མིང་དོན་བརྡ་སྤྲོད་རྣམ་ལྔ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 02.05.2017 |
མིང་དོན་བརྡ་སྤྲོད་རྣམ་ལྔ།
- བཻ་རོ་ཙ་ནས་བསྒྱུར།
མཆོད་བརྗོད།
སྨན་པའི་མཆོག་ལ་ཕྱག་འཚལ་ལོ། །རྒྱུད་རྒྱལ་བདུད་རྩི་སྙིང་པོ་ལས། །གབ་ཡིག་གསལ་བར་ཤེས་བྱའི་ཕྱིར། །སྨན་མིང་སྒྲོན་མེས་བརྡ་སྤྲོད་བསྟན། །དེ་ལ་བརྡ་སྤྲོད་རྣམ་པ་ལྔ། །སྡེ་ཚན་མིང་དོན་བརྡ་སྤྲོད་དང་། །རྒྱ་སྐད་མིང་དོན་བརྡ་སྤྲོད་དང་། །གབ་ཡིག་མིང་དོན་བརྡ་སྤྲོད་དང་། །ངོ་བོ་མིང་དོན་བརྡ་སྤྲོད་དང་། །བཟང་ངན་མིང་དོན་བརྡ་སྤྲོད་དོ།།
དང་པོ། སྡེ་ཚན་མིང་དོན་བརྡ་སྤྲོད་བསྟན་པ།
སྡེ་ཚན་མིང་དོན་བརྡ་སྤྲོད་ལ། །ཛཱ་ཏི་ཅུ་གང་གུར་གུམ་དང་། །ལི་ཤི་སུག་སྨེལ་ཀ་ཀོ་ལ། །འདི་དྲུག་བཟང་པོ་དྲུག་ཅེས་བྱ། །ཅུ་གང་གུར་གུམ་གཉིས་པོ་ལ། །ལི་ཤི་སུག་སྨེལ་ཀ་བསྒྱུར་བ། །དེ་ལ་བསིལ་གསུམ་ཞེས་སུ་བཤད། །བཞི་ག་བསྡེབས་པས་བསིལ་བཞི་ཡིན། །ཛཱ་ཏི་ལི་ཤི་ཀ་ཀོ་ལ། །སུག་སྨེལ་བཞི་པོ་བཟང་པོ་བཞི། །ཛཱ་ཏི་སུག་སྨེལ་ཀ་ཀོ་ལ། །དྲོད་གསུམ་བཟང་པོ་གསུམ་ཞེས་བྱ། །ཕོ་བ་རིས་དང་པི་པི་ལིང་། །སྨན་སྒ་གསུམ་ནི་ཚ་བ་གསུམ། །དེ་སྟེང་དབྱི་མོང་ཙི་ཏྲ་ཀ །བསྡེབས་པས་ཚ་བ་ལྔ་ཞེས་བྱ། །ཨ་རུ་ར་དང་བ་རུ་ར། །སྐྱུ་རུ་ར་གསུམ་འབྲས་བུ་གསུམ། །ར་གསུམ་འབྲས་གསུམ་ཞེས་ཀྱང་བྱ། །ཨ་འབྲས་སྲ་འབྲས་འཇམ་འབྲས་གསུམ། །འབྲས་སྣ་གསུམ་ཞེས་བཤད་པ་ཡིན། །སྙིང་མཁལ་གླ་གོར་ཞོ་ཤ་གསུམ། །ཞོ་ཤ་གསུམ་ཞེས་བཤད་པ་ཡིན། །ནཱ་ག་པུཥྤ་གེ་སར་དང་། །པདྨ་གེ་སར་རྣམ་གསུམ་ལ། །གེ་སར་རྣམ་པ་གསུམ་ཞེས་བྱ། །སྤོས་དཀར་ཐལ་ཀ་རྡོ་རྗེ་དང་། །སོ་མ་ར་ཛ་རྣམ་པ་[དེ་སྟེང་སེང་ལྡེང་ཏིལ་དཀར་ནག་ཟི་ར་དཀར་ནག་གང་འཕྲོད་སྡེབས་པས་ཆུ་སེར་སྨན་བརྒྱད་ཅེས་སུ་བརྗོད་]གསུམ། །ཆུ་སེར་སྨན་གསུམ་ཞེས་སུ་བཤད། །རྒྱ་མཚོ་གསེར་གྱི་བྱེ་མ་དང་། །རྒྱ་ཚ་སྡིག་སྲིན་རྣམ་པ་གསུམ། །ཆུ་སྨན་རྣོན་པོ་གསུམ་ཞེས་བྱ། །སྦལ་རྒྱབ་དཀར་པོ་སྨུག་པོ་གཉིས། །ཆིག་ཐུབ་དཀར་པོ་སྨུག་པོ་གཉིས། །རྡོ་ཡི་རྒྱལ་པོ་བཞི་ཞེས་བྱ། །རྒྱ་ཏིག་བོད་ཏིག་བལ་ཏིག་གསུམ། །ཏིག་ཏ་རྣམ་པ་གསུམ་ཞེས་བྱ། །བལ་པོ་ཁ་ཆེ་གུར་གུམ་དང་། །པྲི་ཡང་ཀུ་གསུམ་གུར་གུམ་གསུམ། །བསེ་རུ་ཁ་ཤ་ཤ་རུ་གསུམ། །དེ་ལ་གྭ་དོར་གསུམ་ཞེས་བྱ། །ཙན་དན་དཀར་པོ་དམར་པོ་གཉིས། །དེ་ལ་ཙན་དན་གཉིས་ཞེས་བྱ། །ཟི་ར་དཀར་ནག་ཟི་ར་གཉིས། །གུ་གུལ་དཀར་ནག་གུ་གུལ་གཉིས། །ཤུ་དག་དཀར་ནག་ཤུ་དག་གཉིས། །ས་ལ་ཀྲི་ན་(ཀྲིཤ་)པར་ནི་(པརྞི་)དང་། །མ་ས་(ཤ་)པར་ནི་པར་ནི་གསུམ། །རེ་རལ་ཧ་བོ་བྲག་སྤོས་པ། །རེ་རལ་གསུམ་[རྒྱལ་པོ་རེ་རེལ། བཙུན་མོ་རེ་རལ། བློན་པོ་རེ་རལ་]ཞེས་བཤད་པ་ཡིན། །སེ་རྒོད་སྐྱེར་བ་འོམ་བུ་གསུམ། །ལྡུམ་བུ་གསུམ་[གཡུ་ལྡུམ། གསེར་ལྡུམ། མཆོང་ལྡུམ་]ཞེས་བཤད་པ་ཡིན། །ཏིང་ལི་ཕྱིན་(ལེ་བྱིང་)[མཆིན་སྨན་ཙིའུ་]དང་ཏིང་སག་ཀྱུ་[བྱི་དུག(རུག)]། །ཏི་མུ་ལ་དང་ཏི་མུ་ས་[ལོ་བཙན་བཟང་ངན་གཉིས]། །མེ་ཏོག་ཏིང་བཞི་བྱ་བར་བཤད། །སྟག་ཤ་མིང་ཅན་ལྕགས་ཀྱུ་གསུམ། །གཉན་ཐུབ་རྣམ་པ་གསུམ་ཞེས་བྱ། །དེ་རྣམས་སྡེ་ཚན་ངོ་སྤྲོད་དོ།།
གཉིས་པ། རྒྱ་སྐད་མིང་དོན་བརྡ་སྤྲོད་བསྟན་པ།
རྒྱ་སྐད་མིང་དོན་བརྡ་སྤྲོད་ལ། །སོ་ན་གསེར། རཱུ་པ་དངུལ། མེ་ཧ་(ཧི)ར་ཟངས། ཨ་ཡུ་རཱ་ཛ་(ཨ་ཡུ་ཛ་)ལྕགས། བ་ར་ན་ག་བྱུ་རུ། ནིའུ་ཤ་ནི་དུང་། སི་ས་ཞ་ནེ། ཀན་ས་འཁར་བ། ད་ཆུ་དངུལ་ཆུ། ཉ་ཕྱིས་མུ་ཏིག ད་སྱ་(བྱ་)གསེར་རྡོ། ཏུབ་མར་ཙང་(རྟུག་མར་ཙག་)དངུལ་རྡོ། བཙག་ཡུག་རྣམ་གསེར། དྲུག་མར་ལྗང་(དྲུག་ལྗང་དམར་)བཙག ལིག་བུ་མིག་རྡོ་མདུང་རྩེ། ལི་ཁྲི་སིནྡྷུ། ཧེ་(ཧི་)མ་ག་པུར། སིངྒ་(པི་ག)ལ་གི་ལྦང་། སྟ་ཤིང་(ཏག་ཤིར་)ཅུ་གང་། ཀུང་ཀུ་མ་གུར་གུམ། ལི་ཤི་པིར་ཛཱ་ཏི། ཏྲི་པི་ཏི་སུག་སྨེལ། ཀུ་བུ་སུ་མ་ལི་ཤི། ཨེ་ལ་ཀ་ཀོ་ལ། ཤི་ཀྲུ་ན་ལེ་ཤམ་དཀར་པོ། སེའུ་པན་ཛ་ན། ཤི་ལ་ཛ་དུ་བྲག་ཞུན། ན་ལེ་ཤམ་ཕོ་བ་རིས། དོང་གྲ་སྒ། དོང་ག་བཤལ་སྨན། སྒེ་གཤེར་སྒ་སྐྱ་བཅའ་སྒ། ཏྲུ་ཏྲུག་ཏྲེས་ཙི་ཏྲ་ཀ ཙ་བྱ་དབྱི་མོང་ཨ་ཟ་མོ། སྟག་ཚེར་ཀཎྜ་ཀ་རི། བྲི་ཧ་ཧི་ཀཎྜ་ཀ་རི། ག་བྲ་ཀཎྜ་ཀ་རི། སེང་ཚེར་ཀཎྜ་ཀ་རི། ཐལ་དྲིས་(འབྲས་)བ་སྤྲུ་བ། པུ་ཙེ་(སྤུ་རྩེ་)ཤེལ་ཧོང་ལེན། པ་ཏོ་ལ་གསེར་གྱི་མེ་ཏོག གླ་སྒང་མོན་ལུག འབྲ་གོ་མ་ནུ་རྟ་རྐང་(སྐམ)། ཕ་ལ་ཏ་ཀ་སེ་འབྲུ། གོ་ཕྱེ། པ་པས་ཤེལ་ཏ། སྟབ་སེང་སྤྱི་ཞུར། དར་ཚུར་ཚ་ལ། པ་ཏ་ལ་ཧྲི་མུ་ཟི་སེར་པོ། སའུ་ཏ་རི་མུ་ཟི་ནག་པོ། པ་ཏྲ་མ་ནུ་པ་ཏྲ། ཧ་རི་ཏ་ཀ་ཨ་རུ་ར། ཟུར་པ་ཤུ་ཟུར། ཨིནྡྲ་དུག་མོ་ཉུང་། ཧ་ཤིག་རྡོ་ཐོད་ལེ་ཀོར། ད་ཆུ་མཚལ། ཏྲི་བྱིད་(བྱི་)ཏ་དུར་བྱིད། ཉེ་རོང་དུར་བྱིད། བྱི་ཏྲ་གསང་ཕྲུམ་ཐར་ནུ། བྱ་ཏྲ་ཕ་ཏྲ་སྤྱང་ཚེར། ཨག་ནེ་སྤྱང་ཚེར། བ་ལ་ཧ་ལོའི་རྩ་བ་པུན་ཏ་རི་ཀ ཙམ་པ་ཀ་སྤྲ་ཐོག་པ། ད་ལིས་བ་ལུ། མན་འདུ་ར་ལྕགས་དྲེག སེང་ཕྲོམ་ཞུ་མཁན་འབྲུ། ཤ་ལང་ཀྱི་ལྕེ་བ། པྲི་ཡང་ཀུ་ཙེའུ། དོ་པ་ལ་ཚེར་སྔོན། བྱ་རྐང་ལོ་བཙན། ས་རྫི་ཀ་སྙེ་ནག་མོ། ཀ་རཉྫ་སྦྲུལ་སྒོང་འདྲ། ཆུ་མ་རྩི་རྩི་སྟག་མོ། རེ་སྐོན་ཕུག་རོན་རྐང་། གྭ་དོར་ར་ཏོ་འབུ་རུ། བེ་ཏོ་བ་སྤངརྩི། འབྲོམ་རྩི་ལང་ཙི། མྱང་རྩི་སྤྲས་སེར་པོ་ཁྲག་རྐང་། དྷི་དེ་བཙོད། བིག་པན་སྒོག་སྐྱ། བྱེ་གུ། ཤག་ཨ་རུ་ར། ཛ་ཏ་པུཥྤ་སྲིན་ཤིང་མེ་ཏོག ར་སྣ་མུ་(མཱུ་)ལ་ཙི་ཏྲ་ཀའི་རྩ་བ། ཤ་ལུ་ཀ་གླ་གོར་ཞོ་ཤ ཆུ་རྩི་མོ་ཡུང་བ། དན་དུ་མ་ལང་ཐང་རྩེ། ཀྲི་ན་མཱུ་ལ་པི་པི་ལིང་གི་རྩ་བ། ཙ་པ་ལ་པི་པི་ལིང་། སཱུརྱ་བགྟི་ཉི་དགའ། རི་ཤོ་ལྦ་ཟངས་རྩི། པ་ད་(ཏ)རི་རྒྱ་ཤུག ཤུ་ཏི་སྤྲུ་འབྲུ། དཱུར་བ་རམ་པ། རི་ཧི་སྦྲུལ་ཤ པད་མེ་བྱང་བ། དྭ་ཚ་ཤིང་ཚ་མཐུག་པོ། ར་མཉེ་ར་མོ་ཤག ཨཤོ་ཀནྡྷ་བ་སྤྲུ་བ། དྷ་དུ་ར་ཐང་ཕྲོམ་རྩ་བ། ཁ་ཤོག་པ་ཐང་ཕྲོམ་ལོ་མ། ད་ད་ཀི་ཨ་བྱག མུར་བ་ལི་ཁམ་བུ། ཀུ་དན་ན་ཏ་རྒྱ་སྤོས། ཛ་ཏི་ལ་སྤང་སྤོས། ཨུ་ཤིར་པུ་ཤེལ་རྩེ། བྱི་པི་ཏི་དུར་བྱིད། ཤ་མྱ་ཀ་དོ་ཀ ཀྵི་ར། ཤྲྰི་ཁཎྜ། དནྡ་ཏ་དན་རོག བི་ཤི་ཀ་འབུ་སུ་ཧང་། པ་ལ་ཤ་གན་དྷ་པ་ཏྲ། མི་ཙི་ར་ཕོ་བ་རིས། མ་དུ་ར་སེ་འབྲུ། མར་རྫ་རི་གླ་རྩི། ཤལ་མ་ལི་མོན་ཆ་ར། ཤ་ལུ་ན་གླ་གོར་ཞོ་ཤ ཛི་བན་དྷ་རྒྱ་སྣེ། ཤི་ལ་པུཥྤ་རྡོ་དྲེག མུ་ཤ་སྲན་ཁུ། མཱུ་ལ་རྩ་བ། པར་ནི་ལོ་མ། པུཥྤ་མེ་ཏོག གེ་སར་འབྲུ། དེ་བ་དྷ་རུ་ཐང་ཤིང་། ཤེལ་ཏ་ནགས་མའི་ཐང་ཆུ། ཀརྴ་པ་ནི་འགྲོན་བུ། ཀུ་ལེགས་ཐ་རྒྱ་སྲན། ནི་ལི་ནི་གོ་སྙོད། པུ་ར་པ་བྱེ་རྒྱུག མུ་ལ་ཀ་ལ་ཕུག ལ་ཤུ་ན་སྒོག་སྐྱ། ཏ་མྲ་བཙོད། ལི་ཧི་རྒྱ་སྐག ཨ་ཤ་ཐ་རམས། བ་ཏ་སོ་ལྕང་མ། དྷེ་བ་ཤོལ་པོ། དེ་རྣམས་རྒྱ་སྐད་བརྡ་སྤྲོད་དོ།།
གསུམ་པ། གབ་ཡིག་མིང་དོན་བརྡ་སྤྲོད་བསྟན་པ།
གབ་ཡིག་མིང་དོན་བརྡ་སྤྲོད་ལ། ཉ་སྐྱོགས་ཉའི་རྣ་བྱ། ཁྲོ་ཆུ་དངུལ་ཆུ། འབྲས་ཀྱི་ཁྲག་སིན་དྷུ་ར། སེ་དར་རིས་སུག་མེལ། གླང་ཆེན་རྩི་གི་ལྦང་། སྲོག་གི་མེ་ཏོག་དོམ་མཁྲིས། དྲི་ཆེན་ལྟེ་བ་གླ་རྩི། རྩི་བོ་ཆེ་ཤིང་ཀུན། རྩལ་པོ་ཆེ་དུང་། ནག་པོ་ཚན་དེ་པི་པི་ལིང་། དྲོད་སྨན་པི་པི་ལིང་། སྒ་བོ་ཆེ་སྨན་སྒ། རྣམ་རྒྱལ་ཨ་རུ་གསེར་མདོག གཡའ་རུག་པ་ཧོང་ལེན། གསེར་མགོ་གསེར་མེ་ཏོག མོན་ལུག་ག་དུར། ཟངས་རྩི་ཚ་ལ། ཤིང་སྔོན་སྤྱི་ཞུར། བསེ་གོ་ཕྱེ། མ་ནུ་སེ་འབྲུ། བརྒྱ་བྱིན་དུག་མོ་ཉུང་། མུ་རྡོ་ཆུའི་རྡེའུ། ཟབ་ལག་ཅན་ཆུ་རྩ། གསེར་གྱི་སྡོང་པོ་ཆུ་རྩ། རྩམ་(རྩབ་)ཤིང་ལྕུམ་རྩ། ཞིབ་ཤིང་ཁྲོན་བུ།(ལྕུམ་རྩ)། ཐར་ཆུང་པ་ཁྲོན་བུ། དགེ་འདུན་སྐྱེས་རི་ཤོ་བ། གླང་ཤིང་མཛོ་མོ་ཤིང་། དུར་མ་(ངུར་མོ་)འབྲི་ལྕེ་རེ་རལ། སྤྲེ་གཞུག་རེ་རལ། མེ་ཏོག་འཕྲེང་བ་རྟ་ལྤགས་སྨུག་པོ། གསེར་འདབ་ལྔ་པ་ལྕགས་ཆ་འབྲོང་སྟེང་། སྔོ་སྤྲིན་ཁྲག་རྐང་། བོང་བུ་ཕྱེ་མར་ལྷོག་དུག་པ། ལྕགས་ཀྱུ་ལྷོག་ དུག་པ། བོང་བུ་ལན་ཚ་ལྕེ་ཚ་བ། ར་སྲུས་པ་སྲུབ་ཀ གཡའ་སྲུབ་པ་ཐུལ་པ། སྟོང་རི་ཟིལ་བ་ཅན་གཉན་དུག་པ། མིང་ཅན་ནག་པོ་ལུག་མིག་ནག་པོ། འདྲེ་འཇིག་ཐང་ཆུ་གུ་གུལ་ནག་པོ། སྤོས་དཀར་གུ་གུལ་དཀར་པོ། ན་གུ་ཆུང་སྤང་རྕི། ཀུན་བྱེད་རྒྱལ་པོ་སྤང་རྩི། ཏེའུ་(རྟེའུ་)རྔོག་མ་པྲི་ཡང་ཀུ། ཙིའུ་(རྕིའུ་)དྲི་ཅན་མཆིན་སྨན་ཙིའུ། རྩི་མར་རྐང་གཅིག་ཕུག་རོན་རྐང་བ། རྩ་མཁྲིས་ཁུར་ཆུང་། ཨའུ་ཙི་ཨ་བྷི་ཤ་(ཥ) ཤོག་ཤིང་རེ་ལྕག་པ། ནས་ཚིགཐལ་བ་ཡ་བ་ཀྵར། ཤིང་རྟ་མོ་ཤིང་ལ་བརྐོ་བའི་བྱིའུ། བྱེ་སྟག་རྨིག་པ་། སྟག་ཁྲ་བོ་ཕྱེ་མ་ལེབ་ཁྲ་བོ། ས་བྲད་ཧ་ལ་བྱང་ནག པད་མེ་བྱང་ཁྲ། ས་འབྲུ་ནག་པོ་ཀོ་ཀོ་གཡག སྔོན་མོ་ཆབ་འདྲེན་དར་ཡ་ཀན་སྨུག་པོ། ག་བུར་ནག་པོ་ཕག་རིལ་ཐལ་བ། ཅོ་ཀ་སླད་སྨན་འབུ་སུ་ཧང་། ཤ་ལ་ཡུ་རིང་འབམ་པོ། ལྷ་ཞོ་གངས་ཐིགས། སྐྱེ་བ་རྒྱུན་གཅོད་བྲག་སྤོས། བེ་ལྗང་རེ་རལ། ཕག་ལྡང་པ་ཡུ་གུ་ཤིང་། ཁྲི་ཏི་ཤིང་སྤང་རྩི། སུག་པ་སྐྱེས་ཧོང་ལེན། ཡོར་ཤིག་འོམ་བུ། སྐྲ་བཟང་པར་པ་ཏ། ཀུ་དཀར་ཀྱི་ལྕེ་དཀར་པོ། ཐ་རམས་བེ་ཀུར། ཉི་དགའ་ལྕམ་པ། འབུ་ལྕོགས་རྔ་ཁུར། བྱ་ཐལ་རྒོད་བྲུན། ཆུ་སྦུར་སྦུར་མགྱོགས། ཟི་ར་སེར་པོ་ཟེ་ཏེ་ར། ན་བུན་བུ་མོ་རྨུགས་པའི་(འབུ་སྐྱོགས།) དུས་གཅིག་སྐྱེས་པའི་མ་བུ་འགྲོན་བུ་བུ་མ། བུ་ལ་མ་སྐྱེས་མེ་ཏོག་འོམ་བུ་སྙེ་མ། སྤྲིན་མགོ་མེ་ལོང་སོག་པའི་མེ་ལོང་། ཁྱུང་ཕྲུག་པའི་བདུད་རྩི་ཆ་ག་པའི་ཁ་ཆུ། ཏྲི་ཡང་སྨུག་འཚེར་ག་པུར་དྲི་སྦལ་རྒྱབ་བཟང་ངེས་པ། ས་བཅུད་མུ་ཟི། རྡོ་བཅུད་བྲག་ཞུན། ཤིང་བཅུད་བུ་རམ། རྩི་བཅུད་སྦྲང་རྩི། ཞོ་ཁ་ཆུ་ཆུར་ཁུ། ར་སྐྱུར་རྩབས་མོ། དེ་རྣམས་གབ་ཡིག་བརྡ་སྤྲོད་དོ།།
བཞི་པ། ངོ་བོ་མིང་དོན་བརྡ་སྤྲོད་བསྟན་པ།
ངོ་བོ་མིང་དོན་བརྡ་སྤྲོད་ལ། །འདྲ་བའི་དཔེ་ལ་སྨན་ངོས་གཟུང་། །མང་ག་བུར་ནི་འབྲི་ཚིལ་འདྲ། །སྟག་ཟིལ་ག་བུར་ཕོ་ཅོང་འདྲ། །ཤེལ་ག་བུར་ནི་འཁྱགས་པ་འདྲ། །ཙ་དན་དཀར་པོ་ཤུག་པ་འདྲ། །ཙན་དན་དམར་པོ་མཛོ་མོ་འདྲ། །ཨ་ག་རུ་ཆུ་ཤིང་རུལ་བ་འདྲ། །གི་ཝང་ས་སེར་བསྒོངས་པ་འདྲ། །ཅུ་གང་དཀར་རྩི་ཕྱེ་མ་འདྲ། །གུར་གུམ་ལུག་རུ་སྐམ་པོ་འདྲ། །སུག་སྨེལ་བྲ་བོ་རུག་པ་འདྲ། །ཛཱ་ཏི་སྲེག་པའི་སྒོ་ང་འདྲ། །ལི་ཤི་ཟངས་མའི་གཟེར་བུ་འདྲ། །ཀ་ཀོ་ལ་བྱིང་བྱིང་ཐུ་ལུ་འདྲ། །གླ་རྩི་གྲོ་ཡི་ཚིག་མ་འདྲ། །དོམ་མཁྲིས་སྒོ་ངའི་སེར་ཐིག་འདྲ། །ཨུཏྤལ་ཧ་ལོ་བེམ་པ་འདྲ། །ནཱ་ག་པུཥྤ་གྲོ་ག་ཕྱེ་མ་འདྲ། །ནཱ་ག་གེ་སར་ཟངས་ཁོག་དུམ་བུ་འདྲ། །པདྨ་གེ་སར་རྟ་རྔ་གྲིས་གཏུབས་འདྲ། །ཟི་ར་དཀར་པོ་གོ་སྙོད་འདྲ། །ཟི་ར་ནག་པོ་ཨུག་ཆོས་འབྲས་བུ་འདྲ། །ལ་ལ་ཕུད་ཡོག་མོའི་འབྲུ་གུ་འདྲ། །སོ་མ་ར་ཛ་བྱི་བའི་མཁལ་མ་འདྲ། །ཐལ་ཀ་རྡོ་རྗེ་ཁྱི་ཡི་ཕོ་མཚན་འདྲ། །གསེར་གྱི་མེ་ཏོག་གསོར་གྱི་རྩེ་མོ་འདྲ། །གསེར་གྱི་ཕུད་བུ་སྦུར་ཆུང་ཞར་མ་འདྲ། །དུག་མོ་ཉུང་བྱི་ལྕེ་སྐམ་པོ་འདྲ། །རྒུན་འབྲུམ་སེ་འབྲུམ་རྙིང་བ་འདྲ། །འུ་སུ་ག་འུ་ཁ་སྦྱོར་འདྲ། །སྟར་བུ་བུ་རམ་སྨུག་པོ་འདྲ། །བསེ་ཡབ་བུ་རམ་སྦྱར་མ་འདྲ། །སེ་འབྲུ་སེ་བའི་འབྲུ་གུ་འདྲ། །ཕོ་བ་རིས་སྲན་མ་བཙོས་སྐམ་འདྲ། །པི་པི་ལིང་བྱི་བའི་རིལ་མ་འདྲ། །སྨན་སྒ་ར་མཉེ་སྐམ་པོ་འདྲ། །ཙི་ཏྲ་ཀ་ཤོ་མང་ངར་བ་འདྲ། །ཤིང་ཚ་ཟངས་ཀྱི་ཝ་ཞུ་(ཆུང་)འདྲ། །ཀ་རཉྫ་སྦྲུལ་གྱི་སྒོ་ང་འདྲ། །ཤིང་ཀུན་རྒྱུས་པ་སྐམ་པོ་འདྲ། །བྱི་ཏང་ག་སྲན་མ་སད་ཁྱེར་འདྲ། །མ་རུ་རྩེ་བྱིའུའི་མཆིན་པ་འདྲ། །གོ་བྱེ་ཁྲག་གི་རྐྱལ་ཆུང་འདྲ། །སྤོས་དཀར་ཐང་ཆུ་སྐམ་པོ་འདྲ། །གུ་གུལ་ནག་པོ་ནལ་མོ་འདྲ། །ཤེལ་ཏ་ཤུག་པའི་ཐང་ཆུ་འདྲ། །རྒྱ་ཚ་ཅོང་ཞི་བཅག་པ་འདྲ། །རྒྱམ་ཚ་འཁྱགས་པ་བཅག་པ་འདྲ། །ཁ་རུ་ཚ་རྡོ་སྔོན་བཅག་པ་འདྲ། །ཙབས་རུ་ཚ་བུ་རམ་བསྲེག་པ་འདྲ། །རྭ་ཚ་ར་རུ་ཕྱེ་མ་འདྲ། །ཐལ་ཚ་ཐལ་བའི་རིལ་བུ་འདྲ། །མཛེ་ཚ་ཚ་ལ་ཕྱེ་མ་འདྲ། །ཝ་ཚ་ཚྭ་རྡོག་བཅག་པ་འདྲ། །ཨ་རུ་ར་གསེར་གྱི་སྒོ་ང་འདྲ། །བ་རུ་ར་ཉུང་ཆུང་བེམ་པ་འདྲ། །སྐྱུ་རུ་ཤོལ་པོའི་རྣ་ཆ་འདྲ། །སྙིང་ཞོ་ཤ་ནི་སྙིང་དང་འདྲ། །མཁལ་མ་ཞོ་ཤ་མཁལ་མ་འདྲ། །གླ་གོར་ཞོ་ཤ་གླང་མིག་འདྲ། །ཨ་འབྲས་ཤིང་གི་ལྦ་བ་འདྲ། །སྲ་འབྲས་ལྕགས་ཀྱི་བུམ་ཆུང་འདྲ། །འཇམ་འབྲས་འབུ་ཡི་རྫེ་མ་(སྦྲུལ་གྱི་སྒོ་ང་)འདྲ། །འབྲ་གོ་རྟ་ཡི་ནུ་མ་འདྲ། །པ་ཏྲ་ཉུང་མ་གཤགས་པ་འདྲ། །པུཤྐར་མཱུ་ལ་ལུག་སུག་འདྲ། །རུ་རྟ་ཤ་རུ་གོག་པོ་འདྲ། །ཤུ་དག་སོར་མོ་སྐམ་པོ་འདྲ། །པུ་ཤེལ་རྩེ་འཇག་མའི་རྩ་བ་འདྲ། །ཁྱུང་སྡེར་དཀར་པོ་བྱ་ཕོའི་ཕྱི་སྡེར་འདྲ། །ཁྱུང་སྡེར་སྨུག་པོ་བྱ་རོག་སྡེར་མོ་འདྲ། །དཔའ་བོ་དཀར་པོ་ཉུང་ཤུན་འདྲ། །དཔའ་བོ་སེར་པོ་སྐྱེར་ཤུན་འདྲ། །ཤིང་མངར་གསེར་གྱི་ལྕུག་མ་འདྲ། །སླེ་ཏྲེས་བྲ་མའི་རྩ་བ་འདྲ། །ཀཎྜ་ཀ་རི་སེ་བ་གཞོན་ནུ་འདྲ། །ཧོང་ལེན་གོང་མོའི་རིལ་མ་འདྲ། །ཏིག་ཏ་ཡུངས་ཀར་ངར་པ་འདྲ། །བ་ཤ་ཀ་ཆབ་རྩེའི་ལོ་མ་འདྲ། །བ་ལེ་ཀ་དབྱི་མོང་རྩ་བ་འདྲ། །ལི་ག་དུར་མོན་བུ་སྐམ་པོ་འདྲ། །གླ་སྒང་གྲོ་མ་སྐམ་པོ་འདྲ། །སྟབ་སེང་ཤོལ་པོའི་སྐོགས་པ་འདྲ། །རྩད་ནི་ལྕ་རྒོང་རྩ་བ་འདྲ། །ལྡུམ་སྟག་ལུག་མུར་ལྦ་བ་འདྲ། །ཤྲྰི་ཁཎྜ་ཕབས་རྡོག་འདྲ། །དོང་ག་ཚིལ་ནག་བཅད་པ་འདྲ། །དན་རོག་སྤུ་རུ་སྐེ་བཅད་འདྲ། །ཀ་པད་(པེད་)བྱིས་པའི་ཀླད་ཕོར་འདྲ། །ད་ཏྲིག་ལུག་ཤིག་སྒོ་ང་འདྲ། །མོན་ཆ་ར་ནི་ཁྲག་སྐམ་འདྲ། །སྨག་ནི་གྲོ་མའི་ཕྱེ་མ་འདྲ། །ཡ་བཀྵ་ར་བག་ཕྱེ་འདྲ། །བསེ་རུ་རྒྱ་ཁབ་གཤིབས་པ་འདྲ། །ག་(གྭ་)དོར་ཤི་ཤ་སྐམ་པོ་འདྲ། །རྒྱ་རུ་འབིགས་པའི་སྙུང་བུ་འདྲ། །སྐྱེ་སའི་དབྱིབས་ལ་ངོས་བཟུང་བ། །ཧོང་ལེན་གཡའ་གངས་མཚམས་སུ་སྐྱེ། །ལོ་མ་ཁྲོག་པོ་རལ་གྲི་འདྲ། །མེ་ཏོག་སྨུག་པོ་འབྲོང་ལོ་འདྲ། །རྩ་བ་སྤུ་ཅན་གོང་བྲུན་འདྲ། །རེ་སྐོན་གཡའ་ཡི་ཆུ་རོང་སྐྱེ། །ལོ་མ་པར་པ་ཏ་དང་འདྲ། །མེ་ཏོག་སེར་པོ་ཕུང་པོ་ཡོང་། །རྩ་བ་རྐང་གཅིག་རྩི་དམར་ཡོད། །གཡའ་ཡི་གངས་མཚམས་བྲག་སྲུབས་སྐྱེ། །ལོ་མ་སྒོར་ཆུང་ཕྲུག་མཐུག་པོ། །མེ་ཏོག་ཟངས་ཀྱི་གཟེ་རུ་འདྲ། །རྩ་བ་སེར་པོ་ཁ་སྦུན་པོ། །དྲི་མེད་རོ་ནི་ཁ་ལ་ལྡང་། །གང་གཱ་ཆུང་གཡའ་གསེབ་བྱེ་ལོགས་སྐྱེ། །ཟུར་བཞི་ལོགས་བརྒྱད་མཆོད་རྟེན་བརྩིགས། །མེ་ཏོག་དྲིལ་བུ་ཁ་བསླངས་འདྲ། །རྩ་བ་རྒྱུས་པ་འཛིངས་པ་འདྲ། །བྱ་རྒོད་སྤོས་ཀྱང་གཡའ་གསེབ་སྐྱེ། །ལོ་མ་མཐུག་པོ་སྲུབ་ཀའི་དབྱིབས། །མེ་ཏོག་སྔོ་སྐྱ་བ་སྤུ་ཅན། །དྲི་མ་གླ་བའི་རིལ་མ་མནམ། །སྲོ་ལོ་སྐྱེ་ས་དེ་དང་འདྲ། །ལོ་མ་སྒོང་ཐོག་པ་དང་འདྲ། །མེ་ཏོག་བ་ལུ་དཀར་པོ་འདྲ། །གང་བུ་ལེབ་མོ་བྱི་སྲན་འདྲ། །རྩ་བ་དཀར་ལ་སོབ་པ་ཡིན། །སུམ་ཅུ་ཏིག་གཡའ་གསེབ་སྤང་ལ་སྐྱེ། །ལོ་མ་ལེབ་ཆུང་ཀོ་མ་མཆུ། །ངར་པ་དམར་སེར་བ་སྤུ་ཅན། །མེ་ཏོག་དམར་སེར་སྦ་མ་མགོ། །ཡུ་མོ་སྲོལ་གོང་གཡའ་གསེབ་སྐྱེ། །ལོ་མ་དམར་སྨུག་སོག་ལེ་ཁ། །མེ་ཏོག་སྦོམ་པོ་ཁོག་སྟོང་ཅན། །རྩ་བ་དཀར་པོ་འོ་མ་ཡོད། །ཡུ་མོ་མདེའུ་འབྱིན་མཐའ་གསེབ་སྐྱེ། །ལོ་མ་སྒོར་མོ་སྲན་ཆུང་འདྲ། །མེ་ཏོག་དམར་སྨུག་ར་གཟར་འདྲ། །གང་བུ་སྔོན་པོ་གཞུ་ཤུབས་འདྲ། །རྩ་བ་སྤང་སྤོས་སྡོང་པོ་འདྲ། །དར་ཡ་ཀན་ནི་བྲག་གསེབ་སྐྱེས། །ལོ་མ་ཕྲ་མོ་ཁ་གསུམ་ལ། །མེ་ཏོག་བ་དན་ཕྱར་བ་འདྲ། །རྩ་བ་སེར་ལ་ཁ་བ་ཡོད། །དར་ཡ་ཀན་སྨུག་པོ་ཞེས་བྱ་བ། །སྐྱེ་གནས་ཐང་དང་རྡོ་གསེབ་སྐྱེས། །ཨཱོཾཿ མ་ལེབ་ཆུང་སྲད་ཆུང་འདྲ། །མེ་ཏོག་སྔོན་པོ་ར་གཟར་འདྲ། །གང་བུ་གྲོག་མའི་གཟུགས་པོ་འདྲ། །རྩ་བ་རྒྱས་ཕྲན་བཤད་(ཤད་)པ་འདྲ། །ཐོ་དཀར་སྨུག་པོ་ཞེས་ཀྱང་བྱ། །སྔོན་མོ་ཆབ་འདྲེན་ཞེས་སུ་བཤད། །ཨ་བྷི་ཥ་ཞེས་བྱ་བ་ནི། །སྤེན་མ་སེ་བ་སྨྱག་ཤད་དང་། །ར་མཉེའི་གསེབ་ཏུ་སྐྱེས་པ་ཡིན། །ལོ་མ་ངར་མ་ར་མཉེ་འདྲ། །མེ་ཏོག་འོད་གསལ་མདངས་དང་ལྡན། །འབྲས་བུ་ཨ་རུ་ར་དང་འདྲ། །རྩ་བ་དཀར་པོ་སྒོག་རུམ་འདྲ། །བདུད་རྩི་འོ་མ་འཛིན་དུ་གྲགས། །སྟག་ཤ་བ་ནི་སྤང་ལ་སྐྱེས། །ལོ་མ་སྲད་མ་འབྲས་ངན་འདྲ། །ས་རྒྱ་ཀོ་མཐིལ་རེ་ཙམ་ཁེབས། །གང་བུ་ལེབ་མོ་བྱི་སྲད་འདྲ། །ལོ་མ་ཆག་པར་བཅིང་ནས་སྦྱིན། །རྩ་བ་སྤྲ་ཐོག་འདྲ་ལ་མཉེན། །ཡུ་གུ་ཤིང་ནི་ལྗོངས་ལ་སྐྱེས། །ལོ་མ་སེར་པོ་བ་སྤུ་ཅན། །སྡོང་པོ་སྤྲ་བས་དྲིལ་ནས་ཡོད། །བྱི་བཟུང་མུ་དང་ལྗོངས་ལ་སྐྱེས། །གང་བུ་སྤྲེའུའི་མཇུག་མ་འདྲ། །གསེབ་ན་ཚེར་མའི་ལྕགས་ཀྱུ་ཡོད། །འབྲས་བུ་སྨུག་པོ་འབྲས་དང་ལྡན། །ལང་ཐང་རྩེ་ནི་ལྡུམ་རར་སྐྱེས། །སྡོང་པོ་ཕྲ་ལ་རིང་བ་ལ། །གང་བུ་རིལ་བ་སྤྱི་བླུགས་འདྲ། །རྩ་བརྒྱད་མགོ་ལྟར་བསྒྲེངས་(སྦྲེལ་)ནས་འོང་། །འབྲུ་གུ་ཏིལ་ཙམ་སེག་བརྡར་རིས། །དཀར་པོ་ཆིག་ཐུབ་གཡའ་ལ་སྐྱེས། །ལོ་མ་ཁྲོ་ག་བ་དང་འདྲ། །མེ་ཏོག་གང་བུ་ཐང་ཕྲོམ་འདྲ། །ས་ལས་མ་འཕགས་ལྕོག་པོར་སྐྱེས། །རྩ་བ་དཀར་པོ་སུག་པ་འདྲ། །ཤུ་མོ་ཟ་ནི་ཞིང་ལ་སྐྱེས། །ལོ་འདབ་སྲད་ཆུང་འདྲ་བ་ལ། །གང་བུ་བྱ་ཕོའི་ཕྱི་སྡེར་འདྲ། །འབྲུ་གུ་གྲུ་ཡོན་སེག་བརྡར་རིས། །བྲེ་ག་མུ་དང་ཞིང་ལ་སྐྱེས། །ལོ་འདབ་སྲན་ཆུང་ཇི་བཞིན་ལ། །འབྲས་བུ་སྤྲུ་མའི་གང་བུ་འདྲ། །འབྲི་ཏ་ས་འཛིན་ལྗོངས་སུ་སྐྱེས། །ལོ་མ་ཐ་རམས་ལྟ་བུ་ལ། །མེ་ཏོག་སྔོན་པོ་སྦུངས་པ་འདྲ། །བ་ཐག་གྲོ་མའི་གྲོ་རྒྱངས་འདྲ། །དབང་པོ་ལག་པ་ན་ལ་སྐྱེས། །ལོ་འདབ་ཀྱི་སྒོག་འདྲ་བ་ལ། །མེ་ཏོག་དམར་པོ་མདངས་དང་ལྡན། །ཟོར་སྒྲོ་ལྟ་བུར་ཀུན་ཏུ་སྐྱེས། །རྩ་བ་བུ་ཆུང་ལག་པ་ལ། །འོད་ལྡན་མཁའ་འགྲོ་འདུ་སར་སྐྱེས། །སྡོང་པོ་གཅིག་རེངས་མཐོ་རེ་ཙམ། །ལོ་འདབ་པ་ཏྲའི་མཆོད་སྡོང་འདྲ། །ཚི་ཅན་རོ་ནི་ཁ་མངར་བྲིད། །འཁྲུངས་དཔེ་ཞེས་པ་འགའ་ཙམ་བཀོད། །གཞན་དག་ལག་ལེན་ངོ་སྤྲོད་བགྱིས། །དེ་རྣམས་ངོ་བོ་བརྡ་སྤྲོད་དོ།།
ལྔ་པ། བཟང་ངན་མིན་དོན་བརྡ་སྤྲོད་བསྟན་པ།
བཟང་ངན་མིང་དོན་བརྡ་སྤྲོད་ལ། །ག་བུར་མཉེན་འཇམ་སྟོན་ན་རྩུབ། །ཙན་དན་བཟང་ངན་ཆུ་ལ་དྲིས། །ཆུར་བྱིང་དྲི་མེད་སྟོན་ན་བཟང། །ཨ་ག་རུ་ནི་མེ་ལ་དྲིས། །དྲི་ཆེ་ཆིར་ཆིར་བྱུང་ན་བཟང་། །ཛཱ་ཏི་སྙི་ལ་ལྕི་ན་བཟང་། །གུར་གུམ་དམར་སྨུག་མཁྲེགས་མ་བཟང་། །ཅུ་གང་དཀར་ཡང་དྲོད་མེད་བཟང་། །ཀ་ཀོ་ལ་ནི་སོབ་ན་བཟང་། །སུག་སྨེལ་སྤུ་མེད་རུག་ན་བཟང་། །ལི་ཤི་ལ་ཤི་མེད་ན་བཟང་། །གི་ཝང་ཡང་མཁྲེགས་སོ་མི་ཕག(སེག)།དམར་སེར་རིལ་བུར་ཆགས་ན་བཟང་། །དོམ་མཁྲིས་སེར་འོད་གཙང་ལ་དྭངས། །ཆུ་ལ་ཀ་བ་ཚུགས་ན་བཟང་། །གླ་རྩི་འཇམ་མཁྲེགས་དྲི་ཆེ་བཟང་། །ཨ་རུ་ར་ནི་གསེར་མདོག་ཐོན། །ཤ་རྒྱས་ཁེངས་པ་བཟང་བ་ཡིན། །བ་རུ་ཆུང་འཇམ་སྐྱ་ན་བཟང་། །སྐྱུ་རུ་དཀར་ཤས་ཆེ་བ་བཟང་། །མཁལ་མ་ཞོ་ཤ་དཀར་ཟླུམ་བཟང་། །སེ་འབྲུ་སྣུམ་ལ་རོ་སྐྱུར་བཟང་། །དྲོད་སྨན་བྱ་ཕྲ་ཆགས་ན་བཟང་། །སྨན་སྒ་ཁོང་སྤུ་མེད་ན་བཟང་། །སྨུག་པོ་སྙི་ལ་ཁུ་བ་དམར། །རོ་མངར་དྲི་མ་ཆེ་ན་བཟང་། །དཀར་པོ་སྙི་ལ་མངར་ན་བཟང་། །ཀུན་ལ་བཤད་པར་མི་ལང་བས། །ལག་ལེན་ངོ་སྤྲོད་ཐོབ་པར་གྱིས། །སྨན་ཡིག་མིང་དོན་བརྡ་སྤྲོད་འདི། །སློབ་དཔོན་བཻ་རོ་ཙ་ན་ཡིས། །བོད་སྨན་རྨོངས་པའི་དོན་ཕྱིར་བཀོད། །ཤེས་ཆུང་ཐེ་ཚོམ་སེལ་བར་ཤོག །མིང་དོན་བརྡ་སྤྲོད་ཅེས་བྱ་བ་རྫོགས་སོ།། །།
སརྦ་མངྒལཾ།
མཐའ་མའི་འདོན་ཐེངས་།: 02.05.2017 ཉིན། 11:58 AM
<< སྔ་མ།