སྨན་རྩིས་དྲ་བ། - ཆེད་རྩོམ།

མེ་དྲོད་དང་ཟངས་ཚགས་རྒྱུ་མགོའི་ངོས་འཛིན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 24.09.2019
ཆེད་རྩོམ། >>

 

གསོ་རིག་གཞུང་ལས་མེ་དྲོད་དང་ཟངས་ཚགས་རྒྱུ་མགོའི་ངོས་འཛིན་དཔྱད་གཞིར་བཀོད་པ་ལམ་གསར་སྒྲོན་མེ།།

སྨན་རམས་པ་བསྟན་འཛིན་ཆོས་གྲུབ།

 

སེམས་ཅན་ལས་དང་བསོད་ནམས་མི་མཐུན་པས། །རེ་འགའ་གནོད་དང་ཕན་བསྐྱེད་མི་འབྱུང་ཕྱིར།།

སེམས་ཅན་ཀུན་གྱི་ལས་དང་བསོད་ནམས་དང་། །ཡོངས་སུ་མཐུན་ཞིང་ནད་གདོན་ཀུན་སེལ་ཤོག།

ཅེས་སྔོན་དུ་བསུ་ནས་དེང་དུས་གསོ་བ་རིག་པ་རྗེས་འཛིན་པ་ང་རང་དང་བཅས་པ་ཕལ་ཆེ་བས་ཕོ་བའི་ཟངས་ཚགས་ལ་ངོས་འཛིན་འདྲ་མིན་འདོད་པ་དང་། དེ་ལས་འཕྲོས་པའི་མེ་དྲོད་དང་རྒྱུ་མགོ་སྐོར་དཔྱད་གཞིའི་ཚུལ་དུ་བཀོད་པར་སྤྲོ་བ་ལ།

དཔལ་ལྡན་རྒྱུད་བཞིའི་བཤད་རྒྱུད་ལེའུ་ལྔ་པ་ལུས་ཀྱི་མཚན་ཉིད་ལས། མེ་དྲོད་ཅེས་བྱ་འཇུ་བའི་གཞི་ཡིན་ཏེ། །འཇུ་བར་བྱེད་པའི་མཁྲིས་པ་དེ་ལ་བཤད། །ཅེས་གསུངས་པ་ལྟར་དུས་རྒྱུན་འགྲེལ་བ་ལྟར་ན། མེ་དྲོད་ཟེར་བ་དེ་ནི་ཟས་སྐོམ་རྣམས་འཇུ་ཞིང་ཞུ་འགྲོ་བའི་གཞི་དེ་ལ་ཟེར་ལ། དེ་ཡང་འཇུ་བྱེད་མཁྲིས་པ་དེ་ལ་བཤད་ཅེས་གསུངས་མོད་ཀྱང་གུས་པ་ལྟར་ན་འགྲེལ་བཤད་འདི་ལྟར་བྱས་ན་མེ་དྲོད་དང་འཇུ་བྱེད་མཁྲིས་པ་དོན་གཅིག་ལྟར་སྣང་བས་མི་འཐད་དེ། བད་ཀན་མྱག་བྱེད་དང་རླུང་མེ་མཉམ་ཆོས་ཅན་མེ་དྲོད་མིན་ནམ་དེ་གཉིས་མེད་ནའང་ཟས་སྐོམ་མི་འཇུ་སྟེ་ཟས་ཞུ་བའི་མཚན་ཉིད་ནི། མེས་ཞལ་གྱི་མ་ཞུ་བའི་ལེའུ་ལས། སྤྱིར་རྫས་གང་ཞིག་ཕོ་བར་སླེབས་པ་ནས་བཟུང་། ལུས་ཟུངས་ཀྱི་ཆ་ཤས་ཐམས་ཅད་དུ་ཡོད་པའི་མེ་དྲོད་གསུམ་གྱིས་ལེགས་པར་སྨིན་ཏེ་ནད་ཟུངས་དྲི་མ་སྙོམས་པར་གནས་ཤིང་འཕེལ་བའི་ལས་བྱེད་པ་ནི་ཞུ་བ་ཞེས་བྱ་བ་ཡིན། ཞེས་གསུངས་པ་ལྟར་མེ་དྲོད་ལ་རིགས་གསུམ་ཡིན་ཏེ་མེ་དྲོད་བད་ཀན་དང་མེ་དྲོད་མཁྲིས་པ་དེ་བཞིན་མེ་དྲོད་རླུང་ཡིན་ཏེ། བཤད་རྒྱུད་ལེའུ་བཅུ་དགུ་པ་ལས། ཞུ་རྗེས་ཕོ་བའི་མེ་དང་ཕྲད་པའི་ཚེ། །བད་མཁྲིས་རླུང་གིས་རིམ་པར་ཞུ་བ་ལས། །ཞེས་གསུངས་པའི་བད་མཁྲིས་རླུང་གསུམ་ནི་གོང་གི་མེ་དྲོད་གསུམ་དེ་ཡིན། དེ་གསུམ་པོ་གང་རུང་ཞིག་མེད་ན་ཟས་སྐོམ་སོགས་ཞུ་ཐབས་མེད་པ་གོང་གི་ཞུ་བའི་མཚན་ཉིད་ལས་ཤེས་པ་ཡིན། དེར་བརྟེན་མེ་དྲོད་ཟེར་བའི་དོན་ནི་ཟས་སྐོམ་མྱག་བཞུ་དྭངས་སྙིགས་འབྱེད་དེ་ཟས་འཇུ་བར་བྱེད་པའི་དྲོད་ཀྱི་ཆའམ་མཁྲིས་པ་དེ་ལ་གོ་ཞེས་སྐབས་འདིར་མཁྲིས་པ་ཟེར་བ་འབར་བའི་དོན་ཏེ་དྲོད་ཀྱི་དོན་ཡིན་ལ་མེ་དྲོད་དེ་མེ་དྲོད་མཁྲིས་པ་ཡིན་ཟེར་ན་ཟས་སྐོམ་ཞུ་བ་ལ་བད་ཀན་མྱག་བྱེད་དང་རླུང་མེ་མཉམ་གཉིས་མེ་དྲོད་མེད་དམ་ཞེས་དྲི་བ་སླེབ་ལ་དེ་གཉིས་མེད་ནའང་མེ་དྲོད་མཁྲིས་པ་ཁོ་ནས་ཟས་སྐོམ་ག་ལ་འཇུ།དེ་གསུམ་པོ་ཆ་མཉམ་པའི་སྟོབས་ཀྱི་ཟས་འཇུ་བར་བརྟེན་དེ་གསུམ་པོའི་གོ་གནས་མཚུངས་པར་འདོད་དགོས་ཏེ། མན་ངག་རྒྱུད་མ་ཞུ་བའི་ལེའུ་ལས། གྱུར་ཚུལ་རྒྱུ་དང་རྐྱེན་དུ་ལྡན་པ་ཡིས། །བད་མཁྲིས་རླུང་གིས་འཇུ་བའི་མཐུ་ཉམས་ཏེ། །མྱགས་བྱེད་བད་ཀན་དག་གིས་མྱག་མ་ནུས། །འཇུ་བར་བྱེད་པའི་མཁྲིས་པས་འཇུ་མ་ནུས། །མེ་མཉམ་རླུང་གིས་དྭངས་སྙིགས་འབྱེད་མ་ནུས། །དེ་ལ་མ་ཞུ་ཞེས་སུ་བརྗོད་པ་ཡིན། །ཞེས་གསུངས་པ་ལྟར་མེ་དྲོད་གསུམ་པོ་གང་རུང་གཅིག་མ་ཚང་ན་ཟས་སྐོམ་འཇུ་ཞིང་ཞུ་ཐབས་བྲལ། གང་ལགས་ཞུས་ན་མེ་དྲོད་དེ་གསུམ་པོ་གཅིག་ལ་གཅིག་བརྟེན་ནས་གནས་ཏེ་གནོད་བྱ་གནོད་བྱེད་ཀུན་ལ་ཕན་ཐོགས་པར་བྱེད་དོ།།

ཇི་སྲིད་འཇུ་བྱེད་མཁྲིས་པ་དང་མེ་དྲོད་མཁྲིས་པ་གཉིས་དོན་གཅིག་ཏུ་འདོད་ན་སྐྱོན་གང་ཡོད་དམ་ཞེ་ན་འཇུ་བྱེད་མཁྲིས་པ་ནི་ཁྱད་པར་དུ་ཕོ་བའི་ཟངས་ཚགས་རྒྱུ་མའི་འགོར་ཡོད་པར་ཁས་ལེན་ཡོད་པ་གཤམ་གྱི་འབུམ་ནག་གསལ་སྒྲོན་སོགས་ལས་ཤེས་པ་དང་། ཡང་རྒྱུད་ལས། ཆ་ཤས་ལུས་ཟུངས་ཀུན་ལ་གནས་པ་དེ། །ཞེས་གསུངས་པ་ལྟར་ན་མེ་དྲོད་མཁྲིས་པ་དེ་མིག་ལ་ཡོད་དམ་ཟེར་ན་ཡོད་པར་འདོད་དགོས་པས་ན། འཇུ་བྱེད་མཁྲིས་པའང་མིག་ཏུ་ཡོད་དམ་ཟེར་ན་ཡོད་པར་འདོད་དགོས་པར་བརྟེན་རྒྱུད་བཞི་ལེའུ་༥ལས། འཇུ་བྱེད་ཞུ་དང་མ་ཞུ་བར་ན་གནས། །ཞེས་ཁྱད་པར་གྱི་གནས་གསུངས་པ་དང་འགལ་བར་སོང་པས་ཕྱིར་རོ།།

མེ་དྲོད་ཟེར་བ་ནི་ལུས་ཡོངས་ལ་ཁྱབ་པའི་མྱགས་བཞུ་དྭངས་སྙིགས་བྱེད་པའི་བད་ཀན་མྱག་བྱེད་དང་མཁྲིས་པ་འཇུ་བྱེད་རླུང་མེ་མཉམ་བཅས་གཙོ་བོ་གསུམ་པོའི་ནུས་པ་ཞིག་ལ་གོ་བས་ན་དེ་གསུམ་པོ་ལ་མེ་དྲོད་རྣམ་གསུམ་དུ་གྲགས་ཏེ་བད་ཀན་མྱག་བྱེད་ཀྱི་མེ་དྲོད་དེ་མེ་དྲོད་བད་ཀན་དང་། མཁྲིས་པ་འཇུ་བྱེད་ཀྱི་མེ་དྲོད་དེ་མེ་དྲོད་མཁྲིས་པ་དང་། རླུང་མེ་མཉམ་གྱི་མེ་དྲོད་དེ་མེ་དྲོད་རླུང་བཅས་གསུམ་དུ་བཤད་ལ།མེ་དྲོད་དེ་གསུམ་པོའི་ནུས་པ་ལུས་ཀྱི་ཆ་ཤས་ཡོངས་ལ་ཁྱབ་ཡོད་དེ། བཤད་རྒྱུད་ལེའུ་ ༡༡ ལས། གཉིས་པ་ལུས་ཀྱི་མེ་དྲོད་རང་གནས་འདུག།།ཆ་ཤས་ལུས་ཟུངས་ཀུན་ལ་གནས་པ་དེ། །ཞེས་དང་སྐྱེམ་འགྲེལ་ལས། འདི་གཙོ་ཆེ་བ་ནི་ཕོ་ལོང་རྒྱུ་མ་རུ་གནས་ལ། ཆ་ཤས་ནི་ལུས་ཀུན་ལ་ཁྱབ། ཞེས་གསུངས་པ་ལྟར་ལུས་ཀྱི་མེ་དྲོད་ཀུན་ཀྱི་འབྱུང་གཞི་བད་ཀན་མྱག་བྱེད་དེའི་རང་གནས་མ་ཞུ་བའི་གནས་ཕོ་བ་དང་། མཁྲིས་པ་འཇུ་བྱེད་དེའི་རང་གནས་ནི་ཞུ་མ་ཞུ་བར་ཏེ་ཟངས་ཚགས་འོག་རྒྱུ་མ་དང་། རླུང་མེ་མཉམ་གྱི་རང་གནས་ལོང་གསུམ་པོར་འདུག་ཀྱང་མེ་དྲོད་རྣམ་གསུམ་གཅིག་ལ་གཅིག་རྟེན་ནས་དེའི་ནུས་པ་ལུས་ཀྱི་གནོད་བྱེད་ཉེས་པ་གསུམ་དང་གནོད་བྱ་ལུས་ཟུངས་བདུན་དྲི་མ་གསུམ་བཅས་མཐར་བ་སྤུའི་བུ་ག་དང་སོ་སེན་པགས་པ་སོགས་ལ་ཁྱབ་པར་གནས་ཏེ་མྱག་བཞུ་དྭངས་གསུམ་གྱི་ལས་བྱེད་པས་ན་ནད་མེད་ཚེ་རིང་དང་། སྟོབས་དང་གཟི་མདངས་ཐོབ་པའི་གཞི་ཡིན།

གཙོ་བོའི་མེ་དྲོད་རྣམ་གསུམ་གྱི་རང་གནས་སུ་གནས་ནས་དེ་གསུམ་པོའི་ནུས་པ་ལུས་ཡོངས་ལ་ཁྱབ་པའི་མེ་དྲོད་ལ་འཁོར་གྱི་མེ་དྲོད་ཟེར་བས་དྲི་མེད་ཀུན་གསལ་སོགས་ལས་གཙོ་འཁོར་གྱི་མེ་དྲོད་ཅེས་གསུངས་འདུག། ཐོག་མར་ང་ཚོས་ཟས་བསྟེན་པའི་སྐབས་ཕོ་བའི་མེ་དྲོད་རྣམ་གསུམ་ལས་གཙོ་བོ་བད་ཀན་མྱག་བྱེད་ཀྱིས་མྱག་པར་བྱེད་པས་ན་ཡང་ཏིག་ཟབ་གསང་ལྡེ་མིག་ལས། ཕོ་བ་ནི་ཟས་མྱག་པའི་གནས་གཙོ་བོ། ཞེས་གསུངས་པ་ཤུགས་ལས་རགས་པ་ཙམ་མེ་དྲོད་མཁྲིས་པ་བཞུ་བས་ན་ཡང་ཏིག་ཟབ་གསང་ལྡེ་མིག་ལས། ཟས་སྐོམ་བཞུ་བས་སྒོ་དང་པོ། ཞེས་གསུངས་པ་དང་དེ་བཞིན་མེ་དྲོད་རླུང་མེ་མཉམ་གྱིས་རགས་ཙམ་དྭངས་སྙིགས་བྱེད་པས་ན་ཡང་ཏིག་ཟབ་གསང་ལྡེ་མིག་ལས། དྭངས་སྙིགས་འབྱེད་པའི་ལམ་ཐོག་མ། ཞེས་གསུངས་འདུག ཕོ་བའི་གནས་སུ་རགས་པ་ཙམ་མྱག་བཞུ་དྭངས་གསུམ་ཟིན་ནས་ཕོ་རྒྱུ་འབྲེལ་མཚམས་ཀྱི་སྒོ་གཏན་ཏེ་ཕོ་བའི་ཟངས་ཚགས་(Pyloric sphincter)1 ཀྱིས་རྒྱུ་མ་ཕྱོགས་སུ་འགྲོ་རུ་བཅུག་ནས་རྒྱུ་མར་སླེབས་པ་ཡིན་ཏེ་མེས་ཞལ་བྱང་ཁོག་རྨ་སྐབས་སུ་རྫོང་འཕྲང་ལས། ཕོ་བ་རྒྱུ་མ་བཏགས་ནས་ལྟེ་བའི་འོག་ན་གནས། །ཞེས་གསུངས་པས་ཕྱིར། རྒྱུ་མ་ནི་ཞུ་མ་ཞུའི་བར་གནས་ཡིན་ཏེ། ཆ་ལག་ ༡༨ འགྲེལ་བ་འབུམ་ཆུང་གསལ་སྒྲོན་ལས། ཕོ་བར་ཟས་སྐོམ་གྱི་ངོ་བོ་ཞུ་ནས་དྭངས་སྙིགས་ཕྱེ་བའི་སྙིགས་མ་དེ་རྒྱུ་མར་ཞུ་ནས། དྭངས་སྙིགས་སྐ་སླ་གཉིས་སུ་འབྱེད་པའི་ཕྱིར་ཞུ་མ་ཞུའི་བར་ཞེས་བྱའོ། །ཞེས་གསུངས་པ་ལྟར་རྒྱུད་བཞི་ལེའུ་༥ ལས། འཇུ་བྱེད་ཞུ་དང་མ་ཞུ་བར་ན་གནས། །ཞེས་གསུངས་པ་ལྟར་ཞུ་མ་ཞུའི་གནས་རྒྱུ་མ་ཡིན་ཀྱང་མཁྲིས་པ་འཇུ་བྱེད་ཀྱི་ཁྱད་པར་གྱི་གནས་ནི་རྒྱུ་མའི་འགོ་ཡིན་ཏེ། ཆ་ལག་ ༡༨ འགྲེལ་བ་འབུམ་ཆུང་གསལ་སྒྲོན་ནོར་བུའི་འཕྲེང་མཛེས་ལེའུ༥ལས། མཁྲིས་པ་འཇུ་བྱེད་དེ་དག་གནས་ནི་ཞུ་དང་མ་ཞུའི་བར་ཕོ་བའི་ཟངས་ཚགས་ཀྱི་འོག་གི་རྒྱུ་མའི་འགོ། ཞེས་གསུངས་པ་དང་དེ་བཞིན་འབུམ་ནག་གསལ་སྒྲོན་ལེའུ་༥ ལས། མཁྲིས་པ་འཇུ་བྱེད་གནས་ཞུ་དང་མ་ཞུའི་བར་ཕོ་བའི་ཟངས་ཚགས་ཀྱི་འོག་གི་རྒྱུ་མའི་ (རྩོམ་པ་པོའི་མཆན:-སྐབས་འདིར་རྒྱུ་མའི་འགོ་འདོད་དེ་རྒྱུ་མའི་འོག་ནི་ལོང་ཡིན་པའི་ཕྱིར་མ་ཟད་ཆ་ལག་ ༡༨ དང་། གཞན་ལ་ཕན་པའི་གཏེར་ལ་གཞིགས་ན་རྒྱུ་འགོ་ལས་མ་འདས་སོ།།) འོག་ལྟེ་བའི་ཐད་ན་གནས།། ཞེས་དང་། གཡུ་ཐོག་དགོངས་རྒྱན་ནང་དུ་བློ་གསལ་དབང་པོ་པད་མ་དཀར་པོ་མཚན་གཞན་དུ་འབྲུག་པ་ཀུན་མཁྱེན་པདྨ་དཀར་པོས་མཛད་པའི་རྒྱུད་བཞིའི་བཤད་པ་གཞན་ལ་ཕན་པའི་གཏེར་གྱི་ལེུའུ་ལས། མཁྲིས་པ་འཇུ་བྱེད་གནས་ཞུ་དང་མ་ཞུའི་བར་ཕོ་བའི་ཟངས་ཚགས་ཀྱི་འོག་ཏུ་གནས། ཞེས་བཀོད་འདུག་མོད་འབྲུག་པ་པད་མ་དཀར་པོས་རྒྱུད་བཞིའི་འགྲེལ་བ་གཞན་ལ་ཕན་པའི་གཏེར་ཟེར་བ་དཔེ་ཆ་དངོས་སུ་༼ཨ་རུ་རའི་དེབ་ཕྲེང་༥༢༽མཇལ་བའི་ནང་དུ་དོན་གཅིག་ལ་ཅུང་མི་འདྲ་བར་མངོན་ཏེ་ལུས་ཀྱི་མཚན་ཉིད་ལས། མཁྲིས་པ་འཇུ་བྱེད་གནས་ཞུ་དང་མ་ཞུ་བའི་ཕོ་བའི་ཟངས་ཚགས་ཀྱི་འོག་ཏུ་(རྩོམ་པ་པོའི་མཆན:-ཏུ་དང་མ་བར་དུ་རྒྱུ་དེ་ཆད་པར་མངོན་ཏེ་གོང་གི་ཆ་ལག༡༨དང་འབུམ་ནག་གསལ་སྒྲོན་དང་གཞན་ལ་ཕན་གཏེར་ལས་རྒྱུ་མའི་མགོ་གསུངས་འདུག) མའི་མགོ་ལྟེ་བའི་ཐད་ཀ། ཞེས་བཀོད་འདུག་པ་ལས་རྒྱུ་འགོ་ཟེར་བ་ཐ་སྙད་དེ་དོན་གྱི་གྲུབ་ཙང་སྐྱ་རེང་གསར་པའི་དཔེ་རིས་ ༣༦ ལས། རྒྱུ་འགོའམ་རྒྱུ་སོར་བཅུ་གཉིས།  ཞེས་བཀོད་འདུག་པ་གཤམ་དུ་རྒྱུ་འགོ་སྐོར་རྒྱས་པར་བཀོད་ཡོད།

རྒྱུ་འགོ་དེ་ནས་ཀྱང་མྱག་བཞུ་དྭངས་གསུམ་བྱེད་ཀྱང་གནས་འདིར་གཙོ་བོ་འཇུ་བར་བྱེད་པའི་གནས་ཡིན་སྟབས་ཟས་རྣམས་འཇུ་བའི་ལས་གཙོ་བོ་བྱེད་པ་ཡིན། རྒྱུ་འགོ་ནས་མར་སོང་ཏེ་རྒྱུ་སྟོད་དེ་ནས་རྒྱུ་སྨད་རྒྱུད་ལོང་དུ་སླེབས་པ་དང་ཡང་རྒྱུ་མ་དང་ལོང་འབྲེལ་བའི་མཚམས་ཤིག་ཡོད་པ་དེ་ལ་ཡང་གོང་དུ་ཕོ་བའི་ཟངས་ཚགས་ལྟར་སྒོ་གཏད་ཀྱི་ལས་བྱེད་མཁན་ཡིན་པ་གང་ཞིག་ལ་ཁྲག་ལོང་གི་སྟོད་དམ་མགོ་དེ་ལ་ལུ་གུ་ཟེར་ཏེ་༼ཨ་རུ་འཕྲེང་མཛེས་བྱང་ཁོག་རྨ་ལེའུ་ལས་༽ལུ་གུ་ནི་ཁྲག་ལོང་སྟོད་ཆ།  ཞེས་གསུངས་ཏེ་ཁྲག་ལོང་གི་སྟོད་དེ་ལུ་གུའི་མགོ་འདྲ་བ་ཡོད་སྟབས་དེ་ལྟར་གསུངས་པའི་གནས་སུ་རྒྱུ་ལོང་འབྲེལ་མཚམས་ཡོད་སྟབས་དེ་ལ་ཟངས་ཚགས་ལུ་གུ་མགོ་(Ileocecal valve or Tulp’s valve or Bauhin’s valve)2 ཟེར་ཏེ་སོག་པོ་ལུང་རིག་བསྟན་དརགྱིས་མཛད་པའི་མན་ངག་ལྷན་ཐབས་ཀྱི་དཀའ་གནད་ལས། ལོང་སྟོད་ལུ་གུ་མགོར་ཕོག་ནི་ཁྲག་ལོང་ལ་ལོང་གི་སྟོད་རྒྱུ་མ་དང་འབྲེལ་མཚམས་ཀྱི་མགོ། ཞེས་གསུངས་འདུག་ལ་གསོ་རིག་སྐྱ་རེངས་གསར་པའི་དཔེ་རིས་༤༢་ནང་དུའང་བཀོད་འདུག་པ་དང་དེ་ནི་རྒྱུ་ལོང་བར་གྱི་སྒོ་གཏད་ཡིན། དེ་ཞུ་བའི་གནས་ལོང་དུ་སླེབས་ཚེ་སླར་མེ་དྲོད་རྣམ་གསུམ་གྱིས་ཟས་མྱག་བཞུ་དྭངས་སྙིགས་བྱེད་པ་ལས་མེ་དྲོད་མེ་མཉམ་གྱིས་ལས་གཙོ་བོ་བྱེད་པས་ཟས་དངས་སྙིགས་མཐར་ཕྱིན་པའམ་ཐ་མ་བྱེད་དེ་ལོང་ནས་མར་དྭངས་སྙིགས་བྱ་རྒྱུ་མེད་ཙང་ལོང་ལ་ཞུ་བའི་གནས་སུ་གསུངས་ཏེ་ཆ་ལག་ ༡༨ ཀྱི་འགྲེལ་བ་འབུམ་ཆུང་གསལ་སྒྲོན་གྱི་ལེའུ་ ༡༠ ལས། ཞུ་བའི་གནས་ཞེས་ཅིའི་ཕྱིར་བྱ་ན།སྙིགས་མ་ལོང་དུ་སོང་བ་དེ་ཞུ་ཟིན་པས།ད་ཞུ་རྒྱུ་མེད་པའི་ཕྱིར་ཞུ་བའི་གནས་ཞེས་བྱའོ། ། ཞེས་གསུངས་སོ།། དེར་བརྟེན་མེ་དྲོད་མཁྲིས་པ་དེ་མཁྲིས་པ་འཇུ་བྱེད་ཀྱི་ནུས་པ་དང་མེ་དྲོད་བད་ཀན་དེ་བད་ཀན་མྱག་བྱེད་ཀྱི་ནུས་པ་དེ་བཞིན་མེ་དྲོད་རླུང་དེ་རླུང་མེ་མཉམ་གྱི་ནུས་པ་ཞིག་ཡིན་དཔེར་ན་མེ་དྲོད་མཁྲིས་པ་དེ་ནི་འཇུ་བྱེད་མཁྲིས་པའི་ནུས་པ་ཡིན་པ་ལས་དོན་གཅིག་ཏུ་མི་མངོན་ཏེ་མན་རྒྱུད་མཁྲིས་ནད་ལེའུ་འགྲེལ་ཆེན་མེས་ཞལ་ལས། མེ་དྲོད་མཁྲིས་པ་ཞེས་པ་གཙོ་བོར་འཇུ་བྱེད་དང་དེའི་ཆ་ཤས་དྲོད་རྣམས་ཏེ། མེ་དྲོད་ཅེས་པ་འཇུ་བའི་གཞི་ཡིན་ཏེ། །འཇུ་བར་བྱེད་པའི་མཁྲིས་པ་དེ་ལ་བཤད། །ནད་དང་ལུས་ཟུངས་དྲི་མ་ཀུན་གྱི་དྲོད། །ཞེས་གསུངས་པ་དང་རྒྱུད་ལས།མེ་དྲོད་དེ་ཡིས་ཁ་ཟས་འཇུ་ཚུལ་ནི། །ཟས་སྐོམ་སྲོག་གི་རླུང་གིས་ལྟོ་བར་བཅུག། སྐོམ་གྱིས་བཤིག་ཅིང་སྣུམ་གྱིས་མཉེན་པར་བྱེད། །མེ་མཉམ་རླུང་གིས་མཁྲིས་པ་འཇུ་བྱེད་བུས། །ཕོ་བའི་གནས་སུ་སྨན་ལྟར་བསྐོལ་བར་བྱེད། །ཅེས་གསུངས་པ་ལ་བསམ་ན་མེ་དྲོད་མཁྲིས་པ་དེ་ནི་ཕོ་བའི་འོག་ཏུ་གནས་པའི་འཇུ་བྱེད་མཁྲིས་པ་ལ་བརྟེན་ནས་གནས་ལ་དེ་ལ་མེ་མཉམ་རླུང་གིས་སྦུད་པས་འཇུ་བྱེད་མཁྲིས་པ་འབར་ལ་དེས་མེ་དྲོད་མཁྲིས་པ་འབར་བ་ཡིན། དཔེར་ན་ཕོ་བའི་མེ་དྲོད་འབར་བ་ལ་འཇུ་བྱེད་མཁྲིས་པར་རྟེན་དགོས་པ་ཡིན་ཏེ་མེས་ཞལ་ལེའུ་ ༥ ལས། མཁྲིས་པ་འཇུ་བྱེད་མེའི་རང་བཞིན་དེ་བུས་པས་ཚ་བའི་ནུས་པ་ཆེར་འབར་བ་དེས་ཕོ་བའི་གནས་སུ་ཉེ་བར་བཞུས་པས་འཇུ་ནུས་པ་ཡིན་ཏེ། དཔེར་ན་ཕྱི་རོལ་ཏུ་ཕྲུ་བ་ལ་སོགས་པར་སྨན་བླུག་པར་སྦུད་པ་དང་ལྡན་པའི་མེས་བསྐོལ་ཞིང་ཞུ་བར་བྱེད་པ་ལྟར། འདི་ཡང་དེ་བཞིན་དུ་བསྐོལ་ཞིང་འཇུ་བར་བྱེད་པ་ཡིན་ནོ། །ཞེས་གསུངས་པས་ན་བཤད་རྒྱུད་འདྲ་དཔེ་ལས། ཕོ་བ་གཡོས་བཅུ་བྱེད་པའི་ཁོག་མ་འདྲ། །གསུངས་པ་ལ་གཞིགས་ན་ཕོ་བའི་འོག་ཏུ་གནས་པའི་འཇུ་བྱེད་མཁྲིས་པ་དེ་ཡི་དྲོད་ཀྱི་ནུས་པ་དེ་ཕོ་བ་སོགས་ལུས་ཀྱི་ཆ་ཤས་ཀུན་ལ་ཁྱབ་པ་མེ་དྲོད་མཁྲིས་པ་ལ་གསུངས་པ་ཡིན། གོང་དུ་ཕྲུ་བ་ལ་སྨན་བླུགས་ཏེ་བསྐོལ་ལ་གཞིགས་ན་ཕྲུ་བ་ནང་དུ་དྲོད་སླེབས་པ་དེ་ཕྲུ་བའི་འོག་ཏུ་ཡོད་པའི་མེ་དངོས་དེ་ཡིན་པས་ན། ཕྲུ་བའི་དྲོད་དམ་མེ་དེ་དང་ཕྲུ་བའི་འོག་གི་མེ་དེ་དོན་གཅིག་ག་ལ་ཡིན་སྲིད། དེར་བརྟེན་མེ་དྲོད་མཁྲིས་པ་དང་འཇུ་བྱེད་མཁྲིས་པ་དོན་གཅིག་མིན་པར་འདོད། ཇི་སྲིད་དོན་གཅིག་ཏུ་འདོད་ན་བཤད་རྒྱུད་ལེའུ་ ༥ ལས། འཇུ་བྱེད་ཞུ་དང་མ་ཞུ་བར་ན་གནས། །ཞེས་གསུངས་པ་དང་། གལ་ཏེ་མེ་དྲོད་མཁྲིས་པ་ལུས་ཀྱི་ཆ་ཤས་གང་དུ་འང་ཡོད་པ་ཡོངས་ཀྱིས་འདོད་ལ་འདོད་དགོས་ཏེ་འདི་མི་འདོད་ན་མྱགས་ཞུ་དྭངས་གསུམ་གྱིས་གནས་གང་སར་ཞུ་བ་ལས་བྱེད་དོ། །དེ་མིན་ན་ནད་ཅན་དུ་ལུས་དགོས་པ་ཡིན་ཏེ་བཤད་རྒྱུད་ལེའུ༥ལས། ནད་དང་ལུས་ཟུངས་དྲི་མ་ཀུན་གྱི་དྲོད། །དེ་ཡིས་ནད་མེད་བརྩོན་དང་གཟི་མདངས་དང་། །ཚེ་དང་ལུས་ཟུངས་མེ་དྲོད་སྟོབས་འཕེལ་བྱེད། །ཅེས་གསུངས་པ་ལྟར་གྱི་ལྡོག་ཕྱོགས་སུ་འགྲོ་བ་ཡིན་ནོ། །དེར་བརྟེན་འཇུ་བྱེད་མཁྲིས་པ་དང་མེ་དྲོད་མཁྲིས་པ་གཉིས་དོན་གཅིག་མིན་ཙང་བཤད་རྒྱུད་ལེའུ་༡༡ ལས། གཉིས་པ་ལུས་ཀྱི་མེ་དྲོད་རང་གནས་འདུག །ཆ་ཤས་ལུས་ཟུངས་ཀུན་ལ་གནས་པ་དེ། །ཞེས་གསུངས་པ་ལྟར་ལུས་ཀྱི་མེ་དྲོད་མཁྲིས་པ་ཡོངས་ཀྱི་འབྱུང་ས་ནི་འཇུ་བྱེད་མཁྲིས་པ་ཡིན་ལ་དེ་ནི་མ་ཞུ་བའི་གནས་ཕོ་བ་དང་ཞུ་བའི་གནས་རྒྱུ་ལོང་དུ་གནས་ཀྱང་ཁྱད་པར་ཟངས་ཚགས་འོག་རྒྱུ་འགོ་རུ་གནས་མོད་ཀྱང་འཇུ་བྱེད་མཁྲིས་པའི་དྲོད་ཀྱི་ཆ་ཤས་ནི་ལུས་ཟུངས་དྲི་མ་སོགས་ལ་གནས་པས་ན་འཇུ་བྱེད་མཁྲིས་པ་གཙོ་བོ་དང་མེ་དྲོད་མཁྲིས་པ་ནི་དེའི་ནུས་པ་ཡིན་དཔེར་ན་བཤད་རྒྱུད་ལས། ལུས་ཟུངས་ཁུ་བའི་མཐར་ཕྱིན་མདངས་མཆོག་ཏེ། །སྙིང་དུ་གནས་ཀྱང་ལུས་ཀུན་ཁྱབ་པར་གནས། །ཞེས་གསུངས་པ་ལྟར་བླ་འམ་མདངས་གཙོ་བོ་སྙིང་དུ་གནས་ཀྱང་མདངས་སམ་བླ་འཕོ་ཟེར་དུས་བླ་དངོས་མི་འཕོ་བར་དེའི་བླའམ་མདངས་རང་གནས་སུ་གནས་ཀྱང་དེའི་ནུས་པ་ལུས་ཀུན་ཏུ་ཁྱབ་པ་གནས་པ་ལྟར་འཇུ་བྱེད་མཁྲིས་པ་ཟངས་ཚགས་འོག་ཏུ་གནས་ནས་དེའི་ནུས་པ་ཏེ་མེ་དྲོད་མཁྲིས་པ་ལུས་ཡོངས་ལ་ཁྱབ་པར་གནས་པར་མ་འདོད་ན་འཇུ་བྱེད་མཁྲིས་པ་གནས་ངེས་མེད་གང་དུའང་ཡོད་དགོས་པར་འདོད་དགོས་སྟེ་མེ་དྲོད་མཁྲིས་པ་གནས་གང་དུའང་ཡོད་པར་འདོད་ཐུབ་ཀྱང་འཇུ་བྱེད་མཁྲིས་པ་ཞུ་མ་ཞུ་བར་གནས་པ་ལས་གཞན་དུ་གནས་པ་ཇི་ལྟར་འདོད་ཐུབ་པས་སོ། །དཔེར་ན་ཁང་པ་གཅིག་ནང་དུ་གློག་བཞུ་གཅིག་གི་ནུས་པས་ཁང་པ་ཀུན་ཁ་གསལ་བར་གནས་པ་དང་གློག་བཞུ་དེ་ཉམས་ན་དེའི་གསལ་སྟོབས་ཀྱང་ཉམས་པ་དང་གློག་བཞུ་དེ་མེད་པར་སོང་ན་དེ་ལས་འབྱུང་བའི་འོད་ཀྱང་མེད་པར་སོང་བ་བཞིན་ནོ། །དེ་མིན་ན་ཆ་ཤས་ཟེར་བའི་ཐ་སྙད་དེ་སྤྱོད་དགོས་དོན་མེད་དེ་ཆ་ཤས་ཟེར་བ་ཡན་ལག་ཡིན་པས་ཤུགས་ལས་གྱེས་གཞི་རྩ་བ་ཡོད་པར་རྗེས་སུ་དཔག་ཐུབ་པར་བརྟེན་སྐྱེམ་འགྲེལ་ལས་གཙོ་བོ་མེ་དྲོད་དང་ཆ་ཤས་མེ་དྲོད་གསུངས་པ་དང་དེ་བཞིན་དྲི་མེད་ཀུན་གསལ་ལས། ཙོ་འཁོར་གྱི་མེ་དྲོད། ཅེས་གསུངས་འདུག དེར་བརྟེན་མེ་དྲོད་མཁྲིས་པ་དེ་འཇུ་བྱེད་མཁྲིས་མིན་པ་ལྟར་མེ་དྲོད་གཞན་གཉིས་ཀྱང་རིགས་འགྲེ་པར་བྱ། དེ་ལྟར་མི་འདོད་ན་ན་རྩ་བ་དང་ཆ་ཤས།སྡོང་པོ་དང་ཡན་ལག་རྣམས་དོན་གཅིག་ཏུ་འདོད་དགོས་པར་སྙམ།

གོང་དུ་མཁྲིས་པ་འཇུ་བྱེད་ཀྱི་ཁྱད་པར་གྱི་གནས་ནི་ཕོ་བའི་ཟངས་ཚགས་འོག་ཏེ་རྒྱུ་མའི་མགོར་ཡོད་བཤད་པ་ལྟར་རྒྱུ་མ་ལ་རྒྱུ་སྟོད་དང་རྒྱུ་སྨད་གསུངས་པ་ལས་རྒྱུ་མའི་མགོ་མ་མངོན་ཟེར་ན་རྒྱུ་མའི་མགོ་ནི་ལོང་དང་མཆིན་པས་བཀབ་ཡོད་པར་སྣང་སྟེ་དེང་དུས་དཔར་རིས་ལས་ཤེས་ལ་དེ་བཞིན་སྐྱེམ་འགྲེལ་བྱང་ཁོག་རྨ་ལས། ལར་ཕོ་བ་ལ་གཡས་སུ་མཆིནམཁྲིས། གཡོན་དུ་མཆེར་པ་བཀབ་པའི་ཚུལ་དུ་འདུག་གོ། ཞེས་གསུངས་པའི་ཕྱིར་བྱང་ཁོག་ཡུལ་ཐིག་སྐབས་སུ་རྒྱུ་སྟོད་དང་རྒྱུ་སྨད་ཁོ་ན་འདོན་པར་སྣང་། ཇི་སྲིད་རྒྱུ་འགོ་མ་འདོད་ན་ཕོ་བ་ཤིན་ཏུ་རིང་བར་སོང་ཏེ་ཕོ་བའི་ཡུལ་ནི་མེས་ཞལ་དང་བཻསྔོན་སོགས་ཚ་གྲང་གལ་མདོ་ལས། མིད་པའི་མར་སྣ་དང་ཟངས་ཚགས་ལུག་གུ་མགོའི་བར་གྱི་ཕོ་བའི་ཡུལ་ནི། ཞེས་གསུངས་པའི་སྐབས་འདིར་ཟངས་ཚགས་ལུ་གུ་མགོ་ནི་ཕོ་བའི་ཟངས་ཚགས་ལས་གཞན་གོ་ཐབས་མེད་དེ་རྒྱུ་ལོང་འབྲེལ་མཚམས་ལ་འདོད་ན་རྒྱུ་མ་ཡང་ཕོ་བར་འདོད་དགོས་པའི་ཕྱིར། ཕོ་བའི་ཟངས་ཚགས་ནི་ཕོ་བ་དང་རྒྱུ་མ་འབྲེལ་བའི་མཚམས་ཡིན་པས་ན་འབུམ་ནག་གསལ་སྒྲོན་དང་ཆ་ལག་བཅོ་བརྒྱད་དེ་བཞིན་གཞན་ལ་ཕན་པའི་གཏེར་ལས་འཇུ་བྱེད་མཁྲིས་པ་ཟངས་ཚགས་འོག་ཏུ་གསུངས་པ་རྒྱུ་མགོ་ལས་མེད་དེ་རྫོང་འཕྲང་ལས། ཕོ་བ་ལ་རྒྱུ་མ་བཏགས་ནས་ལྟེ་བའི་འོག་ན་གནས། ཞེས་གསུངས་ཡོད་ལ་ཟངས་ཚགས་དེ་རྒྱུ་མའི་འགོ་ལ་ཡོད་པས་ན་དགེན་བསམ་གཏན་གྱི་སྐྱ་རེངས་གསར་པ་ལས་ཀྱང་རྒྱུ་འགོ་འམ་རྒྱུ་སོར་བཅིུས་གསུངས་འདུག་པ་མ་ཟད་དེ་གོང་དུ་གཡུ་ཐོག་གསར་མས་ཆ་ལག་༡༨ནང་དུ་ཤིན་ཏུ་གསལ་བར་གསུངས་སོ། །དེར་བརྟེན་ཟངས་ཚགས་ཟེར་བ་ནི་སྨྱུག་མའི་ཚིགས་མཚམས་ལྟར་གྱི་དེང་དུས་སྨན་ནས་ Pyloric sphincter ཟེར་བ་དེ་རང་ཡིན་ཏེ་ཟངས་ཚགས་དེས་ཟས་མྱགས་ཞུ་དྭངས་གསུམ་ཟིན་པ་རྣམས་ཚགས་ནས་མར་འགྲོ་རུ་བཅུག་པ་དང་རགས་པ་རྣམས་མར་འགྲོ་མི་བཅུག་པར་སྒོ་གཏན་ལྟར་གྱི་ལས་བྱེད་མཁན་ཕོ་བའི་གཞུག་ཏུ་ཡོད་པ་ནི་ pyloric sphincter རང་ལས་གཞན་མེད་པ་ཡིན་ཏེ་འབུམ་ནག་གསལ་སྒྲོན་གྱི་ལུས་ཀྱི་མཚན་ཉིད་ལེའུ་ལས། ཕོ་བའི་ཟངས་ཚགས་གིས་མགོ་དེའི་སྒོ་གཏན་ཏེ་ལྡན་པ་ལྟ་བུ་ཡིན་ནོ། །དེ་ཅི་ཡི་ཕྱིར་ན། མེ་དྲོད་སྟོབས་དང་ལྡན་ནའང་། ཟས་ཞུ་བར་མ་བྱས་པར་ཐུར་དུ་མི་གཏོང་ལ། ཞུ་བར་བྱས་ནས་ཐུར་དུ་རྒྱུ་མར་འགྲོ་ལ། མེ་དྲོད་སྟོབས་ཆུང་ནས་ཁ་ཟས་མ་སྨིན་པ་སྟེ་མ་ཞུ་བར་ཕྱིར་འབྱུང་བར་འགྱུར་བས་སྒོ་བསྲུངས་པ་ལྟ་བུའོ། །ཞེས་གསུངས་པས་སོ། །དེང་སྨན་ལས་ཀྱང་ Pyloric ཟེར་ཚེ་ latin དང་ Greek སྐད་དུ་ཡང་སྒོ་སྲུང་ངམ་སྒོ་གཏན་ (Gatekeeper) ཡིན་འདུག་པས་མིང་དོན་གཉིས་ཀས་མཐུན་ནོ། །ཕོ་བའི་ཟངས་ཚགས་དེ་འོག་ནས་མཁྲིས་པ་འཇུ་བྱེད་ཀྱི་གནས་ཡིན་པས་ཟས་དྭངས་སྙིགས་འཇུ་བའི་གནས་གཙོ་བོ་དེར་ཡོད་པ་བོད་ཀྱི་གནའ་སྔ་མོའི་སྲོལ་རྒྱུན་གསོ་བ་རིག་པ་མ་ཟད་དེང་དུས་སྨན་ལུགས་ནས་ཀྱང་མིག་མཐོང་ལག་ཟིན་དུ་བསྟན་བཞིན་ཡོད། ད་རིང་སང་ཕོ་བའི་ཟངས་ཚགས་ཟེར་བར་འདོད་ཚུལ་གཉིས་མངོན་ཏེ་རྒྱུ་མགོ་འམ་རྒྱུ་སོར༡༢ལ་འདོད་པ་ཞིག་དང་ཕོ་བ་དང་རྒྱུ་མའི་འབྲེལ་མཚམས་ལ་གོ་བ་བཅས་འདོད་ཚུལ་གཉིས་དེ་ཡིན། འདོད་ཚུལ་དང་པོ་བཀག་ཏེ་གཉིས་པ་གྲུབ་པ་ལ་དང་པོ་འདོད་པ་པོས་དཔལ་སྤུངས་པ་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། ཕོ་བའི་ཟངས་ཚགས་ནི་ཕོ་བའི་གཞུགས་དང་རྒྱུ་མའི་སྟོད་གཉིས་བར་གྱི་འབྲེལ་མཚམས་ལ་ཟེར་ཏེ། དེས་ཟས་སྐོམ་མྱག་བཞུ་སྦྱངས་རྣམས་ཕྱིར་བཏང་ཞིང་དེ་མིན་བསྲུང་བར་བྱེད་དེ་དཔེར་ན་ཟས་སྐོམ་གར་སླ་ཚགས་ལ་དྲངས་པ་ལྟར་བྱེད་པས་ན་ཟངས་ཚགས་ཞེས་ཟེར་རོ། །ཞེས་གསུངས་པའི་ལུང་ཁོ་ནར་ཞེན་ཏེ་དཔེ་རྙིང་གཞན་དུ་དཔྱད་བསྡུར་མ་བྱས་ཙང་གོ་བ་ཚུལ་བཞིན་ལེན་མི་ཐུབ་པར་རྒྱུ་མགོའམ་རྒྱུ་སོར་༡༢ལ་ཟངས་ཚགས་འདོད་པ་མིན་ནམ་སྙམ་ཏེ་དཔལ་སྤུངས་པས་གོང་དུ་ཕོ་བའི་གཞུག་ནས་རྒྱུ་མའི་སྟོད་གཉིས་བར་གྱི་འབྲེལ་མཚམས་ལ་ཟེར། གསུངས་པའི་ཕྱིར། འདིར་རྒྱུ་མའི་སྟོད་ཟེར་ཚེ་བྱང་ཁོག་ཡུལ་ཐིག་གི་རྒྱུ་སྟོད་རྒྱུ་སྨད་གཉིས་ཀྱི་རྒྱུ་སྟོད་དུ་གཞིར་བཞག་ནས་གོ་བ་ལེན་ཙང་རྒྱུ་མགོའམ་རྒྱུ་སོར༡༢ལ་ཟངས་ཚགས་འདོད་པ་མིན་ནམ་སྙམ། ཇི་སྲིད་རྒྱུ་མགོ་དེ་ཟངས་ཚགས་སུ་འདོད་ན་འཇུ་བྱེད་མཁྲིས་པ་དེ་བྱང་ཁོག་ཡུལ་ཐིག་གི་རྒྱུ་སྟོད་ཕྱོགས་སུ་ཡོད་པར་འདོད་དགོས་པ་མ་ཟད་ཕོ་བའི་ལྡང་ཚད་ཀྱང་ཆེ་རུ་སོང་བ་འདོད་དགོས་ཏེ་མེས་ཞལ་དང་བཻ་སྔོན་སོགས་ཚ་གྲང་གལ་མདོ་ལས། མིད་པའི་མར་སྣ་དང་ཟངས་ཚགས་ལུག་གུ་མགོའི་བར་གྱི་ཕོ་བའི་ཡུལ་ནི། ཞེས་གསུངས་པའི་ཕོ་བའི་ཡུལ་བསྟན་ལ་མཁྲིས་པ་འཇུ་བྱེད་ནི་ཟངས་ཚགས་འོག་ཡོད་པར་གསུངས་པས་ཕྱིར་ཏེ་ཆ་ལག་ ༡༨ འགྲེལ་བ་འབུམ་ཆུང་གསལ་སྒྲོན་ནོར་བུའི་འཕྲེང་མཛེས་ལེའུ་༥ལས། མཁྲིས་པ་འཇུ་བྱེད་དེ་དག་གནས་ནི་ཞུ་དང་མ་ཞུའི་བར་ཕོ་བའི་ཟངས་ཚགས་ཀྱི་འོག་གི་རྒྱུ་མའི་འགོ། ཞེས་གསུངས་པ་བཞིན་གོང་དུའང་འབུམ་ནག་གསལ་སྒྲོན་དང་གཞན་ལ་ཕན་པའི་གཏེར་ལས་ཀྱང་གསུངས་འདུག་པ་ལས་ཤེས་པར་བྱའོ། །རྒྱུ་མགོ་ལ་ཟངས་ཚགས་སུ་འདོད་ན་མི་རིག་ཏེ་ཕོ་བ་ལ་རྒྱུ་མ་བཏགས་པར་གསུངས་པ་ལས་ཕོ་བ་ལ་ཟངས་ཚགས་ལ་བཏགས་པར་གསུངས་མེད་པའི་ཕྱིར་རོ། །འོ་ན་རྒྱུ་སོར་བཅུ་གཉིས་ཟེར་བའི་ཐ་སྙད་དེ་ང་ཚོའི་སྨན་པའི་ནང་དུ་ཇི་ལྟར་སླེབས་སམ་ཞེ་ན་རྒྱུ་སོར་བཅུ་གཉིས་ཟེར་བ་ནི་སྔར་ཕྱི་ལོ་ ༡༩༩༥ - ༩༧ མཚམས་སུ་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་མཁས་དབང་བསམ་གཏན་ནས་ཕྱག་དེབ་གསོ་རིག་སྙིང་བསྡུས་སྐྱ་རེངས་གསར་པ་མཛད་དུས་སུ་རྒྱ་སྐད་དུ་བསྒྱུར་བའི་དེང་སྨན་ལུགས་ཀྱི་རོ་བཀྲ་དང་དོན་སྣོད་གནས་ལུགས་ལས་ཐད་བསྒྱུར་གནང་ཡོད་པ་ལྷ་རྗེ་ཟླ་བ་(ཙནྜ་)ཞལ་ལས་གསུངས་གནང་སོང་། དེ་དུས་གསོ་རིག་སྙིང་བསྡུས་སྐྱ་རེངས་གསར་པ་མཛད་དུས་སྐབས་འདི་ནང་གི་དཔེ་རིས་ཚང་མ་དགེན་ཟླ་བ་ལགས་རང་གིས་བྲིས་གནང་འདུག།རྒྱུ་སོར་ ༡༢ ཟེར་བ་དེ་ལ་རྒྱ་སྐད་དུ་ 十二指肠 ཟེར་ཞིང་རྒྱུ་མ་སོར་བཅུ་གཉིས་ཟེར་བའི་དོན་རེད་འདུག། རྒྱ་སྐད་དེ་ཡང་དེང་སྨན་ལུགས་ལ་Duodenum ཟེར་བ་ནས་རྒྱ་སྐད་དུ་བསྒྱུར་འདུག 

དེང་དུས་སྨན་ལུགས་ནང་དུ་ཐོག་མར་རྒྱུ་སོར་བཅུ་གཉིས་ངོ་སྤྲོད་གནང་མཁན་ནི་གྷི་རིག་སྨན་པ་གྲགས་ཅན་ Harophilus ཡིན། ཁོང་ནི་ཡོངས་གྲགས་སུ་དེང་སྨན་ལུགས་ལས་ནང་ཁྲོལ་རོ་བཀྲའི་གནས་ལུགས་ཀྱི་བྱེད་པོ་ (Father of Anatomy) ཟེར་བཞིན་ཡོད། ཁོང་གི་རོ་བཀྲ་གནས་ལུགས་ལ་ཞིབ་འཇུག་རྒྱུན་རིང་གནང་ནས་རྒྱུ་སྟོད་སྨད་གཉིས་སུ་མ་བསྡུས་པའི་རྒྱུ་མ་ཕོ་བ་དང་འབྱར་བའི་ཚུལ་དུ་རིང་ཚད་སོར་བཅུ་གཉིས་ཅན་ལ་གྷི་རིག་སྐད་དོད་དུ་ dodekadaktylon སོར་བཅུ་གཉིས་ཟེར་བ་དེ་ཟུར་ཆགས་ཏེ་ Duodenum ཟེར་བ་འབྱུང་བ་ཡིན། རྒྱུ་སོར་བཅུ་གཉིས་དེ་ལ་བོད་ཀྱི་གསོ་བ་རིག་པའི་ནང་དུ་ཐ་སྙད་འགྱོང་པ་ཟེར་བ་ཐོག་མར་གསུངས་གནང་མཁན་གསོ་རིག་གཙུག་རྒྱན་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་སྡེ་སྲིད་རིན་པོ་ཆེས་མཛད་པའི་གསོ་རིག་རྒྱུད་བཞིའི་སྨན་ཐང་བརྒྱད་ཅུའི་དཀའ་འགྲེལ་བཻཌཱུརྱའི་འོད་སྣང་གི་བྲིས་ཆ་ང་གཅིག་པའི་གོ་དོན་གསལ་བར་བཀྲོལ་བ་ལས། ཕོ་བའི་དོན་སྒོ་ཕྲ་བ་ལ་ཕུག་གི་རྩ་བ་འདྲ་བ་དེའི་མཇུག་མཐུད་ནས་དབྱིབས་སྒོར་ལ་རིལ་མོ་ལྒང་པ་འདྲ་བ་གནས་ཡོད་ཅིང་དེ་དག་ལ་རྩ་རིས་གསལ་པོ་མངོན་པ་བཅས་དང་། དེའི་སྒང་དུ་སྣག་ཚའི་ཡི་གེ་བལྟས་པའི་ཕོ་བའི་འགྱོང་བ་ཞེས་བྲིས། ཞེས་གསུངས་འདུག་པ་ལ་རྗེས་སུ་དམ་པ་ཁོང་གིས་དོན་སྣོད་ཀྱི་རྣམ་བཤད་བློ་གསར་དགྱེས་པའི་དགའ་སྟོན་ནང་དུ། རྒྱུ་སོར་བཅུ་གཉིས་ཞེས་པ་བོད་ཀྱི་བྱང་ཁོག་རྣམ་བཤད་ནང་དུ་མིང་ཚིག་ཡོད་པ་ནི་སྡེ་སྲིད་སྨན་ཐང་ཆེ་མོའི་བྲིས་ཆ་ཨང༥༡ནང་ལྷོ་བྲག་བསྟན་འཛིན་ནོར་བུ་ཅན་གྱིས་ཕུང་པོ་ཁ་ཤས་ལ་བལྟས་པའི་ཕོ་བ་རྒྱོངས་པ་(རྩོམ་པ་པོའི་མཆན:-སྨན་ཐང་དུ་འགྱོང་པ་ཞེས་བཀོད་འདུག)འདུག་པས་རྒྱོངས་པ་ནི་རྒྱུ་སོར་བཅུ་གཉིས་ཡིན་པ་དོན་གྱིས་གྲུབ་པས་དེ་ལྟར་འགྲིག་མིན་ཞིབ་འཇུག་མཛད་རོགས་ཞུ་རྒྱུ་བཅས་སོ། །ཞེས་གསུངས་པར་གུས་པས་བརྟག་ཚེ་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་གསུངས་པ་ལྟར་ཕོ་བའི་འགྱོང་པ་དེ་རྒྱུ་སོར་བཅུ་གཉིས་ཡིན་པ་གསལ་བར་མངོན་ཏེ་གསོ་རིག་རྒྱུད་བཞིའི་སྨན་ཐང་བརྒྱད་ཅུའི་དཀའ་འགྲེལ་བཻཌཱུརྱའི་འོད་སྣང་ལས་བྲིས་ཆ་ང་གཅིག་པའི་གོ་དོན་གསལ་བར་བཀྲོལ་བ་ལས། ཕོ་བའི་དོན་སྒོ་ཕྲ་བ་ལ་ཕུག་གི་རྩ་བ་འདྲ་བ་དེའི་མཇུག་མཐུད་ནས། ཞེས་གསུངས་པ་ལྟར་དོན་སྒོ་ནི་རྒྱ་སྐད་དུ་ 幽门 དང་ཨིན་སྐད་དུ་ pylorus བོད་ཀྱི་གསོ་རིག་ཏུ་ཕོ་བའི་ཟངས་ཚགས་ཟེར་བ་དང་དེང་དུས་བཤད་པའི་རྒྱུ་སོར་བཅུ་གཉིས་ལ་དངོས་སུ་སླེབས་ལ་དབྱིབས་སྒོར་ལ་རིལ་མོ་ལྒང་པ་འདྲ་བ། ཞེས་གསུང་པར་གློ་བུར་དུ་བལྟས་ན་རྒྱུ་སོར་ ༡༢ དང་འདྲ་ཆ་མེད་རུང་འོན་ཀྱང་དུས་རྒྱུན་དབྱིབས་རྟའི་རྨིག་ལྕགས་ཁ་གཡོན་དུ་བལྟས་པ་ལྟ་བུ་དེའི་ཟུར་གཉིས་སྦྱར་ལ་ཉེ་བ་ཞིག་དང་ཕོ་བའི་དོན་སྒོ་ནས་མཇུག་མཐུད་ཟེར་བ་བཅས་ལ་བསམ་ན་ལྒང་པ་ལྟར་མངོན་ཡང་དོན་དུ་ཕོ་བའི་འགྱོང་པ་རང་ལ་གོ་བར་མངོན་ལ་དེ་ནི་མཁྲིས་པ་འཇུ་བྱེད་ཀྱི་གནས་ཡིན་ཏེ་གོང་དུ་འབྲུག་པ་ཀུན་མཁྱེན་པད་མ་དཀར་པོས་མཛད་པའི་རྒྱུད་བཞིའི་འགྲེལ་བ་གཞན་ལ་ཕན་པའི་གཏེར་དང་ཆ་ལག་ ༡༨ འགྲེལ་བ་འབུམ་ཆུང་གསལ་སྒྲོན་ནོར་བུའི་འཕྲེང་མཛེས་ལས་ཤེས་པས་ན་འཇུ་བའི་གནས་ནི་ཕོ་བའི་འགྱོང་པའམ་རྒྱུ་མགོ་ཡིན་པ་གོང་གི་ལུང་ལས་ཤིན་ཏུ་གསལ་སྙམ། དེ་བཞིན་དགེན་བསམ་གཏན་གྱིས་སྐྱ་རེངས་གསར་པའི་དཔེ་རིས་༣༦ནང་དུའང་། རྒྱུ་མགོ་འམ་རྒྱུ་སོར་བཅུ་གཉིས། ཞེས་བཀོད་པའི་རྒྱུ་མགོ་ཟེར་བ་འདི་གོང་གི་གཞན་ལ་ཕན་པའི་གཏེར་དང་འབུམ་ནག་གསལ་སྒྲོན་དང་ཆ་ལག་བཅོ་བརྒྱད་ཀྱི་མཁྲིས་པ་འཇུ་བྱེད་ཀྱི་གནས་གསུངས་སྐབས་སུ་རྒྱུ་མགོ་ཟེར་བ་འདི་མིང་དེ་གྲུབ་པར་མངོན་པས་ན་རང་ལུགས་སུ་ཡོད་པའི་རྒྱུ་མ་སོར་བཅུ་གཉིས་ལ་རྒྱུ་མགོ་ཡང་ན་འགྱོང་པ་ཞེས་ཐ་སྙད་དེ་འབད་སྤྱོད་གནང་ན་བོད་རང་གྱི་གསོ་བ་རིག་པའི་ཐ་སྙད་ཡིན་ལ་སོ་སོར་ཡོད་པའི་ཐ་སྙད་ཡོད་བཞིན་དུ་མ་སྤྱོད་ན་སོ་སོའི་རིག་གཞུང་ཉམས་པའི་རྟགས་མཚན་དུ་ངེས་དེར་བརྟེན་གང་ཐུབ་ཀྱི་ Duodenum ལ་རྒྱུ་འགོ་འམ་འགྱོང་པ་ཞེས་སྤྱོད་ན་ལེགས་པར་སྙམ་དུ་སེམས་སོ།། །།

སྨྲས་པ།

གསོ་བ་རིག་པ་གཏིང་ཟབ་ཆེ་བས་ན། །སུམ་རྟགས་དག་གསུམ་ཚུལ་བཞིན་མི་ཤེས་པའི།།

གང་ཟག་ཕལ་པ་ང་འདྲ་ཞིག་གིས་ནི། །རྒྱ་མཚོ་བཞིན་དུ་རྒྱུད་དོན་དགོངས་པ་རྣམས།།

མཐའ་གཅོད་ཐུབ་པའི་བློ་སྤོབས་དབེན་ན་ཡང་། །བློ་གསར་འཇུག་པའི་སྨན་པ་གསར་བུ་བ།།

དོགས་སློང་ཙམ་གྱི་དཔྱད་གཞི་ཚུལ་དུ་བཀོད།།

 

 

1. Pyloric sphincter is  a small piece of smooth visceral muscle that acts as a valve and regulates the flow of partially digested food from the stomach to the duodenum.It is located at the junction between the pylorus and the duodenum of the small intestine.

2. The ileocecal valve is located between the ileum, the last portion of the small intestine, and the cecum, the first portion of the large intestine. Its function is to allow digested food to pass from the small intestine into the large intestine. The ileocecal valve keeps these waste materials from backing up into the small intestine. It is intended to be a one-way valve, opening to allow processed foods to pass through. Additional names for this valve formed by two folds of the mucous membrane include Bauhin's valve, ileocolic valve, and valvula coli.

 

 

དཔྱད་གཞིའི་ཡིག་ཆ་ཁག 

 

༡།   གཡུ་ཐོག་ཡོན་ཏན་མགོན་པོ། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་བཞུགས་སོ།། (རྒྱུད་བཞི།) རྡ་རམ་ས་ལ་སྨན་རྩིས་ཁང་། ཕྱི་ལོ་༢༠༠༦།

༢།    སྐྱེམ་པ་ཚེ་དབང་། རྩ་རྒྱུད་ཀྱི་འགྲེལ་པ་སྙིང་པོ་སྣང་བ་དང་བཤད་རྒྱུད་ཀྱི་འགྲེལ་པ་ཚིག་དོན་ཉི་མ་། རྡ་རམ་ས་ལ་སྨན་རྩིས་ཁང་། ཕྱི་      ལོ་༡༩༩༧།

༣།    ཡང་ཏིག་ཟབ་གསང་ལྡེ་མིག་ནི་གོ་འཇོ་དབང་འདུས་ཀྱི་དོན་སྣོད་ཀྱི་རྣམ་བཤད་དཔྱོད་ལྡན་སྙིང་ནོར་ལས་ཟུར་བཏོན་ཞུས་པ་ཡིན།།

༥།  གཡུ་ཐོག་ཡོན་ཏན་མགོན་པོ། སྨན་གཞུང་ཆ་ལག་བཅོ་བརྒྱད། རྡ་རམ་ས་ལ་སྨན་རྩིས་ཁང་། ཕྱི་ལོ་༢༠༠༠།

༦། གོ་འཇོ་དབང་འདུས། གསོ་བ་རིག་པའི་ཚིག་མཛོད་གཡུ་ཐོག་དགོངས་རྒྱན། པེ་ཅིང་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༣།

༨། བློ་གསལ་དབང་པོ་པད་མ་དཀར་པོ་མཚན་གཞན་དུ་འབྲུག་པ་ཀུན་མཁྱེན་པདྨ་དཀར་པོ། རྒྱུད་བཞིའི་བཤད་པ་གཞན་ལ་ཕན་པའི་          གཏེར། ཨ་རུ་ར་དེབ་ཕྲེང་ ༥༢

༩།  བསམ་གཏན། གསོ་རིག་སྙིང་བསྡུས་སྐྱ་རེངས་གསར་པ།པར་ཐེངས་གཉིས་པ། ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་           ༡༩༩༧།

༡༠།  སོག་པོ་ལུང་རིགས་བསྟན་དར། རྒྱུད་བཞའི་བརྡ་བཀྲོལ་རྣམ་རྒྱལ་ཨ་རུ་རའི་ཕྲེང་བའི་མཛེས་རྒྱན། པེ་ཅིང་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ༡༩༨༦།

༡༡།  སོག་པོ་ལུང་རིགས་བསྟན་དར། མན་ངག་ལྷན་ཐབས་ཀྱི་དཀའ་གནད། རྡ་ས་སྨན་རྩིས་ཁང་།

༡༢།  ཟུར་མཁར་བློ་གྲོས་རྒྱལ་པོ། རྒྱུད་བཞིའི་འགྲེལ་པ་མེས་པོའི་ཞལ་ལུང་། པོད་དང་པོ། རྡ་རམ་ས་ལ་སྨན་རྩིས་ཁང་།

༡༣།  བསོད་ནམས་ཡེ་ཤེས། བཤད་རྒྱུད་འགྲེལ་བ་དྲི་མེད་ཀུན་གསལ། ཨ་རུ་ར་དེབ་ཕྲེང་༣༩

༡༤།  སྡེ་སྲིད་སངས་རྒྱས་རྒྱ་མཚོ། གསོ་བ་རིག་པའི་བསྟན་བཅོས་སྨན་བླའི་དགོངས་རྒྱན་རྒྱུད་བཞིའི་གསལ་བྱེད་བཻ་ཌྰུར་སྔོན་པོའི་མལླི་ཀ་       ཞེས་བྱ་བ་བཞུགས་སོ།། པོད་དང་པོ། རྡ་རམ་ས་ལ་སྨན་རྩིས་ཁང་། ཕྱི་ལོ་༡༩༩༤། ༢༠༠༧།

༡༥།  དཔལ་སྤུངས་པ་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས། རྒྱུད་བཞིའི་དཀའ་འགྲེལ། (གཡུ་ཐོག་དགོངས་རྒྱན་ལས་ཟུར་བཏོན་ཞུས།།)

༡༦།  མཁས་དབང་བྱམས་པ་འཕྲིན་ལས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས་ལས་དོན་སྣོད་ཀྱི་རྣམ་བཤད་བློ་གསར་དགྱེས་པའི་དགའ་སྟོན། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།

༡༧། མཁས་དབང་བྱམས་པ་འཕྲིན་ལས། གསོ་རིག་རྒྱུད་བཞིའི་སྨན་ཐང་བརྒྱད་ཅུའི་དཀའ་འགྲེལ་བཻཌཱུརྱའི་འོད་སྣང་། མི་རིགས་དཔེ་སྤྲུན་      ཁང་། ཕྱི་ལོ་༢༠༠༦།

༡༨།  དགྲ་འདུལ། བོད་ལུགས་གསོ་རིག་ཚིག་མཛོད་ཆེན་མོ། པེ་ཅིང་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་༢༠༠༦།

༡༩།  སྣེའུ་སྨན་ཉི་མ་དོན་གྲུབ། བོད་ཀྱི་གསོ་བ་རིག་པའི་མིང་ཚིགམི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་༢༠༡༦།



- འདི་ནི་ཕྱི་ལོ་ ༢༠༡༩ ཟླ་ ༩ ནང་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་ཕྱོགས་བསྒྲིགས་དང་དཔར་བསྐྲུན་འགྲེམས་སྤེལ་ཞུས་པའི་དུས་དེབ་<<གསོ་རིག་ཆེད་རྩོམ་ཕྱོགས་བསྡུས།>>འདོན་ཐེངས་དང་པོ། ཞེས་པ་ནས་ཟུར་འདོན་ཞུས།



མཐའ་མའི་འདོན་ཐེངས་།: 25.09.2019 ཉིན། 10:05 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།