སྨན་རྩིས་དྲ་བ། - བཀའ་སློབ་དང་གསུང་བཤད་གཞན།

མི་ཚེ་སྐྱིད་པོ་དང་དོན་ཡོད་པ་བསྐྱལ་ཐབས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 24.11.2021
བཀའ་སློབ་དང་གསུང་བཤད་གཞན། >>

 

མི་ཚེ་སྐྱིད་པོ་དང་དོན་ཡོད་པ་བསྐྱལ་ཐབས།

༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༥ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་ ༧༤ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་གངས་སྐྱིད་སཾ་བློ་ཊ་མེས་དབོན་གཙུག་ལག་དཔེ་སྟོན་ཉིན་སློབ་ཏུ་དགེ་སློབ་ཕ་མ་ཡོངས་ལ་གསུང་བཤད་གནང་ཁོངས་ནས་མི་ཚེ་སྐྱིད་པོ་དང་མི་ཚེ་དོན་དང་ལྡན་པ་བསྐྱལ་རྒྱུའི་ཐོག་གནང་བའི་གསུང་བཤད་ཟུར་དུ་ཕྱུང་བ།

 

༄༅།། ཤེས་ཡོན་སློབ་སྦྱོང་བྱས་ནས་མཐའ་མར་མི་ཚེ་ཡག་པོ་ཞིག་བསྐྱལ་དགོས་པ་བཤད་མ་དགོས་པ་རེད། མི་ཚེ་ཡག་པོ་བསྐྱལ་རྒྱུ་དང་། མི་ཚེ་སྐྱིད་པོ་བསྐྱལ་རྒྱུར་དོན་དག་ཁ་ཤས་བསྡོམས་བརྒྱབས་ནས་ཞུས་ན། ཁྱེད་ཚོ་རྗེས་མ་སློབ་སྦྱོང་མཐར་སྐྱེལ་བའི་སྐབས་སུ་ཡིན་ནའང་རེད། སློབ་སྦྱོང་མཐར་བསྐྱལ་ཚར་བའི་རྗེས་ལ་སོ་སོའི་མི་ཚེའི་མདུན་ལམ་གང་འདྲ་ཞིག་ལ་ཞུགས་པ་ཡིན་ནའང་། དེའི་སྐབས་སུ་གཅིག་བྱས་ན་ཐུགས་ཕན་གསོས་ཀྱི་རེད་བསམ་གྱི་འདུག མི་ཚེ་སྐྱིད་པོ་བསྐྱལ་རྒྱུ་དང་། མི་ཚེ་དོན་དང་ལྡན་པ་བསྐྱལ་རྒྱུ་ཞེས་པའི་གནས་ཚུལ་གཉིས་པོ་དེ་ཕྲན་བུ་ཐ་དད་རེད། མི་ཚེ་སྐྱིད་པོ་སྐྱེལ་མཁན་ཚང་མས་མི་ཚེ་དོན་དང་ལྡན་པ་བསྐྱལ་བའི་ངེས་པ་གང་ཡང་མེད། མི་ཚེ་སྐྱིད་པོ་འཁྱོལ་ཐུབ་པའི་དོན་དུ་ཆ་རྐྱེན་གསུམ་ཞིག་མེད་དུ་མི་རུང་བ་རེད། ཆ་རྐྱེན་གསུམ་པོ་དེ་གང་རེད་ཅེ་ན། གཟུགས་གཞི་བདེ་ཐང་ཡོད་དགོས་པ་དང་གཅིག བསམ་བློ་བདེ་ཐང་ཡོད་དགོས་པ་དང་གཉིས། འཚོ་ཐབས་ཡང་དག་པ་ཞིག་ཡོད་དགོས་པ་དང་གསུམ་བཅས་རེད། དེ་གསུམ་ཆ་ཚང་སོ་སོའི་ལག་པར་ཡོད། གནས་ཚུལ་ཡག་པོ་མཁྱེན་ན། ཆ་རྐྱེན་གསུམ་པོ་དེ་བསྒྲུབ་མི་ཐུབ་པ་མེད།

གཟུགས་གཞི་བདེ་ཐང་།
གཟུགས་པོ་བདེ་ཐང་མེད་ན། མི་ཚེའི་གནས་ཚུལ་གཞན་ཚང་མ་བེད་མེད་ཆགས་ཟིན་པ་རེད། གཟུགས་པོ་བདེ་ཐང་ཡོང་བའི་དོན་དུ་ཆུང་དུས་ནས་གཟུགས་པོའི་འཚར་ལོངས་དེ་ཚད་དང་ལྡན་པ་ཞིག་དགོས་རྒྱུ་དང། དོན་དག་གཙོ་བོ་དེ་སོ་སོའི་གཟུགས་གཞི་ལ་སོ་སོའི་ཚོར་སྣང་སྐྱེན་པོ་ཡོད་དགོས་པ་དེ་གལ་ཆེན་པོ་རེད། དེང་སང་མི་མང་པོ་ཞིག་སོ་སོའི་གཟུགས་གཞི་ལ་སོ་སོའི་ཚོར་སྣང་སྐྱེན་པོ་མེད་པ་དང་། གཟུགས་གཞི་བདེ་ཐང་ཡོང་རྒྱུའི་དོན་དུ་ཐབས་ལམ་གང་དང་གང་བྱེད་དགོས་པ་མ་མཁྱེན་པ་མང་པོ་ཡོད་རེད། དེས་ན་རང་གི་གཟུགས་གཞི་ལ་རང་གི་ཚོར་སྣང་སྐྱེན་པོ་ཡོད་དགོས་པ་དང་། རྟག་ཏུ་རང་བཞིན་འབྱུང་བའི་གནས་བབས་དང་མཐུན་པ་བསྡད་དགོས་པ། ཁོར་ཡུག་གི་གནས་སྟངས་ཐོག་ནས་གཟུགས་གཞི་སྲུང་སྐྱོབ་བྱེད་དགོས་པ། བཟའ་བཏུང་དང་། ཁོར་ཡུག སྨན་གྱི་འཕྲོད་བསྟེན། ལུས་རྩལ་བཅས་ནི་གཟུགས་གཞི་བདེ་ཐང་ཡོང་རྒྱུའི་ཆ་རྐྱེན་གལ་ཆེ་ཤོས་དེ་རེད། དེ་ཚོ་ཚང་མའི་ནང་ནས་སྲོལ་རྒྱུན་འཕྲོད་བསྟེན་གྱི་ཐོག་དོ་སྣང་ཡོད་དགོས་པ་ནི་ཧ་ཅང་གལ་ཆེན་པོ་རེད། དེ་ཞུ་དགོས་དོན་ནི། དེང་རབས་ཀྱི་འཕྲོད་བསྟེན་ནི་ཁྲོམ་རྭ་རེད། ཚོང་རེད། དེང་རབས་ཀྱི་སྨན་པ་ཚོས་སྤྱི་ཚོགས་ནང་ན་ཚ་མེད་པ་བཟོ་རྒྱུའི་དམིགས་ཡུལ་བཞག་གི་མེད། ན་ཚ་དེ་ཁོང་ཚོའི་མ་རྩ་རེད། ན་ཚ་མེད་ན་སྨན་པ་ཚོ་ལྟོགས་ཤི་ཐེབས་ཀྱི་རེད་ཅེས་བཤད་སྲོལ་ཡོད་རེད། སྲོལ་རྒྱུན་གྱི་སྨན་པ་ཚོས་སྤྱི་ཚོགས་ནང་ན་ཚ་མེད་པ་བཟོ་རྒྱུ་དེ་དམིགས་ཡུལ་དང་པོར་གཞག་གི་རེད། ང་ཚོ་བོད་ཀྱི་སྨན་གཞུང་ནང་། མི་ན་བ་དང་། ན་ན་གསོ་བར་བྱ་བའི་ཐབས། ཞེས་སྔོན་ལ་མི་ན་བའི་ཐབས་དེ་བསྟན་ཡོད། དེར་བརྟེན་སྲོལ་རྒྱུན་གྱི་འཕྲོད་བསྟེན་བྱེད་སྟངས་སྐོར་དང་། ལྷག་པར་དུ་རང་གི་གཟུགས་གཞིའི་འཕྲོད་བསྟེན་ལ་སོ་སོའི་ཚོར་སྣང་སྐྱེན་པོའི་ཐོག་ནས་རང་གི་གཟུགས་ཁམས་དེ་རང་གིས་ངོ་ཤེས་པ་དང་། དེའི་ཐོག་ནས་གཟུགས་པོའི་འཕྲོད་བསྟེན་ཡག་པོ་བྱེད་དགོས་པ་དེ་གལ་ཆེན་པོ་རེད།

བསམ་བློ་བདེ་ཐང་།
གཟུགས་པོ་བདེ་ཐང་ཡིན་ནའང་བསམ་བློ་བདེ་ཐང་མེད་ན་མི་འགྲིགས་པ་རེད། བསམ་བློ་བདེ་ཐང་ཟེར་བ་དེ་སྨྱོན་པ་མིན་པ་ལ་བརྗོད་ཀྱི་མེད། དེ་ནི་བསམ་བློའི་རང་དབང་ཡོད་པ་དང་སྣ་ཐག་རང་མགོར་དཀྲིས་བ་ཞིག་དགོས་ཀྱི་ཡོད། སྣ་ཐག་རང་མགོར་དཀྲིས་ཟེར་དུས་དཔེར་ན་ང་ཚོ་བོད་པས་གཡག་དང་མཛོ་རྣམས་སྣ་ཁུང་ལ་ཐག་པ་བརྒྱབས་ནས་འཁྲིད་པ་རེད། སྣ་ཐག་དེ་གཞན་གྱི་ལག་ཏུ་ཡོད་ན། སོ་སོས་བསམས་པ་ལྟར་འགྲོ་ཐུབ་ཐབས་མེད། སྣ་ཐག་དེ་སོ་སོའི་མགོ་ལ་དཀྲིས་ཡོད་ན། རང་འདོད་ལྟར་འགྲོ་ཆོག་རེད། རྒྱུ་མཚན་དང་རྣམ་དཔྱོད་ཀྱི་ཐོག་ནས། སོ་སོ་ལ་འོས་པ་གང་རེད་མི་འོས་པ་གང་རེད། ལེགས་པ་གང་རེད་མི་ལེགས་པ་གང་རེད། ཆོས་ཀྱི་སྐད་ཆ་བཤད་སྟངས་བྱེད་ན་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཟེར་གྱི་རེད། ཆོས་རབ་ཏུ་རྣམ་འབྱེད་ཟེར་ན་བླང་བར་བྱ་བ་གང་རེད་དོར་བར་བྱ་བ་གང་རེད། བྱེད་རུང་བ་གང་རེད་བྱེད་མི་རུང་བ་གང་རེད། སོ་སོ་ལ་ཕན་པ་གང་རེད་མི་ཕན་པ་གང་རེད། སྤྱི་ཚོགས་ལ་ཕན་པ་གང་རེད་མི་ཕན་པ་གང་རེད། དེ་དག་བརྟག་དཔྱད་བྱས་ནས་དབྱེ་བ་འབྱེད་ཤེས་པ་དེ་ལ་རང་དབང་ཅན་གྱི་བསམ་བློ་ཟེར། དེང་སང་མི་ཚོའི་བསམ་བློའི་རང་དབང་དེ་གོ་ལ་གཅིག་སྒྱུར་གྱི་ལམ་སྲོལ་གྱིས་འཕྲོགས་ཟིན་པ་རེད། དེའི་དབང་གིས་མི་ཕལ་ཆེ་བ་གཞན་གྱིས་ཅི་ཟེར་ལ་ཆ་བཞག་ནས་འགྲོ་ཞིང་། གང་ལྟར་གཟུགས་མཐོང་རླུང་འཕྲིན་དང་། རླུང་འཕྲིན། གསར་འགྱུར་བརྒྱུད་ལམ་གཞན། སྤྱི་ཚོགས་ཀྱི་ཧེབ་བཅས་ཀྱི་ཐོག་ནས་ཐག་གཅོད་བྱས་པ་མ་གཏོགས། སོ་སོའི་རྣམ་དཔྱོད་བེད་སྤྱོད་བཏང་ནས་ཐག་གཅོད་མི་བྱེད་པའི་གཤིས་ཀ་དེ་དུས་རབས་ཉི་ཤུ་རྩ་གཅིག་ནང་ཤུགས་ཆེན་པོ་སླེབས་ཟིན་པ་རེད། ལྷག་པར་དུ་གོ་ལ་གཅིག་སྒྱུར་འོག་བསྐྱོད་ཟིན་པ་དེ་ཚོའི་བསམ་བློའི་རང་དབང་ཆ་ཚང་བརླགས་ཟིན། གཞན་ཕར་བཞག་ནས་རང་གི་དགོས་མཁོ་གང་ཡིན་པ་དེ་ཡང་རང་གིས་ཐག་གཅོད་ཤེས་ཀྱི་མེད། སོ་སོས་ཟས་གང་བཟས་ན་གཟུགས་པོར་འཇུ་བ་དང་། གང་བཏུང་ན་གཟུགས་པོར་མི་གནོད་པ་དེ་ཙམ་ཡང་ཤེས་ཀྱི་མེད། ཚང་མ་གཟུགས་མཐོང་རླུང་འཕྲིན་ལ་བལྟས་པའམ། རླུང་འཕྲིན་ལ་ཉན་པ། ཡང་ན་གསར་ཤོག་གི་དྲིལ་བསྒྲགས་དེ་ཚོ་བཀླགས་ནས་ཐག་བཅད་པ་མ་གཏོགས། རང་གི་གནས་ཚུལ་རང་གིས་མི་ཤེས་པ་དང་རང་ངོ་རང་གིས་མི་ཤེས་པ་ཆགས་འགྲོ་བའི་གནས་སྟངས་ཡོད་རེད། དེར་བརྟེན་བསམ་བློའི་རང་དབང་ཚད་དང་ལྡན་པ་དགོས་རྒྱུ་དེ་གལ་ཆེན་པོ་རེད། གཟུགས་པོ་བདེ་ཐང་དང་བསམ་བློའི་རང་དབང་བྱུང་ན་མི་ཚེའི་མདུན་ལམ་བརྒྱ་ཆ་ལྔ་བཅུ་འགྲིགས་ཡོད་རེད།

འཚོ་བ་ཡང་དག་པ།
དེའི་ཐོག་མི་སུ་དང་སུ་ཡིན་ནའང་འཚོ་བ་ཞིག་བསྐྱལ་དགོས་སྟབས། འཚོ་ཐབས་དེ་ཚད་ལྡན་ཞིག་དགོས། སངས་རྒྱས་ཀྱིས་འཕགས་ལམ་ཡན་ལག་བརྒྱད་ནང་ཡང་དག་པའི་འཚོ་བ་དང་ཡང་དག་པའི་ལས་ཀྱི་མཐའ་ཞེས་གཉིས་གསུངས་པ་དེ་མི་ཚེ་སྐྱེལ་སྟངས་ཀྱི་དོན་དུ་རེད། ཡང་དག་པའི་འཚོ་བ་ཞེས་པ་ནི། འཚེ་བ་དང་མ་འབྲེལ་བ་དང་། ཁོར་ཡུག་ལ་མི་གནོད་པ། རྒྱུན་གནས་ཐུབ་པ་ཞིག་ལ་བརྗོད་ཀྱི་རེད། གང་ལྟར་རང་གི་འཚོ་ཐབས་དེ་དངོས་ཤུགས་བརྒྱུད་གསུམ་ནས་འཚེ་བ་དང་མ་འབྲེལ་བ་དང་། དངོས་ཤུགས་བརྒྱུད་གསུམ་ནས་ཁོར་ཡུག་ལ་གནོད་སྐྱོན་མི་བྱེད་པ། སྐབས་རེ་ཁེ་བཟང་ཆེན་པོ་དང་སྐབས་རེ་གྱོང་གུན་ཆེན་པོ་ཕོག་པ་དེ་འདྲ་མིན་པར་རྒྱུན་གནས་ཐུབ་པ་བཅས་བྱུང་ན་འཚོ་ཐབས་དེ་ཡག་ཤོས་རེད། བདག་ཉིད་ཆེན་པོ་གཱནྡཱིའི་དགོངས་པ་བཞིན་བྱེད་ན། འཚོ་ཐབས་སོ་ནམ་ལ་བརྟེན་པ་དེ་འཚོ་ཐབས་ཡག་ཤོས་རེད་ཅེས་གསུང་གི་ཡོད། ཡིན་ནའང་ང་ཚོ་ལུང་པ་མེད་པར་སྐྱབས་བཅོལ་གྱི་གནས་བབས་ལ་བསྡད་པའི་སྐབས་སུ་མི་ཚང་མ་འཚོ་ཐབས་སོ་ནམ་ལ་བརྟེན་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད། ང་ཚོ་སྐྱབས་བཅོལ་ལ་འབྱོར་རྗེས་འཚོ་ཐབས་སོ་ནམ་ལ་བརྟེན་ཆེད་སོ་ནམ་གཞིས་ཆགས་མང་པོ་བཙུགས་པ་རེད་དེ། ད་ལྟ་སོ་ནམ་གཞིས་ཆགས་དེ་ཚོ་རིམ་བཞིན་སྟོངས་འགྲོ་གི་ཡོད་རེད། འཚོ་ཐབས་སོ་ནམ་ལ་བརྟེན་པ་ཞིག་མ་བྱུང་རུང་། དེ་ལས་གཞན་པའི་འཚོ་ཐབས་གང་འདྲ་ཞིག་བཙལ་ནའང་། ད་ལྟ་ངས་གོང་དུ་ཞུས་པའི་འཚེ་བ་མེད་པ་དང་། ཁོར་ཡུག་ལ་མི་གནོད་པ། རྒྱུན་གནས་ཐུབ་པ་བཅས་གསུམ་པོ་ནི་འཚོ་ཐབས་གཏན་འབེབས་བྱ་རྒྱུའི་དོན་དུ་ངེས་པར་མཁོ་བ་ཞིག་རེད། དེང་རབས་ཀྱི་མི་ཚོས་གཡོག་པོ་རྒྱུགས་རྒྱུ་ཁོ་ནའི་བསམ་བློ་གཏོང་གི་རེད། སློབ་སྦྱོང་ཐོན་ནས་གཡོག་པོ་བྱེད་ས་ཞིག་གང་དུ་ཐོབ་མིན་ཟེར་བ་དེ་ཤེས་ཡོན་འཛིན་སྐྱོང་བྱེད་མཁན་ཚང་མའི་སྐད་ཆ་ཞིག་ཆགས་ཡོད་རེད། ཡིན་ནའང་གཡོག་པོ་རྒྱུགས་རྒྱུ་དང་བདག་པོ་བྱེད་རྒྱུ་གཉིས་པོ་གདམ་དགོས་བྱུང་ན་རང་གི་ཁ་དེ་རང་གིས་གསོས་ནས་བདག་པོ་བྱེད་ཐུབ་པ་བྱུང་ན་ཡག་གི་རེད། བཙན་བྱོལ་གྱི་གནས་བབས་ལ་ཆ་བཞག་ན། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་སྒྲིག་འཛུགས་ཁག་ལ་ཕན་པའི་གླ་ཡོད་ཀྱི་ལས་ཀ་བྱེད་ན་དེ་གཡོག་པོ་ཞིག་མ་རེད། དེ་མིན་རང་གི་ཕོགས་ཐོབ་ཁོ་ནའི་ཆེད་དུ་འབྲེལ་བ་ཁྱོན་ནས་མེད་པའི་ལས་དོན་ཞིག་གི་ཐོག་གཡོག་པོ་རྒྱུགས་ན་འཚོ་ཐབས་དེ་ཡང་དག་པ་ཞིག་ཆགས་ཀྱི་མེད། དེས་ན་རང་གི་ཁ་དེ་རང་གིས་གསོ་ཐུབ་རྒྱུའི་འཚོ་ཐབས་ཚད་ལྡན་ཞིག་བརྟེན་རྒྱུའི་ཕྱོགས་སུ་བསམ་བློ་གཏོང་དགོས་རྒྱུ་དེ་གལ་ཆེན་པོ་རེད། དེ་འདྲ་ཞིག་བྱུང་ན་མི་ཚེ་དེ་སྐྱིད་པོའི་ངང་ནས་སྐྱེལ་ཐུབ་ཀྱི་རེད།

ནང་དོན་རིག་པའི་བསམ་བློ།
མི་ཚེ་དོན་དང་ལྡན་པ་ཞིག་དགོས་ན། ད་ལྟ་ངས་གོང་དུ་ཞུས་པའི་ཆ་རྐྱེན་གསུམ་པོ་དེའི་ཐོག་ལ་ནང་དོན་རིག་པའི་བསམ་ཚུལ་ཞིག་དགོས་རེད། ནང་དོན་རིག་པ་ནི་ནུབ་ཕྱོགས་པའི་སྐད་ལ་ (Spirituality) ཞེས་བརྗོད་ཀྱི་ཡོད། དེ་ནང་དོན་རིག་པ་ལ་ཏག་ཏག་ཆགས་ཀྱི་ཡོད་མེད་མི་ཤེས་ཏེ། དེང་སང་ཚིག་དེ་བེད་སྤྱོད་གཏོང་གི་ཡོད་རེད། ལེགས་སྦྱར་སྐད་ལ་ཨཱདྷྱཱཏྨིཀ་ཞེས་བརྗོད་ཀྱི་རེད། གང་ལྟར་བསམ་བློ་ཁ་ཕྱི་བལྟས་རྐྱང་རྐྱང་མ་ཡིན་པར་ཁ་ནང་བལྟས་བྱས་ནས། ང་ཟེར་བ་དེ་སུ་རེད་འདུག ནམ་རྒྱུན་གློ་བུར་དུ་ཁྱེད་རང་སུ་ཡིན་པ་ཞེས་བརྗོད་སྐབས། ལན་དུ་ང་བློ་བཟང་ཡིན། ང་བསྟན་འཛིན་ཡིན། ང་བསོད་ནམས་ཡིན་ཞེས་སོ་སོའི་མིང་ནས་འབོད་ཤེས་ཀྱི་རེད། འོན་ཀྱང་མིང་དེ་རྗེས་སུ་བཏགས་པ་མ་གཏོགས། དེ་གང་ཟག་བྱེ་བྲག་པ་ཞིག་མིན། སྐྱེ་བ་ལེན་མཁན་དང་། ཚེ་འདིའི་འཚོ་ཐབས་བྱེད་མཁན། རྗེས་མ་ཤི་མཁན། ཤི་ནས་ཡང་བསྐྱར་སྐྱེ་བ་ལེན་མཁན། ཤི་ནས་ཡང་བསྐྱར་སྐྱེ་བ་ལེན་མཁན་གྱི་བསམ་བློ་མ་བཏང་ནའང་། སྐྱེས་ནས་མ་ཤི་བར་དུ་འགྲོ་མཁན་གྱི་གང་ཟག་དེ་སུ་རེད། དེའི་དགོས་མཁོ་གང་རེད། དེའི་ལས་འགན་གང་རེད། དེ་ཚོའི་ཐོག་ལ་བློ་ཁ་ནང་དུ་ཕྱོགས་ནས་རང་ངོ་ཤེས་རྒྱུའི་ཐབས་ཤེས་བྱེད་རྒྱུ་དེ་ལ་ནང་དོན་རིག་པ་ཞེས་བརྗོད་ཀྱི་ཡོད། དེ་ལ་ཆོས་ཟེར་ནའང་འགྲིག་གི་རེད། ཆོས་མེད་རིང་ལུགས་པའམ། ཡང་ན་ཆོས་ཁས་མི་ལེན་མཁན་ཞིག་ཡིན་ནའང་། རང་ངོ་ཤེས་རྒྱུའི་ཐབས་ཤེས་བྱེད་རྒྱུའམ། ཁ་ནང་དུ་ཕྱོགས་ནས་བལྟ་རྒྱུ་དེ་ཡོང་སྲིད་པ་ཞིག་རེད། དེས་ན་རང་གི་རྣམ་དཔྱོད་ཐོག་ནས་ཆོས་ལུགས་གང་ཡང་རུང་བ་ཞིག་གི་རྗེས་འཇུག་བྱེད་པའམ། ཡང་ན་ཆོས་ལུགས་གང་གི་རྗེས་འཇུག་མ་བྱེད་རུང་། དྲན་ཤེས་བཞིན་ཐོག་ནས་རང་ངོ་རང་གིས་ཤེས་ནས་རང་གི་མ་འོངས་པའི་མདུན་ལམ་དེ་བརྩད་ཆོད་པ་བྱུང་ན་དེ་ལ་ནང་དོན་རིག་པའི་ཡན་ལག་ཚང་བ་ཟེར་གྱི་རེད། དེ་འདྲ་ཞིག་བྱུང་ན་མི་ལ་སྐྱེ་བ་ལེན་པ་དེ་དོན་ཡོད་པ་དང་། དོན་དང་ལྡན་པ། མི་ཚེ་ཆུད་ཟོས་ལ་མ་སོང་བ་ཞིག་ཆགས་ཀྱི་ཡོད།

ཁྱེད་ཚོ་རིམ་པས་མཐོ་རིམ་སློབ་གྲྭ་དང་གཙུག་ལག་སློབ་ཁང་ནས་ཐོན་རྗེས་མི་ཚེའི་མདུན་ལམ་ཞིག་བཙལ་དགོས་རེད། མི་ཚེ་ཞིག་བསྐྱལ་དགོས་རེད། མི་ཚེ་དེ་བསྐྱལ་རྒྱུའི་དོན་དུ་ཆ་རྐྱེན་བཞི་པོ་དེ་ད་ལྟ་ལོ་ཆུང་དུས་དང་། སློབ་གྲྭ་ལ་ཡོད་དུས་ནས་བསྒྲུབ་དགོས། ལྷག་པར་དུ་ལོ་ཆུང་དུས་ནས་གཟུགས་གཞི་བདེ་ཐང་ཡོང་རྒྱུའི་རྨང་གཞི་ཡག་པོ་མ་བཞག་ན། ལོ་རྒས་འཁོགས་ཆགས་ནས་བསྐྱར་དུ་གཟུགས་གཞི་བདེ་ཐང་ཡོང་རྒྱུ་ཧ་ཅང་ཁག་པོ་རེད། བསམ་བློའི་རང་དབང་ཟེར་བ་དེའང་སྔོན་འགྲོ་སློབ་གྲྭ་ནས་འགོ་བཙུག་དགོས་པ་ཞིག་རེད། ཤེས་ཡོན་སྲིད་བྱུས་ཀྱི་སྙིང་དོན་ནང་སྲིད་བྱུས་འདིའི་འོག་ནས་སློབ་སྦྱོང་ཐོན་པ་རྣམས་བསམ་བློའི་རང་དབང་ཡོད་པ་ཞིག་མ་གཏོགས་བླུན་པོ་ཆུ་སྣ་གར་འཁྲིད་མ་ཡིན་པ། དཔེར་ན་མིས་ཡས་རེད་ཟེར་ན་ཡས་ཡིན་པ་དང་། མས་རེད་ཟེར་ན་མས་ཡིན་པ་ལ་ཆ་བཞག་ནས། གང་ལྟར་བརྙན་འཕྲིན་སོགས་ལ་བལྟས་ཏེ་བསམ་བློ་གང་དུ་འཁྲིད་འཁྲིད་མིན་པ་ཡོང་དགོས་རྒྱུ་དེ་ཤེས་ཡོན་སྲིད་བྱུས་ཀྱི་དམིགས་ཡུལ་རེད། དེའང་ལོ་ཆུང་དུས་ནས་བཟོ་དགོས། སོ་སོས་མ་ཤེས་བར་དུ་ཆ་མ་བཞག་པའི་གཤིས་ཀ་དེ་བཟོ་དགོས། གནས་ཚུལ་ཤེས་ན་ཤེས་པ་དང་། མ་ཤེས་ན་མ་ཤེས་པ་དེ་ཧ་གོ་དགོས། དེང་སང་སློབ་གྲྭ་སྒྲིམ་མཁན་མང་པོ་ཞིག་གིས་མ་ཤེས་ནའང་ཤེས་སོང་བསམ་མཁན་ཧ་ཅང་མང་པོ་རེད། དེབ་ནང་ཡོད་པ་དང་འཛིན་གྲྭའི་ནང་བསླབས་པ་དེ་ཚོ་ཡིན་ཤག་ཤག་ཆ་བཞག་པ་ལ་ཤེས་ཀྱི་ཡོད་བསམ་གྱི་ཡོད་རེད། ཤེས་པ་ནི་ཤེས་པ་རང་རེད། མ་ཤེས་པ་དེ་ཚོ་ཤེས་རྒྱུའི་ཐབས་ཤེས་བྱེད་པ་མ་གཏོགས། དེབ་དང་རྒན་ལགས་ཀྱིས་བཤད་པ་ཙམ་ལ་ཆ་བཞག་ནས་རང་གིས་མ་ཤེས་བཞིན་དུ་ཤེས་ཀྱི་ཡོད་བསམ་པའི་བསམ་ཚུལ་དེ་འདོར་བ་ཡིན་ན། རྗེས་སུ་སློབ་གྲྭ་ཐོན་སྐབས་རང་དབང་ཡོད་པའི་བསམ་བློ་ཞིག་དང་བསམ་བློའི་ཚད་དེའང་ཡག་པོ་ཞིག་ལོངས་རྒྱུ་རེད། དེ་མིན་བསམ་བློའི་ཚད་ལོངས་རྒྱུའི་ཚབ་ཏུ་བསམ་བློ་དེ་ཀམ་པུ་ཊར་བཞིན་ཆགས་འགྲོ་བ་རེད། འཛིན་གྲྭའི་ནང་དགེ་རྒན་དང་དེབ་ཐོག་ནས་ཡར་བླུགས་པ་དེ་དག་དེའི་ནང་བསྡད་པ་དང་། དེ་ནས་མར་བཏོན་དགོས་དུས་བཏོན་རྒྱུ་ཡོད་པ་དེ་རང་མ་གཏོགས། ཀམ་པུ་ཊར་ཁོ་རང་གིས་བསམ་བློ་བཏང་ནས་ཡར་རྒྱས་གཏོང་རྒྱུ་དང་། དཔྱད་པ་བྱེད་རྒྱུ། འགྱུར་བ་གཏོང་རྒྱུ་བཅས་གང་ཡང་མེད། ཡར་གང་བླུགས་པ་དེ་མར་བཏོན་རྒྱུ་དེ་རང་རེད། དེ་ལྟ་བུ་ཆགས་ན་མི་དང་འཕྲུལ་ཆས་གཉིས་ལ་ཧ་ལམ་ཁྱད་པར་མེད། དེས་ན་ད་ལྟ་ནས་རང་གིས་གང་ཤེས་པ་དེ་ངོས་ཟིན་པ་ཞིག་དང་། རང་གིས་མ་ཤེས་པ་དེའང་མ་ཤེས་པ་ངོས་ཟིན་པ་བྱེད་དགོས་རྒྱུ་དེ་གལ་ཆེན་པོ་རེད། དེ་བྱུང་ན་བསམ་བློ་ཡར་རྒྱས་འགྲོ་རྒྱུར་འགོག་རྐྱེན་ཡོང་གི་མ་རེད། དེང་སང་དེང་རབས་ཀྱི་སློབ་སྦྱོང་བྱེད་སྟངས་དེའི་འོག་ནས་སློབ་སྦྱོང་གང་འཚམས་ཤིག་ཏུ་སླེབས་ན། ད་ངས་ཚང་མ་ཤེས་སོང་བསམ་པའི་འདུ་ཤེས་ཤིག་ཁྱེར་ནས་བསམ་བློ་ཡར་རྒྱས་འགྲོ་རྒྱུ་འགག་འགྲོ་བ་དེ་འདྲ་མང་པོ་ཡོང་དང་ཡོང་བཞིན་པ་རེད། དེ་འདྲ་མི་ཡོང་བའི་དོན་དུ་ངེས་པར་དུ་ཤེས་པ་དང་ཆ་བཞག་པ་གཉིས་པོའི་དབྱེ་བ་འབྱེད་ཤེས་དགོས། ཤེས་པ་ཡིན་ན་མགོ་ནས་མཇུག་བར་སྦྱོར་དངོས་མཇུག་གསུམ་གྱི་གནས་ཚུལ་ཡོངས་སུ་རྫོགས་པ་ཤེས་ཐུབ་པ་དགོས་རྒྱུ་དེ་གལ་ཆེན་པོ་རེད། དེ་འདྲ་བྱུང་ན་སློབ་སྦྱོང་ཐོན་པ་བརྗོད་ཆོག དེ་འདྲ་མ་བྱུང་ན། དེབ་དང་དགེ་རྒན་གྱིས་བསླབས་པ་མང་པོ་ཞིག་ལ་ཆ་བཞག་ནས། རྒྱུགས་སྤྲོད་ཀྱི་ལག་འཁྱེར་ཇི་ཙམ་མཐོ་པོ་ཡོད་ནའང་མི་དེ་སློབ་སྦྱོང་ཐོན་པའི་གནས་བབས་ཤིག་ལ་བརྩི་ཐབས་མེད།

            ད་ལྟ་ངས་སློབ་ཕྲུག་ཚོར་ཆེད་དུ་དམིགས་ནས་མི་ཚེ་སྐྱིད་པོ་བསྐྱལ་རྒྱུར་ཆ་རྐྱེན་གསུམ་དགོས་པ་དང་། མི་ཚེ་དོན་དང་ལྡན་པ་བསྐྱལ་བ་ལ་ཆ་རྐྱེན་བཞི་དགོས་པ་དེ་མགོ་སྨོས་ཙམ་ཞུས་པ་རེད། དེའི་ཐོག་ཁྱེད་ཚོས་ཞིབ་འཇུག་ཞིབ་ཚགས་བྱེད་ན་དོན་དག་རེ་རེ་ལའང་ཉིན་མང་པོ་སློབ་སྦྱོང་བྱེད་རྒྱུའི་གནས་སྟངས་ཡོད་རེད། གནས་ཚུལ་ཧ་ཅང་མང་པོ་འདིའི་ནང་བསྡོམས་ཡོད། དེའི་ཐོག་ཁྱེད་ཚོས་དགོངས་པ་བཞེས་རྒྱུ་གལ་ཆེན་པོ་རེད།

            ངས་མི་ཚེ་དོན་དང་ལྡན་པ་བསྐྱལ་རྒྱུར་ནང་དོན་རིག་པ་དགོས་ཞེས་ཞུས་པ་དང་མཉམ་དུ་ད་ལྟ་མགོ་འཛུགས་རྒྱུའི་མི་རིགས་ཀྱི་ངོས་འཛིན་དང་གང་ཟག་སྒེར་གྱི་ངོས་འཛིན་གཉིས་པོའང་འདྲ་པོ་རེད། མི་རིགས་ཀྱི་ངོས་འཛིན་མ་ཉམས་པར་བསྡད་ཐུབ་ན། མི་རིགས་དེ་གནས་པ་རེད། མི་རིགས་ཀྱི་ངོས་འཛིན་ཉམས་ན་མི་རིགས་དེ་བརླགས་འགྲོ་བ་རེད། དེར་བརྟེན་གཱནྡཱིས་གསུངས་པའི་སྭརཱཇ་ (རང་དབང་) ནི་རང་གི་གནས་བབས་རང་གིས་ཤེས་པ་ཞིག་དང་། རང་གི་གནས་བབས་རང་གིས་ཤེས་པའི་ཐོག་ནས་རང་གི་མི་ཚེའི་མདུན་ལམ་དེ་རང་གི་ལག་པར་ཡོད་དགོས་རྒྱུ་དེ་ལ་རང་དབང་ཟེར་བ་རེད། དེའི་ཐོག་བསམ་ཞིབ་དང་བརྟག་དཔྱད་བྱེད་རྒྱུ་གལ་ཆེན་པོ་རེད།

            ངས་ད་ལྟ་ཞུས་པ་དེ་དག་ཁྱེད་ཚོས་དཔྱད་པ་བྱེད་རྒྱུའི་དོན་དུ་ཞུས་པ་ལས། ཆ་གཞག་རྒྱུའི་དོན་དུ་མ་རེད། སངས་རྒྱས་ཀྱིས་ཀྱང་ངས་གང་གསུངས་པ་དེ་ཆ་གཞག་རྒྱུའི་དོན་དུ་མིན་ཞེས་བཀའ་གསལ་པོ་གནང་ཡོད་ཅིང་། དེའང་། དགེ་སློང་དག་གམ་མཁས་རྣམས་ཀྱིས།། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟག་ལ་ང་ཡི་བཀའ།། བླང་བར་བྱ་ཡིས་གུས་ཕྱིར་མིན།། ཞེས་སངས་རྒྱས་ལ་གུས་ཞབས་དང་དད་པ་ཡོད་པ་ཙམ་རྒྱུ་མཚན་དུ་བྱས་ནས་སངས་རྒྱས་ཀྱིས་གསུངས་པ་ལ་ཆ་བཞག་ནས་ཕྱིན་ན། དེ་ཆ་བཞག་པ་རེད་མ་གཏོགས་ཤེས་ཀྱི་ཡོད་མ་རེད། སངས་རྒྱས་ཀྱི་གསུང་ལ་བརྟག་དཔྱད་བྱེད་དགོས་ན། མི་སུ་དང་སུས་གང་བརྗོད་ནའང་བསམ་བློ་རང་དབང་ཅན་དང་། རྒྱུ་མཚན་དང་ལྡན་པ། རིགས་པ་བཞིའི་ཐོག་ནས་བརྟག་དཔྱད་བྱས་ནས་རང་གིས་ཤེས་པ་བཟོ་དགོས་རྒྱུ་དེ་གལ་ཆེན་པོ་རེད། དེའི་དོན་དུ་ངས་ཞུས་པ་ཡིན། ཞེས་གསུངས།།

 -          ངེས་པ་དོན་གྱི་མཁས་དབང་ཆེན་པོ་སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་བསྩལ་བའི་གདམས་ངག་སྙིང་གི་ནོར་བུ་འདི་ནི། སྐུ་ཞབས་བསྟན་འཛིན་དོན་ཡོད་ལགས་ཀྱི་ཕྱི་ལོ་ ༢༠༡༦ ལོར་ཕྱོགས་སྒྲིག་དང་ཞུ་སྒྲིག་བྱས་པའི་དེབ་བདག་ཉིད་ཆེན་པོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད་དང་གསུང་རྩོམ་སོགས་གལ་ཆེ་ཁག་ཕྱོགས་བསྡུས། དེབ་ཕྲེང་བདུན་པ།༽ ཞེས་པ་ནས་ཟུར་འདོན་ཞུས།

 

 

 

 

མཐའ་མའི་འདོན་ཐེངས་།: 04.12.2021 ཉིན། 9:35 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།