མིག་འབྱེད་ལག་ལེན་རིན་ཆེན་ཐུར་མའི་ལས་ཆོག |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 11.12.2013 |
༄༅། །མིག་འབྱེད་མཐོང་བརྒྱུད་བླ་མའི་ཕྱག་ལེན་གསལ་བར་བཀོད་པ་རིན་ཆེན་ཐུར་མའི་ལས་ཆོག་
ཅེས་བྱ་བ་བཞུགས་སོ།།
ྋབླ་སྨན་བློ་བཟང་དབང་རྒྱལ།
ན་མོ་བཻཌཱུརྱ། དུག་གསུམ་རྒྱུ་འབྲས་ནད་མུན་འཇོམས་པའི་གཉེན། །སྨན་བླ་དྲང་སྲོང་ཀུན་གསལ་ཉིན་མོར་བྱེད། །འཚོ་བྱེད་དོན་ཀུན་གྲུབ་ལ་ཕྱག་ཕུལ་ཏེ། །གསལ་བྱེད་བརྒྱུད་པའི་ཕྱག་ལེན་མདོར་བསྡུས་གླེང་། །དེ་ཡང་མིག་གཞི་རིན་ཆེན་འཕྲུལ་གྱི་འཁོར། །དུག་གསུམ་བར་སྒྲིབ་ཡོལ་བས་གྲིབ་བྱེད་ཅིང་། །སྣ་ཚོགས་སྲིད་པའི་སྣང་བ་ཀུན་འཇོམས་པའི། །ནད་མུན་གསལ་བྱེད་ཐུར་མའི་ལག་ལེན་བཤད། །དེ་ལ་སྤྱི་དང་བྱེ་བྲག་རྣམ་དབྱེ་ཟུང་། །དང་པོ་མིག་ནད་སྤྱི་དང་ཕྱི་མ་ལ། །ཁྱད་པར་ཐུར་མའི་ལག་ལེན་གླེང་གཞི་དངོས། །
མིག་ནད་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་ལྔ། །དབྱེ་བ་མིག་ཆུའི་ནད་རིགས་རྣམ་པ་བདུན། །སྐམ་ཚགས་གཤེར་ཚགས་གཉིས་དང་གདུང་འགྱུར་བཞི། །ལིང་ཏོག་རིགས་བཞི་རབ་རིབ་རྣམ་པ་བཞི། །སྲོད་ལོང་གཅིག་དང་ཕྱི་འགྲིབ་རྣམ་པ་ལྔ། །ནང་འགྲིབ་གཉིས་དང་བར་འགྲིབ་རྣམ་པ་བཞི། །རྒྱས་པར་སུམ་ཅུ་རྩ་གསུམ་རྒྱུད་ལས་གསུངས། ༈ བྱེ་བྲག་འགྲིབ་ལ་ཕྱི་ནང་བར་འགྲིབ་གསུམ། །དེ་ལ་ཕྱི་འགྲིབ་ཕྱི་རྐྱེན་སྒྲིབ་པ་སྟེ། །ནང་འགྲིབ་ཆུ་འཁྲུག་རྩ་མདངས་ཉམས་ལས་བྱུང་། །བར་འགྲིབ་ཉེས་གསུམ་རྐྱང་དང་འདུས་པས་འགྲིབ། །དེ་ཡང་ཕྱི་འགྲིབ་རང་རང་གསོ་ཐབས་ལ། །ནང་འགྲིབ་ཟས་སྤྱོད་ཁོང་སྨན་དག་ལ་འབད། །ཕྱི་ནང་འགྲིབ་གཉིས་ཐུར་མས་དབྱེ་མི་ཕྱེད། །བར་འགྲིབ་དཔྱད་མཆོག་ཐུར་མས་དབྱེ་བར་བྱ། །
དེ་ལ་སྔོན་འགྲོ་དངོས་གཞི་ཕྱི་རྗེས་གསུམ། ༡ སྔོན་འགྲོ་ནད་དུས་རིམ་གྲོ་དཔྱད་དང་བཞི། །ནད་གཞིའི་སྔོན་འགྲོར་དབྱེར་རུང་མི་རུང་བརྟག །དབྱེར་མི་རུང་བ་ལུད་པ་ཆམ་པས་བཏབ། །མ་ཞུ་འཁྲུ་སྐྱུག་མགོ་གཟེར་ཡོད་པ་དང་། །ལུས་ལ་དགྲ་དར་བབས་སྤར་ལི་ལ་འཁེལ། །འདུས་པའི་མིག་ཚུལ་ཞུ་བ་དབྱེར་མི་རུང་། །མ་སྨིན་དུས་སུ་བསལ་ཡང་སླར་འགེབས་སྤངས། །མེ་ཟླ་ཉི་མ་ཤར་ནུབ་མི་མཐོང་བ། །དུས་འདས་རྒྱལ་མོའི་མཐུ་ཉམས་དབྱེར་མི་རུང་། །དབྱེར་རུང་དེ་བཟློག་ཆུ་ནང་ཞག་ཐིག་འདྲ། །ཟླ་བ་ཉ་ལྟར་གང་བ་དབྱེ་བར་བྱ། །དུས་ཀྱི་སྔོན་འགྲོ་རླུང་འགྲིབ་ལོ་གསུམ་ལོན(སྨིན)། །བད་ཀན་ལོ་གཅིག་འདུས་པ་ཕྱེད་དང་གཉིས། །མཁྲིས་པ་ཟླ་བ་དྲུག་གིས་སྨིན་པའི་དུས། །མ་སྨིན་གནོད་པའི་ཟས་ཀྱིས་སྨིན་པར་བྱ། །རིམ་འགྲོ་སྔོན་འགྲོ་ཆབ་གཏོར་བརྒྱ་རྩ་དང་། །མིག་གཟུངས་འདོན་ཅིང་ལྷ་མཆོད་བགེགས་སྐྲད་ལ། །གྲ་ལྔ་འདོན་སོགས་གཏོ་ཡིས་གནོད་པ་བསལ། །དཔྱད་ཀྱི་སྔོན་འགྲོ་ནད་བཤིག་བསལ་སླའི་ཕྱིར། །ལོ་ངར་ཞུ་མཁན་ཆང་བཙོས་རླངས་བདུག་བྱ། །
༢ དངོས་གཞི་ཆོ་ག་གསང་ས་བརྟེན་ཐབས་དང་། །བསལ་ཐབས་སོལ་ཚད་བརྟན་བྱ་ལེགས་ཉེས་རྟགས། །སྤྱི་དོན་རྣམ་པ་བརྒྱད་དུ་བཤད་པར་བྱ། །དང་པོ་ཐུར་མའི་ཚད་དང་བཅའ་གཞི་གཉིས། །ཐུར་མའི་རྒྱུ་ནི་གསེར་ཟངས་ར་གན་གསུམ། །བྲ་བོ་འབྲི་ལྕེ་ཁ་དང་གཟོང་ཁ་འདྲ། །སྲིད་སོར་དྲུག་པ་རྩེ་མོ་རྒྱལ་མོ་གང་། །ཞེང་དུ་དེའི་ཕྱེད་མགྲིན་པ་གྲོ་མགྲིན་ཙམ། །སྲིད་དུ་བར་ཚོན་དོ་དབུས་རི་མོ་དོད། །ཐུར་རྐེད་གྲུ་བཞི་སྦོམ་ལ་ཐུར་ཞབས་ཕྲ། །ཆག་ཚད་ལྡན་པས་སྐྱོན་སྤངས་ཡོན་ཏན་འབྱུང་། །ལུས་ཀྱི་བཅའ་གཞི་གཟའ་སྐར་ཚེས་བཟང་པོ། །དེའང་སྐར་མ་སྨིན་དྲུག་བྲ་ཉེ་བྱའུ། །གྲེ་དང་ལག་དང་བཟློག་དང་བླ་ནད་མེད། །དུས་ཉིའི་སྤར་ལི་འཁེལ་སོགས་དུས་ངན་མེད། །ལོ་ཟླ་གཟའ་སྐར་ཤིས་དུས་ལོ་མཐུན་གྱི། །གཡོག་བསྟེན་འགྲོ་འདུག་སྤང་ཞིང་ནད་པའི་ལུས། །སྣམ་བུ་གཙང་མས་ལག་རྐེད་དམ་པོར་དཀྲི། །སྨན་པ་མིག་གང་དབྱེ་བའི་མདུན་ངོས་སུ། །བརྟེན་དང་ཤིས་ཕྱིར་ནས་དཀར་ཁྲི་སྟེང་འདུག །རང་གཞན་སྤྱན་རས་གཟིགས་བསྒོམས་དམིགས་པ་བརྟན། །གསལ་བྱེད་བརྒྱུད་པའི་བླ་མར་གསོལ་བཏབ་ལ། །མཚམས་འདིར་དགོངས་གཏེར་ཐུགས་རྗེ་ཆེན་པོ་ཡི། །སྒྲུབ་ཐབས་གསེར་གྱི་མིག་ཐུར་ལག་ལེན་གནད། །
ན་མོཿ དཀོན་མཆོག་ཀུན་འདུས་སྤྱན་རས་གཟིགསཿ བདག་དང་འགྲོ་ཀུན་སྐྱབས་སུ་མཆིཿ མ་གྱུར་སེམས་ཅན་ཐམས་ཅད་ཀུནཿ བྱང་ཆུབ་ཐོབ་པར་སེམས་བསྐྱེད་དོཿ ཆོས་ཀུན་མི་དམིགས་སྟོང་པའི་ངངཿ པད་དཀར་ཟླ་སྟེང་ཧྲཱིཿཡིག་ལསཿ རང་ཉིད་འཕགས་མཆོག་སྤྱན་རས་གཟིགསཿ དཀར་གསལ་ཆུ་ཤེལ་ལྟར་འཚེར་བཿ ཞལ་གཅིག་ཕྱག་བཞི་མཚན་དཔེ་རྫོགསཿ རལ་པའི་ཟུར་ཕུད་འོད་དཔག་བརྒྱནཿ ཕྱག་བཞི་དང་གཉིས་བདུད་རྩི་ཡིཿ བུམ་པ་མེ་ལོང་སྡིག་སྒྲིབ་བཀྲུཿ ལག་གཉིས་ཤེལ་ཕྲེང་པད་དཀར་འཛིནཿ རི་དྭགས་ལྤགས་པས་ནུ་གཡོན་བཀབཿ ཚངས་སྐུད་ལྷ་རྫས་ན་བཟས་ཀླུབསཿ ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངསཿ གནས་གསུམ་ཨོཾཨཱཿཧཱུྃ་ཧྲིཿགིས་མཚནཿ དེ་ལས་འོད་འཕྲོས་རང་འདྲ་བའིཿ ཡེ་ཤེས་སྤྱན་དྲངས་དབྱེར་མེད་གྱུརཿ སླར་ཡང་ཐུགས་ཀའི་འོད་ཟེར་གྱིསཿ གནས་གསུམ་ཚངས་པ་དབང་གི་ལྷཿ སྤྱན་དྲངས་ཆུ་རྒྱུན་དབང་བསྐུར་བསཿ རིགས་ཀྱི་བདག་པོའི་སྐུར་ཐིམ་གྱུརཿ ཐུགས་དཀར་ཟླ་བའི་སྟེང་དུ་ཧྲི་ཡིག་དཀར་པོ་ལ་ཡི་གེ་བདུན་པ་ཟླ་བ་ལ་རྒྱུ་སྐར་གྱི་སྐོར་བ་ལྟ་བུར་བསྒོམཿ ཨོཾམཎིཔདྨེཧྰུྃཧྲིཿ ཅི་ནུས་བཟླ། ཨོཾ་ཙཀྵུཿཙཀྵུཿཔྲཀཱཤ་སྭྰཧཱཿ ཨོཾ་སེལ་སེལ་མུན་པ་སེལ་སྭྰཧཱཿ ཞེས་པའི་སྔགས་འདི་བརྒྱ་ཚར་བགྲངས་བྱས་ལ། །རྒྱབ་ནས་མགོ་དང་ལག་པས་ནད་པ་བརྟེན། །འདི་མཚམས་མི་འབྱེད་སྤྱན་ལ་རས་སྣམ་བཀབ། །ལོ་མཐུན་གཡོག་གིས་གདོན་སེལ་དཀར་རྡོ་གཉིས། །མི་འབྱེད་ངོས་སུ་བརྡུལ་ལ་དེ་ཡི་སྒྲར། །ནད་པའི་མིག་དབང་བལྟ་རུ་གཞུག་པ་ལ། །དེ་ནས་སྨན་པ་བློ་བརྟན་ལག་བདེ་བས། །གཡོན་པས་མི་འགུལ་མིག་བཟུང་གཡས་པ་ཡིས། །གར་ཤས་ཐུར་གཤམ་ལེགས་བརྟེན་ཐུར་མའི་མགོ། །མཐེབ་མཛུབ་གུང་མོས་རྒྱབ་རྟེན་དམ་དུ་བཟུང་། །རྒྱལ་མོའི་ཐད་དྲངས་མིག་འབྲས་དཀར་ནག་མཚམས། །ཕྱི་ལ་ནས་གང་བཅལ་བའི་གངས་ཀྱི་དབུས། །མ་ཞུམ་བརྟན་པས་རྟོབ་སྟེ་བསྣུན་པ་གནད། །སྐབས་དེར་ཡུད་ཙམ་ངལ་གསོ་ཆུ་ལྕག་བྱས། །དེ་ནས་ཐུར་མ་འཕྲེད་ལ་རང་འགྲོས་སུ། །རིམ་པས་རྒྱལ་མོའི་སྟེང་བཏང་མིག་འབྲས་དང་། །སྐྱ་རིབ་ཐུར་རྩེ་རིང་ཐུང་མེད་པར་མཉམ། །ལེབ་ཆགས་ཐུར་མ་མ་བསྡམས་གློད་བྱས་ལ། །དལ་བུས་གོང་ནས་མིག་གི་མས་ལྕིབས་མནན། །མ་ནོར་རྒྱབ་ནས་བསྐོར་ལ་གོང་བཞིན་མནན། །ནད་པའི་རྫི་མ་འདེགས་འཛུམ་གྱེན་བལྟ་སྤངས། །ཕྱེ་རྟགས་འཛུབ་འཆོར་ནད་རྟགས་མིག་འབྲས་དང་། །གསང་རྟགས་ཐུར་མདོག་གསལ་ན་མིག་དབྱེ་བས། །སྒྲིབ་བྱེད་མནན་ལ་དར་ཅིག་སྡོད་པ་གནད། །དེ་ནས་ཇི་ལྟར་འོས་པའི་དངོས་པོ་ནི། །བཀྲ་ཤིས་མདའ་དར་ཐོང་གཤོལ་ལ་སོགས་པའི། །རྟེན་འབྲེལ་བསོད་ནམས་འདུན་སླད་ནད་པར་བསྟན། །སྐད་འདོན་གློ་ལུ་དབུགས་བསྡམས་ལོག་ན་བསལ། །ཐུར་མ་བཏོན་པ་ཞག་གསུམ་བསྟན་འབོལ་བར། །སྔས་མཐོ་འགྲིབ་དེ་འོག་ངོས་བསྟན་ལ་ཉལ། །དཔྱད་རྗེས་ཟུག་མེད་བདེ་ན་འདོད་པ་ཡིན། །
༣། ཕྱི་རྗེས་ཟས་སྤྱོད་བསླབ་དང་ལོག་པ་མནན། །མཁྲེགས་པོའི་ཟས་དང་གློ་ལུ་མཆིལ་མ་འདོར། །ལྡང་ཉལ་ལ་སོགས་དྲག་ཤུལ་ཀུན་ལ་གཟབ། །འདི་དག་མཐོང་བ་བརྒྱུད་པའི་ཕྱག་ལེན་ཏེ། །འདི་ལ་རང་གི་མྱོང་གོམས་མ་མཆིས་ཀྱང་། །བླ་མ་དམ་པའི་མན་ངག་ཕྱག་བཞེད་ལུགས། །རང་གི་ཡིད་ལ་གོམས་ཕྱིར་འདི་ན་སྤེལ། །འོན་ཏེ་ཕྱིས་སུ་ཕྱི་གླིང་ལས་དར་བའི། །སྣ་མང་རྫས་ཀྱི་སྨན་དང་ཆ་དཔྱད་ཀྱིས། །ངལ་བ་ཆེར་མེད་ལག་ལེན་བྱ་བདེ་རུ། །མིག་གི་བར་གྲིབ་ལེན་འདི་མཚར་མཐོང་ཡང་། རང་བརྒྱུད་གདམས་པའི་མན་ངག་ཨུད་ད་ཀའི། །དྲི་བཟང་ལྷན་སྐྱེས་མཆིས་འདི་རང་རིགས་ཀྱི། །སྐྱེ་དགུའི་དྲི་འཛིན་དབང་པོས་ཚོར་ཕྱིར་ཙམ། །དགེའོ།།
༄༅། །ནད་པར་མིག་འབྱེད་ཕྱག་ལེན་དངོས་གཞི་ཇི་ལྟར་གནང་ཕྱོགས་ཐད་མདོར་བསྡུས་ནག་འགྲོས་སུ་བཀོད་པ་ལ།
མིག་འབྱེད་དངོས་གཞིའི་ཆོ་ག་རིན་ཆེན་ཐུར་མའི་ལས་ཆོག་ནང་འཁོད་པ་བཞིན་དང་། འདིར་རང་གི་ལག་ལེན་དང་བླ་མའི་མཐོང་བརྒྱུད་རགས་བསྡུས་གསལ་བཤད་ཀྱི་ཚུལ་དུ་གླེང་ན།
དང་པོ། མིག་འབྱེད་དུས་ཚོད་ནི། ཕལ་ཆེ་བོད་ཟླ་གཉིས་པ་གསུམ་པ་དང་། སྟོན་ཁ་ཟླ་བ་བརྒྱད་པ་དགུ་པ་ཚ་གྲང་སྙོམས་པའི་སྐབས་གནང་བ་ཡིན་ལ། བྱེ་བྲག་མིག་འབྱེད་དུས་ཚོད་ཟླ་བ་སོ་སོའི་ནང་གི་གཟའ་སྐར་ཚེས་གྲངས་བཟང་བ་ཞིག་དང་། ནད་པའི་བླ་གཟའ་སྲོག་གཟའ་འཁེལ་སོགས་རྟེན་འབྲེལ་བཟང་པོས་རྩིས་ཟིན་པར་བྱེད།
གཉིས་པ། མིག་འབྱེད་སྔོན་གྱིས་སྟ་གོན་དུ། སྣམ་བུ་དཀར་པོ་སྦུབ་རིལ་གཅིག ཐོངས་ལྕགས་གཅིག མདའ་དར་གཅིག འབྲུ་དོ་པོ་གཅིག་བཅས་གྲ་སྒྲིག་ལེགས་པར་བྱས་པའི་ཁར་སྨན་པས་གཙགས་བུ་དང་ཐུར་མ། དེ་བཞིན་དོམ་མཁྲིས། གླ་རྩི། ཁ་ཆེ་ཤ་སྐམ་སོགས་སྨན་སྣ་འགའ་ཡང་གྲ་སྒྲིག་མ་འཕྱུག་པ་དགོས།
གསུམ་པ། མིག་འབྱེད་དངོས་གཞི།
༡ གྲ་སྒྲིག་ཟིན་པའི་སྣམ་བུ་དཀར་པོ་དེས་ནད་པའི་ལུས་ཀྱི་སྨད་ནས་སྟོད་ཕྱོགས་སུ་དམ་པོར་དཀྲི་དགོས། དེས་གཟུགས་པོ་མ་འཁྲུགས་པའི་ཁྱད་དང་། མིག་འབུར་ཚུགས་སུ་ཅུང་ཟད་ཕྱིར་ཐོན་པས་ཐུར་མ་དང་གཙགས་བུའི་ལས་བྱ་བདེ་བའི་ཁྱད་ཡོད།
༢། སྨན་པའི་ལག་བརྟན་པོ་ཡོང་ཆེད་གྲ་སྒྲིག་བྱས་པའི་འབྲུ་དོ་པོ་དེའི་སྟེང་ཁ་གདན་ཞིག་བཏིང་སྟེ་དེ་སྟེང་སྨན་པ་སྡོད་དགོས་པ་ཡིན། དེ་ནི་རྟེན་འབྲེལ་བཟང་བའི་ཁྱད་ལ་སྔ་དུས་རྐུབ་སྟེགས་སོགས་ཀྱི་ཆ་རྐྱེན་ཡག་པོ་མེད་སྟབས་དེའི་ཚབ་ཏུ་གཟུགས་བརྟན་པོ་ཡོང་ཆེད་ཡིན་པ་འདྲ།
༣། ནད་པའི་མིག་གཡས་གཡོན་གཉིས་ལས་སྨན་པའི་ལག་ཕྱོགས་ལྟ་བུས་ནད་མིག་གཡོན་པ་དེ་ཕྱེ་བདེ་བས་རྒྱུན་དུ་ཐོག་མར་མིག་གཡས་པ་དེ་སྣམ་ནག་གམ་རས་ནག་ཅིག་གིས་བཀབ་སྟེ་མིག་གཡོན་པ་དེ་ཕྱེ་བ་ཡིན།
༤། ནད་པའི་མིག་དངོས་གཞི་ཕྱེ་བའི་སྐབས་སྨན་པས་གཙགས་བུ་དང་ཐུར་མ་གྲ་སྒྲིག་གིས་མིག་གཤག་པ་ཡིན། དེ་ཡང་མིག་གི་རྒྱལ་མོ་ལས་ནས་འབྲུ་གང་གི་མཚམས་སྤྲིན་པ་དཀར་པོ་ཡོད་སའི་ཕྱེད་མཐའ་མིན་ཙམ་ནས་གཤག་དགོས་སྟབས། རང་ལོ་དང་མཐུན་(མཐུན་གསུམ་ལོ་པ་)པའི་གཡོག་གིས་རྡོ་དཀར་གོང་གཉིས་ཕྱག་ཏུ་འཁྱེར་དེ་ནད་པའི་རྣ་བ་གཡས་ཕྱོགས་སུ་ཏག་ཏག་ཅེས་ཐེངས་འགའ་བརྡུངས་ཏེ་ནད་པའི་མིག་སྒྲ་གང་ཡོད་ས་དེར་བལྟ་རུ་འཇུག་དགོས། (དཀར་རྡོ་དེ་གདོན་མི་གནོད་པའི་ཁྱད་ཀྱང་ཡོད།) དེ་སྐབས་ནད་པས་མིག་གཡས་ཕྱོགས་སུ་བལྟ་བའི་དུས་ཚོད་ཐུང་ངུའི་ནང་། སྨན་པས་གཙགས་བུ་བེད་སྤྱད་དེ་མིག་སྤྲིན་ཐག་ཅེས་གཤག་ཟིན་པ་དགོས། མིག་གི་སྐྱི་པགས་མཁྲེགས་པོར་སོང་ཙང་། སེམས་རྣལ་དུ་ཕབ་སྟེ་གཙགས་བུ་རྣོན་པོས་གང་མགྱོགས་ལེགས་པར་གཤག་མ་ཐུབ་ཚེ་ཕྱི་མ་གཤག་རྒྱུར་དཀའ་ངལ་ཕྲད་ཀྱི་ཡོད། མིག་གི་སྐྱི་པགས་གཤགས་ཟིན་མ་ཐག་ལག་གཡོན་པས་མིག་པགས་ཕྱེ་སྟེ་ལག་གཡས་པས་ཐུར་མས་ག་ལེར་གཤག་ཟིན་པའི་སྐྱི་པགས་ནང་བཅུག་ནས་མིག་འཁོར་མར་བསྐོར་བ་བྱས་ཏེ་མིག་འགྲིབ་བླངས་རྗེས་གཡས་ཟུར་དུ་ག་ལེར་བསྣན་དགོས་པ་ལས་མིག་འགྲིབ་དེ་ཕྱིར་འདོན་རྒྱུ་མེད། མིག་འགྲིབ་བླངས་རྗེས་དེ་མ་ཐག་ནད་པས་མིག་མཐོང་ཡོང་གི་ཡོད། དེ་སྐབས་རྟེན་འབྲེལ་བཟང་ཆེད་མིག་གཞན་དུ་བལྟ་རུ་མ་བཅུག་པར་སྔར་ནས་གྲ་སྒྲིག་ཟིན་པའི་མདའ་དར་དང་ཐོང་གཤོལ་གཉིས་ནད་པར་སྟོན་དགོས།
༥། མིག་གཤག་བཅོས་ཀྱིས་མིག་འགྲིབ་བླངས་ཟིན་རྗེས། ནད་པ་དེར་གློ་ཐེངས་འགའ་ལུ་རུ་འཇུག་དགོས། དེ་རྗེས་དོམ་མཁྲིས། གླ་རྩི། ཁ་ཆེ་ཤ་སྐམ་སྦངས་པའི་ཆུ་གྲང་མོས་མིག་ལྕག་སྟེ་རྨ་རས་ཀྱི་ཚུལ་དུ་རུས་སྣམ་འཇམ་པོས་མིག་གཡོགས་དགོས་པ་ཡིན། དེ་ལྟར་མིག་གཡོན་པའང་ཕྱེ་ཐུབ་པ་དགོས།
བཞི་པ། མིག་ཕྱེ་ཟིན་རྗེས་སྤྱོད་པ་དྲག་ཤུལ་དང་ཟས་མཁྲེགས་པོ་དག་ཟ་འཇུག་རྒྱུ་མེད། ལྷག་པར་ནད་པ་དེར་ཆམ་པ་མི་འགོ་བའི་སྔོན་འགོག་གང་ལེགས་བྱ་དགོས། བདུན་ཕྲག་རེའི་ནང་མིག་རས་བརྗེ་ལེན་དགོས་ཤིང་། དེ་སྐབས་ཁང་པར་འོད་མེད་པ་བཟོ་དགོས། གལ་ཏེ་མིག་ལ་འོད་ཆེན་པོ་དང་ཕྲད་ཚེ་རྒྱུད་ནས་གསུངས་པ་དབང་པོ་དམན་ལྷག་ལོག་པ་ཞེས་པར་འགྱུར་ཏེ་མིག་གི་རྒྱལ་མོའི་མཐོང་བྱེད་ཆུ་པགས་འོད་ཅན་དེ་འཚིག་ནས་མིག་ཕན་མེད་དུ་འགྲོ་བའི་ཉེན་ཁ་ཡོད། མིག་འབྱེད་ལེགས་ན་བདུན་གཅིག་རྗེས་བལྟ་རུ་བཅུག་ཀྱང་སྐྱོན་མེད།
ལྔ་པ། མིག་འབྱེད་ཡག་པོ་བྱུང་ན་ཐུགས་རྗེ་ལེགས་འབུལ་གྱི་གཏང་རགས་གཏོང་བ་ཡིན་ནོ།།མིག་འབྱེད་ཕྱག་ལེན་འདི་བཞིན་མཐོང་བརྒྱུད་གལ་པོ་ཆེར་སོང་སྟབས་འདིར་གསལ་བཤད་ཀྱི་ཚུལ་དུ་བཀོད་པ་འདི་ཡང་བླ་སྨན་པ་བློ་བཟང་དབང་རྒྱལ་མཆོག་གིས་དེ་སྔ་དགེ་བའི་བཤེས་གཉེན་ཆེན་པོ་མཁྱེན་རབ་ནོར་བུའི་དྲུང་ནས་རང་རྒྱུད་གསོ་རིག་ལུགས་འཁྲུལ་མེད་མཐོང་བརྒྱུད་མན་ངག་དང་བཅས་པ་གསན་སྦྱོང་གིས་སྐུ་ཉིད་ནས་སྔ་ཕྱིར་ཕྱི་ལུགས་དང་རང་ལུགས་ཀྱི་མིག་འབྱེད་ཕྱག་ལེན་གནང་འདུག་པ་རང་ལུགས་ཀྱི་མིག་འགྲིབ་ལེན་ཐབས་འདི་བཞིན་དེང་ཕྱག་ལེན་གནང་མཁན་ཧ་ཅང་དཀོན་པ་མ་ཟད། ཕལ་ཆེས་དེ་དོན་རྒྱུད་དུ་གསུང་ཡོད་མིན་ཡང་གསལ་ངེས་མེད་སྟབས་འདིར་ཆེས་གལ་གནད་དང་རྩ་ཆེར་མཐོང་སྟེ་བླ་སྨན་པ་མཆོག་ལ་སྔ་ཕྱིར་དམ་པ་དེའི་ཕྱག་ལེན་ཇི་ལྟར་གནང་ཕྱོགས་སྐོར་ཡིག་ཐོག་ཏུ་བརྩམས་པ་གནང་ན་མ་འོངས་བློ་གསར་རྣམས་དང་ཡང་སྒོས་བོད་ཀྱི་གསོ་རིག་གཞུང་ནང་ད་བར་མིག་འབྱེད་ཕྱག་ལེན་ཉམས་མེད་གསལ་བརྒྱུད་བྱུང་ཡོད་མཁྱེན་རྟོགས་སླད་སོགས་ཀྱི་དགོས་པ་ཡོད་པ་སྙན་དུ་ཞུས་པ་ལྟར་བླ་སྨན་པ་མཆོག་ནས་ད་ལན་བླ་སྨན་མཁྱེན་རབ་ནོར་བུའི་ཕྱག་བཞེད་ཇི་བཞིན་རྩ་གཞིར་ཐོག་མིག་འབྱེད་མཐོང་བརྒྱད་བླ་མའི་ཕྱག་ལེན་གསལ་བར་བཀོད་པ་རིན་ཆེན་ཐུར་མའི་ལས་ཆོག་བྱ་བ། འདི་ཉིད་བཀའ་དྲིན་བསྐྱངས་གནང་བ་གསལ་རྟོགས་ཡོང་སླད་བླ་སྨན་པ་མཆོག་ནས་ཇི་ལྟར་གསལ་སྟོན་གནང་བ་དག་ཁོ་བོས་ཇི་བཞིན་ཡིག་ཐོག་ཏུ་བཀོད་པས། འདི་ལས་བྱུང་བའི་དགེ་རྩ་ཕྲ་མོས་ཀྱང་མཁའ་ཁྱབ་སེམས་ཅན་རྣམས་ཀྱི་མིག་གི་གསོས་སུ་འགྱུར་བའི་རྟེན་འབྲེལ་ཡིན།།
བཅས་གུས་སློབ་ཨེ་པ་བ་བསོད་ནམས་རིན་ཆེན་གྱིས་བོད་རབ་གནས་ལོ་མེ་གླང་ཁྲུམས་ཟླའི་དཀར་ཕྱོགས་སུ་སྦྱར་བ་དགེ་ལེགས་འཕེལ།། །།
འདི་ནི་སྤྱི་ལོ་༡༩༩༨ ལོར་བོད་གཞུང་སྨན་རྩིས་ཁང་ནས་པར་བསྐྲུན་ཞུས་པའི་《སྨན་རྩིས་དུས་དེབ། འདོན་ཐེངས་བཞི་པ།》ནང་བཞུགས་ཡོད་པ་དེ་ནས་ཟུར་བཏོན་ཞུས་པ་ཡིན།
མཐའ་མའི་འདོན་ཐེངས་།: 11.12.2013 ཉིན། 2:35 PM
<< སྔ་མ།