སྨན་རྩིས་དྲ་བ། - ཆེད་རྩོམ།

མདོ་སྨད་དུ་གསོ་རིག་བསྟན་པ་བྱུང་ཚུལ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.06.2016
ཆེད་རྩོམ། >>

 

 

 

མདོ་སྨད་ལྗོངས་སུ་གསོ་རིག་གི་བསྟན་པ་ཇི་ལྟར་བྱུང་བའི་ཚུལ་གླེང་བ་དྲང་སྲོང་དགོངས་རྒྱན།

- མི་ཕམ།

 

          མདོ་སྨད་ལྗོངས་སུ་གསོ་རིག་གི་བསྟན་པ་ཇི་ལྟར་བྱུང་བའི་ཚུལ་གླེང་བ་དྲང་སྲོང་དགོངས་རྒྱན་ནི་སྔོན་གྱི་དཔེ་ཆ་ཁུངས་དག་མ་དང་གནའ་རྫས་ཚད་ཐུབ་ལ་བརྟེན་ནས་ས་བཅད་བཞིའི་སྒོ་ནས་འབྲི་བ་ལ་དཔྱད་འཇོག་ཡོད་པར་འཚལ།


དང་པོ། མདོ་སྨད་ས་ཆ་ངོས་བཟུང་ཞིང་གླེང་སློང་བ།

          དེ་ཡང་དེང་གི་དབང་དུ་བྱས་ཏེ་བརྗོད་ན་མདོ་སྨད་ནི་མཚོ་སྔོན་ཞིང་ཆེན་གྱི་མགོ་ལོག་དང་། རྨ་ལྷོ། གོར་མོ། མཚོ་ལྷོ། མཚོ་ནུབ། མཚོ་བྱང་། མཚོ་ཤར། གསེར་ཐལ་དང་། ཟི་ཁྲོན་ཞིང་ཆེན་གྱི་རྔ་བ། ཀན་སུའུ་ཞིང་ཆེན་གྱི་ཀན་ལྷོ། དཔའ་རིས་སོགས་ལ་འབོད་བཞིན་པ་ཡོངས་གྲགས་དང་། གནའ་སྔ་མོའི་དུས་སུ་ནུབ་སྤྱང་དང་སྐབས་འགར་ལྡོང་སྤྱང་སོགས་འབོད་ཀྱང་དོན་དུ་བོད་རིགས་ཁོ་ན་ཡིན། སྤྱང་གི་མི་རྣམས་ལོ་ངོ་སུམ་སྟོང་ཡར་སྔོན་ནས་འཕེལ་རྒྱས་ཆེན་པོ་བྱུང་ཞིང་བྱ་འགུལ་སྤེལ་བཞིན་པ་རྒྱའི་རུས་བརྐོས་ཡི་གེ་ན་གསལ་ཞིང་། ཀྲོའུ་རྒྱལ་རབས་ལོ་རྒྱུས་སུ། སྤྱང་རིགས་ནི་ནུབ་མཚོ་(མཚོ་སྔོན་)ལྟེ་བར་བྱས་ནས་སྡོད་པ་ཞེས་བཀོད་ཡོད་ལ། ཧན་རྒྱལ་རབས་ལོ་རྒྱུས་ནང་། ལང་ཀྲོའུ་མངའ་འོག་ཏུ་མགོ་བཏགས་པའི་སྤྱང་རིགས་མང་ཞིང་། སྐྲ་ཤིགས་ཤིང་ཁྲག་རྒྱབ་ཏུ་ལྷུགས། རྒྱ་རིགས་དང་འདྲེས་སྡོད་བྱས་ཤིང་། སྐད་རིགས་ཀྱང་རྒྱ་སྐད་དང་མི་འདྲ་བ་སྨྲའོ་ཞེས་ཟེར། ཁོང་ཚོས་རི་དྭགས་དང་གཅན་གཟན་ཐུབ་དགུ་བཏུལ་ཏེ་སྒོ་ཟོག་དང་སྒོ་ཁྱི་བྱ་ཞིང་། འཚོ་བའི་སྤུས་ཚད་གཞན་ལ་རག་ལས་མི་དགོས་པའི་ཚད་ཙམ་ཡིན་ཞེས་དང་། 《གོང་མའི་ནང་རྟེན།》ལས། ནུབ་ཕྱོགས་ནི་ས་མཐོའི་གནས་ཡིན་སྟབས། བྱེ་མ་དང་རླུང་འཚུབ་ཆེ་ཞིང་ས་དེའི་མི་རྣམས་ལུས་ལ་པགས་རིགས་གྱོན་པ་དང་། རྩིད་པ་དང་བལ་གྱིས་བཟོས་པའི་གདན་གྱི་རིགས་ལ་སྤྱོད་པ། ཟས་གོས་ཀྱི་རིགས་སྲོག་ཆགས་ལས་བྱུང་བ་མང་བས་ཕོག་པའི་ནད་ཀྱང་ཕལ་ཆེར་ཁོང་ནད་ཀྱི་རིགས་ཏེ་བཅོས་ཐབས་ལ་སྨན་གྱིས་བཅོས་ན་བཟང་། དེའི་རྐྱེན་གྱིས་སྨན་སྤྱོད་པའི་ཉམས་མྱོང་ནི་ནུབ་ཕྱོགས་ནས་ཐོན་པ་ཡིན་འདུག་ཅེས་གསུངས་པའི་ནུབ་ཕྱོགས་ནི་ཨ་མདོ་སྤྱང་གི་ཡུལ་ཏེ་ཡུན་ཁྲང་རྫོང་དུ། གནའ་དུས་ཀྱི་མཁར་ཟུར་གསུམ་པ་ཞིག་གི་ར་ཆག་གི་གཞི་བསློགས་པས། དུར་ས་ཞིག་བྱུང་བར་རོའི་ཐོག་ཏུ་ས་དམར་ལྟ་བུ་ཞིག་བསྐུས་མྱོང་ཞིང་། ལུས་ལ་པགས་རིགས་གྱོན་ཞིང་། ཀོ་བའི་སྐ་རགས་བཅིངས་པ། མགོ་དང་རྐེད་པའི་ཐག་ཉེར་ལི་ལས་བྱས་པའི་རྒྱན་ཆ་མེ་ལོང་། དུང་དང་འགྲོན་དུ་མང་ཙམ་སྣང་། རྐེད་པར་ཟངས་གྲིའུ་དང་རལ་གྲི་ཆུང་ཆུང་། ནོར་ལུག་གི་རུས་པ་དམ་དུམ་མང་པོས་བརྒྱན་འདུག ཚན་རིག་ཐབས་ཀྱིས་དུར་ས་དེ་ལོ་ཉིས་སྟོང་དགུ་བརྒྱ་ལྔ་བཅུ་ཙམ་སོང་བར་ཐག་བཅད་ཅེས་ཡུན་ཁྲང་རྫོང་གི་ས་མིང་ཕྱོགས་བསྒྲིགས་ན་བཤད།


          བོད་རིགས་བུད་མེད་ཀྱི་ལུས་སྟེང་འདི་ནས་ང་ཚོ་ལ་སྐབས་དེར་ཟངས་དང་ལི་རིགས་ཐོག་མར་བེད་སྤྱོད་བྱེད་ཐུབ་ཡོད་པའི་དོན་གཏན་ནས་མིན་པར། ལོ་ངོ་སྟོང་ཕྲག་མང་པོ་བརྒྱུད་མྱོང་བའི་ཉམས་མྱོང་ལ་བརྟེན་ནས་རང་བྱུང་ཁམས་ཀྱི་ཟངས་མ་དང་ལི་རིགས་སོགས་ལས་སྣོན་བྱེད་པའི་ལག་རྩལ་ཇེ་མཐོར་སོང་ཞིང་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་མཚོན་ཐུབ་པ་མ་ཟད། མགོ་དང་རྐེད་པའི་ཐག་ཉེར་དུང་དང་མགྲོན་བུ་མང་ཙམ་ཡོད་པ་མི་རིགས་ཕན་ཚུན་བར་བརྗེ་ཚོང་བྱས་པ་ལས་བྱུང་བར་མངོན་ཞིང་། ཕྱི་རོལ་གནམ་གཤིས་ཧ་ཅང་གྲང་བ་སོགས་འགོག་བྱེད་ལ་པགས་རིགས་གྱོན་ཞིང་ཀོ་བའི་སྐ་རགས་བཅིངས་པ་ཡིན། ཕྱུགས་སྐྱོང་གི་འཚོ་བར་རོལ་བ་རྒྱུན་ཆགས་པས་གྲང་རླུང་གི་ནད་རིགས་སྐྱེད་པ་མང་ལ། འོ་མའི་རིགས་བསྟེན་དྲགས་པའི་ནད་བཅས་ལ་མེ་བཙའི་སྐོར་སྤྱད་ན་ཕན་པ་ཆེ་བས། ཨ་ཤུ་གསང་ཞེས་གང་ན་སའི་གཞིར་མེ་བཙའ་འདེབས་པ་གོང་མའི་ནང་རྟེན་དུ་མཆིས། ཡ་ཐོག་སྤྱི་ཚོགས་ཀྱི་དུས་ནས་སྤེལ་བའི་གོམས་སྲོལ་མང་པོའང་ད་ལྟའི་བར་མ་ཉམས་པ་མཐོང་ཐུབ་ལ་བེད་སྤྱོད་ཀྱང་བྱེད་བཞིན་པ་ཡིན་པས། མི་དམངས་ཀྱི་འཚོ་བའི་ཟུར་ལྗོངས་དང་བསམ་བློའི་འཕེལ་ཕྱོགས་ཐམས་ཅད་བསྟན། མདོར་ན། ཆབ་ཆའི་མདའ་བཞིའི་རྡོ་ཆས་གསར་བའི་ཤུལ་རྫས་དང་ཙོང་ཁའི་ཡུལ་གྱི་གྲོང་སྲིན་ཅ་སྡེ་བ་དང་། མགོ་ལོག་སོགས་ནས་སྔོག་འདོན་བྱུང་བའི་གནའ་མིའི་རིག་རྫས་དེ་དག་དང་། དེ་མིན་ཆའང་གི་ལོ་རྒྱུས་ལས། ཟི་ཁྲོན་ཀོན་ཞན་(ལྡེ་གུ་)གྱི་བྱང་ཕྱོགས་དང་། ཟུང་ཆུའི་ལྷོ་ཕྱོགས་ཀྱི་བུ་ཁྲོན་དང་ལི་ཞན། མའོ་ཞན་བཅས་ཀྱི་ས་ཁུལ་ནས་ཀྲན་གོའི་དུས་དཀྱིལ་དང་དུས་མཇུག་ཏུ་བརྩིགས་པའི་རྡོའི་པུར་སྒམ་ཅན་གྱི་བང་སོ་ཁག་ཅིག་རྙེད་པ་དེར་བེམ་པོ་གན་རྐྱལ་དུ་ཡན་ལག་བསྐུམ་པའི་ཚུལ་དང་ཡན་ལག་བརྐྱངས་པའི་ཚུལ་གྱིས་བཞག་པ་རིགས་གཉིས་ཡོད་ལ། དུར་རྫས་སུ་རྫ་ཆས་དང་ཟངས་ལྕགས་ཀྱི་རལ་གྲི། ཟངས་ཀྱི་མེ་ལོང་། ལུག་གི་རུས་པ་སོགས་ཡོད་པར་བཀོད་པ་དང་། སྟོད་ལ་དྭགས་ནས་ཀྱང་ཧྥ་རན་སིའི་ཆེད་མཁས་ཧྥོ་ཕན་ཁེས་རྡོའི་པུར་སྒམ་རྙེད་པ་དེ་ཟུང་ཆུའི་འབབ་རྒྱུན་ནས་ཐོན་པའི་རྡོའི་པུར་སྒམ་ནང་བཞིན་རེད་ཟེར། གང་ལྟར་ཆེད་མཁས་ཚོས་པུར་སྒམ་དེ་དག་སྤྱི་ལོ་སྔོན་གྱི་ལོ་ལྔ་བརྒྱའི་དུས་ཙམ་དུ་བརྩིགས་པར་བཞེད། ཡོ་བྱད་ཀྱི་དབྱིབས་དང་ཁྱད་ཆོས་ཚང་མ་སྟོད་ལ་དྭགས་ནས་སྨད་ཟུང་ཆུའི་བར་གཅིག་མཚུངས་ཡིན་པས་ཚོང་ལས་དང་དཔལ་འབྱོར། དམག་དོན། རིག་གནས་སོགས་ཀྱི་ཐད་འབྲེལ་བ་དམ་དུ་གནས་པ་མངོན་པས། མེས་པོ་ཚོས་འཚོ་གནས་ཀྱི་ཆེད་དུ་ཕྱོགས་གཞན་དང་འབྲེལ་ཞུས་ཏེ་ཚེ་སྲོག་སྲུང་སྐྱོབ་བྱེད་པར་བསམ་བློ་བཏང་ཞིང་ཡུན་གྱིས་རྡོ་གྲི་དང་དབྱུག་མདའ། ཟངས་མ་དང་ལྕགས་ཀྱི་རལ་གྲི་སྟ་རེ་སོགས་བཀོལ་ཏེ་རི་དྭགས་དང་གཅན་གཟན་རྔོན་པ། སའི་རྩི་ཏོག་སོགས་གང་རྙེད་ཟོས་པར་ཕན་གནོད་ཀྱི་ཁྱད་པར་ཅུང་ཤེས་ཤིང་མྱོང་གྲུབ་རྣམས་བུ་རབས་ཚ་རྒྱུད་ལ་སྤེལ་ཡོད་པ་ཧ་ཅང་གསལ། རང་ཁ་རང་སོས་ཆེད་དུ་གྲོ་དང་སོ་བ། ནས་སོགས་འབྲུ་སྣ་ཁག་གཅིག་བཏབ་སྟེ་སྟོན་སྡུད་སྐབས་གསོག་འཇོག་བྱས་པའང་མིན་ལོ་རྫོང་དོང་དཔེའུ་རི་བོར་འཚོལ་སྡུད་གནང་བའི་འབྲུ་རིགས་རྡོ་སོལ་ལ་གྱུར་པ་ཞིག་རྙེད་པ་དེ་ལས་དཔོག་ཐུབ། གྲོ་དང་སོ་བ་སོགས་འབྲུ་སྣ་རྣམས་འདེབས་གསོ་བྱས་པ་དེ་ལོ་ངོ་སྟོང་གོང་གི་ཡིན་པ་ཚན་རིག་པས་བཤད། ཐོན་སྐྱེད་གོང་འཕེལ་ཕྱིན་པའི་ཉེར་ལེན་ལས་འབྲུ་སྣ་དག་གི་ཕན་ཡོན་དང་ཆང་བསྙལ་ཐབས་ཤེས། ཁྱིམ་མཚེས་མི་རིགས་བར་དམག་འཐབ་བགྱིས་ཏེ་ཁྲག་དྲག་ཏུ་བཞུར་ཡང་། རྨས་མ་ཚོས་ཟོག་གི་ཁྲག་ཚབ་ཏུ་འཐུང་ནས་བཅོས་ཐབས་བྱེད་པ་དང་། གཞན་ཡང་སློ་དྲོན་ནང་ལུམས་སུ་ཞུགས་པ་དང་འབུར་སྐྲངས་རིགས་བརྡོལ་བ། །སྤུ་དུགས་བྱེད་པ་སོགས་ནད་སྣ་འགའ་རེ་གཅོག་ཐབས་ཤེས། རྩྭ་ལྡུམ་རེ་གཉིས་ལ་ཁྲག་གཅོད་ཀྱི་ནུས་པ་ཡོད་པ་ཤེས་རྟོགས་བྱུང་བའི་ཁར་ནད་སྣ་མང་པོར་འཐབ་རྩོད་བྱས་ཏེ་རྒོལ་ལན་སྤྲད། ལྕུམ་རྩྭ་དང་ལན་ཚྭ། ཤིང་མངར། གླ་རྩི་སོགས་སྨན་རྫས་རྣམས་ཧྭ་ཞ་མི་རིགས་ལ་བརྗེ་འཚོང་བྱས་པ་དང་ཕྱིས་སུ་ཧྲིན་ལུང་སྔོ་འབུམ་དུ་སྤྱང་ནུབ་མའི་ལྕུམ་རྩ་དང་ལན་ཚྭ། རྨ་ཆུའི་ལྷོ་ཕྱོགས་ཀྱི་ཤིང་མངར། ཤྭ་བའི་བུ་སྣོད། གླ་རྩི། གཙོད་རྭ། དེ་ཕོའི་མཁྲིས་པ། འཕང་མའི་འབྲས་བུ་སོགས་སྨན་སྣ་བཅུ་ཙམ་འཁོད་ལ་སྨན་རྫས་ཀྱི་འབྱུང་ཁུངས་ཀྱང་ཨ་མདོ་ཡིན་པར་བསྟན། ཞང་ཞུང་གི་ས་སྣེར་ཆགས་པའི་ཨ་མདོ་ནི་རྒྱ་རིགས་ས་ཁུལ་དང་འདབས་འབྲེལ་ཞིང་། ཤར་ཕྱོགས་རྒྱལ་མོའི་རྒྱལ་ཁབ་མ་བཙུགས་གོང་ནས་ལྡོང་སྤྱང་གི་མི་རྣམས་གཏན་སྡོད་བྱས། སྤྱི་ལོ་ ༥༤༠ ལ་གྲུ་གུའི་རྒྱལ་ས་མཚོ་སྔོན་ནུབ་ཕྱོགས་སུ་བཙུགས། སྔར་ལས་ཀྱང་ཞིང་འབྲོག་ལ་བསྟེན་ནས་ལོངས་སྤྱོད་སྒྲུབ་ཅིང་སྔགས་སྨན་ཟུང་འབྲེལ་བྱེད་པའི་བོན་གྱི་ཤེས་ཡོན་ཅན་མང་པོ་དང་། གསོ་དཔྱད་ཉི་ཁྲི་ཆིག་སྟོང་ཐུགས་ལ་མངའ་བའི་དཔྱད་བུ་ཁྲི་ཤེས་བྱོན་ཚུན་སློབ་རྒྱུད་མང་པོ་བྱོན།


          གཉའ་ཁྲི་བཙན་པོའི་དུས་ཞང་ཞུང་ནས་ཁྱུང་འཕགས་ཁྲ་མོ་ཞེས་པ་རྒྱལ་རོལ་དུ་བྱོན་པའི་རྒྱུད་དུ་གཡུང་དྲུང་བུ་བཞི་གྲོལ་བ་ཡིན་པས་བོན་ལ་བསྟེན་པའི་གསོ་དཔྱད་ཇི་སྙེད་ཅིག་དར་ཡོད་པ་རྗེས་སུ་དཔག་ཐུབ་སྟེ། སུའི་རྒྱལ་རབས་(581-618)སྐབས་སྤྱི་ལོ་ ༦༡༠ ལོར་ཁྲོ་ཡོན་ཧྥང་སོགས་ཀྱིས་མཛད་པའི་ནད་རིགས་སྣ་ཚོགས་ཀྱི་རྒྱུ་རྐྱེན་བརྟག་བཅོས་ཞེས་པའི་སྡེ་ཚན་༢༥པར་"ལྡེའུ་སྤྱང་གི་དུག་ནད་"ཅེས་ཕོ་བ་ན་ཞིང་། ཁྲག་བཤལ་བ། སྐབས་རེར་ཁྲག་སྐྱུག་པ་དེ་ས་གནས་རང་བཞིན་གྱི་ནད་ཡིན་པ་བཤད་ཐུབ་ཡོད།


1. གདོད་མའི་ལྷ་བ་ནི་སྨན་པའི་ཚབ་བྱེད་ཅིག་རེད།

          ཨ་མདོ་ནི་གསོ་དཔྱད་འབྱུང་ཁུངས་ཁྲོད་ཀྱི་གཅིག་ཡིན་པ་དང་། མི་རྣམས་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པ། ཤེས་རིག་དར་བའི་རྩེ་མོར་སོན་ཕྱིར་རྒྱ་རིགས་ས་ཁུལ་ལ་ཆོས་སྲིད་གཉིས་ཀྱི་སྒོ་འཕར་ཡངས་པོར་ཕྱེས། སྔོན་གྱི་གཏམ་རྒྱུད་ལྟར་ན་ཡན་ཧོང་གོང་མ་གཉིས་ཀྱང་སྤྱང་རིགས་ཏེ་ཁུ་ནུ་རི་བོའི་ཤར་རྒྱུད་ལས་ཧྲའན་ཞིར་ཕེབས་པར་བཤད་ཅིང་། གོང་མ་ལྔའི་རྒྱལ་རབས་དེབ་ཐེར་དུ་ལྷ་ཕབ་ཚུལ་ཡང་རྒྱལ་རོང་ནས་ཀྲུང་ཡོན་ས་ཁུལ་དུ་སྤེལ་བར་གསུངས། ལྷ་བ་ནི་གདོད་མའི་དུས་སུ་སྨན་པའི་ཚབ་བྱེད་ཅིག་ཀྱང་ཡིན་པས་མིའི་རྣམ་རྟོག་བཅོས་ཤིང་རྐྱེན་ངན་བར་ཆད་གང་ཡོད་སེལ་བ། ལས་དོན་ལེགས་འགྲུབ་ཡོང་ཐབས་བྱེད་པ་དེ་འོས་འགན་ཞིག་ཏུ་བརྩི་བ་དང་། ཡུལ་སྲོལ་གོམས་གཤིས་གཙོར་བཟུང་ཐོག་ནད་པའི་རེ་བ་ལྟར་གང་ལ་གང་འཚམས་ཀྱིས་གསོ་བཅོས་བྱེད་ཀྱིན་འགྲོ་འདུག་ཉལ་གསུམ་དང་ཟས་རིགས་ཐད་འཛེམས་ས་གང་ཡོད་བཤད། ཞར་ལ་སྐར་དཔྱད་དང་མོ་འདེབས་བྱེད། ཐབས་རྡུག་རྗེས་ལུས་ཀྱི་རྣམ་པའི་ལས་ཀ་དེ་ཨ་མདོའི་རོང་འབྲོག་ཁྲོད་དུ་དར་སོ་ཆེ། གཞན་དུ། སློབ་དཔོན་ཀྲང་ཏའོ་ལེན་(  -156)གྱིས་ཀྱང་རྒྱལ་རོང་གི་ཉེ་འགྲམ་ནས་འབྲས་བྲེ་ལྔའི་ཆོས་ཞེས་པའི་སྲོལ་བཏོད། ལྡེའུ་སྤྱང་གི་ཕ་ཆོས་མང་པོ་རྒྱའི་ཡུལ་སྲོལ་དང་འབྲེལ་ཏེ་ཏའོ་ཅའོ་རྐང་བཙུགས་ཤིང་དེའི་ཁུངས་ནི་རྒྱལ་རོང་གི་བོན་ཡིན་ཟེར། རྒྱ་རིགས་ས་ཁུལ་ནས་ཨ་མདོའི་ལྗོངས་སུ་ཆོས་ལུགས་ཉེ་ཚེ་བ་དར་སྤེལ་བཏང་བའི་ནང་ཡང་དཔྱད་བཅོས་མི་ཉུང་བ་མཆིས་སོ།།


2. ཆ་བྱད་དཔྱད་ཀྱི་ལག་ཆ་ཁག་ཅིག་ངོ་སྤྲོད་པ།

          དེ་ཡང་ཁོར་ཡུག་དབང་གིས་ལྷ་བས་ཐུན་མོང་མ་ཡིན་པའི་ནད་རིགས་འགའ་རེ་གཅོག་བྱེད་ཀྱི་ལག་ཆ་དང་། སྨན་རྫས་བཙོ་བསྲེག་བྱེད་སའི་རྫ་ཆས་ཀྱི་སྐོར་དང་རྡོ་ཆས་གསར་རྙིང་སྐབས་ཀྱི་རྡོ་གྲི་དང་རྡོ་སྟར་ཆུང་ངུའི་རིགས། ཟངས་ལྕགས་ཀྱི་རལ་གྲི་ཆུང་ངུ་དང་ཟངས་ཀྱི་སྟ་རེ། ཟངས་མའི་སྦུ་གུ། རུས་ཁབ་སོགས་བེད་སྤྱོད་བྱེད་ཅིང་། འཇིབ་བྱེད་པར་ཟངས་མའི་སྦུ་གུ་དང་རྔུབ་རུ། རལ་གྲི་ཆུང་ངུའི་རིགས་ཀྱིས་ནད་སྣ་རེ་འཇོམས་ཆད་གཤག་བཅོས་བྱེད་པ་དང་རུས་ཁབ་ཀྱིས་རྨ་ཁ་ཚེམ་བཞིན་ཡོད་པ་རེད། ད་ལྟ་མཚོ་སྔོན་ཕྱོགས་ནས་བུད་པའི་ཟངས་ཀྱི་སྟ་རེ་དང་ཀྲན་ཀོའི་དུས་སྐབས་ཀྱི་གནའ་རྫས་མང་པོར་བོད་རང་གི་ཁྱད་ཆོས་ལྡན་ལ། སྟོད་ལ་དྭགས་ནས་སྨད་མདོ་ཁམས་བར་བཟོ་དབྱིབས་གཅིག་འདྲ་ཡིན། ཨ་མདོ་ཚོས་ཞང་ཞུང་གི་ཤེས་རིག་དང་དབུས་གཙང་ཁམས་གསུམ་དང་རྒྱ་རིགས་ས་ཁུལ་གྱི་ཤེས་རིག་གི་ཉིང་བཅུད་མ་ལུས་པ་བསྡུ་ལེན་མཛད། དེའི་ཕྱིར་རྨ་ཆུའི་བཞུར་རྒྱུན་གྱི་ཨ་མདོ་ནི་གསོ་རིག་དར་སྔ་བའི་གྲས་སུ་བཞག་ན་མི་ཆོག་པའི་རྒྱུ་མཚན་ཅི་ཡང་མེད་སྙམ།


3. སྨན་རྫས་ཀྱི་སྐོར་ངོ་སྤྲོད་པ།

          ཨ་མདོའི་སྤྱི་ཚོགས་ཀྱང་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རིམ་བརྒྱུད་མྱོང་ལ། འཕེལ་ཡུན་གྱི་དུས་ཚོད་ཤིན་ཏུ་རིང་པོ་དེའི་ནང་ཕྱི་རོལ་གྱི་བྱ་དངོས་ལ་ངོས་འཛིན་མཐོར་འདེགས་སོན་ཏེ། སྤྱི་ལོ་སྔོན་གྱི་༢༢༠༠ ལོར་ཨ་མདོའི་སྤྱང་རིགས་རྣམས་གང་སར་འཁྱམས་ཤིང་འབྲོག་ལས་ནས་ཞིང་ལས་བྱེད་འགོ་བརྩམས་པ་དེས་སྨན་རྫས་ངོས་འཛིན་ཐད་ནུས་པ་མངོན་སུམ་ཐོན་ཡོད། སྨན་རྫས་ལ་ཤིང་སྨན་དང་རྩྭ་སྨན། འབྲས་བུའི་སྨན། སྲོག་ཆགས་སྨན། གཏེར་དངོས་སྨན་བཅས་རིགས་ལྔ་རུ་འདུ་ཞིང་དཔེར་ན། ལྕུམ་རྩ་དང་སྤང་སྤོས། སྤྲི་སེར། ལན་ཚ། གྲོ། ནས། སོ་བ། བྲ་བོ། སྲན་མ། ཁྲེ། ཤིང་མངར། གཡེར་མ། ཀུ་ཤུ། སྟར་ག མ་རྨོས་ལོ་ཏོག གཙོད་རྭ། གླ་རྩི། ཤྭ་བའི་བུ་སྣོད། ཤྭ་རྭ་ལྟ་བུ་དང་། གྲིབ་ལ་ཤུག་པ་བདུག་ཅིང་། རྐང་ལག་ཆག་པ་སོགས་ལ་སྟབ་སེང་གི་ཐང་གཏོང་བ། ཀྱི་ལྕེ་དཀར་ནག གུར་ཏིག རྩྭ་མཁྲིས་བ་མོ་ཁ། ལྕེ་ཚའི་ལུམས་བསྟེན་པ། གཡི་སྤྱང་དང་འཕྱི་བའི་པགས་པ་རྐེད་པར་དཀྲི་བ། སྨན་ལོག་ལ་ཞོ་སྐྱུར་སྡུད་པ་སོགས་ནད་ཀྱི་གཉེན་པོ་ཧ་ལམ་མ་ཚང་བ་མེད་པའི་དུས་སུ་སླེབས་མྱོང་ཞིང་སྨན་སྣ་བཅུ་ཙམ་ཧྲིན་ལུང་སྔོ་འབུམ་(སྤྱི་ལོ་སྔོན་གྱི་ལོ་༣༡ ནས་སྤྱི་ལོ་༣༢༠ ལོར་མཁས་དབང་མང་པོས་ཕྱོགས་བསྒྲིགས་མཛད་པ་)དུ་བཀོད་པ་དེ་ཨ་མདོའི་སྨན་རྫས་བེད་སྤྱོད་བྱེད་སྟངས་ཧ་ཅང་ཡག་པས་རེད། འོན་ཀྱང་གནའ་སྔ་མོའི་ཨ་མདོའི་གསོ་དཔྱད་ལ་ལ་ནི་རྩ་མེད་དུ་སོང་བ་དང་ངོ་བོ་འགྱུར་བ། མང་ཆེ་བ་ཕར་འདྲེས་ཚུར་འདྲེས་ཆགས་མཐར་ཨ་མདོའི་གསོ་དཔྱད་རིག་པ་ཞེས་ལོགས་སུ་ངོས་འཛིན་རྒྱུ་མེད་པར་གྱུར།


4. སྨན་བཅོས་ཀྱིས་སྨན་པའི་རིམ་གྲས་སུ་སླེབས་སུ་བཅུག་པ།

          ཨ་མདོའི་སྤྱང་རིགས་རྣམས་རི་ཁུལ་དང་ལུང་བ་ཆུ་བོའི་འགྲམ་སྤང་ཐང་དུ་གནས་བཅའ་ཞིང་ཕན་ཚུན་བར་འགྲིམ་འགྲུལ་སྟབས་བདེ་མེད་པས་རིམས་ནད་དང་ས་གནས་རང་བཞིན་གྱི་ནད། ཆམ་པའི་ནད། མོ་ནད་སོགས་ཀྱིས་མིའི་ལུས་ཕུང་ལ་འཇིགས་པ་ཡང་ཡང་སྟེར་བར་རྒོལ་ལན་སྤྲད་རིམ་ཁྲོད་ཕན་ནུས་ཅན་གྱི་སྨན་རྫས་རེ་གཉིས་ཤེས་པ་བསྡུ་གསོག་གིས་བུ་རབས་ཚ་རྒྱུད་ལ་ངོ་སྤྲོད་དང་ཕན་ནུས་བཤད་དེ་བརྒྱུད་སྤེལ་གནང་། ལ་ལས་དེའི་ཉམས་མྱོང་ཕྱོགས་བསྡུ་དང་བེད་སྤྱོད་ཐེངས་མང་ཞུས་པས་དམངས་ལ་ཕན་པ་ཆེར་བྱུང་ཞིང་སྨན་པའི་རིམ་གྲས་གདོད་མའི་དུས་སྐབས་ནས་བྱུང་བ་ཡིན། ང་ཚོས་སྨན་པ་དེ་དག་ལ་ངག་རྒྱུན་སྨན་པ་ཞེས་ཟེར་ཏེ་དབྱེ་ན། ཕ་མ་ནས་བརྒྱུད་པའི་སྨན་རྒྱུན་དང་རྒན་པ་ཤེས་ཡོན་ཅན་ནས་བརྒྱུད་པའི་སྨན་རྒྱུན་གཉིས་ཏེ་ལག་ལེན་ཁྲོད་ངོས་འཛིན་ཟབ་མོ་ཐོབ་བཞིན་སྣང་། གཙོ་བོ་གསང་གནས་རྣམས་ལ་འཕུར་མཉེད་དང་གཏར་མེ་གདབས་པ། ཆང་ལ་སྨན་སྣ་གང་རུང་བཏབས་ནས་བྱུག་པ། ཆམ་པ་ལ་སྤྲུ་སེར་བཏང་བས་ཕན་པ་ཆེ་ཞིང་གཉན་སྐྲངས་རིགས་ལ་གླ་རྩི་འདེབས། ད་དུང་ཆགས་བཅིངས་སྣ་ཚོགས་པ། བུད་མེད་སྦྲུམ་མ་བཙའ་ཚུལ་དང་བྱིས་པའི་རྣ་རྩ་གཏར་བ་ཚུན་ཆད་ཡོད་པ་རྒྱ་ནག་གི་དཔེ་ཆ་དང་རང་ས་ནས་ཐོན་པའི་གནའ་རྫས། རྒྱུན་མཐོང་གི་འཚོ་བ། ཁྱིམ་མཚེས་མི་རིགས་བར་འགྲོ་འོང་བྱ་སའི་ལམ་དང་གཉེན་སྒྲིག་བྱེད་སྟངས་སོགས་ལ་དཔྱད་ན་ཤེས་ཤིང་། རྡོ་ཆས་རྙིང་པའི་དུས་དཀྱིལ་དུ་མི་རྣམས་གཙོ་བོ་རི་སྐྱེས་སྔོ་ལྡུམ་དང་འབྲས་བུ་འཐུ་སྒྲུབ། རི་དྭགས་རྔོན་རྒྱུ་བཅས་ནི་ཐོན་སྐྱེད་ལས་འགུལ་ཁྲོད་ཀྱི་ནང་དོན་གཙོ་བོ་དང་རྡོ་ཆས་གསར་བའི་དུས་སྐབས་ནས་བཟུང་རིམ་བཞིན་འབྲོག་ལས་བྱས་ཏེ་རྟ་ནོར་ལུག་གསུམ་དང་། ར་མ་ཁྱི་བོང་བུ་ཕག་སོགས་བདག་གཉེར་བྱེད་པའི་སྡེར་གྱུར་ཅིང་། འབྲུ་སྣའི་རིགས་བཏབ་སྟེ་འགྱུར་ལྡོག་ཆེ་ཙམ་བྱུང་བ་གནའ་རྫས་ལས་མཚོན་ཐུབ་ཀྱང་དེ་ཡིག་ཐོག་ཏུ་ཕབ་མེད་པའི་གསོ་རིག་ངག་བརྒྱུད་ཀྱི་བྱུང་ཚུལ་ཡིན་པ་ཤེས་དགོས།


གཉིས་པ། བོད་ཀྱི་ཡི་གེ་བྱུང་བ་ནས་གསོ་དཔྱད་བསྟན་པ་གཅིག་གྱུར་བྱུང་བ།

          གོང་དུ་བཤད་པའི་ལུང་དང་རྒྱུ་མཚན་དེ་དག་གིས་ཨ་མདོའི་ལྗོངས་སུ་བོད་ཡིག་མ་བྱུང་གོང་ནས་གསོ་དཔྱད་ཀྱི་བསྟན་པ་ཡན་གར་བ་ཡོད་པ་དང་། རྒྱ་བོད་ཕན་ཚུན་བར་སྨན་དཔྱད་བརྗེ་རེས་བྱས་མྱོང་བའི་བདེན་དཔང་ངོ་མ་ཡང་བྱེད་ཐུབ། ཐང་རྒྱལ་རབས་སྐབས་སྨན་པའི་རྒྱལ་བོར་བསྔགས་པའི་སུན་སི་མའོ་(༥༨༡-༦༨༢) ལགས་ཀྱིས་མཛད་པའི་《མན་ངག་གསེར་སྲང་སྟོང་གི་སྦྱོར་སྡེའི་》སྡེ་ཚན་བཅུ་དགུ་པར་ཡུང་བ་ནི་ཧྲོའི་ཀྲུང་ནས་ཐོན་པ་ངོ་མ་ཡིན། ཐུ་བྷོད་ཀྱིས་རྒྱ་ལ་སྨན་འདིས་ནད་ཁྲི་ཞིག་བཅོས་ཐུབ་ཅེས་མགོ་སྐོར་ཏེ་ཉོས་ཀྱང་ལག་ཏུ་མ་སོན། ཕྱིས་སུ་ཡུང་བ་ཡིན་པ་ཤེས་ནས་སྨན་འདི་ཉོ་མི་ཕོད་པར་གྱུར་གསུངས། ཚོང་ལས་ཀྱི་བྱ་བའི་ནང་སྨན་རྫས་ཀྱི་ནུས་པ་རྟོགས་པ་ནས་རིམ་གྱིས་ཕྱི་ལ་ཚོང་འབྲེལ་བྱེད་བཞིན་པ་མཚོན་ཡོད། སྤྱི་ལོ་༨༡༦ ལོར་《འདྲ་འབགས་》ལས། འདུ་བ་ནད་གཞི་འཇོམས་པའི་སྨན་པ་བདག །ཚ་བའི་ཡུལ་དུ་སྨན་དང་དཔྱད་ལ་འགྲོ། །ཞེས་འབྱུང་བ་ལྟར་ལོ་ཆེན་བཻ་རོ་ཙ་ན་རྒྱལ་པོ་མདོ་བཞེར་ནག་པོའི་དུས་རྔ་བ་ཁུལ་དུ་ཕེབས་ཏེ་གསོ་དཔྱད་མན་ངག་མང་པོ་འཆད་སྤེལ་གནང་། 《བཻ་རོའི་སྔོ་འབུམ་》ལས་ཐང་ཆེན་བརྒྱ་རྩ་སོགས་ད་ལྟའི་བར་མ་ཉམས་པར་ལག་ལེན་བྱེད་མཁན་སྣང་། ཕྱོགས་ཀྱི་བླ་སྨན་དགུའི་ཡ་གྱལ་གྲུ་གུའི་སྨན་པ་སེང་མདོ་འོད་ཆེན་གྱིས་ནག་པོ་རྒྱུད་གསུམ་དང་དེའི་མདོ་བྱང་ཆེ་ཆུང་། འདྲ་ཡིག་དུང་མིག་རྟའི་དཔྱད་མེ་ལོང་སྐོར་གསུམ་སོགས་བོད་སྤྱིའི་སྐད་དུ་ཕབས་བསྒྱུར་ཞུས་པའི་མདོ་སྨད་ཀྱི་གསོ་དཔྱད་རིག་པ་དེ་དག་གིས་བོད་སྨན་གཅིག་གྱུར་མཛད་པ་ལ་ལེགས་སྐྱེས་དང་རམ་འདེགས་གང་མང་གནང་།

          དུས་རབས་བདུན་པའམ་བརྒྱད་པའི་མཚམས་སུ་བྲིས་ཟེར་བའི་ཏུན་ཧོང་གི་《བོད་ཀྱི་སྨན་དཔྱད་ཤོག་དྲིལ་》ནང་ནད་ཐོག་སྡེ་ཁག་ལ་ནད་རིགས་སྣ་ཚོགས་དང་འབྲེལ་ནས་ཁོང་ནད་དང་། ཕྱི་བཅོས་ནད། བུད་མེད་ནད། བྱིས་པའི་ནད་སོགས་རྟགས་དང་བཅས་བྲིས་པ་དང་། སྲོག་ཆགས་ཀྱི་སྨན་སྣ་༦༥ སྐྱེ་དངོས་སྨན་གྱི་རིགས་སྣེ་གྲངས་༥༠ ས་རྡོའི་སྨན་གྱི་རིགས་༡༤ སོགས་འཁོད་པ་དང་ཕལ་ཆེར་རང་སའི་ཉམས་མྱོང་ཕྱོགས་བསྡོམས་དང་དབྱེ་འབྱེད་བྱས་པ་ཁོ་ན་ཡིན་ལ། མདོ་སྨད་གསོ་རིག་ཞིབ་འཇུག་ཐད་དོན་སྙིང་ངེས་ཅན་ལྡན་འདུག ཁོང་ཚོས་རང་བྱུང་ཁམས་དང་ནད་རིགས་ལ་འཐབ་རྩོད་བགྱིས་པའི་བརྒྱུད་རིམ་ནང་ཤེས་བྱ་ཕུན་སུམ་ཚོགས་པ་བསྡུ་གསོག་དང་བེད་སྤྱོད། ལག་ལེན་བཅས་ཨ་མདོ་རང་གི་ཁྱད་ཆོས་ལྡན་པའི་གསོ་དཔྱད་བབ་ཆགས་པ་དང་གདོད་མའི་ལག་ལེན་ཉར་ཚགས་བྱས་འདུག་པ་མཐོང་ཐུབ་པ་མ་ཟད། ཕྱི་ཕྱོགས་གསོ་རིག་གི་ཤུགས་རྐྱེན་ཡང་ཐེབས་མེད་པས། སྨན་པ་སྤྱིར་བཏང་བ་ཞིག་གི་ཤོག་དྲིལ་རེ་ཡིན་པ་ཤེས་ཐུབ། ཕྱོགས་གཞན་ནས་སྨན་སྣ་བཟང་པོ་ཁག་ཅིག་རྒྱ་རིགས་ས་ཁུལ་དུ་ཚོང་རྫས་བྱེད་བཞིན་པ་དཔེར་ན། སྤྱི་ལོ་༩༧༣ ལོར་བྱུང་བའི་འདོད་འབྱུང་སྔོ་འབུམ་ནི་སུང་རྒྱལ་རབས་སྐབས་ཀྱི་ཡིན། དེར་སྤང་སྤོས་སོགས་བཀོད་པ་དང་ཐོན་ཡུལ་ཟུང་ཆུ་ཡིན་པར་བཤད། སུང་གི་ལོ་རྒྱུས་སུ་ལྕུམ། ཏང་ཀུན། ནག་པོ་དར་ཡ་ཀན། གླ་རྩི་སོགས་སྨན་སྣ་༢༠ ཙམ་བཀོད་པ་དང་རྒྱ་བོད་གཉིས་ཀྱི་བར་རིག་གཞུང་དང་ཉམས་མྱོང་སྤེལ་རེས། སྨན་སྣས་གཙོས་ཕན་ཚུན་བར་ཚོང་ལས་ཕུན་སུམ་ཚོགས་པ་དར་ཡོད་པའི་འབྲས་རྟགས་ཡིན་ནོ།།


གསུམ་པ། བོད་ཀྱི་མཁས་པ་མི་གསུམ་ཨ་མདོར་ཕེབས་ཕྱིན་གྱི་གསོ་དཔྱད་བྱུང་ཚུལ།

          ཐུན་མོང་གསོ་རིག་གི་བསྟན་པ་ལ་སྔ་དར་ཕྱི་དར་གྱི་ཐ་སྙད་མེད་རུང་བོད་ཀྱི་མཁས་པ་མི་གསུམ་བསྟན་པ་སྔ་དར་གྱི་མཇུག་ཏུ་བྲོས་བྱོལ་གྱིས་ཨ་མདོར་ཕེབས་ཏེ་ནང་བའི་འདུལ་རྒྱུན་སྤེལ་ཞིང་། སྨན་གྱི་གཞི་དང་ལྡེ་གུ། སྨན་མར་སྦྱར་ཚུལ་སོགས་བསླབས། རྒྱལ་སྲས་ཀྱིས་ཙོང་ཁས་གཙོས་མཐའ་འཁོར་དུ་དབང་བསྒྱུར་ཏེ་སྤྱི་ལོ་༡༠༡༥ ལོར་ཙོང་ཁའི་རྒྱལ་རབས་བཙུགས། མཐར་༡༠༣༢ ལོར་རྒྱལ་ས་ཟི་ལིང་དུ་སྤོས་པའི་བར་གསོ་རིག་གི་བསྟན་རྒྱུན་གཙོ་བོ་ཁྱིམ་སྔགས་ཀྱིས་བསྐྱངས་ཤིང་གསོ་དཔྱད་མི་ཉུང་བ་དམངས་ཁྲོད་དུ་དར་སོ་ཆེ་བ་འཛམ་གླིང་གེ་སར་རྒྱལ་བོའི་སྒྲུང་དུ་གསལ་བ་ལྟར་རེད། 《རྟ་རྒྱུག་ནོར་བུ་ཆུ་བདུན་》ལས། ནད་ལ་རླུང་མཁྲིས་བད་ཀན་གསུམ། །ཆགས་སྡང་རྨོངས་པའི་རྒྱུ་ཡིས་བསྐྱེད། །དེ་གསུམ་བསྡོངས་དང་སྡེབ་ལུགས་ཀྱིས། །བཞི་བརྒྱ་རྩ་བཞིའི་ནད་དེ་འོང་། །མི་ན་གནས་པའི་སེམས་ཅན་ལ། །ནད་རྒྱུ་འདི་གསུམ་མ་སྤང་བ། །ནད་ཤས་མེད་པའི་རྩ་མི་སྲིད། །ཅེས་གསུངས་པ་དང་། གཞན་ཡང་《ཤང་ཤང་སྨན་རྫོང་》དུ་བསྟན་པའི་གཉེན་པོའི་སྨན་སྣ་མང་ཆེ་བ་ཁྲོག་སྨན་ཡིན་ཞིང་། གསོ་རིག་སྐོར་གྱི་ནང་དོན་རགས་དྲགས་པ་དང་ཞིབ་ཆ་མི་ལྡན་པའི་སྐྱོན་ལྡན་ཡང་བོད་ཀྱི་གསོ་རིག་གིི་རྣམ་བཤད་ལས་འགལ་མེད། སྐབས་དེར་ཧོར་གྱི་ཤན་པའི་ཀ་ལི་བཀོག་པ་ལ་ཟངས་མའི་ལྷན་པ་བརྒྱབ་པ་སོགས་ལག་རྩལ་རྩེར་སོན་པའི་ལྷ་རྗེ་ཡང་ཡོད་པར་མཐོང་། ༡༠༣༨ལོར་ཡུན་ཁྲོན་ཉེ་འདབས་སུ་མི་ཉག་ཆེན་པོའི་རྒྱལ་ཁབ་བཙུགས་པ་དེ། ཤར་ཕྱོགས་ལ་རྒྱ་བསྐྱེད་དེ་རྒྱལ་སྲས་དང་འབྲེལ་བ་བཟུང་། གསོ་དཔྱད་ཀྱི་བསྟན་པ་སྔར་ལས་རྒྱས་ཤིང་མི་ཉག་རོང་རྗེ། མི་ཉག་ཟླ་གྲགས། མི་ཉག་རྡོ་རྗེ་འབུམ་བཅས་ལ་གསོ་རིག་སྐོར་གྱི་གསུང་རྩོམ་མང་། ཁྱད་པར་བརྩོན་གྲུས་བཟང་པོས་མཛད་པའི་སུ་ཁུགས་《སུག་ཁུག་》སོགས་ལ་མི་ཉག་གི་ལུགས་ཞེས་ལུགས་རྒྱུད་ཆེན་པོ་བཅུའི་ནང་དྲངས་འདུག སྤྱི་ལོ་༡༢༤༢ ལོར་ས་སྐྱ་པཎ་ཊི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ལང་ཀྲུའུ་ལ་ཕེབས་ཏེ་གསོ་དཔྱད་མི་ཉུང་བ་འཆད་སྤེལ་གནང་ཞིང་། མཁས་པ་ཨོ་རྒྱན་པ་རིན་ཆེན་དཔལ་ཧོར་སེ་ཆེན་གྱིས་༡༢༩༢ ལོར་གདན་དྲངས་ཏེ་གསོ་དཔྱད་བསྟན་པ་སྤེལ། རྗེ་ཀརྨ་སྐུ་ཕྲེང་གསུམ་པ། མདུང་རྩེ་ཀུན་དགའ་དཔལ་བཟང་། ས་སྐྱ་ཨ་མྱེས་ལྷ་རྗེ་སོགས་ཀྱི་བཀའ་དྲིན་ལས་གསོ་རིག་གི་བསྟན་པ་སྔ་ན་མེད་པ་རྒྱས་སུ་བཅུག དེ་ལྟར་རྗེ་རིན་པོ་ཆེ་སྐུ་བལྟམས་པའི་གནས་མཆོག་སྐུ་འབུམ་བྱམས་པ་གླིང་། ཀུན་མཁྱེན་འཇམ་དབྱངས་བཞད་པའི་གདན་ས་བླ་བྲང་བཀྲ་ཤིས་འཁྱིལ། དགོན་ལུང་བྱམས་པ་གླིང་། ར་རྒྱ་དགོན་སོགས་སུ་གསོ་རིག་གི་འཆད་ཉན་བླ་ལྷག་རྒྱས་ཏེ་མདོ་སྨད་ལྷོ་བྱང་ཀུན་ཏུ་དར། ཅོ་ནེ་ནས་རྒྱལ་བའི་བཀའ་དང་བསྟན་འགྱུར་དཔར་དུ་བསྐྲུན་པ་གསོ་རིག་གི་ཞབས་འདེགས་སུ་གྱུར་ཅིང་། གཙང་སྨན་ཡེ་ཤེས་བཟང་པོས་གསོ་རིག་སྐོར་གྱི་གསུང་རྩོམ་མང་པོ་མཛད་ཅིང་། གོང་མའི་དབུ་བླ་མདོ་སྨད་པ་ལྕང་སྐྱ་ཡེ་ཤེས་བསྟན་པའི་སྒྲོན་མེའི་འཕྲིན་ལས་ཀྱིས་རྒྱ་སོག་གི་ཡུལ་དུའང་བོད་ལུགས་གསོ་རིག་སྤེལ། ཁྱད་པར་ངེས་དོན་གྱི་མཧཱ་པཎྜིཏ་སུམ་བྷ་ཡེ་ཤེས་དཔལ་འབྱོར་《༡༧༠༤ ༡༧༨༨》 གྱིས་མཛད་པའི་སྨན་གཞུང་གྲགས་ཅན། 《བདུད་རྩིའི་ཆུ་རྒྱུན་》དང་《ཤེལ་དཀར་མེ་ལོང་》 《བདུད་རྩི་ཟིལ་དཀར།》 《བདུད་རྩི་ཐིགས་པ།》 《བདུད་རྩིའི་དགའ་སྟོན་》བཅས་ནི་སྤྱི་ལ་གྲགས་པའི་གསོ་རིག་གི་དགོངས་པ་བླངས་ཤིང་ཨ་མདོ་ས་ཁུལ་གྱི་རྒྱུན་མཐོང་ནད་དང་རང་སའི་སྨན་རྫས་འཐུ་སྒྲུབ་ཀྱིས་བཅོས་གནང་བའི་ཉམས་མྱོང་རྣམས་ཕྱོགས་བསྒྲིགས་ཞུས་པ་སོག་ཡུལ་དུ་དར་རྒྱས་ཆེ་ཞིང་ཚད་ལྡན་དུ་བརྩི། ཁོང་གི་བླ་བྲང་རྩི་ལོགས་སུ་བྲིས་པའི་འཁྲུངས་དཔེ་ལས་སྔོ་སྨན་སོགས་རྒྱའི་པིན་ཚའོ་ཞེས་པའི་འཁྲུངས་དཔེ་མ་ཡིག་བྱས་ནས་གསར་དུ་བྲིས་པ་ཡིན། ཕྱི་དུས་ཀྱི་ལོ་ཙཱ་བ་དགེ་འདུན་ཆོས་འཕེལ་ཀྱིས་སྨན་ངོས་འཛིན་དཀའ་བ་ཁག་ཅིག་གི་དཔེ་རིས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་བསྟན་པ་སྣ་དམར་ཚང་ལ་བསྐུར་ཡོད་པ་གསུང་འབུམ་གྲས་ལ་ཐེབས་མེད། དེ་མིན་མདོ་སྨད་འདིར་དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས། ཉི་ཐང་སྨན་མཁྱེན་བློ་བཟང་རྒྱ་མཚོ། ཁམས་ཀྱི་མཁས་ཆེན་འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། མཛོད་ལྔའི་ཤིང་རྟ་ཆེན་པོ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། སྨན་རྩིས་བསྟན་པའི་གསལ་བྱེད་མཁས་དབང་མཁྱེན་རབ་ནོར་བུ་སོགས་ཀྱི་སློབ་རྒྱུན་དུ་མས་འཛིན་སྐྱོང་བྱས་དང་བྱེད་བཞིན་ཡོད་མོད། རྒྱུད་བཞི་ཀ་ལ་འགྲེལ་རྒྱག་མཁན་ད་ལྟའི་བར་བྱུང་མེད། སློབ་གཉེར་བ་ཀུན་ལ་བཻཌཱུརྱ་སྔོན་པོ་དང་མེས་པོའི་ཞལ་ལུང་རྒྱུགས་ཆེ་བས་སྦྱངས་བརྩོན་གནང་མཁན་ཚོས་དེ་གཉིས་གང་རུང་ལ་བསྟེན་ནོ།།


བཞི་བ། མཇུག་དོན་དང་བཅས་མཚམས་སྦྱར་བ།

          བོད་སྤྱིའི་ཡི་གེ་མ་བྱུང་གོང་གི་གསོ་དཔྱད་ངག་ཐོག་ནས་བརྒྱུད་པ་ལ་ཕ་མ་ནས་བརྒྱུད་པ་དང་། རྒན་པ་ཤེས་ཡོན་ཅན་ནས་བརྒྱུད་པ་གཉིས་སུ་སྣང་། ཁོང་ཚོས་གསོ་བ་རིག་པའི་ཤེས་བྱ་ཕུན་སུམ་ཚོགས་པ་རྣམས་བསྡུ་གསོག་དང་ལེན་མཛད་པའི་ཉམས་མྱོང་རྣམས་བུ་རབས་ཚ་རྒྱུད་ལ་སྤེལ་ནས་དུས་རབས་བདུན་པའམ་བརྒྱད་པའི་བར་དུ་ཐོན་པས་བོད་སྤྱིའི་གསོ་རིག་གི་མ་ལག་གྲུབ་པར་བྱས་ཤིང་། མི་རྗེ་སྲོང་བཙན་སྒམ་པོའི་སྐབས་མངའ་རིས་དང་དྭགས་ཀོང་དབུས་གཙང་ནས་དམག་མི་འབོར་ཆེན་མངགས་ཏེ་ས་སྲུང་དུ་བཞག་པ་ནས་བཟུང་བོད་ཀྱི་རིག་གནས་དང་སྒོས་སུ་གསོ་བ་རིག་པ་ལ་སློབ་འགོ་ཚུགས་པ་རེད།


ཏང་གི་དབུ་ཁྲིད་ཡང་དག་པའི་འོག་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་དང་ཀན་ལྷོ་བོད་སྨན་ཁང་། རྔ་བ་ཁུལ་མཛོད་དགེ་བོད་སྨན་ཁང་བཙུགས་ཏེ་གསོ་རིག་གི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་མཁན་རྒྱལ་ཁབ་རིམ་པའི་བོད་ལུགས་གསོ་རིག་ཆེད་མཁས་བསྟན་འཛིན་དོན་གྲུབ། བཤེས་གཉེན་ཆེན་པོ་དྷི་ཚ་ཡེ་ཤེས། མགོ་ལོག་སྨན་རྒན་ཁམས་གཙང་འབྲུག་རྒྱལ། ཤིང་བཟའ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན། རྒྱ་ཡེ་བློ་བཟང་ཉི་མ་སོགས་ཀྱིས་བོད་ཀྱི་གསོ་རིག་འཕེལ་རྒྱས་ཐད་མཛད་རྗེས་ཆེན་པོ་བཞག་པ་མ་ཟད། ཀྲུང་གོའི་གསོ་རིག་བང་མཛོད་དུའང་མཚར་སྡུག་རྣམ་པར་བཀྲ་བའི་གཞུང་ལུགས་དང་ལག་ལེན་རིན་པོ་ཆེ་གསར་དུ་བསྣན་ཡོད། དེའི་ཕྱིར་མདོ་སྨད་ལྗོངས་ཀྱི་གསོ་རིག་མུ་མཐུད་དུ་སྔོག་འདོན་དང་ལེགས་བསྒྲིགས་བྱས་ནས་བོད་ཀྱི་གསོ་རིག་ལ་ཞབས་འདེགས་དང་། ཀྲུང་གོའི་མི་རིགས་གསོ་རིག་གི་གྲུབ་ཆ་བླ་ལྷག་ཏུ་འགྱུར་ཆེད་འབད་དགོས་པ་རེ་འདུན་ཡིན།

 

དཔྱད་གཞིའི་ཡིག་ཆ།


སློབ་དཔོན་ཆེན་མོ་མུ་དགེ་བསམ་གཏན་རིན་པོ་ཆེས་མཛད་པའི་《བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང་།》 རྔ་ཁུལ་ལོ་རྒྱུས་དཔྱད་ཞིབ་ཁང་གིས་ ༡༩༨༧ ལོའི་ཟླ་ ༡༠ པར་བསྐྲུན།

མཁས་དབང་ཨ་ལགས་དོར་ཞིས་བརྩམས་པའི་《མུན་འཇོམས་ནོར་བུའི་ཕྲེང་བ། མི་རིགས་དཔེ་སྐྲུན་ཁང་གིས་ ༡༩༩༦ ལོའི་ཟླ་ ༡༡ པར་བསྐྲུན།

《ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས།》 ༡༩༨༣ ལོའི་ཟླ་ ༦ པར་བསྐྲུན།

《ཀྲུང་ཧྭ་གསོ་རིག་ལོ་རྒྱུས་དུས་དེབ།》 ༡༩༨༣ ལོའི་དེབ་དང་པོ། (རྒྱ་ཡིག)

《ལོ་རྒྱུས་སློབ་ཁྲིད་དུས་དེབ།》 ༡༩༧༩ ལོའི་དེབ་ པ། (རྒྱ་ཡིག)

《ཀྲུང་ཧྭ་གསོ་རིག་ལོ་རྒྱུས་དུས་དེབ།》 ༡༩༨༤ ལོའི་དེབ་ ༢ པ།

《ཨ་མདོའི་བོད་རིགས་ཀྱི་ལོ་རྒྱུས།》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ ༡༩༩༢ ལོའི་ཟླ་ ༨ པར་བསྐྲུན། (རྒྱ་ཡིག)

《རྔ་བ་ཁུལ་གྱི་འཕྲོད་བསྟེན་ལོ་རྒྱུས།》 མི་རིགས་དཔེ་སྐྲུན་ཁང་གིས་ ༡༩༩༥ ལོའི་ཟླ་ ༡༢ པར་བསྐྲུན། (རྒྱ་ཡིག)

《བོད་ལྗོངས་ཞིབ་འཇུག》 ༡༩༩༦ ལོའི་དེབ་དང་པོ། (རྒྱ་ཡིག)

མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》མི་རིགས་དཔེ་སྐྲུན་ཁང་གིས་ ༡༩༩༠ ལོའི་ཟླ་ ༡༡ པར་བསྐྲུན།

མཁས་དབང་ནམ་མཁའི་ནོར་བུས་བརྩམས་པའི་《ཞང་བོད་གནའ་རབས་ཀྱི་ལོ་རྒྱུས་ནོར་བུའི་མེ་ལོང་》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་ ༡༩༩༠ ལོའི་ཟླ་ ༤ པར་བསྐྲུན།


- ཀྲུང་གོའི་བོད་རིག་པ། 2003 ལོའི་དེབ་དང་པོ་ནས་ཟུར་འདོན་ཞུས།

 


མཐའ་མའི་འདོན་ཐེངས་།: 20.06.2016 ཉིན། 2:11 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།