལས་བབ་པའི་བདུད་རྩི་སྣ་ལྔ་འོད་ཟེར་དང་བཅས་པའི་རྒྱུན་གྱིས་གནོད་པའི་བགེགས་རིགས་དང་རང་དང་འདིར་གནས་པའི་གནས་བདག་ལ་སོགས་ཀྱི་ནད་དང་སྡུག་བསྔལ་མཐའ་དག་བྱང་སྟེ་ལེགས་ཚོགས་ཡོན་ཏན་ཐམས་ཅད་འཕེལ་བར་བསྒོམ་དགོས་པ་ཡིན།
ཆུ་ཚན་རྒྱག་སྟངས།
དང་པོ་ཆུ་ཚན་ནང་ཞུགས་པའི་ནད་པ་སུ་ཡིན་རུང་རྟབ་རྟོབ་ཏུ་སྦང་མི་རུང་སྟེ། རབ་སྨན་པའི་བསླབ་བྱ་ལ་གཞི་བཟུང་། དེ་མིན་ཡང་ཆུ་ཚན་རྒྱག་རུང་མི་རུང་གི་ཁམས་འཕྲོད་དང་ལམ་འགྲུལ་བཟང་ངན་སོགས་བརྟག་ཏེ་བྱ་དགོས་པ་མ་ཟད་རང་རང་གི་ནད་གཞི་དང་འཁྲིལ་བའི་ཆུ་ཚན་གང་ཡིན་དྲི་གཏུགས་བྱ་སྟེ་བསྟེན་ཐབས་དང་པོ་གང་གྲང་བ་དེ་ལས་འགོ་བཟུང་དེ་ལས་རིམ་པར་བཞིན་ཇེ་ཚར་བཏང་སྟེ་རྒྱག་དགོས་པ་ཤིན་ཏུ་གལ་ཆེ་བ་ཡིན།
རླུང་ཤས་ཆེ་བ་ལ་ཉིན་ཞག་རེ་གཉིས་རེ་རྒྱག་པས་གཟུགས་ཁམས་བདེ་སྲུང་ལ་ཕན་ཐོགས་ཆེ་བར་གསུངས་འདུག ཆུ་ཚན་རྒྱག་པའི་སྐབས་དམིགས་བསལ་གྱི་ནད་གཞི་གང་ན་བའི་གནས་སུ་ལག་པས་འཕུར་མཉེ་བྱ་དགོས་པ་མ་ཚད་ལྷག་པར་སྐྲན་ནད་ཡོད་པའི་སར་ལག་པས་འཇམ་པའི་སྒོ་ལས་བརྡུང་བ་དང་བསྐོར་བའི་ཚུལ་གྱིས་ཕུར་མཉེ་བྱེད་དགོས་པ་ཡིན། ཆུ་ཚན་རྒྱག་སྐབས་ཕལ་ཆེར་ནད་གཞི་སློང་གྱིན་ཡོད་པས་དེ་ལ་བསྒྱུར་བ་མ་བྱེད་པར་ཡུན་བསྲིངས་ཏེ་སྦང་དགོས་པ་དང་ཆུ་ཚན་རྒྱག་ཚར་ཏེ་ཐོན་མ་ཐག་ཐུག་པ་ལ་སོགས་ཚ་པོའི་རིགས་འཐུངས་ཏེ་དྲོ་བའི་གོས་ཀྱིས་སྤུར་ནས་ལུས་ནས་རྔུལ་ཐོན་པའི་རྗེས་ལུས་ནད་བ་སྤུ་ནས་དྲང་བའི་ཐབས་ཟབ་མོ་བྱ་དགོས། ཡིན་ན་ཡང་ཁྲག་མཁྲིས་འདྲེས་པའི་ནད་ལ་དང་པོ་སྔོན་འགྲོ་ཞི་བྱེད་ཀྱི་སྨན་དང་གཏར་སྦྱོངས་ཀྱི་རིགས་ལེགས་པར་བསྟེན་དགོས་པ་གལ་ཆེན་ཡིན། དེ་ཡང་རྒྱུད་ལས། ཁྲག་མཁྲིས་འདྲེས་པའི་ནད་དག་ལ། །དང་པོར་གཏར་སྦྱོངས་ལེགས་བསྟེན་ནས། །རྗེས་སུ་ཆུ་ཚན་དལ་བུས་བསྟེན། །ཞེས་གསུངས་པ་བཞིན་ནོ།།
ཆུ་ཚན་རྒྱག་པའི་དུས།
སྤྱིར་གསོ་རིག་གཞུང་གང་དུ་ཡང་དུས་ཚོད་དཔྱིད་དང་སྟོན་གྱི་དུས་སུ་ཚ་ཆུའི་ནུས་པ་འཕེལ་བའི་དུས་དང་དགུན་གྱི་དུས་འཁྱགས་རོམ་སོང་བ་དབྱར་དུས་ཆར་རླུང་རྒྱས་པས་ཚ་ཆུའི་ནུས་པ་ཉམས་པར་གསུངས་ཡོད་ཀྱང་། འབྲུག་མི་རྣམས་ནི་དགུན་སྟོད་དང་དགུན་སྨད་ཀྱི་དུས་སུ་ཆུ་ཚན་དུ་ཞུགས་མཁན་མང་དག་ཞིག་འདུག་པ་དེ་ཡང་ཁྱིམ་པ་རྣམས་ལས་ཀའི་བྲེལ་འཚུབ་ཟིན་པའི་ཁར་སློབ་ཕྲུག་རྣམས་ངལ་གསོའི་དུས་ཡིན་པས་གང་བདེའི་ཆུ་ཚན་བསྟེན་འདུག་ཆུ་ཚན་ལ་ཞུགས་རྒྱུའི་དུས་དེ་ཡང་གསོ་རིག་གི་གཞུང་ལས་དང་པོའི་དུས་ཡུན་གང་ཐུང་དང་དེ་ནས་རིམ་བཞིན་དུས་ཡུན་གང་རིང་ཞུགས་ཤིང་སླར་ལོག་དུས་ཡུན་གང་ཐུང་རྒྱག་དགོས་པ་དེ་ཡང་དཔེར་ན་ནས་འབྲུའི་དབྱིབས་ཇི་ལྟ་བ་བཞིན་བསྟེན་དགོས་པ་དང་། རྒྱུད་གཞུང་ལྟར་ན་ཞག་གྲངས་ ༥ ནས་ ༢༡ གི་རིང་རྒྱག་དགོས་པར་གསུངས་འདུག་ཀྱང་། ཆུ་ཚན་བསྟེན་མྱོང་བའི་ནད་པ་དང་ལུས་ཁམས་བདེ་སྲུང་གི་དོན་དུ་ཆུ་ཚན་རྒྱག་མཁན་རྣམས་ལ་དྲིས་གཏུགས་བྱས་པའི་ལག་ལེན་དངོས་ལྟར་ན་ཆུ་ཚན་རྒྱག་པའི་དུས་ཡུན། དེ་ཡང་སྤྱིར་བཏང་ཉིན་གཅིག་ཡིན་ན་ནད་པ་མང་ཆེ་བ་སྐར་མ་ ༣༠ དང་ཆུ་ཚོད་ ༡ གི་རིང་དང་ཞག་གྲངས་ཡིན་ན་བདུན་ཕྲག་ ༡ དང་ ༢ ཀྱི་བར་དུ་ཆུ་ཚན་རྒྱག་འདུག དྲི་མེད་ཤེལ་གོང་ལས། ཕན་པའི་ངེས་པ་བརྟན་པོ་ནི། །མངོན་སུམ་མ་མཐོང་བར་དུ་བསྟེན།། ཞེས་གསུངས་པ་བཞིན་ཞག་གྲངས་བདུན་ཕྲག་གཅིག་གཉིས་གསུམ་གྱི་རིང་དང་ཡང་ན་ནད་གཞི་དྲག་སྐྱེད་མ་འཐོན་གྱི་བར་དུ་རྒྱག་དགོས་པར་གསུངས་ཡོད།།
ཆུ་ཚན་ལ་ཞུགས་གྲངས་ཉིན་གཅིག་གི་དབང་དུ་བྱས་ན་མང་ཆེ་བ་སྔ་དྲོ་ཆུ་ཚོད་ ༥-༧ བར། ཉི་དྲོས་ཆུ་ཚོད་ ༩-༡༠ བར། ཕྱི་དྲོ་ཆུ་ཚོད་ ༢-༥ དེ་ནས་ས་སྲོས་དང་སྲོད་འཁོར་ཆུ་ཚོད་ ༧-༡༠ རྒྱག་འདུག་ཀྱང་ཉིན་དགུང་ལ་ཉུང་ཙམ་འདུག ཆུ་ཚན་རྒྱག་མཁན་རེ་ཟུང་ནི་ཁྲག་ཤས་མཐོ་བ་ཡོད་ཀྱང་ནན་གྱིས་ཞུགས་པ་དང་རེ་ཟུང་ནི་ཆུ་ཚན་ལ་ཞུགས་ནས་ཆུ་ཚོད་ ༣-༤ རིང་བསྡད་པའི་དབང་གིས་དྲན་མེད་བརྒྱལ་མཁན་ཡང་དངོས་མཐོང་ཡིན་པས་དེ་ཚོ་ནི་བསྟེན་ཚུལ་མི་མཁས་པ་ཡིན་པས་རྒྱུད་ཀྱི་དགོངས་པ་ལག་ཏུ་ལེན་ཤེས་དགོས་པར་འདུག།
ཟས་སྤྱོད་གཟབ་དགོས་པ།
ཆུ་ཚན་རྒྱག་པའི་སྐབས་ནད་པའི་རླུང་ཁ་དང་ཁྲག་གི་གནོན་ཤུགས་སྙིང་གི་འཕར་ལྡང་བཅས་ལ་གཟབ་ཟོན་དང་། རླུང་སྨན་དང་ཁྲག་ཤེད་གཅོག་པའི་ཟས་སྨན། ནད་གཞི་དང་བསྟུན་པའི་ཟས་སྤྱོད་གང་གཟབ་བསྟེན་དགོས་པ་མ་ཟད། ཆུ་བསིལ་འཐུང་བ་དང་། ཆུ་གྲང་མོས་ཁྲུས་བྱེད་པ་དང་། ས་རླན་ཅན་དང་བསིལ་སར་སྡོད་པ་དང་ཉལ་བ། གོས་སྲབ་པའི་རིགས་གྱོན་པ། འཇུ་དཀའ་བའི་ཁ་ཟས་དང་རྗེན་ཟས་ཀྱི་རིགས་རྣམས་སྤང་དགོས། ཁྱུང་སྨོན་ལམ་གྱིས། ཁ་ཟས་སྤྱོད་ལམ་འཛེམ་བྱ་ནི། །བྲོ་སྐྱུར་སུར་པན་སྒོག་བཙོང་དང་། །ཕག་ཤ་ར་ཤ་དུ་ཆང་ཟས། །འཁྲིག་སྤྱོད་སྤྱོད་ལམ་སོགས་ལ་འཛེམས། །ཞེས་པ་སོགས་ཀྱང་གསུངས་འདུག དོན་དངོས་སུ་ཆུ་ཚན་རྒྱག་པའི་མི་རྣམས་ནི་ཁ་ཟས་སྣུམ་དང་རུས་ཁུ་ཤ་ཆང་སྒོ་ང་ལ་སྤྱོད་མཁན་མང་དག་ཅིག་འདུག་པ་ནི་འགལ་བ་མེད་ཀྱང་ཟས་ཟོས་མ་ཐག་ཆུ་ཚན་རྒྱག་མཁན་དང་ཆུ་ཚན་ནས་ཐོན་མ་ཐག་ཆུ་གྲང་ལ་ཞུགས་མཁན་ཡང་འདུག་པས་དེ་ནི་གསོ་རིག་གི་དགོངས་པ་དང་འགལ།
མགར་ས་རྫོང་གི་ཚ་ཆུའི་དབྱེ་ཞིབ་དང་ཁ་རྒྱུན་གྱི་ཕན་ནུས།
ཨང་། |
ཆུ་རྫིང་། |
ཚ་ཆུའི་རྒྱུ། |
མཐོ་ཚད་མི་ཀྲར། |
དྲོད་ཚད། |
ཕན་ནུས། |
༡ |
རྫིང་དང་པོ། |
རྒྱུ་རྡོ་ཞོ་ཤས་ཆེ་བ། |
༢༢༠༠ |
༤༡ |
བད་ཀན་སྨུག་པོ་བད་ཀན་ལྷེན་སྐྲན་མ་ཞུ་བ་ལ་ཕན། |
༢ |
རྫིང་གཉིས་པ། |
རྒྱུ་མུ་ཟི་ཤས་ཆེ་བ། |
༢༡༩༠ |
༤༠.༥༠ |
ཆུ་སེར་དང་གྲང་བའི་ནད་ལ་ཕན། |
༣ |
རྫིང་གསུམ་པ། |
རྒྱུ་རྡོ་ཆུ་ཤས་ཆེ་བ། |
༢༢༠༠ |
༤༠.༡ |
རེངས་འཁུམས་བྱེད་དཀའ་བ་དང་རུས་ཚིགས་ན་བ་སོགས་ལ་ཕན། |
༤ |
རྫིང་བཞི་པ། |
རྒྱུ་མུ་ལྗང་ཤས་ཆེ་བ། |
༢༢༤༠ |
༤༡.༥ |
ཆུ་སེར་དང་ལྤགས་ནད་ལ་ཕན། |
སྤུ་ན་ཁ་རྫོང་གི་ཆུ་སྦུག་ཚ་ཆུའི་དབྱེ་ཞིབ་དང་ཁ་རྒྱུན་གྱི་ཕན་ནུས།
ཨང་། |
ཆུ་རྫིང་། |
ཚ་ཆུའི་རྒྱུ། |
མཐོ་ཚད་མི་ཀྲར། |
དྲོད་ཚད། |
ཕན་ནུས། |
༢ |
རྫིང་དང་པོ། |
རྡོ་སོལ་དང་མུ་ཟི་འདྲེས་པ། |
༢༩༣༠ |
༤༣.༥༠ |
བད་རླུང་གྲང་ནད་དང་ཆུ་སེར་གྱི་ནད་ལ་ཕན། |
༣ |
རྫིང་གཉིས་པ། |
རྡོ་སོལ་ཅོང་ཞི་མུ་ཟི་འདྲེས་པ། |
༢༩༢༠ |
༤༥.༦༠ |
མ་ཞུ་བད་ཀན་དང་གྲང་ནད་ལ་ཕན། |
སྤྱི་ལོ་༢༠༡༡ ཡི་ལོར་ཆུ་ཚན་རྒྱག་པའི་ནད་གཞི་དང་ཕོ་མོ་རྒན་གཞོན་གྱི་ཁྱད་པར།
ན་ཚོད་དབྱེ་བ། |
༡༡༠ |
༡༠༢༠ |
༢༠༣༠ |
༣༠༤༠ |
༤༠༥༠ |
༥༠༦༠ |
༦༠༧༠ |
༧༠༨༠ |
༨༠༩༠ |
||||||||||
ཨང་། |
ནད་གཞི་དབྱེ་བ |
ཕོ |
མོ |
ཕོ |
མོ |
ཕོ |
མོ |
ཕོ |
མོ |
ཕོ |
མོ |
ཕོ |
མོ |
ཕོ |
མོ |
ཕོ |
མོ |
ཕོ |
མོ |
༡ |
པགས་ནད། |
༢ |
༡ |
༣ |
༡ |
༢ |
༢ |
༠ |
༡ |
༠ |
༡ |
༠ |
༢ |
༠ |
༢ |
༢ |
༠ |
༠ |
༠ |
༢ |
ཕོ་རྨ། |
༠ |
༠ |
༠ |
༠ |
༠ |
༡ |
༠ |
༠ |
༠ |
༡ |
༡ |
༡ |
༠ |
༠ |
༠ |
༠ |
༠ |
༠ |
༣ |
མཁལ་ནད། |
༠ |
༡ |
༡ |
༠ |
༡ |
༢ |
༡ |
༡ |
༢ |
༣ |
༢ |
༢ |
༣ |
༤ |
༢ |
༢ |
༡ |
༠ |
༤ |
གྲང་ནད། |
༡ |
༠ |
༡ |
༠ |
༡ |
༢ |
༡ |
༡ |
༡ |
༢ |
༡ |
༢ |
༠ |
༢ |
༠ |
༢ |
༠ |
༠ |
༥ |
གཞང་འབྲུམ། |
༠ |
༠ |
༡ |
༢ |
༡ |
༢ |
༢ |
༣ |
༠ |
༣ |
༢ |
༡ |
༠ |
༠ |
༡ |
༠ |
༠ |
༠ |
༦ |
བརྡབས་འགྲམས། |
༠ |
༠ |
༠ |
༠ |
༠ |
༡ |
༡ |
༡ |
༠ |
༡ |
༡ |
༠ |
༢ |
༠ |
༠ |
༠ |
༠ |
༠ |
༧ |
རྩ་དཀར། |
༢ |
༡ |
༢ |
༢ |
༡ |
༢ |
༣ |
༤ |
༤ |
༢ |
༣ |
༢ |
༣ |
༤ |
༡ |
༢ |
༠ |
༠ |
༨ |
གྲུམ་བུ། |
༠ |
༠ |
༡ |
༠ |
༡ |
༡ |
༢ |
༣ |
༢ |
༣ |
༡ |
༣ |
༡ |
༣ |
༣ |
༢ |
༠ |
༠ |
༩ |
བད་མཁྲིས། |
༠ |
༠ |
༠ |
༠ |
༢ |
༠ |
༠ |
༡ |
༡ |
༡ |
༡ |
༠ |
༡ |
༠ |
༡ |
༠ |
༡ |
༠ |
༡༠ |
བད་རླུང་། |
༠ |
༠ |
༠ |
༠ |
༢ |
༠ |
༡ |
༢ |
༠ |
༢ |
༠ |
༢ |
༡ |
༢ |
༡ |
༡ |
༡ |
༠ |
༡༡ |
རྨ་འབྲས། |
༡ |
༠ |
༡ |
༠ |
༡ |
༠ |
༠ |
༠ |
༠ |
༠ |
༠ |
༠ |
༠ |
༠ |
༠ |
༠ |
༠ |
༠ |
༡༢ |
ཆུ་སེར། |
༠ |
༠ |
༡ |
༠ |
༠ |
༡ |
༡ |
༢ |
༠ |
༡ |
༡ |
༡ |
༠ |
༠ |
༡ |
༠ |
༠ |
༠ |
༡༣ |
བསྡོམས། |
༩ |
༡༦ |
༢༦ |
༣༡ |
༣༠ |
༢༩ |
༢༨ |
༢༡ |
༣ |
སྤྱི་ལོ་༢༠༡༡ ཡི་ལོར་ཆུ་ཚན་རྒྱག་པའི་ནད་གཞི་མཐོ་ཤོས་༥།
ན་ཚོད་དབྱེ་བ། |
༡༡༠ |
༡༠༢༠ |
༢༠༣༠ |
༣༠༤༠ |
༤༠༥༠ |
༥༠༦༠ |
༦༠༧༠ |
༧༠༨༠ |
༨༠༩༠ |
||||||||||
ཨང་། |
ནད་གཞི་དབྱེ་བ། |
ཕོ |
མོ |
ཕོ |
མོ |
ཕོ |
མོ |
ཕོ |
མོ |
ཕོ |
མོ |
ཕོ |
མོ |
ཕོ |
མོ |
ཕོ |
མོ |
ཕོ |
མོ |
༡ |
པགས་ནད། |
༢ |
༡ |
༣ |
༡ |
༢ |
༢ |
༠ |
༡ |
༠ |
༡ |
༠ |
༢ |
༠ |
༢ |
༢ |
༠ |
༠ |
༠ |
༢ |
མཁལ་ནད། |
༠ |
༡ |
༡ |
༠ |
༡ |
༢ |
༡ |
༡ |
༢ |
༣ |
༢ |
༢ |
༣ |
༤ |
༢ |
༢ |
༡ |
༠ |
༣ |
གཞང་འབྲུམ། |
༠ |
༠ |
༡ |
༢ |
༡ |
༢ |
༢ |
༣ |
༠ |
༣ |
༢ |
༡ |
༠ |
༠ |
༡ |
༠ |
༠ |
༠ |
༤ |
རྩ་དཀར། |
༢ |
༡ |
༢ |
༢ |
༡ |
༢ |
༣ |
༤ |
༤ |
༢ |
༣ |
༢ |
༣ |
༤ |
༡ |
༢ |
༠ |
༠ |
༥ |
གྲུམ་བུ། |
༠ |
༠ |
༡ |
༠ |
༡ |
༡ |
༢ |
༣ |
༢ |
༣ |
༡ |
༣ |
༡ |
༣ |
༣ |
༢ |
༠ |
༠ |
༦ |
བསྡོམས། |
༧ |
༡༣ |
༡༥ |
༢༠ |
༢༠ |
༡༨ |
༢༠ |
༡༥ |
༡ |
གོང་གི་རྫོང་ཁག་གཉིས་ནང་ཆུ་ཚན་རྒྱག་པའི་ནད་པ་༡༩༣ ལ་ཚ་ཆུའི་ཕན་གནོད་ཀྱི་སྐོར།
ལེགས་ཉེ་ཀྱི་དབྱེ་བ། |
ངོས་ལེན་གྱི་གྲས་ཚད། |
ཕན་པ་འདུག |
༡༦༤ |
ཕན་པ་མིན་འདུག |
༨ |
ཤེས་ཀྱི་མེད། |
༢༡ |
མཇུག་བསྡུ།
སྤྱི་ལོ་ ༢༠༡༡ གི་ལོར་སྤུ་ན་ཁ་དང་མགར་ས་རྫོང་ཁག་གཉིས་ནང་སློབ་སྦྱོང་པ་དང་མཉམ་ཚ་ཆུའི་ཕྱིར་བསྐྱོད་སྦྱོང་བརྡར་གྱི་སློབ་སྟོན་དང་འབྲེལ་དེ་གའི་ཚ་ཆུའི་ལོ་རྒྱུས་དང་གནས་སྟངས་ཕན་ནུས་ཚ་ཆུ་བསྟེན་པའི་དུས་ན་ཚོད་ཀྱི་དབྱེ་བ་ལ་སོགས་སྐོར་ཕྱི་ཚན་རིག་དང་ཆེར་མ་འབྲེལ་བའི་ཞིབ་འཚོལ་ཞིག་བྱས་ཡོད་པའི་གྲུབ་འབྲས་གཙོ་བོ་མི་སྡེའི་གནས་སྟངས་དང་འབྲེལ་བའི་ཚ་ཆུ་རྒྱག་པའི་དུས་ངེས་པ་ཅན་དང་ཁ་རྒྱུན་ལས་བསྟེན་པའི་ཕན་པ་ན་ཚོད་ཀྱི་དབྱེ་བ་ཚ་ཆུའི་རྒྱུ་རྫས་གང་ཤས་བ་རགས་ཙམ་དང་ཚ་ཆུ་རྒྱག་པའི་མི་རྣམས་ནད་གཞིའི་ཁྱད་པར་དང་ནད་གཞི་མཐོ་ཤོས་གང་ཡོད་དང་ཕན་གནོད་ཀྱི་ཁྱད་པར་ཇི་ལྟར་ཡོད་ལུགས་བཅས་ཀྱི་གཏན་འབེབས་གོང་དུ་གསལ་ཡོད། དེ་ལྟར་ཚ་ཆུའི་ཞིབ་འཚོལ་བྱས་པས་མི་སྡེ་དང་ཚ་ཆུའི་གནས་སྟངས་སྐོར་སྔར་མྱོང་ཚོར་མེད་པའི་ཤེས་ཡོན་མང་དག་ཅིག་ཧ་གོ་ཡོད། ད་རེས་དུས་ཚོས་ཧ་ཅང་ཐུང་དྲགས་པ་མ་ཟད་ཚན་རིག་གི་འཕྲུལ་ཆས་ཀྱི་རྒྱབ་སྐྱོར་གང་ཡང་མེད་པས་ཚ་ཆུ་དེར་རྒྱུ་རྫས་གང་ཡོད་ཞིབ་ཕྲ་འཚོལ་ཞིབ་བྱ་རྒྱུའི་སྐབས་མ་ཐོབ་པས་ཕྱིན་ཆད་བློ་ལྡན་རྣམས་ཀྱིས་ཕྱི་ནང་གཉིས་ཀྱི་རིག་པ་གོ་བསྡུར་ཏེ་ཡ་མཚན་ཅན་གྱི་ཚ་ཆུའི་ཕན་ནུས་དང་རྒྱུ་རྫས་གང་ཡོད་གསལ་པོར་བཏོན་ཐུབ་པའི་གསོ་རིག་བསྟན་པ་གོང་འཕེལ་ལ་ཕན་པ་རླབས་ཆེན་འབྱུང་བར་གདོན་མི་ཟ་བས་དེ་བཞིན་གནང་ཐུབ་པའི་རེ་བསྐུལ་ཞུ་རྒྱུ་ཡིན།། །།
དཔྱད་གཞིའི་ཡིག་ཆ་ཁག
༡ ལུང་རིགས་བསྟན་དར། རྒྱུད་བཞིའི་བརྡ་བཀྲོལ་རྣམ་རྒྱལ་ཨ་རུ་རའི་ཕྲེང་བ། མི་རིགས་དཔེ་བསྐྲུན་ཁང་།
༢ ཟུར་མཁར་བློ་གྲོས་རྒྱལ་པོ། རྒྱུད་བཞི་འགྲེལ་པ་མེས་པོའི་ཞལ་ལུང་།
༣ སྡེ་སྲིད་སངས་རྒྱས་རྒྱ་མཚོ། བཻ་ཌཱུར་སྔོན་པོ། བོད་གཞུང་སྨན་རྩིས་ཁང་།
༤ གཡུ་ཐོག་རྗེ་གསོ་རིག་ཚིག་མཛོད་གཡུ་ཐོག་དགོངས་རྒྱན། མི་རིགས་དཔེ་སྐྲུན་ཁང་།
༥ སློབ་དཔོན་ཀླུ་སྒྲུབ། སྨན་དཔྱད་ཟླ་བའི་རྒྱལ་པོ། བོད་གཞུང་སྨན་རྩིས་ཁང་།
༦ བློ་བཟང་བསྟན་འཛིན། བོད་ཀྱི་གསོ་རིག་སློབ་དེབ། བོད་གཞུང་སྨན་རྩིས་ཁང་།
༧ ཉེར་མཁོའི་སྨན་སྦྱོར་འཆི་མེད་བདུད་རྩི་བུམ་བཟང་། གསོ་རིག་འཛིན་སྐྱོང་ལྟེ་བ།
༨ ཀྲུང་གོའི་གསོ་རིག་ཀུན་འདུས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
༩ བསམ་གཏན། གསོ་རིག་སྙིང་བསྡུས་སྐྱ་རེངས་གསར་པ། བོད་ལྗོངས་མི་དམངས་དཔེ་བསྐྲུན་ཁང་།
༡༠ དེའུ་དམར་བསྟན་འཛིན་ཕུན་ཚོགས། དྲི་མེད་ཤེལ་གོང་དང་ཤེལ་ཕྲེང་།
༡༡ ཁྱུང་སྨོན་ལམ་གྱིས་བྲིས་པའི་ཚ་ཆའི་སྐོར།
- རྩོམ་ཡིག་འདི་ནི་ཕྱི་ལོ་༢༠༡༢ རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་བགྲོ་གླེང་ཚོགས་ཆེན་ཐེངས་གཉིས་པའི་དཔྱད་རྩོམ་ཕྱོགས་བསྡུས་ནང་བཞུགས་ཡོད་པ་དེ་ནས་ཟུར་འདོན་བྱས།
མཐའ་མའི་འདོན་ཐེངས་།: 04.08.2015 ཉིན། 3:32 PM
<< སྔ་མ།