སྨན་རྩིས་དྲ་བ། - སྣ་ཚོགས།

མེ་བཙའི་གདམས་པ་རྒྱས་སྤྲོས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 24.11.2020
སྣ་ཚོགས། >>


༄༅། །མེ་བཙའི་གདམས་པ་རྒྱས་སྤྲོས་གསལ་སྟོན་ཤེལ་དཀར་མེ་ལོང་།

-          དེའུ་དམར་བསྟན་འཛིན་ཕུན་ཚོགས།

            ལྷར་བཅས་འཇིག་རྟེན་ཀུན་གྱིས་བཏེགས་པའི་ཁྲིར།།    སྐྱིལ་ཀྲུང་གཅིག་གིས་བདུད་སྡེའི་དཔུང་བཅོམ་ཞིང་།། མི་ཟད་སྣང་འོད་བརྒྱ་པའི་ལམ་སྟོན་མཁན།།   སྨན་རྒྱལ་ཡོན་ཏན་མགོན་དེ་ཡིད་མཚོར་གསལ།། མ་རིག་དུག་གསུམ་ཉེས་པའི་འཁྱགས་སྦུགས་སུ།།   ཞུགས་པའི་རྣམ་མང་ལ་བརྕེའི་ཚ་བའི་ཟེར།། འབུམ་ཕྲག་འབྱིན་(སྦྱིན་)བྱེད་ཞུགས་དཔྱད་མཐའ་ཡས་ལས།།  སྙིང་པོ་ཉུང་བསྡུས་རྒྱུད་ཀྱི་མེ་ཐིག་སྟེ།། དེ་ལས་ཅུང་ཟད་རྒྱས་སྤྲོས་མཛུབ་ཚུགས་སུ།།  གསལ་སྟོན་ཤེལ་དཀར་མེ་ལོང་གསར་པ་ཞིག། འཚོ་མཛད་ཡིད་གཞུངས་འཚོ་བྱར་བཅས་པ་ཡི།། བསོད་ནམས་མགྲོན་དུ་དེ་རིང་ཁོ་བོས་འགུགས།།

            དེ་ཡང་སྨན་དང་ཐལ་སྨན་མཚོན་དཔྱད་ཀྱིས།། མ་གྲུབ་པ་རྣམས་སྒྲུབ་བྱེད་མེ་བཙའ་སྟེ།། འདིས་བསྲེགས་སྔར་ཞི་སླར་མི་ལྡོག་པ་ཡིན།།  འདི་ལ་སྤྲ་བ་རུང་དང་མི་རུང་དང་།། མེ་དམིགས་ཐབས་ཚད་ཕྱི་རྗེས་ཕན་ཡོན་བརྒྱད།། དང་པོ་སྤྲ་བ་སྟོན་གསུམ་དུས་བཟང་བཏུ།། མ་ཆད་བརྡུངས་ལ་ཤིག་ཕྲལ་སོལ་རྩི་གསབ།། རུང་ཚོད་(ཆོད)ཤོག་བུར་བཏུམས་ལ་མཁྲེགས་བོར་དྲིལ།།   རྩ་བ་བརྟན་ཟླུམ་རྩེ་རྣོ་མེ་ལེན་མྱུར།།  ཚིགས་པའི་མཁར་ལ་མཛུབ་མོའི་རྩེ་མོ་ཙམ།། མགོ་དང་ཡན་ལག་མདུན་ལ་མཐེབ་ཆུང་ཙམ།  །རྩ་སྒོ་འགོགས་ལ་ལེབ་མོ་རིལ་མ་ཙམ།།   འབྲས་དང་སྐྲན་ལ་ཨ་རུ་ར་ཙམ་བྱ།། བྱིས་པའི་ལྷེན་སྣར་སྲན་མ་འཕོས་པ་ཙམ།།  བསྲེགས་རྗེས་མི་གཏར་གཏར་རྗེས་བསྲེག་ཏུ་རུང་།།  གདབ་ཏུ་རུང་བ་མ་ཞུ་མེ་ཉམས་དང་།། དམུ་མཆུ་སྐྱ་རྦབ་སྐྲན་དང་ལྷེན་ལྕགས་དྲེག།  གྲང་མཁྲིས་མགོ་དང་ཡན་ལག་ཆུ་སེར་དང་།།  འབྲས་དང་ལྷོག་པ་སྟོངས་པའི་ཚ་བ་དང་།། སྨྱོ་བྱེད་བརྗེད་བྱེད་རྩ་ནད་ཐམས་ཅད་དང་།།  ཚ་རྗེས་ཕལ་ཆེར་མེ་ཡིས་བཅད་པ་སྟེ།།  མདོར་ན་བད་རླུང་ལས་གྱུར་གྲང་བ་ཀུན།། རྩ་ནད་ཆུ་སེར་མེ་ཡིས་བསྲེགས་པ་བསྔགས།།  མི་རུང་མཁྲིས་ཚད་ཁྲག་ནད་ཐམས་ཅད་དང་།།  དབང་པོའི་སྒོ་དང་ཕོ་མོའི་སྲིད་རྩར་སྤངས།། མེ་དམིགས་ནད་ཀྱིས་བསྟན་དང་སྨན་པས་བཙལ།།  ནད་ཀྱིས་བསྟན་པ་ན་བའི་དམིགས་ཡོད་ལ།།  མནན་ན་ཕན་སྙམ་བྱེད་ལ་མཐེབ་རྗེས་འོང་།།   རྩ་འཁྱུགས་རྩ་ནད་གར་བྱུང་དམིགས་སུ་གདབ།། སྨན་པས་བཙལ་བ་དབང་པོ་དོན་སྣོད་གསང་།།  དེ་ལས་ལུས་དང་ཡན་ལག་གཉིས་ཀྱི་དམིགས།། དང་པོ་ལུས་ལ་རྒྱབ་དང་མདུན་གསང་དམིགས།།   རྒྱབ་གསང་མགོ་བོ་མདུན་བཀུག་གཉའ་བ་ཡི།། རུས་པ་འབུར་ཆེན་ཨན་སྟོང་ཞེས་ནས་བགྲང་།།   ཨན་སྟོང་ཚིགས་པ་དང་པོ་རླུང་གི་གསང་།།  སྨྱོ་འདར་འཕྱོ་ལྐུགས་མགོ་ནད་ཀུན་ལ་ཕན།། གཉིས་པ་མཁིས་གསང་གྲང་མཁྲིས་ནད་ལ་གདབ།།  གསུམ་པ་བད་ཀན་གསང་སྟེ་གྲང་གྲང་རླུང་དང་།། ཚད་རྙིང་རུས་ཞེན་ཁྲག་རྒྱས་རོ་སྟོད་ལྕི།།  མགུལ་ནད་ལྦ་བ་གློ་སྙིང་མགོ་ནད་དང་།།  བད་མཁྱིས་རྒྱས་པའི་ནད་ལ་གདབ་པས་ཕན།། གཡས་ཡོན་ཚོན་རེ་བཅལ་བའི་ཁ་གསུལ་གདབ།།  ཚ་བ་ཁོང་ལྷུང་དབུགས་ཐུང་ཉལ་མེ་བདེ།།  རོ་རྒྱབ་ན་དང་སྙིང་མི་བདེ་བ་དང་།། དང་ག་མེ་བདེ་རིམས་དང་རླུང་ནད་འཇོམས།།  བཞི་པ་གློ་མ་ལྔ་ཡི་སྤྱི་གསང་སྟེ།།  སྣ་སྦུབས(སུབས་)ལྕེ་སྐམ་རོ་རྒྱབ་སྟོད་མི་བདེ།། གློ་ལ་རླུང་དང་བད་ཀན་ཞུགས་ལ་གདབ།།  ཁ་གསུམ་གདབ་པས་ཟས་རོ་མི་ཚོར་དང་།།  གློ་ནད་སྟོད་གཟེར་ཚད་རྙིང་ལྡང་དུབ་འཇོམས།། ལྔ་བ་གློ་བུའི་གསང་སྟེ་བད་རླུང་གློར།།  ཞུགས་དང་རིམས་ནད་འཐིབ་་པོ་གློ་ཁྲག་རྒྱས།།  སྨྱོ་འབོག་བརྒྱལ་གཟེར་རྐང་ལག་འདར་བ་དང་།། སྐྱུག་བྲོ་བ་དང་སྐྱུག་པ་དག་ལ་ཕན།།  དྲུག་པ་སྙིང་གི་གསང་ལ་གདབ་པ་ཡིས།།  སྙིང་འདར་དྲན་ཉམས་སྙིང་ག་རོ་སྟོད་བརྒྱངས།། སྟོད་རྒྱས་ཁ་ཟས་མི་ཞིམ་པ་ལ་ཕན།།  བདུན་པ་སྲོག་རྩའི་གསང་ལ་མེ་གདབ་པས།།   ཁོང་ལྕི་བརྗེད་ངས་ལུས་ལ་འབྲུམ་པ་འོང་།། མགོ་ལྕི་སྙིང་ཆུ་བསགས་དང་སྲོག་རླུང་ཞུགས།།  འཔྱོ་འདར་སྨྱོ་སོགས་(འབོགས་)བད་རླུང་རྒྱས་ལ་ཕན།། བརྒྱད་པ་མཆིན་དྲིའི་གསང་བསྲེགས་མཆིན་དྲི་ལ།།   བད་ཞུགས་མཆིན་དྲི་འཁོར་གཟེར་རྩིབ་ཐུང་ཟུག། ཁོང་བསྡམས་གྲང་ཚེ་གཟེར་བ་རྣམས་ལ་ཕན།།   དགུ་པ་མཆིན་པའི་གསང་གདབ་སྒྲེགས་སྐྱུག་དང་།།  མཆིན་པ་སྟོང་སྡེབ་ཆུ་ཚན་སྐྱུག་པ་དང་།།   ཕྱི་དྲོ་སྦོས་གཟེར་ཁྲག་འཛག་རླུང་གཟེར་དང་།།  མཆིན་སྐྲན་མཆིན་པར་གྲང་རླུང་ཞུགས་ལ་ཕན།། བཅུ་པ་མཁྲིས་གསང་མ་ཞུ་མིག་སེར་དང་།།   ལུས་ལྕི་ཕྱི་ས་འགགས་དང་ཤ་མདོག་ནག།  མིག་མི་གསལ་དང་ཁ་སྣ་ཆུ་སེར་འཛག། མཁྲིས་པའི་སྐྲན་དང་མེ་དྲོད་ཉམས་ལ་གདབ།།  བཅུ་གཅིག་མཚེར་གསང་ཟས་མི་འཇུ་ལ་སྒྲེགས།།  ངོ་གདོང་སྐམ་དང་སྦོ་འཁྲོག་འུར་ལ་གདབ།།  བཅུ་གཉིས་ཕོ་བའི་གསང་སྟེ་མེ་དྲོད་ཉམས།།  ལྷེན་དང་ལྕགས་དྲེགས་སྐྲན་ནད་སྐྱུག་ལ་གདབ།། བཅུ་གསུམ་བསམ་སེའི་གསང་སྟེ་ཁུ་ཁྲག་རླུགས།། མངལ་སྐྲན་སེམས་འཕྱོ་གྲང་རླུང་རྒྱས་ལ་གདབ།།  ནད་མེད་ལ་བཏབ་ཚོན་པོ་འཇུ་སྐེམ་བྱེད།།   བཅུ་བཞི་མཁལ་གསང་མཁལ་མའི་གྲང་ནད་རིགས།། རྐེད་པ་གྲང་འཁྱགས་ཆུ་སྲིན་མཚན་མ་སྐྲངས།།  དབང་པོ་མི་ལྡང་ཁོང་ལྕི་འདྲེན་མི་ནུས།།  ཕྱི་ས་རླུགས་པ་དག་ལ་གདབ་པས་ཕན།། བཅོ་ལྔ་དོན་སྣོད་སྤྱི་གསང་གྲང་རླུང་སེལ།།   ཁ་གསུམ་མི་གདབ་མཁལ་འབྲས་ཡོད་པས་གཉན།། སྲིད་རྩ་ཡིན་པས་མདུན་རྒྱབ་འདོམ་ནས་བསྲུང་།།   བཅུ་དྲུག་ལོང་གསང་འུར་འཁྲོག་རྐེད་ནང(ནད་)སྐྲན།། དྲི་མ་སྡོམ་རླུགས་ཟས་མི་འཇུ་ལ་ཕན།།  བཅུ་བདུན་རྒྱུ་མའི་གསང་སྟེ་རྒྱུ་སྐྲན་དང་།།  དབུགས་ཐུང་ཆུ་སྲི་རེས་འགའ་གྲང་རླུང་དང་།། ཚད་རྙིང་ཞེན་དང་ལྦུ་བ་བེ་སྣབས་འཁྲུ།།  གྲང་སྦོས་རྒྱུ་མ་སྟོང་པར་འཁྲོག་ལ་གདབ།།  བཅོ་བརྒྱད་ལྒང་པའི་གསང་སྟེ་རྡེལ་ནད་དང་།། གྲང་བས་ཆུ་ཁ་སྲིའམ་ཟ་ཁུ་སྙི།།   ཕོ་དབང་འགེང་སྐྲངས་མོ་ཁམས་རླུགས་དང་འཁྱིལ།།   བཙས་རྗེས་རླུང་ཞུགས་མཚན་མ་གྲང་ལ་གདབ།། བཅུ་དགུ་ཁུ་བའི་གསང་སྟེ་ཁུ་འབྱམས་རླུགས།།  ཆུ་སོ་རྐེད་པ་ན་དང་ཕྱི་ས་སྐམ།།   མཆུ་འཕྱང་རྐང་ལག་རེངས་དང་འགྲོ་འདུག་དཀའ།། ཁམས་འཛག་ཁྲག་འཁྲུགས་ཕན་ལ་སྲིད་པ་བསྲུང།།   ཉི་ཤུ་ཐུར་སེལ་རླུང་སྒོའི་གསང་ཡིན་ཏེ།། འཕྱེན་མི་ཐུབ་དང་འགགས་དང་འོག་རླུང་བསྲུང་།།   མཚན་མར་མཁྲག་འཛགས་རྐེད་སྨད་གྲང་གཟེར་འཇོམས།། ཉེར་གཅིག་གཞང་གསང་བེ་སྣབས་དཀར་སྨུག་འཁྲུ།།   དབུགས་ཐུང་རྐེད་པ་དཔྱི་མིག་གྲང་གཟེར་དང་།། རླུང་ནད་སྐད་མི་འབྱིན་པ་རྣམས་ལ་གདབ།།   ཉེར་གཉིས་གྲང་ཆེན་སྤྱི་ཡི་གསང་དམིགས་ཏེ།།  ཟུག་གཟེར་བཟོད་དཀའ་གྲང་རླུང་ཆེ་བ་དང་།། ཚད་རྙིང་རླུང་དུ་སོང་དང་གཅིན་ཚད་སེལ།།  ཉེར་གསུམ་མཇུག་ཆུང་རྟ་མིག་བུ་གར་གདབ།།   རྐེད་པ་འཆུས་དང་འཁྲུ་དང་གྲང་བ་ཡིས།། གཞང་གཟེར་བ་དང་ཆལ་འཆོལ་སྨྲ་ལ་ཕན།།   ཚབས་ཆེར་བཅོ་ལྔ་མ་གཏོགས་ཁ་གསུམ་བསྲེགས།། ཟུར་གསང་ཨན་སྟོང་ཚིགས་པ་དང་པོ་ནས།།   གཡས་གཡོན་ཆག་གང་བཅལ་བ་རྩ་དཀར་དང་།། རླུང་རྩ་རཏྣའི་གསང་གདབ་མཇིང་རེངས་དང་།།   བཤུལ་སྒལ་འགྱུར་མེད་ཤེལ་ལ་ཕན་པ་ཡིན།། དེ་ནས་ཕྱི་ལ་དཔུང་མགོར་ཚོན་རེ་(དོ)་འཇལ།།   རྩ་(རྩེ)་ནག་གསང་ཡིན་རྩ་ནག་རླུང་ཞུགས་པའི།། དཔུང་སོག་གྲུ་མོ་མཇིང་པ་རེངས་ལ་ཕན།།   དེ་ནས་ཕུན་གང་ཕྱིར་བཅལ་དཔུང་འཛུམ་གསང་།། ལག་བཤལ་མིག་འགྲིབ་སྣ་ཁྲག་འཛག་ལ་ཕན།།   སོག་དཀར་ཁ་ནས་ཐུར་དུ་མཁྱིང་གང་བཅལ།།  མེ་ལོང་དཀྱིལ་གསང་དང་ནི་ཨུར་ཁའི་ཟུར།། གློ་བ་མ་བུ་ཐུན་མོང་གསང་ལ་གདབ།།   གློ་རྣག་འབྱམས་དང་རྩ་དཀར་རླུང་ཞུགས་འཇོམས།།   མེ་ལོང་སྟེང་ནས་མཁྱིད་གང་མར་བཅལ་བ།། གློ་བའི་སྒང་རྩིབ་གཤམ་དང་ཟགས་སྣའི་གསང་།།   དེ་དག་གང་ལ་རླུང་དང་རྣག་ཞུགས་འཇོམས།།  མེ་ལོང་མཐིལ་ནས་ཐུར་དུ་རྩེ་སོར་བཞི།། གློ་བའི་སྒང་གསང་ལུ་སྐྱུག་རྣག་ལ་ཕན།།  (དེ་ནས་ཐུར་དུ་སོར་གསུམ་གཤམ་གསང་གདབ།) རྒྱབ་ཏུ་ཚོན་གང་བཅལ་བ་རྩིབ་ཀྱི་གསང་།། མཆིན(མཆན)་འོག་ཚོན་གང་བཅལ་བ་ཟགས་སྣའི་གསང་།།  རྣག་དང་ལུ་འགགས་རླུང་ཞུགས་པ་ལ་ཕན།། གནད་གང་ཡོད་ལ་གཟེར་ཡོད་གཉན་ཁྲག་ཚད།།  མ་གཏོགས་ལ་བཏབ་རང་རང་ནད་ལ་ཕན།། དཔུང་པའི་འཛུམ་ནས་ཆག་གང་ཐུར་དུ་བཅལ།།   རཏྣའི་རྩེ་འོག་རྩ་དཀར་རླུང་གི་གསང་།།   ནང་དུ་ཚོན་གང་ཐུར་དུ་ཕུན་གང་སར།། ཆུ་རྩ་ཕྲན་བུའི་གསང་དུ་བཤད་པ་ཡིན།།   དེ་དག་རྩ་དཀར་བཤལ་འཕྱེས་གཟེར་ལ་ཕན།།  དཔུང་འཛུམ་མཁྱིད་གང་མདུན་ལ་མར་བཅལ་བ།། ལུག་གཞུག་གསང་ཡིན་གློ་བར་རྣག་ཞུགས་སྐེམ།།  ཚིགས་པ་བཞི་ནས་གཡས་གཡོན་རྩེ་སོར་བཞི།།  གློ་བའི་དབུས་ཁུང་རྣག་གི་འབབ་གསང་སྟེ།།  གློ་ནད་རྙིང་པ་རྣག་ཏུ་འབྱམས་ལ་ཕན།། ཚིགས་པ་དགུ་པའི་གཡས་གཡོན་སོར་བཞི་བཅལ།། གཡས་མཆིན་གཡོན་མཚེར་རྒྱབ་ཀྱི་སྐྲན་ལ་ཕན།།  བཅུ་བཞིའི་ཟུར་སོར་བཞིར་བཏབ་མཁལ་མ་ཡི།། རྩ་ཐག་གསང་ཡིན་མཁལ་སྲིན་འབྲས་སྐྲན་དང་།།  དྲི་ཆུ་ཁྲག་དང་རྣག་ཏུ་འབབ་ལ་ཕན།།  དེ་ལྟར་རྒྱབ་ཀྱི་དམིགས་གསང་ལྔ་བཅུ་བདུན།། བསྟན་ནས་ད་ནི་མདུན་གསང་མཛུབ་མོས་སྟོན།།  མདུན་གྱི་མེ་གསང་སྐེ་སྟོང་ཙ་ར་ཁུང་།།   སྲོག་རྩ་རྙིང་དང་འདོམ་པའི་གསང་ཡིན་ཏེ།། སྙིང་འཆུས་འབྱིན་དཀའ་གྲེ་བ་འགགས་ལ་གདབ།།  སྒྲོག་མདོའི་རུས་འབུར་ཙོག་པུར་བཏབ་པ་ན།། རླུང་གིས་རུས་གཟེར་རྨ་འབྲས་འཚོ་དཀའ་ཕན།།   སྐེ་ཡི་སྟོང་སྟོང་པོར་གདབ་སྐེ་འགགས་དང་།།  རླུང་ལྦ་བད་ཀན་སྐྱེས་དང་སྙིང་འདར་འཚོ།། དེ་ནས་ཐུར་དུ་ཚོན་གང་བཅལ་བ་ནི།།  བྱ་རོག་མིག་ཅེས་དབུས་མ་ཁྲག་རླུང་གསང་།།   གཡས་གཡོན་ཚོན་རེ་བཅལ་བའི་ཁ་གསུམ་གདབ།། ཁྲག་ཚད་སྐྱེས་དང་སྟོད་འཚང་དབུགས་འགགས་འཇོམས།།  དེ་འོག་ཚོན་གང་ཐུར་བཅལ་ཁ་གསུམ་གདབ།། གློ་གསང་བར་པས་ཁ་རྣག་བྲོ་བ་དང་།།  ཚད་བཅས་གློ་འཕར་འབུད་ཅིང་ལུ་ལ་ཕན།།  དེ་ནས་གོང་ལྟར་མར་བཅལ་ཁ་གསུམ་གདབ།། གློ་གསང་ཆུང་ངུ་ཞེས་བྱ་གློ་བའི་ནད།།  ཚ་གྲང་ཀུན་ལ་མཆོག་ཏུ་ཕན་པ་ཡིན།།   དེ་འོག་ཚོན་གང་ཕུན་གང་བཅལ་བ་དེ།། ནུ་མའི་ཐད་དྲང་བྲང་གཞུང་དཀར་ནག་མཚམས།།   སྙིང་གསང་ཆེན་མོར་བཏབ་པས་སྙིོང་འདར་འཕྱོ།། སྙིང་མི་དགའ་དང་ཟས་མི་ལེན་ལ་ཕན།།  དེ་ནས་ཐུར་དུ་ཕུན་གང་བཅལ་བར་གདབ།།  ནུ་མཆིན་རྩིབ་ལོགས་གཡས་གཡོན་གཟེར་ལ་ཕན།། དེ་ནས་ཕུན་གང་ལྷེན་ཕྲུམ་མཚམས་སུ་གདབ།།  གཡས་གཡོན་ཚོན་གང་ཕུན་གང་བཅལ་གསུམ་གྱི།། བད་ཀན་གསང་སྟེ་བྲང་རི(ཚ)་ཆུ་སྐྱུར་སྐྱུག།  ཁ་མངལ་སྒྲེགས་དང་སྟོད་བརྒྱངས་དབུགས་རྒྱས་འཇོམས།། ལྷེན་སྣ་བད་ཀན་མཚོ་ཡིན་ཁ་གསུམ་གདབ།།  སྟོད་བརྒྱངས་ཟས་མི་འཇུ་དང་སྣབས་ལུད་མང་།།  མཚོགས་མ་ལྕི་དང་ཆམ་པ་དག་ལ་ཕན།། ལྷེན་སྣའི་རྩེ་ནས་ཚོན་གང་ལྷེན་གྱི་གསང་།།  ཟུར་ཚོན་རེ་བཅལ་ཁ་གསུམ་བཏབ་པ་ན།།  ལྷེན་དང་མ་ཞུ་བད་རླུང(སྨུག)་གྱེན་རྒྱུ་དང་།། འཁྲུ་སྐྱུག་སྒྲེགས་དང་ཟས་མི་འཇུ་ལ་ཕན།།  དེ་འོག་ཚོན་གང་ཁ་གསུམ་སྐྲན་དང་ནི།།  མཆིན་པའི་གསང་ཡིན་བསྲེགས་པས་ཟས་ཟོས་མིན།། མ་ལྟོས་ཆུ་སྐྱུར་སྐྱུག་དང་ཕྱི་དྲོས་སྦོས།།  ཁ་གདོང་སྐྲངས་དང་མཆིན་འོར(འོག)་རྩིབ་ལོགས་ན།། གསུས་སྒྲེགས་དབུགས་མི་བདེ་དང་སྐྲན་ལ་ཕན།།   དེ་འོག་ཚོན་གང་ཁ་གསུམ་མེ་ཉམས་གསང་།།  མཆིན་སྟོད་ན་དང་ཁྲག་ཏུ་སྐྱུག་པ་དང་།། འཇུ་དཀའ་ཕོ་བའི་མེ་ཉམས་རྣམས་ལ་ཕན།།   དེ་འོག་ལྟེ་ཁུང་སྲིད་པའི་ཆགས་གསང་བསྲེགས།། བུད་མེད་ཁོང་ནད་ཀུན་དང་ཟླ་མཚན་འཛག།  བཙས་རྗེས་རླུང་ཞུགས་སྦོས་སྐྲངས་བུ་མི་ཆགས།།  དུག་རོ་ཡང་ཡང་འཕར་བ་སོགས་ལ་ཕན།། ལྟེ་བའི་གཡས་གཡོན་ཚོན་རེ་ལོང་གི་ཐེར།།  ལོང་སྐྲན་སྦོས་འཁྲོག་ནད་ལ་མཆོག་ཏུ་ཕན།།  དེ་ནས་གཡས་གཡོན་ཚོན་རེ་ལོང་ཕུག་གསང་།། འཁྲུ་འབྱམས་སྦོ་འཁྲོག་འགྲོ་མི་ཤེས་ལ་ཕན།།  ལྟེ་འོག་ཚོན་གང་ཁ་གསུམ་རྒྱུ་སྟོད་གསང་།།  རྒྱུ་མར་རླུང་ཞུགས་འཁྲུ་དང་གྲང་བར་ཕན།། དེ་འོག་ཚོན་གང་ཁ་གསུམ་རྒྱུ་སྨད་གསང་།།  གྲང་རླུང་འཁྲུ་དང་རླིག་སྐྲངས་ཆུ་སོ་ན།།  ཆུ་སྙི་ཟླ་མཚན་འཛག་པ་རྣམས་ལ་ཕན།། དེ་འོག་ཚོན་གང་ཁ་གསུམ་ལྒང་པའི་གསང་།།  གྲང་བས་ཆུ་ཁ་སྲིའམ་སྙི་བ་དང་།།  རྟག་ཏུ་ཟླ་མཚན་འཛག་དང་བུ་འཆོར་རམ།། བུ་མི་ཆགས་པའི་མངལ་ནད་དག་ལ་ཕན།།   དེ་འོག་ཚོན་གང་ལྒང་པའི་གསང་དུ་གདབ།།  བུ་སྣོད་མངལ་ནད་མཁལ་རྐེད་གྲང་ནད་དང་།། ཆུ་ཡི་ནད་དང་རྐང་ནད་དག་ལ་ཕན།། དེ་འོག་གཉེར་མ་རིང་པོར་བཏབ་པ་ན།།  མཁལ་རྐེད་ཕོ་འབྲས་མོ་མཚན་སྐྲང་པ་དང་།། ཁྲག་མཁྲིས་ཆུ་སེར་ལས་གྱུར་འདུས་ནད་འཇོམས།།  རྨོངས་མཚམས་ཁ་གསུམ་བཏབ་པས་གཅིན་སྲི་དང་།། ཆུ་འཛག་ནད་དང་སྨད་གྱལ(གྱོལ)་འགྲོ་བ་དང་།།  བེ་སྣབས་ལྦུ་ཅན་འཁྲུ་བ་དག་ལ་ཕན།།   སྤུ་གསེབ་འཕར་རྩ་བསྲེགས་པས་སྲིད་རྩ་བསྲུང་།། མཚན་རྐུབ་བར་བསྲེགས་འདར་དང་དྲན་མྱོས་དང་།། སྟོད་ལྕི་དབུགས་སྡོམ་མཚན་མ་སྐྲངས་པ་དང་།།  ཁུ་བ་རླུགས་དང་ཟླ་མཚན་འཛག་ལ་ཕན།།  དེ་ཡི་གཡས་གཡོན་ཚོན་རེ་གདབ་པ་ནི།།  ཕོའི་གཡོན་མོའི་གཡས་བསྲེགས་པས་ཆུ་འགགས་འབྱིན།།  མོའི་གཡས་ཕོ་ཡི་གཡས་པས་སྲིད་བསྲུང་ནུས།།  ཟུར་གསང་སྒྲོག་རུས་དག་ནས་གྱེས་སོར་བཞི།།  བཅལ་བའི་ཨོལ་སྒོའི་ཟུར་གྱི་འཕར་རྩ་བསྲེགས།།  གློ་ཁྲག་ལུད་པ་མི་ཆད་པ་ལ་ཕན།།  སྒྲོག་རུས་གོང་གི་གཤོང་བུར་བཏབ་པ་ན།།  གློ་སྐམ་གློ་ལུད་བྲང(དྲག)་དུ་ཟུག་ལ་ཕན།།  བྲང་གཞུང་དཀར་ནག་མཚམས་ནས་གྱེན་ཚོན་གང་།།  བཅལ་བ་སྲོག་རླུང་གྱེན་རྒྱུའི་ནད་ལ་ཕན།།  དེ་ནས་གཡས་གཡོན་ཚོན་རེ་ཕུན་རེ་བཅལ།། གློ་བའི་བར་གྱི་སྒབ་གསང་སྟོད་རླུང་སེལ།། དེ་ནས་གྱེན་ཚོན་གང་བཅལ་ཐུགས་ཁབ་གསང་།། རྣག་ཞུགས་རླུང་འབུད་རྔུབ(བུབ)་ཚེ་ལུ་ལ་ཕན།། དེ་སྟེང་ཚོན་གང་འཇལ་བ་བྱ་རོག་གི། མིག་གསང་གཉིས་ཡིན་བསྲེགས་པས་གློ་སྙིང་དང་།། སྲོག་རྩར་རླུང་ཞུགས་འཚང་འཕུལ་དབུགས་བསྐུལ་ཕན།། དེ་སྟེ་ཚོན་གང་འཇལ་བ་ཕུག་རོན་གསང་།། རླུང་གཟེར་མདུན་རྒྱབ་སྦྲགས་ནས་ལག་པ་ཡི།། འགུལ་སྐྱོད་ལུ་བ་དཀའ་ལ་ཕན་པ་ཡིན།། དེ་སྟེང་ཅུང་ཟད་ཕྱིར་གསེག་ཚོན་གང་བཅལ།། གློ་སྙིང་འདོམ་པའི་གསང་ཡིན་གློ་སྙིང་དང་།། འབྲེལ་བའི་དཔྱངས་ཐག་རྩ་དཀར་ནད་ལ་ཕན།། ཨོལ་སྒོའི་མདུན་འགྲམ་གཉིས་བཏབ་སྐྱུག་པ་གཅོད།། དེ་ལྟར་མདུན་གསང་བདུན་ཅུ་རྒྱབ་ཀྱི་གསང་།། ལྔ་བཅུ་རྩ་བདུན་དང་བསྡོམས་ལུས་ཀྱི་གསང་།། གདབ་དམིགས་བརྒྱ་དང་ཉི་ཤུ་རྩ་བདུན་ནོ།། གཉིས་པ་ཡན་ལག་གསང་ལ་མགོ་ལག་རྐང་།། གསུམ་གྱི་དང་པོ་ཡན་ལག་གཙོ་བོ་མགོ། དཔྲལ་ལྟག་རྣ་རྩེ་བཞི་སྦྲེལ་ཐིག་གི་འཇོམས།། སྤྱི་གཙུག་གདབ་པས་སྙིང་མི་དྲན་པ་དང་།། བད་རླུང་མིག་འགྲིབ་སྣ་ཁྲག་འབྱམས་ལ་ཕན།། སྐྲ་མཚམས་སོར་བཞི་གྱེན་བཅལ་མཚོག་མར་གདབ།། ཀླད་གཟེར་མགོ་འཁོར་རབ་རིབ་ཅན་ལ་ཕན།། སྐྲ་མཚམས་ནས་གྱེན་སོར་བདུན་འདུས་སོར་གདབ།། སྣ་འགགས་སྣབས་ལུད་མི་ཐོན་པ་ལ་ཕན།། སྐྲ་མཚམས་དཔྲལ་བར་གདབ་པས་མིག་འགྲིབ་དང་།། རིམས་ཀྱིས་སྨྱོ་བ་དག་ལ་ཕན་པ་ཡིན།། མིག་འབྲས་ཐད་དྲང་སྐྲ་མཚམས་ལ་བཏབ་མིག་སེར་དང་།། (རིམས་ཀྱིས་སྨྱོ་བ་དག་ལ་ཕན)སྣ་ཁྲག་མི་ཆོད་འབྱམས་ལ་ཕན་པ་ཡིན།། མིག་ཟུར་ཚོན་གང་ཕྱིར་བཅལ་མགུལ་བར་གདབ།། མིག་ཚག་བརྗེས་ངས་དྲན་པ་ཉམས་ལ་ཕན།། རྣ་བའི་བུག་ཐད་མདུན་གྱི་རྩ་བར་གདབ།། རྣ་བ་འུར་དང་སོ་འགྲམ་ན་ལ་ཕན།། རྣ་བུག་ཐད་མདུན་ཕུན་གང་འབུར་ལ་བཏབ།། རྨེན་བུ་ཁ་གཡོ་འབྱེད་མི་ཤེས་ལ་ཕན།། རྣ་བའི་རྩེ་མོའི་ཐད་ཀའི་ལྷན་ལ་གདབ།། གཉའ་བ་རེངས་དང་རྩེ་ཆུང་རེངས་ལ་ཕན།། རྣ་རྩེའི་གཡས་གཡོན་སྐྲ་མཚམས་བཞི་ལ་གདབ།། གཉའ་བ་རེངས་དང་རྩེ་ཆུང་རེངས་ལ་ཕན།། རྣ་རྩེའི་གཡས་གཡོན་སྐྲ་མཚམས་བཞི་ལ་གདབ།། རྣ་བ་ན་དང་ཀླད་ནད་འགྱེལ་ལ་ཕན།། རྣ་ཤལ་ཐད་སོར་དེ་ཡི་ཟ་འགྲམ་གདབ།། ཁ་འབྱེད་མི་ཤེས་ཁ་ཡོ་འོན་ལ་ཕན།། རྣ་བའི་ཙོག་ཙོག་ས་ར་གདབ་པ་ན།། སྨྲ་མི་ཤེས་དང་སྙིང་མི་དྲན་ལ་ཕན།། ཁ་འགྲམ་ཚོན་རེའི་ས་རུ་གདབ་པ་ན།། ཁ་དང་མིག་གང་ཡོན་པར་གྱུར་ལ་ཕན།། དེ་ནས་ཕུན་གང་མར་ལ་བཅལ་བར་གདབ།། ཁ་ཁ་ལྕེ་རྩ་སྐྲངས་ལ་ཕན་པ་ཡིན།། མ་མཆུའི་འོག་གདབ་རླུང་རིམས་སྨྲ་མི་ཤེས།། ཁ་ལྐུགས་དྲན་ཉམས་བླ་འཆོལ་སྨྲ་ལ་ཕན།། ཡང་ན་མ་མཆུའི་གཤོང་བུར་བཏབ་ཀྱང་མཚུངས།། ཀོས་ཀོའི་གཤོང་བཏབ་ལྕི་སྐྲངས་སྨྲ་དཀའ་ཕན།། ལྟག་པའི་རུས་འབུར་སྟེང་ནས་གྱེན་ཚོན་གང་།། བཅལ་བཏབ་སྣ་འགགས་མིག་མི་གསལ་ལ་ཕན།། དེ་ཡི་གཡས་གཡོན་ཚོན་དོ་རེ་བཅལ་བར།། བཏབ་པས་ཀླད་པའི་ནད་དང་མིག་ནད་སེལ།། ལྟག་པའི་སྡུད་སྒོར་བཏབ་ན་རིམས་ཚད་ཀྱིས།། ཟིན་པའི་སྙིང་མི་དགའ་དང་ལུས་སྦྲིད་དང་།། མིག་སེར་མགོ་འཁོར་ཀླད་པ་ན་ལ་ཕན།། མཆུ་ཡི་ཕན་ཚུན་གནིས་ཀྱི་གཤོང་བུར་གདབ།། བཤུལ་རེངས་གཉའ་བ་འགྱུར་མེད་མི་ཤེས་ལ་ཕན།། རྣ་བའི་ཕྱི་མཆན་འགུལ་པའི་རྩ་ལ་གདབ།། མགོ་ནད་ཤེས་པ་མི་གསལ་ལྕི་ལ་ཕན།། ལྟག་པའི་ཆུ་བའི་བར་གྱི་གཤོང་བུར་བཏབ།། རླུང་མྱོས་དྲན་ཉམས་མགོ་འཁོར་ལུས་སྦྲིད་འཚོ།། ལྟག་པའི་སྡུད་སྒོའི་གཡས་གཡོན་ཚོར་རེར་གརབ།། གཉའ་བ་བཤུལ་འབྲེལ་འགྱུར་མི་ཤེས་ལ་ཕན།། དེ་ནས་གཡས་གཡོན་ཚོན་རེ་བཅལ་བར་གདབ།། མིག་ནད་རབ་རིབ་རིམ་པས་འགྲིབ་ལ་ཕན།། ལྟག་པའི་སྐྲ་མཚམས་སྤུ་འཁྱིལ་དབུས་སུ་གདབ།། མཇིང་རེངས་གཉའ་བ་སྦྲིད་པ་དག་ལ་ཕན།། རྣ་བའི་ཕྱོགས་བཞིའི་རྩ་ནས་སོ་རེར་གདབ།། རྣ་བ་གཟེར་དང་རྣག་ཆུ་འབྱམས་ལ་ཕན།། མདུན་དབུས་སྐྲ་ཡི་མཚམས་ནས་གཡས་གཡོན་དུ།། སོར་བཞི་རེ་བཅལ་སྐྲ་མཚམས(དཔྲལ་ཟུར)་འབུར་པར་གདབ།། སྣ(རྣག)་ཁྲག་འབྱམས་པ་གང་ཡིན་ཕྱོགས་བསྟུན་ཕན།། མིག་གི་དྲང་པོར་ཐད་བལྟས་རྒྱལ་མོའི་ཐད།། སྟེང་འོག་ཕྱི་གསུམ་མིག་ཕོར་ཁ་གདོང་དང་།། མདུན་གྱི་གདོང་ཁུད(ཁུག)་མཚུལ་པའི་རྩ་སྟེང་བཅས།། ཕྱོགས་བཞི་མིག་འགྲིབ་བསྲུང་བའི་ཉེ་གསང་བརྒྱད།། རྒྱབ(རྒྱལ)་ཐད་སྨིན་དབུས(དབུགས)་མིག་འཁོར(ཕོར)་ཁ་ནས་ཡར།། ཚོན་གང་བ་དང་རྒྱབ(རྒྱལ)་ཐད་སྐྲ་མཚམས་ནས།། གྱེན་ཚོན་གང་བཅལ་སྐྲ་ཡི་ནང་དང་བཞི།། སྣ་རྩེ་སྐྲ་མཚམས་ཐིག་ཚད་ལྟག་པ་ཡི།། སྐྲ་མཚམས་ནས་གྱེན་གར་སླེབས་པ་དང་ལྔ།། རབ་རིབ་འགྲིབ་ལམ་དགག་པའི་བར་གསང་ཡིན།། སྐྱོགས་རའི་གཟེར་རྩ་གཉིས་དང་དཔུང་མགོ་ཡི།། ཚིགས་མིག་སྟེང་ནས་མཁྱིད་གང་མར་བཅལ་བའི།། སོག་པའི་སྟེང་གཉིས་རྐང་རྟིང་དྲེག་མཚམས་ཏེ།། རིང་གསང་དྲུག་གདབ་མིག་འགྲིབ་སྲུང་བར་བྱེད།། དེ་ཡང་རིང་བར་ཉེར་གསུམ་རིམ་པ་བཞིན།། ཟླ་བ་རེ་ཡི་མཚམས་ནས་བསྲུང་བ་གཅེས།། དེ་ལྟར་མགོ་ཡི་གདབ་དམིགས་བདུན་ཅུ་གསུམ།། རྒྱས་པར་བཤད་ཟིན་གཉིས་པ་ལག་པའི་གསང་།། དཔུང་པའི་མགོ་ཡི་གཤོང་བུར་བཏབ་པ་ཡིས།། ཚིགས་པ་ན་དང་སྐྲངས་ལ་ཕན་པ་ཡིན།། ནང་གི་སྒྲོག་རུས་ཕྱི་ཡི་མཆན་ཁུང་གི། གཉེར་མ་རིང་པོར་བཏབ་པས་སྟོད་འཚང་ཞིང་།། ལག་པ་བཤལ་བ་དག་ལ་ཕན་པ་ཡིན།། ཕྲག་པའི་ཐལ་གོང་དག་ལ་གདབ་པ་ཡིས།། སྐད་འགག་གག་པ་ལྐོག་མ་སྐྲང་བ་དང་།། གློ་ཅན་ལག་པ་མི་ཐེག་སྟོད་གཟེར་འཇོམས།། སོག་མཐིལ་གཉིས་བཏབ་གློ་འབྱར་ཤ་སྔོ་དང་།། བྲང་འབྱར་གློ་བའི་གཅོང་ནད་དག་ལ་ཕན།། དཔུང་མགོ་གཡས་གཡོན་དབུགས་ཀྱིས་གར་སླེབས་བསྲེགས།། སྣ་ཁྲག་མ་ཆོད་འབྱམས་ལ་མཆོག་ཏུ་ཕན།། གྲུ་མོའི་ཁུག་བཏབ་ཆུ་སེར་ཞུགས་ལ་ཕན།། གཞུ་མཆོག་མགོར་གདབ་རུས་ནད་དག་ལ་ཕན།། གཞུ་མཆོག་རྒྱབ་ཀྱི་ཚིགས་མིག་དག་ཏུ་གདབ།། རཏྣ་གཉིས་ཀྱིས་རྩ་དཀར་གཟེར་བཤལ་འཇོམས།། མཁྲིག་མའི་སོར་བཞི་རུས་པའི་བར་ལ་བསྲེགས།། རིམས་ནད་ངུ་ལབ་འདྲེ་མཐོང་སྣང་ལ་ཕན།། མཁྲིག་ཟུར་རྩ་སྟེང་བཏབ་ན་ཆུ་རྒྱུས་དག། འཁུམས་པ་ལ་ཕན་མཁྲིག་རུས་འབུར་པོར་གདབ།། ལྤགས་ནད་མཛེར་པ་དག་ལ་ཕན་པ་ཡིན།། མཐེབ་མཛུབ་བར་ནས་མཛུབ་གང་བཅལ་བའི་ཁར།། རིམས་ཚད་ཞེན་དང་མིག་ནད་ཚག་ལ་ཕན།། མཐེ་བོང་མཁྲིག་མའི་རུས་འབུར་ལ་གདབ་ན།། ཀླད་པ་ན་དང་མགོ་ནད་དག་ལ་ཕན།། མཐེབ་ཆུང་སྲིན་ལག་བར་ནས་ཚོན་ཕྱེད་དོར།། བཏབ་པས་ཚག་སོགས་མིག་གི་འབྲས་ནད་སེལ།། སྲིན་ལག་གཡས་གཡོན་ཚིགས་པ་གཅིག་གཉིས་གསུམ།། ནད་ཚབས་བསྟུན་བསྲེགས་མཆུ་ཡི་ནད་ལ་ཕན།། སྲེན་ལག་རྩེ་མོ་བསྲེགས་པས་སོ་ནད་སེལ།། དེ་ལྟར་ལག་པའི་གསང་དམིགས་ལྔ་བཅུ་བརྒྱད།། སོང་ནས་གསུམ་པ་རྐང་པའི་གསང་དམིགས་བཤད།། སྐྱིལ་ཀྲུང་མཉམ་བཞག་ལུས་བསྲིང་དཔྱི་མིག་ནས།། གྱེན་དུ་ཆག་གང་དེ་ནས་ཟུར་ལ་ཡང་།། ཆག་གང་བཅལ་བཏབ་རྐེད་པ་འཁོར་ན་ཕན།། དཔྱི་རུས་འབུར་དང་བརླ་ཡི་གཤོང་གཤོང་པོར།། བཏབ་པས་ཆུ་སེར་ཁོང་ལྷུང་རྟུག་སྐམ་དང་།། གྲང་སྐྲན་འོར་དུ་ལྷུང་བ་རྣམས་ལ་ཕན།། རུས་འབུར་སྟེང་ནས་མར་ལ་ཚོན་གསུམ་བཅལ།། བཏབ་པས་བྱིན་པའི་སྐྲན་འབྲས་རྐང་སྦྲིད་སོགས།། རྐང་པའི་ནད་རིགས་ཀུན་ལ་ཕན་པ་ཡིན།། སྒྱིད་ཁུང་གཉེར་རིང་སྟེང་ནས་ཐུར་ཚོན་གང་།། བཏབ་པས་ཆུ་བ་འཁུམས་དང་རྐྱོང་མི་ཤེས།། གཞང་ནད་ཤུ་བ་ཁྲག་འོང་རྣམས་ལ་ཕན།། ལོང་ནས་ཡར་ལ་ཐུར(ཚོན)་གང་བཅལ་ལ་གདབ།། པུས་མོ་ཡན(མན)་ཆོད་སྦྲིད་པ་གཅོད་པར་བྱེད(སྤྲིད་དང་སྐྲངས་ལ་ཕན)།། (ནང་ལོར་འབུར་ནས་མར་ལ་ཚོན་གང་བཅལ།། བསྲེག་པས་ཟླ་མཚན་འཛག་པ་གཅོད་པར་བྱེད།།) རུས་པ་རྗེ་ངར་རྐང་གདོང་ལ་བཏབ་པས།། ཟླ་མཚན་ཇི་སྲིད་འབྱམས་ལ་ཕན་པ་ཡིན།། རྟིང་ཆུའི་འགུལ་རྩ་བསྲེགས་པས་སྐྱུག་བྲོ་དང་།། འཁྲུ་དང་ཟླ་མཚན་འཛག་དང་ལྐོག་སྐྲངས་སེལ།། ལངས་ཏེ་ལུས་བསྲང་བརླ་ཡི་ཕྱི་ཟུར་ནས།། ལག་བརྐྱངས་གུང་སོར་གར་སླེབས་བརླ་ཡི་སུལ།། རྨེན་བུར་མ་སོར་བྱོལ་ལ་བསྲེགས་པ་ཡིས།། རྐང་པ་བཤལ་ནད་རྐང་ཁོལ་འགྲོ་དཀའ་ལ་ཕན།། སྣག་པ་ཆེ་ཡི་གཤོང་བཏབ་རྐང་ནད་དང་།། རུས་པ་ཁོལ་ཞིང་རོ་སྨད་མི་ཐེག་སོགས།། སྨད་ནད་གྲང་བ་མ་ལུས་གཏིང་ནས་འདོན།། རྐང་བརྐྱངས་ལྷ་ངའི་ཕྱོགས་བཞིན(སོར་བཞིའི)་དབུས་ལ་བཏབ།། རྐང་པའི་ཤ་སྐམ་རྐང་བ་གཟེར་བ་དང་།། བུད་མེད་རྐེད་ནད་ཆུ་ནད་དག་ལ་ཕན།། སྒྱིད་ཁུང(བསྐུམ)་གཉེར་རིང་སྣེ་ནས་ཚོན་ཕྱེད་དོ།། བཅལ་བའི་གདོང་ཟུར་བསྲེགས་ན་པུས་མོའི་ཚིགས།། གཟེར་ཞིང་འགྲོ་མི་ཤེས་པ་དག་ལ་ཕན།། ལྷ་ངའི་འོག་གི་བྱ་རོག་མིག་གཉིས་སུ།། བཏབ་པས་ཟས་མི་འཇུ་དང་མིག་རུས(རྟུལ)་དང་།། བྱིན་སྙིང་ན་བ་དག་ལ་ཕན་པ་ཡིན།། ངར་གདོང་ཐུར་མགོ་རུས་པ་འབུར་གཉིས་འོག། ཆུ་སེར་གཤོང་བུར་བཏབ་པས་རུས་ཁོལ་དང་།། བྱིན་ཤ་འགྱུར་སོགས་པུས་མོ་མན་ཆད(ནད)སེལ།། ཕྱི་ལོང་སྟེང་ནས་གྱེན་ལ་སོར་བཞི་ཡི།། ཆུ་བའི་བར་གྱི་བསྲེགས་ལྐོག་མའི་ནད་རྣམས་དང་།། སྨྲ་མི་ཤེས་པ་དག་ལ་ཕན་པ་ཡིན།། ནང་ལོང་ཐད་དྲོང་གདོང་གི་ཆུ་བར་བསྲེགས།། ཕོ་མཚན་མི་ལྡང་ས་བོན་རླུགས་ལ་ཕན།། མཐེ་བོང་སྤུ་སྐྱེས་བསྲེགས་པས་སྨྱོ་ལྐུགས་དང་།། ལྟག་པ་རེངས་སམ་རླིག་པ་སྐྲངས་ལ་ཕན།། རྟིང་པའི་དྲེག་མཚམས་བསྲེགས་པས་མིག་ཚག་དང་།། སྨྱོ་འབོག་ཡེ་འབྲོག་གདོན་གྱིས་ཟིན་ལ་ཕན།། ནང་ལོར་འཕར་རྩ་བསྲེགས་པས་རྒྱུ་ལོང་ནད།། ཕོ་བ་གླང་ཐབས་ནད་ལ་ཕན་པར་འགྱུར།། ངར་གདོང་ཆུ་བ་ཁ་དབྲག་བར་གྱི་ནི།། སྙིང་རྩ་ཆེན་མོ་བསྲེགས་པས་རུས་ནད་དང་།། ཤ་སེར་མིག་སེར་ཕོ་མཆིན་རླིག་འབྲས་སྐྲངས།། འབྲས་བུ་ནང་དུ་བྲོས་པ་དག་ལ་ཕན།། རྟིང་པའི་རུས་འབུར་ལྐོག་གི་གཤོང་བུར་བཏབ།། རྐང་དང་བྱིན་པ་སྒབ་ཁུང་ནད་ལ་ཕན།། མཐེབ་མཛུབ་བར་ནས་ཡར་ལ་ཚོན་གང་གདབ།། ཆུ་སེར་རྐང་སྦྲིད་བཤལ(གསུས)་ཆེ་གཅིན་སྲི་སེལ།། དེ་ནས་ཡར་ལ་ཕུན་གང་བཅལ་བར་གདབ།། འཐེང་གྲུམ་དུབ་དང་རླིག་པ་སྐྲངས་ལ་ཕན།། དེ་ནས་ཚོན་གང་ཕུན་གང་ཡར་བཅལ་ལ་བཏབ།། ཁོང་ལྕི་རླིག་པ་སྐྲངས་པ་དག་ལ་ཕན།། སེན(སེར)་མོ་བསྐུམ་པའི་མཐེབ་གཤོང་ལ་བཏབ་ན།། ཀླད་པའི་ནད་དང་གཅིན་སྲི་བ་ལ་ཕན།། མཐེ་བོང་མགོ་ཡི་ཚིགས་པ་ལ་བཏབ་ན།། དྲེག་ནད་ལ་ཕན་རྐང་བོལ་རྒྱ་ཚིགས་བསྲེགས།། འདུག་མི་ཚུགས་དང་སྐྲངས་ལ་མཆོག་ཏུ་ཕན།། མཐེབ་མཛུམ་བར་ནས་སོར་གང་ཤ་སྲུབ་ཏུ།། རྐང་པའི་གྲུ་བཞི་རླིག་པ་སྐྲངས་ལ་ཕན།། མཐེབ་ཆུང་སྲིན་མཛུབ་བར་ནས་གྱེན་བོལ་དུ།། ཚོན་གང་བཅལ་བའི་ས་རུ་གདབ་པ་ན།། ཚ་བས་འཁྲུ་དང་སྣ་ཁྲག་འཛག་ལ་ཕན།། གུང་རྟིང་ཚད་གདབ(བལྟབས)་རྐང་མཐིལ་གཏར་བསྲེགས་པས།། ཆུ་སེར་རྐང་ནད་མིག་གི་ནད་ལ་ཕན།། དེ་ལྟར་རྐང་པའི་གདབ་དམིགས་དྲུག་ཅུ་བཞི།། མདུན་རྒྱབ་ལུས་དང་ཡན་ལག་ལྔ་བསྡོམས་པས།། གསང་དམིགས་སུམ་བརྒྱ་ཉེར་གཉིས་མ་འདྲེས་པར།། རྒྱས་པར་བཤད་ལ་མ་ནོར་གདབ་པར་བྱ།། གསང་ལ་མི་ལྟོས་རྨ་འབྲས་ལྷོག་སྐྲངས་དང་།། སྨེ་བ་མཛེར་པ་སོགས་དང་གློ་བུར་ནད།། ལྷོག་པའི་རིགས་ལ་ནད་དམིགས་དབྱིབས་དང་བསྟུན།། གང་ཡང་ཤ་གནད་རྩ་གནད་རྨེན་གནད་དང་།། བླ་གནས་ཐོག་དང་ཆུ་རྒྱུས་སྟེང་དུ་སྤངས།། མིག་འབྲས་མིག་རྩ་ལྕེ་རྩ་ཕོ་མོའི་མཚན།། གློ་བུར་ལྷག་ཀྱང་གདབབྱའི་གནས་མ་ཡིན།། གསབ་ཐབས་བཙོ་བསྲེགས་བསྲོ་དང་བསྡིག་པ་བཞི།། བཙོ་བ་རབ་འབྲིང་ཐ་མ་ཉི་ཤུ་དང་།། བཅུ་དགུ་བཅུ་བདུན་རིམ་པས་ཚད་ཡིན་ལ།། བསྲེག་པ་བཅོ་ལྔ་བཅུ་གསུམ་དགུ་ཡི་ཚད།། བསྲོ་བ་ལྔ་བདུན་གསུམ་རིམ་བསྡིག་པ་ལ།། སྤྲ་ཚུགས་གཅིག་ཡིན་རབ་ཚོས་འབྲིང་ཚིག་ལ།། ཐ་མ་རབ་ཏུ་ཚ་བས་དངངས་པ་སྐྱེད།། དེ་བཞིན་ནད་ཀྱི་ཚབས་ལ་རིམ་གསུམ་དཔག། གདབ་ཚད་ནད་དབྱེ་འབྲས་དང་སྐྲན་བཙོ་ཞིང་།། བད་ཀན་སྐྱ་བོ་ཆུ་སེར་སྙིང་རླུང་བསྲེག། རླུང་དང་སྲིན་ནད་རྩ་ཆུ་འགགས་པ་བསྲོ།། ཆུ་སེར་ཁྲག་གི་ནད་དང་བྱིས་པར་བསྡིག། གནས་ཀྱི་དབྱེ་བས་སྒོ་བཞི་བསྲོ་བར་བྱ།། སྨད་བསྲེགས་སྟོད་བཙོ་རྩ་ལ་བསྡིག་ཚད་བྱ།། གང་ཡང་གཅིག་སྟེང་གཅིག་བསྣན་གྲང་བར་བསྐྱར།། བུ་བཙས་བཤལ་རྗེས་རྩ་ཚད་མཐུད་པ་བཞི།། ཧ་ཅང་བསྲེགས་པ་དྲག་ན་ཉེས་པ་ཆེ།། གསང་ལ་ཐིག་བཏབ་སྣུན་མམ་སོ་དྲེག་གིས།། སྤྲ་བ་སྦྱར་ལ་མེ་སྦར་སྐྱབས་འགྲོ་ནི།། མ་ཡེངས་རྩེ་གཅིག་འདོན་བསྒོམ་འདི་ལྟར་བྱ།། སངས་རྒྱས་སྨན་གྱི་བླ་དང་ཐུབ་པའི་དབང་།། རིགས་གསུམ་མགོན་དང་དྲང་སྲོང་ཉི་ཤུ་གཅིག། སྨན་གྱི་ལྷ་མོ་ཚངས་པ་སྐྱེ་དགུའི་བདག། ཐ་སྐར་བུ་དང་དྲག་པོ་དབང་པོ་དང་།། ཉི་ཟླ་ས་མེ་རླུང་དང་དྲང་སྲོང་རིགས།། གཞོན་ནུའི་གསོས་དང་ཀླུ་སྒྲུབ་ཕ་ཁོལ་སོགས།། ལྷ་དང་དྲང་སྲོང་ཕྱི་ནང་བརྒྱུད་པར་བཅས།། འབྱུང་པོའི་ཚོགས་དང་བཅས་ལ་ཕྱག་འཚལ་ཞིང་། །སྐྱབས་གསོལ་བསྲུང་བྱ་འདི་ལ་སྐྱོབས་པར་མཛོད།། ལྷ་རྣམས་ཀྱི་ནི་བདེན་པའི་སྟོབས་དག་དང་།། ཀླུ་མཆོག་རྣམས་ཀྱི་ནོར་བུ་ལྟ་བུ་ཡི།། རིག་འཛིན་རྣམས་ཀྱི་བཅུད་ཀྱི་ལེན་པ་དང་།། དྲང་སྲོང་རིག་འཛིན་རྣམས་ཀྱི་བདེན་པའི་མཐུས།། དཔྱད་འདི་ཁྱེད་ལ་ཉེ་བར་སྨན་གྱུར་ཅིག། དྲི་ཞིམ་ངད་ལྡན་སྤྲ་མེ་གསལ་མདངས་ལྡན།། ཚ་རྣོ་དབལ་ལྡན་ནད་འཇོམས་གསེར་མེའི་མདའ།། ལྷ་ཀླུ་གཉན་དང་བཙན་ལ་མི་རུང་མདའ།། གནོད་བྱེད་བཞི་བརྒྱ་རྩ་བཞིའི་ནད་ལ་འདེབས།། ཚ་བའི་རྒྱུན་སྲུང་གྲང་བར་གཏིང་དྲོད་སྐྱེད།། རླུང་རྒྱུའི་སྒོ་ཁེགས་རྣག་ཆུའི་རྒྱ་མཚོ་སྐེམ།། ཚ་བའི་གཟེར་ཆོམ་ན་བའི་མེ་དབལ་སོད།། འཚེ་བའི་རྐྱེན་སེལ་གདོན་བགེགས་ལོག་འདྲེན་སྲེག། ནད་མེད་བདེ་སྐྱིད་ཚེ་རིང་འབྱོར་རྒྱས་ཤོག། ཨོཾ་ན་མོ་བྷ་ག་ལྦ་ཏེ་བྷེེ་ཥ་གུ་རུ་བེེ་ཌཱུརྱ་པྲ་བྷ་རཱ་ཛཱ་ཡ།   ཏ་ཐཱ་ག་ཏཱ་ཡ།   ཨརྷ་ཏེ་ས་མྱ་ཀཾ་བུ་དྷ་ཡ།ཏདྱཐཱ།   ཨོཾ་བྷེེ་ཥ་ཛྱེེ་བྷེེ་ཥ་ཛྱེེ་མ་ཧཱ་བྷེེ་ཥ་ཛྱེེ། རཱ་ཛཱ་ས་མུངྒ་ཏེ་སརྦ་རོ་ག་ན་གྲ་ཧེ་ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙ་བྷི(སྦ)་སྨ(སྨི)་ཀུ་རུ་ཡེ་སྭཱ་ཧྭ། རིག་བྱེད་ལས་བྱུང་ཤིས་པ་བརྗོད་པ་ཡིས།། གནད་ལ་ཕོག་ཆུང་ནད་གཞིར་ཕན་བསྐྱེད་ཆེ།། ནད་སྟེང་མེ་ཕེབས་ཐལ་བ་མི་འགུལ་བར།། ཤིས་བརྗོད་སྔགས་ཀྱི་ཟེགས་མ་ཐུད་ཐུད་གདབ།། སུམ་གཉིས་མཆེད་ནས་སྦྲ་བ་གཅིག་བསྣན་སྦར།། ཚ་བ་རྒྱུན་མི་ཆད་པས་ཚོས་པ་སྐྱེན།། དུ་བ་ཆད་ནས་སྦྲ་ལྷག་ཁབ་མགོས་བསེད་(གསེང)་།། བསྲེགས་ལེགས་ཁོད་སྙོམས་ཡ་ཡོ་མེད་པ་དང་།། ཆུ་བུར་ཕྲ་མོས་མཐའ་བསྐོར་ན་ཚ་མེད།། བསྲེགས་ཉེས་མ་ཚོས་བསྲེགས་དྲགས་དམར་ཚག་གཡའ།། ཁྲག་འཛག་རྣམས་ནི་ཉེས་པས་སྐྱོན་ལ་གཟབ།། ཚོས་ཚད་མདུན་བཏབ་རྒྱབ་ཏུ་ཀར་ཏེ་ན།། རྒྱབ་བཏབ་མདུན་དུ་ན་ཞིང་སྐྱུར་མེར་ལོག། ཚོས་པའི་རྟགས་ཡིན་སྤྲ་བ་མེ་འཕྲོ་བཅད།། ཚག་སྒྲ་ཏོག་ཅེས་སྤྲ་བ་ཡར་བ་དང་།། བསྲེགས་རྗེས་ན་ན་ཕན་པ་ཆེ་བའི་བརྡ།། བསྲེགས་རྗེས་མི་གཏར་གཏར་རྗེས་སྲེག་ཏུ་རུང་།། ཕྱི་རྗེས་མེ་ཤི་སྤྲ་གྲང་མཐེབ་རྒྱས(རྗེས)་གདབ།། ཅུང་ཟད་གོམ་པ་བཅག་པས་ལུས་བརྟས་བྱེད།། སྐོམ་ཡང་ཆུ་སྤངས་བཏུང་ན་མེ་དབལ་གསོད།། རུལ་སུངས་ཞོ་དར་སྐྱུར་མོ་ཞག་བདུན་སྤང་།། ལུས་གྲང་དྲག་ཤུལ་རྔུལ་དང་ཉིན་གཉིད་བསྲུང།། ཟོས་འགྲངས་ཐོག་ཏུ་མི་སྲེག་བསྲེགས་མ་ཐག། ཟོས་སྐོམ་འགྲངས་པར་མི་བསྟེན་ཐབ་གཞོབ་བསྲུང།། ཕན་ཡོན་རྩ་ཡི་འབྲོས་འཕྲང་འགེགས་པ་དང་།། ན་བའི་ཟུག་གཅོག་རླུང་ནད་ཁ་ཡན་གཡོན།། མ་ཞུ་འཇུ་ཞིང་ལྷེན་སྐྲན་བཤིག་པར་བྱེད།། འབྲས་དང་རྨ་རྒན་ཤ་རོ་ངན་པ་གཅོད།། སྐྲངས་པའི་མགོ་གནོན་ཆུ་སེར་འདྲེན་སྐེམ་སྡོམ།། དོན་སྣོད་སྒོ་སྲུང་དྲོད་སྐྱེད་དྲན་པ་གསལ།། གསོ་དཔྱད་གཞན་རྡུགས་ཕལ་ཆེར་མེ་ཡིས་གསོ།། དེས་ན་ཚོད(ཚད)་ཐིག་གནད་ཤེས་མེ་དཔྱད་མཆོག། དེ་ལྟར་དཔྱད་མཆོག་མེ་ཡི་ལག་ལེན་ཡང་།། སྲེག་བྱེད་མེ་འཕྲུལ་ཉི་ཤུ་རྩ་གསུམ་དུ།། ཡོད་ཀྱང་འདི་རུ་སྤྲ་མེ་གཙོ་བོར་བགྱིས།། འོན་ཀྱང་མིག་གསང་གསེར་ཏེལ་དབང་པོ་ཞན(གཞན)།། དངུལ་ཏེལ་གསེར་མཚུངས(སྲིན་ལ)་ཟངས་ཏེལ་རྨ་སྲིན་བསྔགས(མགོ་ཕལ་ཆེར)།། དངུལ་ཏེལ་སྐྲན་བཤིག་རྩ་ཆད་གསེར་གྱིས་མཐུད།། ཅེས་པ་མཁས་པ་འགའ་ཡི་ཞལ་ལས་ཐོས།། མེ་འཕྲུལ་ཉེར་གསུམ་ཁོ་བོས་གསལ་བྱས་པའི།། ལག་ལེན་རིགས་གཅེས་བཏུས་པས་དག་ལས་གསལ།། འདི་རུ་རྒྱུད་དགོངས་སློབ་དཔོན་གདམས་པས་བསྐངས།། རྒྱུད་ལས་རྒྱབ་གསང་ཉི་ཤུ་མདུན་ཉེར་གཉིས།། ཡན་ལག་ལྔ་ལ་ཉེར་བརྒྱད་ཀུན་བསྡོམས་པས།། བདུན་ཅུ་ཐམ་པ་བསྡུས་དོན་ལས་མ་གསུངས།། འདིར་ནི་སྨན་དཔྱད་ཟླ་བའི་རྒྱལ་པོ་སོགས།། རྒྱུད་དང་མན་ངག་མཁས་པའི་གདམས་པ་ཡིས།། ཁ་བསྐངས་རྒྱབ་གསང་ང་བདུན་མདུན་གྱི་གསང།། བདུན་ཅུ་བསྡོམས་པས་ལུས་ལ་བརྒྱ་ཉེར་བདུན།། མགོ་གསང་དོན་གསུམ་ལག་པར་ལྔ་བཅུ་བརྒྱད།། རྐང་པར་རེ་བཞི་ཡན་ལག་ལྔ་བསྡོམས་པར།། བརྒྱ་དང་གོ་ལྔ་ལུས་དང་ཡན་ལག་ལྔ།། ཀུན་བསྡོམས་གདབ་དམིགས་སུམ་བརྒྱ་ཉེར་གཉིས་སུ།། གསལ་སྤྲོས་རྒྱས་བར་བཤད་ལ་རྣམ་དཔྱོད་ཀྱི།། བློ་གྲོས་མིག་ལྡན་དག་གིས་དཔྱད་གསུམ་གྱིས།། གཟིགས་པས་ནོངས་པར་མཆིས་ན་བཟོད་པར་བཞེས།། རྣམ་དག་ལྷག་བསམ་དཀར་པོས་བསྒྲུབས་པ་དང་།། རྣམ་དག་རྒྱུད་དགོངས་གཏན་ལ་ཕབ་པའི་དགེ། རྣམ་མང་ཐར་མཆོག་བྱང་ཆུབ་ཐོབ་པའི་ཕྱིར།། རྣམ་ཀུན་འཛད་པ་མེད་པར་བསྔོ་བར་བགྱི།།     ཞེས་མེ་བཙའི་གདམས་པ་རྒྱས་པར་སྤྲོས་པ་གསལ་བོར་སྟོན་པའི་ཟིན་བྲིས་རབ་གསལ(དྭངས)་ཤེལ་དཀར་མེ་ལོང་གསར་པ་འདི་ནི།། སྔགས་སྨན་བརྒྱུད་པའི་སྲོག་ཤིང་དམ་པ་བི་ཇིའི་རིགས་འབངས་ཐ་ཤལ་བ། དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་རང་སློབ་གསར་བུ་འདའ་ལ་ཕན་གདགས་པར་བྱ་སྙམ་པའི་འདུན་པ་དཀར་བོས་སྦྱར་བའི་དགེ་བས་ལུས་ཅན་ཀུན་ཀྱང་དུག་གསུམ་ཉེས་འཁུགས་ནག་པོའི་གཅོང་ནད་ལས་ཐར་ཏེ་བདེ་ཆེན་ཐར་པ་མཆོག་གི་ས་ལམ་ཡོངས་སུ་རྫོགས་པའི་རྒྱུར་གྱུར་ཅིག། །།




མཐའ་མའི་འདོན་ཐེངས་།: 24.11.2020 ཉིན། 3:18 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།