སྨན་རྩིས་དྲ་བ། - སྨན་རྩིས་འདོན་ཆོག

མདུན་བསྐྱེད་ས་བདག་འཁྲུགས་བཅོས་བསྡུས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.07.2024
སྨན་རྩིས་འདོན་ཆོག >>

 



༄༅།། གནམ་ཆོས་ས་སྙིང་སྒྲུབ་ཐབས་ཀྱི་མདུན་བསྐྱེད་ས་བདག་འཁྲུགས་བཅོས་བསྡུས་པའི་དབུ་ཕྱོགས་ལགས་སོ།།

ན་མོ་ཀྵིཾ་ཧི་ར་ཙ་ཡེ། སའི་སྙིང་པོའི་ཞབས་ལ་ཕྱག་འཚལ་ལོ།། དེ་ཡི་བཅོས་ཐབས་འཁྲུགས་བཅོས་དོན་བསྡུས་ནས།། བསྡུས་འབྲིང་རྒྱས་དང་ཤིན་ཏུ་རྒྱས་པ་བཞི།། བཅའ་ཚོགས་ཁྱད་ཡིན་འདོན་ཆ་ཁྱད་པར་མེད།། སྣོད་གཙང་ནང་ངམ་རྡོ་ཤིང་གཙང་མའི་སྟེང་།། རི་རབ་གཟུགས་བཞག་ས་བདག་སྤྱི་གཏོར་ཡིན།། དེ་སྟེང་རུས་སྦལ་གཟུགས་གཅིག་བཞག་པ་ཡིས།། ལོ་ཟླ་སྤར་སྨེ་འབྱུང་བའི་ས་བདག་ཚང་།། དེ་སྟེང་བཤོས་ཟླུམ་པད་འདབ་ལྡན་པ་ལ།། མེ་ཏོག་ཉི་ཟླ་ནོར་བུའི་དཀར་རྒྱན་བྱ།། མདུན་དུ་ལྷ་མོའི་བཤོས་བུ་བུམ་པའི་དབྱིབས།། རྒྱབ་ཏུ་ཡུལ་བདག་དཀར་གཏོར་རྩེ་རྒྱལ་གཅིག། གཡས་སུ་སྤར་ཁ་སྨེ་བའི་བཤོས་བུ་གཉིས།། གཡོན་དུ་འབྲང་རྒྱས་ཞལ་དཀར་ལོོ་བཤོས་གཉིས།། ཕྱོགས་བཞིར་སྲུང་བཞིའི་གཟུགས་དང་དཀར་གཏོར་རེ།། མཚམས་བཞིར་གཡག་ལུག་ར་དང་བྱ་ཡི་གཟུགས།། འབྲུ་སྣ་ཤེལ་ཚིགས་རིན་ཆེན་སྣ་ལྔ་བཏབ།། ཤིང་རྩི་སྤང་གང་བལ་གྱིས་བརྒྱན་པ་དང་།། འོ་ཞོ་ཟས་ཆང་ཕུད་དང་མདའ་དར་བཤམ།། དེ་ནི་བཅའ་ཚོགས་བསྡུས་པའི་རིམ་པའོ།། ༈ འབྲིང་བོ་ཀ་ཏོ་ར་སོགས་སྣོད་གཙང་ནང་།། བཅའ་ཚུལ་གཞན་རྣམས་གོང་དང་མཚུངས་པ་ལ།། སྤར་བཤོས་བརྒྱད་དང་དེ་བཞིན་སྨེ་བཤོས་དགུ།། ལོ་སྐོར་བཅུ་གཉིས་བཤོས་བུ་བཅུ་གཉིས་དང་།། ཕྱོགས་བཞི་མཚམས་བརྒྱད་ལྷ་ལ་དཀར་གཏོར་བརྒྱད།། རྟ་གླང་ཉ་ལྕོང་རྣམས་ཀྱི་གཟུགས་བྱའོ།། ༈ རྒྱས་པ་གཞི་དཀར་ནས་ཀྱི་འདབ་བརྒྱད་སྟེང་།། བཅའ་ཚོགས་གཞན་རྣམས་གོང་དང་འདྲ་བ་ལ།། རི་རབ་མཐའ་རུ་དཀར་གཏོར་བདུན་དང་ནི།། གཞི་མཐར་སྤང་སྔོན་སྟེང་དུ་ཤིང་རྩིས་བསྐོར།། བསང་མཆོད་དུས་ལྟར་མཆོད་པ་རྒྱས་པར་བཤམས།། ༈ ཤིན་ཏུ་རྒྱས་པ་སྟེགས་བུ་གྲུ་བཞིའི་སྟེང་།། རྡུལ་ཚོན་པདྨ་འདབ་བརྒྱད་སུམ་རིམ་དང་།། དེ་རྒྱབ་འདབ་མ་གྲངས་མེད་ཉིས་རིམ་བསྐོར།། དེ་རྒྱབ་དཀྱིལ་འཁོར་གྲུ་བཞི་སྒོ་བཞི་བྲི།། དེ་རྒྱབ་ཟླུམ་བསྐོར་ཆུ་རིས་སྔོོན་པོ་བྱ།། དེ་རྒྱབ་རུས་སྦལ་རྐང་ལག་མགོ་རྣམས་བྲི།། ཐ་མ་སྤང་སྔོན་གྲུ་བཞི་བསྒྲིགས་པ་ལ།། ཤིང་རྩི་དར་ཚོན་བལ་གྱིས་བརྒྱན་པ་བཙུགས།། འོག་གི་མངོན་རྟོགས་ནང་ནས་འབྱུང་བ་ལྟར།                །ས་སྙིང་ཙཀ་ལི་གཏོར་མའི་རྩེ་རུ་བཙུགས།། འཁོར་རྣམས་རང་གཟུགས་བག་ཟན་ལ་བཅའ་བཀོད།། ཡོད་ན་སོ་སོའི་ཙཀ་ལི་བཙུགས་ཀྱང་འཐུས།། སྤྲོ་ན་ཙཀ་ལི་གཟུགས་བརྙན་གཉིས་ཀ་བྱ།། སོ་སོའི་མདུན་དུ་སོ་སོའི་བཤོས་བུ་བཞག། ཀླུ་སྨན་བཏབ་པའི་འོ་ཕུད་མང་དུ་བཤམས།། སྙིང་གཏེར་བཞག་རྒྱུའི་བུམ་པ་ཡོད་ན་བཞག། ཀུན་ཀྱང་སྤོས་རུམ་བྱས་ལ་གཙང་བར་བྱ།། རང་ཉིད་ཡི་དམ་གང་ཡིན་གཞུང་བསྲངས་ལ།།

༈ ཨོྃ་ཨམྲིཏ་ཧཱུྃ་ཕཊ༔ ཨོྃ་སྭབྷཝ་སོགས། སྟོང་པའི་ངང་ལས་འབྱུང་བ་རིམ་བརྩེགས་སྟེང།། ཕྱི་ལྟར་རིན་ཆེན་གསེར་གྱི་ས་གཞི་ལ།། ནང་ལྟར་མ་ཧཱ་གསེར་གྱི་རུས་སྦལ་ཆེ།། གསང་བ་རིན་ཆེན་སྣ་ཚོགས་གཞལ་ཡས་ཁང་།། འཇའ་སྤྲིན་བླ་བྲེ་རིན་ཆེན་ཆར་དུ་འབེབས།། བདུད་རྩིའི་རྫིང་བུ་དཔག་བསམ་ཤིང་གིས་བསྐོར།། ཤིན་ཏུ་ཉམས་དགའ་འདོད་ཡོན་ལོངས་སྤྱོད་ལྡན།། དེ་དབུས་སྣ་པདྨ་ཟླ་བའི་སྟེང་།། ཀྵིཾ་ལས་སེམས་དཔའ་ས་ཡི་སྙིང་པོ་དཀར།། མྱུ་གུ་དྲིལ་བུ་འཛིན་ཅིང་ཕྱེད་སྐྱིལ་བཞུགས།། མདུན་དུ་ས་ཡི་ལྷ་མོ་གསེར་གྱི་མདོག། ནོར་བུ་བུམ་འཛིན་སྐུ་སྟོད་ས་ནས་ཐོན།། གཡས་སུ་ས་བདག་དབང་ཆེན་སྐུ་མདོག་སེར།། ཞལ་གཅིག་ར་བ་བཞི་ཡི་གདེངས་ཀ་ཅན།། ཕྱག་བཞི་ཐལ་སྦྱར་ལྗོན་ཤིང་རི་རབ་འཛིན།། སྐུ་སྨད་སྦྲུལ་འཁྱིལ་རུས་སྦལ་སྟེང་དུ་བཞུགས།། གཡོན་དུ་ས་འཛིན་ལག་པ་ཆེན་པོ་སྔོ།། ལག་པ་གཉིས་ཀྱིས་རི་རབ་པང་བའི་ཚུལ།། རྒྱབ་ཏུ་ལྟོ་འཕྱེ་སྦྲུལ་མཇུག་ཅན།    །གདེངས་ཀ་བདུན་ལྡན་ཉལ་བའི་ཚུལ།། ལུས་ལ་ཀླུ་ཆེན་བརྒྱད་པོ་གསལ།། གཡས་ཟུར་ལྔ་སེར་ཤ་བ་ཞོན།། གཡོན་ཟུར་ས་སྐོར་གནས་ཀྱི་བདག།། རྒྱབ་གཡས་ཡུལ་འདིའི་ཡུལ་ལྷའི་གཙོ།། རྒྱབ་གཡོན་ཡུལ་འདིའི་ཆུ་ཡི་བདག    །དེ་རྒྱབ་སྨེ་དགུ་སྤར་ཁ་བརྒྱད།། དེ་རྒྱབ་ལོ་སྐོར་བཅུ་གཉིས་དང་།། ལོ་དང་ཟླ་བ་ཞག་དུས་ཀྱི།། ས་བདག་ཀླུ་དང་སྒྱུ་སྐར་ཚོགས།། སྒོ་བཞི་སྲུང་བཞི་དང་བཅས་གསལ།། གཙོ་བོ་གསུམ་གྱི་གནས་གསུམ་གྱི།། ཡིག་འབྲུ་གསུམ་གྱི་ས་བོན་ལས།། འོད་འཕྲོས་འཁོར་བཅས་སྤྱན་དྲངས་གྱུར།  །ཧོཿ དེང་འདིར་མཆོད་པ་རྒྱ་ཆེན་པོ།། དཀོན་པ་བཙལ་ཞིང་དཀའ་བས་སྒྲུབ།། དད་གུས་གདུང་བའི་དབུགས་ཕྱུང་སྟེ།། སེམས་དཔའ་ས་ཡི་སྙིང་པོ་དང་།། ལྷ་མོ་བརྟན་མ་ཡབ་ཡུམ་སྲས།། སྣང་སྲིད་ས་བདག་དབང་ཆེན་ཀུན།། མཆོད་ཅིང་བཅོས་ཕྱིར་སྤྱན་འདྲེན་ན།   །སྙན་གྱིས་གསོན་ལ་སྤྱན་གྱིས་གཟིགས།། བྱམས་པའི་ཐུགས་ཀྱིས་དགོངས་སུ་གསོལ།། ཅེས་དུང་ངམ་རོལ་མོ་བསྒྲགས། ཧཱུྃ། དད་པ་དང་ནི་དམ་ཚིག་གིས།། བསྐུལ་ལོ་བསྐུལ་ལོ་ཐུགས་དམ་བསྐུལ།། བཞེངས་ཤིག་བཞེངས་ཤིག་དབྱིངས་ནས་བཞེངས།། རྡུལ་དང་བྲལ་བའི་ཞིང་ཁམས་དང་།། གྱི་མི་ཤན་གྱི་གནས་མཆོག་ནས།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ།། ས་ཡི་སྙིང་པོ་གཤེགས་སུ་གསོལ།། གླིང་བཞི་འཇིག་རྟེན་འདི་ཡི་འོག། དབང་ཆེན་གསེར་གྱི་ས་གཞི་ནས།། ས་ཡི་ལྷ་མོ་གཤེགས་སུ་གསོལ།། རི་རབ་གསེར་གྱི་རི་བདུན་ནས།། དབང་ཆེན་ཤྲཱི་བྷ་ཏྲ་དང་།། ས་འཛིན་ལག་པ་གཤེགས་སུ་གསོལ།། སྟོང་གསུམ་སྲིད་པའི་དཀྱིལ་འཁོར་ནས།། ལྟོ་འཕྱེ་ཀླུ་བརྒྱད་བཅས་པ་བྱོན།། མི་མཇེད་འཇིག་རྟེན་ཕྱོགས་བཅུ་ནས།། ལོ་ཟླ་ཞག་དུས་འབྱུང་བའི་ལྷ།། སྤར་སྨེ་ལོ་འཁོར་ཟླ་འཁོར་གྱི།། རྒྱལ་བློན་བཅུ་བདུན་བཅས་པ་བྱོན།། ལོ་རྒན་དྲུག་ཅུ་གཟའ་རྒྱུ་སྐར།། ཚེས་ལྷ་སུམ་བརྒྱ་དྲུག་ཅུ་བྱོན།། ཁྱད་པར་ཡུལ་དང་ས་སྐོར་འདིའི།། ས་བདག་རི་བདག་བྲག་གི་བདག། ཆུ་བདག་ཤིང་བདག་གནས་བདག་རྣམས།། བྱམས་པའི་ཐུགས་ཀྱིས་འདིར་བྱོན་ཅིག། ཡིད་སྤྲུལ་རིན་ཆེན་གཞལ་ཡས་ཁང་།། རིན་ཆེན་དར་ཟབ་པད་ཟླའི་སྟེང་།། གཙོ་འཁོར་འཚམས་པའི་གདན་ཁྲི་ལ།། རང་རང་ཕྱོགས་སུ་དགྱེས་པར་བཞུགས།། སྔོན་ཚེ་གསང་བདག་པད་འབྱུང་སོགས།། རྒྱལ་བ་རྣམས་ཀྱིས་བཀའ་བསྒོས་ཤིང་།། རང་གིས་ཁས་བླངས་དྲན་མཛོད་ལ།། རྣལ་འབྱོར་བདག་གིས་གང་བཅོལ་བའི།། ལས་ཀྱི་འབྲས་བུ་མཆིས་པར་མཛོད།། ཨོྃ་ཀྵིཾ་ཧི་ར་ཙ། པྲི་ཐི་དེ་ཝི། སརྦ་བྷཱུ་མི་པ་ཏི་ས་པཱ་རི་ཝ་ར། ཨེ་ཧྱེ་ཧི་བཛྲ་ས་མ་ཡཱ་ཛཿཛ༔ ཛཿཧཱུྃ་བྃ་ཧོ༔ ཏིཥྛ་ལྷན༔ ས་མ་ཡཱ་སྟྭྃ༔ ས་མ་ཡཱ་ཧོ༔           

༈ ཧཱུྃ། རྒྱལ་བ་ཀུན་གྱི་སྤྱན་ལས་སྤྲུལ།། འཇིགས་པ་ཀུན་ལས་སྐྱོབ་མཛད་ཅིང་།། ལོ་ཏོག་ཕུན་སུམ་ཚོགས་མཛད་པའི།། ས་ཡི་སྙིང་པོར་ཕྱག་འཚལ་ལོ།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། ས་ལམ་བགྲོད་པའི་དཔང་པོ་མཛད།། བདུད་དཔུང་འདུལ་བའི་གྲོགས་མཛད་མ།། སའི་ལྷ་མོ་ལ་ཕྱག་འཚལ་ལོ།། རྒྱལ་བའི་བཀའ་ཉན་འཇིག་རྟེན་སྐྱོང་།། དབང་ཆེན་ས་འཛིན་ལྟོ་འཕྱེ་སོགས།། ས་བདག་ཀུན་ལ་ཕྱག་འཚལ་ལོ།། ཁྱེད་རྣམས་མཆོད་པའི་དམ་རྫས་ནི།། དངོས་སུ་ཅི་འབྱོར་གཙང་མར་བཤམས།། ཡིད་ཀྱིས་དཔག་ཏུ་མེད་པ་སྤྲུལ།། ཧ་ཧོ་ཧྲཱིཿཡིས་བྱིན་གྱིས་བརླབས།། ཟག་མེད་བདེ་བ་སྐྱེད་པའི་རྫས།། བཻ་ཌཱུར་ནོར་སོགས་བདུད་རྩིའི་རྫིང་།། དཔག་བསམ་ཤིང་གི་སྐྱེད་མོས་ཚལ།        །རིན་ཆེན་གཏེར་ཁ་དུ་མས་བརྒྱན།། དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ།། སྤྱོད་ཡུལ་མཆོད་པ་འདི་བཞེས་ལ།། ཡུལ་རིས་ས་ཕྱོགས་བདེ་བར་མཛོད།        །རིན་ཆེན་ལས་གྲུབ་གཞལ་ཡས་ཁང་།། གྲུ་བཞི་སྒོ་བཞི་རྟ་བབ་བཞི།། ཁོར་ཡུག་གསེར་གྱི་ར་བས་བསྐོར།། རིན་ཆེན་ཁྲི་བཟང་དར་ཟབ་འབུལ།། བླ་བྲེ་གདུགས་སོགས་རྒྱན་དང་ལྡན།           །གནས་དང་གདན་གྱི་མཆོད་པ་འབུལ།། ཕོ་བྲང་གདན་ལ་བརྟན་པར་མཛོད།། སྤོས་དཀར་ནཱ་གི་ཙན་དན་དང་།། བཟང་ཤིང་སྤོས་ཀྱི་དུད་པ་འབུལ།། ས་བདག་རྨུགས་འཐིབ་སངས་གྱུར་ནས།། བདག་དང་ཡོན་བདག་རྨུ་གབ་སོལ།། བ་དམར་ར་དཀར་ལུག་དཀར་དང་།། འབྲི་ཟལ་འོ་མའི་མཆོད་པ་འབུལ།། ས་བདག་མགྲིན་པ་བདེ་གྱུར་ནས།། མིད་གཅུས་ནད་རྣམས་མེད་པར་མཛོད།། ཡན་ལག་བརྒྱད་དང་ལྡན་པ་ཡི།། ཆུ་གཙང་ལྷ་ཡི་བདུད་རྩི་ཡིས།། ས་བདག་ཞབས་ལ་ཁྲུས་གསོལ་བས།། ས་བདག་རྣམས་ཀྱི་ཞབས་བདེ་ནས།། བདག་དང་ཡོན་བདག་རྐང་ནད་སོལ།། མེ་ཏོག་རྣམ་པ་སྣ་ཚོགས་དང་།། རིན་ཆེན་སྣ་ཚོགས་རྒྱན་ཕྲེང་འབུལ།། ས་བདག་རྣམས་ཀྱི་སྐུ་མཛེས་ནས།། མི་སྡུག་མཛེ་ཤུའི་ནད་རྣམས་སོལ།། རིན་ཆེན་ཉི་ཟླ་སྐར་མའི་འོད།། ཞུན་མར་གཏམས་པའི་སྒྲོན་མེ་འབུལ།། ས་བདག་རྣམས་ཀྱི་སྤྱན་གསལ་ནས།། བདག་ཅག་མིག་ནི་གསལ་བར་མཛོད།། དྲི་བཟང་སྦྱར་བའི་སྤོས་ཆབ་དང་།། རྒྱ་ཇ་ངད་ལྡན་དྲི་ཆབ་འབུལ།། ས་བདག་རྣམས་ཀྱི་ཁམས་དྭངས་ནས།། བདག་ཅག་རྟག་ཏུ་ཁམས་བདེ་མཛོད།། ཀ་ར་བུ་རམ་སྦྲང་རྩི་དང་།། ཞོ་དང་ཆུར་བ་མར་གསར་དང་།།  ཐུད་དང་གྲོ་མ་གྲོ་ཟན་དང་།། ཕྱེ་མར་ལ་སོགས་ཞལ་ཟས་འབུལ།། ས་བདག་རྣམས་ཀྱི་ལུས་དར་ནས།། བདག་ཅག་ལོངས་སྤྱོད་ཕུན་ཚོགས་མཛོད།། རྔ་དུང་སིལ་སྙན་རོལ་མོ་དང་།། བསྟོད་པའི་དབྱངས་ཀྱིས་མཆོད་པ་འབུལ།། ས་བདག་རྣམས་ཀྱི་སྙན་ཚིམས་ནས།། བདག་ཅག་སྙན་གྲགས་ལྡན་པར་མཛོད།། རྨ་བྱ་ནེ་ཙོ་ཁྲུང་ཁྲུང་དང་།། ངང་པ་ལ་སོགས་འོས་པའི་བྱ།། ཕྱི་བ་གྲུམ་པ་སྲམ་དང་སྤྲེ།། ཤ་རྒོ་རྣ་གསུམ་རི་དྭགས་བོང་།། གཡག་ལུག་བྱ་ར་རྟ་གླང་གཟུགས།། མཛེས་པའི་གཟུགས་སྙན་སྣ་ཚོགས་འབུལ།། ས་བདག་དཀོར་ནོར་བསད་པ་ཡི།། འཁོན་འགྲས་ཐམས་ཅད་བྱང་བར་མཛོད།། འཇམ་དཔལ་དབྱངས་ཀྱིས་བཀའ་གནང་ཞིང་།། ཏིང་ངེ་འཛིན་གྱིས་བྱིན་གྱིས་རླབས།། ཤེལ་ཚིགས་ཁྲི་དཀར་སྟོང་ནག་འདི།། རྟ་དང་གླང་པོ་མ་ཧེ་དང་།། འབྲི་གཡག་མཛོ་དང་མཛོ་མོ་དང་།། ར་ལུག་བ་གླང་བོང་བུ་དང་།། རྔ་མོ་དྲེལ་ལ་སོགས་པ་ཡི།། དཀོར་ནོར་བརྒྱ་སྟོང་ཁྲི་འབུམ་འབུལ།། ས་བདག་དཀོར་ནོར་ཕྱུག་གྱུར་ནས།། བདག་དང་ཡོན་བདག་ཕྱུག་པར་མཛོད།། སུར་དཀར་ཤུག་པ་མཁན་དཀར་དང་།། སྤེན་ནེ་ཉ་ཁྲིག་འོམ་བུ་སོགས།། ལྗོན་ཤིང་སྣ་ཚོགས་མཆོད་པར་འབུལ།། ཀླུ་དང་ས་བདག་ཐམས་ཅད་ལ།། དཔག་བསམ་ཤིང་གི་སྐྱེད་མོས་ཚལ།། ནགས་ཚལ་མཐུག་པོར་གྱུར་ནས་ཀྱང་།། ཤིང་བཅད་འཁོན་འགྲས་བྱང་བར་མཛོད།། ནས་འབྲས་གྲོ་སྲན་ཏིལ་དང་ཁྲེ།། ཡུངས་འབྲུ་ལ་སོགས་འབྲུ་སྣ་འབུལ།། ས་བདག་བང་བ་གང་གྱུར་ནས།། བདག་དང་ཡོན་བདག་ལོ་ལེགས་མཛོད།། གསེར་དངུལ་གཡུ་དུང་བྱུ་རུ་དང་།། གཟི་མཆོང་མུ་མེན་བཻ་ཌཱུར་སོགས།། རིན་ཆེན་སྣ་ཚོགས་མཆོད་པར་འབུལ།། ས་བདག་བང་མཛོད་གང་གྱུར་ནས།། མི་ཟད་གཏེར་དང་ལྡན་པར་མཛོད།། གསེར་དངུལ་ཟངས་ལྕགས་བརྐོས་པ་ཡི།། འཁོན་འགྲས་འགྲམས་འཁྲུག་ཞི་བ་དང་།། ཡུལ་འདིའི་ས་བཅུད་འཕེལ་བར་མཛོད།། ཀླུ་གཉན་ས་བདག་ཐམས་ཅད་ལ།། བདུད་རྩི་སྨན་གྱི་མཆོད་པ་ནི།། ཕུལ་བས་ས་བདག་ཉམས་པ་སོས།། རྒྱ་མཚོ་ཝུ་བས་ཀླད་ཉམས་སོས།། ཆག་ཚང་ཀུ་བས་མགོ་ཉམས་སོས།། ཨུཏྤལ་ཕུལ་བས་མིག་ཉམས་སོས།། གླ་གོར་ཞོ་ཤས་རྣ་བ་སོས།། ཉ་ཕྱིས་སྣ་དང་འགྲམ་པ་སོས།། མཚལ་དང་ལི་ཁྲིས་ཤ་ཁྲག་སོས།། མཁལ་མ་ཞོ་ཤས་མཁལ་ནད་སོས།། ཆུ་དག་དཀར་པོས་རུས་ཉམས་སོས།། དབང་པོ་ལག་པས་ལག་ཉམས་སོས།། དུང་དང་གུ་གུལ་རྫས་དག་གིས།། རུས་པ་ཉམས་དང་དྲི་ཉམས་སོས།། ཆུ་སྲིན་སྡེར་མོས་རྐང་ཉམས་སོས།། པུ་ཤེལ་རྩེ་ཡིས་རྩ་རྒྱུས་སོས།། རྡོ་རྒྱུས་ཆུ་རྒྱུས་ཉམས་པ་སོས།། ལེ་བརྒན་དར་གྱིས་ལྗགས་ཉམས་སོས།། མགྲོན་བུས་སོ་མདངས་ཉམས་པ་སོས།། ཨ་རུ་ར་སོགས་བཟང་དྲུག་གིས།། ནང་ཁྲོལ་ཉམས་པ་ཐམས་ཅད་སོས།། སླེ་ཏྲེས་དང་ནི་བྱི་ཏང་ཀས།། རྒྱུ་མ་རལ་དང་ཉམས་པ་སོས།། ཕྱག་ཚང་ཁུ་བས་དྲོད་ཉམས་སོས།། སྤང་སྤོས་ངད་ལྡན་དྲི་ཉམས་སོས།། ཤིང་ལོ་དར་ཟབ་ལྤགས་ཉམས་སོས།། སྔར་ལས་བདེ་ཞིང་བཀྲག་མདངས་རྒྱས།། གཟི་བརྗིད་མཐུ་སྟོབས་ཕུན་ཚོགས་ནས།། བདག་དང་ཡོན་བདག་འཁོར་བཅས་ལ།། ཀླུ་དང་ས་བདག་ལས་གྱུར་པའི།། ནད་རིགས་ཐམས་ཅད་མེད་པར་མཛོད།། བདག་ཅག་བདེ་ཞིང་ལོ་ལེགས་གྱུར།། ཚེ་བསོད་དཔལ་འབྱོར་རྒྱས་གྱུར་ཅིག། བྷྲུྃ་ལས་རིན་ཆེན་སྣོད་ཡངས་པར།། ཁྃ་ལས་དཀར་གསུམ་གཏོར་མ་ནི།། ཟག་མེད་བདེ་བསྐྱེད་བདུད་རྩིའི་མཚོ།། ཟད་མེད་ལོངས་སྤྱོད་རྒྱ་ཆེན་འདི།། སེམས་དཔའ་ས་ཡི་སྙིང་པོ་དང་།། ལྷ་མོ་བརྟན་མ་ཡབ་ཡུམ་སྲས།། ལྟོ་འཕྱེ་ཆེན་པོ་ཀླུ་ཆེན་བརྒྱད།། འབྱུང་བ་སྤར་སྨེ་ལོ་ཟླའི་བདག། རྗེ་བློན་བཅུ་བདུན་ལ་སོགས་པ།། སྲིད་པའི་ས་བདག་ཀུན་ལ་འབུལ།། ཁྱད་པར་ཡུལ་ཕྱོགས་ས་སྐོར་འདིར།། ཡུལ་བདག་རི་བདག་ཆུའི་བདག། བྲག་བདག་རྡོ་བདག་ཤིང་གི་བདག། གནས་བདག་གཉུག་མར་གནས་རྣམས་ལ།། མཆོད་སྦྱིན་གཏོར་མ་འདི་འབུལ་ལོ།། ཐམས་ཅད་མཉེས་ཤིང་ཚིམས་གྱུར་ཅིག། ཨོྃ་ཨཱ་ཀ་རོ་སོགས། ཨོྃ་ཀྵིཾ་ཧི་ར་ཙ་པྲི་ཐི་དེ་ཝིཿསརྦ་བྷཱུ་མི་པ་ཏི་ས་པཱ་རི་ཝ་ར་ཨི་དཾ་བཱ་ལིངྟ་ཁཱ་ཧི་ཁཱ་ཧི༔ བདུན་བརྗོད། ཧཱུྃ། གྲངས་མེད་གོང་ནས་སངས་རྒྱས་ཀྱང་།། འགྲོ་བའི་དོན་དུ་སེམས་དཔའི་ཚུལ།། སེམས་དཔའ་ས་ཡི་སྙིང་པོ་ལ།། མཆོད་ཅིང་བསྟོད་དེ་སྐྱབས་སུ་མཆི།། བདག་དང་ཡོན་བདག་འཁོར་བཅས་རྣམས།། འཇིགས་པ་ཀུན་ལས་སྐྱོབ་པ་དང་།། རྟག་ཏུ་ལོ་ལེགས་དངོས་གྲུབ་སྩོལ།། ས་བརྒྱད་ལ་གནས་སེམས་མ་ཆེ།། སྟོང་གསུམ་འཇིག་རྟེན་ས་ཡི་བདག། ས་ཡི་ལྷ་མོ་བརྟན་མ་ལ།། མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ།། དཔག་ཚད་བརྒྱད་ཁྲི་བཞི་སྟོང་གི།། ས་ཡི་བཅུད་རྣམས་འདིར་བསྡུས་ལ།། ལོ་ལེགས་འབྲུ་འཕེལ་དངོས་གྲུབ་སྩོལ།། དག་པའི་ཞིང་དུ་ཡུམ་ཆེན་ལྔ།། མཁའ་སྤྱོད་གནས་སུ་མཁའ་འགྲོ་ལྔ།། འཇིག་རྟེན་ཁམས་འདིར་འབྱུང་བ་ཡི།། རང་རང་མདོག་མཚུངས་ལྷ་མོ་ལྔ།། མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ།། ཕྱི་ནང་འབྱུང་བའི་གཅོད་འདྲལ་དང་།། གཡོ་འཁྲུག་ངན་པ་ཞི་གྱུར་ནས།། ཕྱི་རུ་ཡུལ་ཁམས་བདེ་བ་དང་།། ནང་དུ་ལུས་ལ་ནད་མེད་མཛོད།། ལས་ལ་གྲུབ་པའི་སྟོབས་པོ་ཆེ།། ས་འཛིན་ལག་པ་ལྟོ་འཕྱེ་སོགས།། འཇིག་རྟེན་པ་ཡི་བདག་པོ་ལ།། མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ།། ས་ལོག་རི་ཉིལ་བྲག་ཞིག་དང་།། མཁར་ཁང་ལྡིབ་དང་ཞིག་རལ་སོགས།། ས་ཡི་གནོད་པ་མེད་པར་མཛོད།། དག་པ་འཕགས་ལམ་ཡན་ལག་བརྒྱད།། འཇིག་རྟེན་ལྷ་སྲིན་སྡེ་བརྒྱད་དང་།། འབྱུང་བརྒྱད་བདག་པོ་སྤར་ཁ་བརྒྱད།། ཕ་མ་བུ་ཚ་བུ་མོའི་ཚུལ།། ལོ་ཟླ་ཞག་དུས་བདག་པོ་ལ།། མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ།། ཀག་བརྒྱད་ནད་བརྒྱད་གདོན་བརྒྱད་བཟློག། སྤར་ཁའི་སྐག་དང་འགྲམས་འཁྲུགས་སོལ།། དཔལ་བརྒྱད་གཡང་བརྒྱད་དངོས་གྲུབ་སྩོལ།། དག་པ་རྣམ་ཐར་སྒོ་དགུ་སྟེ།། མ་དག་འཇིག་རྟེན་དྲེགས་པ་དགུ།། ཕོ་བྲང་ལིང་དགུ་བརྒྱད་ཅུ་གཅིག། བརྒྱ་དང་བརྒྱད་ཅུ་སྨེ་བའི་ལྷ།། མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ།། རོ་འདོད་ཆེ་ཆུང་དབུས་ཚུད་ནག། སྨེ་བ་མི་མཐུན་གནོད་པ་རྣམས།། ཞི་ཞིང་བདེ་ལེགས་མཛད་དུ་གསོལ།། དོན་དམ་མཛད་པ་བཅུ་གཉིས་ཏེ།         །ཀུན་རྫོབ་རྟེན་འབྲེལ་བཅུ་གཉིས་ནི།། དར་གུད་བཅུ་གཉིས་སྟོན་པའི་ཕྱིར།། ལོ་སྐོར་བཅུ་གཉིས་གཟུགས་སུ་ཤར།། ང་རྒྱལ་མི་ཡི་ལུས་པོ་ལ།། གཏི་མུག་དུད་འགྲོའི་མགོ་བརྙན་ཅན།། འདོད་ཆགས་བྱ་ཡི་གཤོག་པ་གདེངས།། ཞེ་སྡང་སྦྲུལ་མཇུག་སྐེད་ལ་དཀྲིས།། ཕྲག་དོག་ཁྱུང་སྡེར་ཐལ་མོ་སྦྱར།། གཅེས་པའི་སྲོག་ནི་ཁོང་དུ་སྦས།། ལུས་ཀྱི་འབྱུང་བ་གདན་དུ་བཏིང་།          །དབང་ཐང་འབྱུང་བ་གོས་སུ་གྱོན།། རླུང་རྟའི་མགོ་བོ་ཁ་ན་ཁྱེར།། བླ་གཟའ་ཕྲག་པའི་གོང་དུ་འཁུར།། མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ།། ལོ་ཟླ་ཞག་དུས་ལོག་མེན་གྱི།། སྐག་རིགས་སུམ་བརྒྱ་དྲུག་ཅུ་བཟློག། བདག་དང་ཡོན་བདག་འཁོར་བཅས་ལ།། ལོ་གཤེད་མ་འབེབས་ལོ་ལྷ་མཛོད།། ཕྱོགས་སྐྱོང་ཞིང་སྐྱོང་དྲང་སྲོང་གཟའ།། རྒྱལ་བློན་བཙུན་མོ་འབངས་འཁོར་གཟུགས།། སེ་བ་རྟ་ལུས་མི་ཡི་མགོ།། ཧལ་ཁྱི་མི་ལུས་ཁྱི་མགོ་ཅན།། ས་བདག་རྗེ་བློན་བཅུ་བདུན་ལ།། མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ།། ལོ་ཟླའི་ཕྱོགས་ནི་མི་གཙང་སར།། ཀོ་ལོང་སྡོམ་པའི་ལས་བྱས་པའི།། ཉེས་སྐྱོན་ཐམས་ཅད་མེད་པར་མཛོད།། གཡུ་འབྲུག་གསེར་སྦལ་དུང་སེང་དང་།། མཆོང་ཉ་གསེར་སྤྲེལ་གཟིག་གི་མཇུག། ཟངས་གླང་རྡོ་ལུག་ར་གན་འབྲུག། ཤེལ་གྱི་བྱ་ཁྱུང་དཀར་པོ་སོགས།      །སྲིད་པའི་གཉན་རིགས་ཐམས་ཅད་ལ།། མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ།། གཉན་རིགས་ནད་རྣམས་མེད་པར་མཛོད།། དག་པ་ཡེ་ཤེས་སྒོ་བ་བཞི།། འཇིག་རྟེན་སྲུང་བཞིའི་ཚུལ་དུ་ཤར།། སྟག་འབྲུག་བྱ་དང་སྦལ་པའི་གཟུགས།། མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ།། ཕྱོགས་བཞི་སྲུང་ཞིང་དཔལ་བཞི་བསྐྱེད།། འགྱུར་མེད་སྲ་བརྟན་དངོས་གྲུབ་སྩོལ།། གཞན་ཡང་ཡུལ་ཕྱོགས་འདིར་གནས་པའི།། ཡུལ་ལྷ་དགེ་བསྙེན་གནས་བདག་ལ།། མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ།། ཁ་འཛིན་སྡོངས་གྲོགས་རྒྱབ་རྟེན་མཛོད།། བདག་དང་རྒྱུ་སྦྱོར་ཡོན་བདག་གིས།། ལུས་ནི་གྲངས་མེད་རྡུལ་སྙེད་སྤྲུལ།། སེམས་ནི་གནོང་འགྱོད་གུས་བཏུད་ནས།། ས་ཡི་སྙིང་པོ་འཁོར་བཅས་ལ།། ཕྱག་འཚལ་བཤགས་པ་བྱེད་པར་འགྱུར།། ཨོཾ་ཀྵིཾ་ཧི་ར་ཙ་ན་མོ་ཧཱུྃ། ཨོཾ་པྲི་ཐི་དེ་ཝི་ན་མོ་ཧཱུྃ། ཨོྃ་སརྦ་བྷཱུ་མི་པ་ཏི་ཧཱུྃ།           སྐབས་འདིར། ནད་པ་ཡོད་ན་ཕྱག་འཚལ་བཅུག      བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་ཡི་སྙིང་པོ་འཁོར་བཅས་ལ་ཕྱག་འཚལ་ལོ།།  ཧོཿ བདག་དང་ཡོན་བདག་གཉེན་འདུན་བཅས།། ཚེ་རབས་བསྐལ་པ་གྲངས་མེད་ནས།། ད་ལྟའི་ལུས་ ༄༅།། འདི་ཡན་ཆད་དུ།། མི་དགེ་མི་རུང་ལས་བགྱིས་པ།། དེ་དག་ཐམས་ཅད་མཐོལ་ལོ་བཤགས།། ཕྱིན་ཆད་བགྱིད་པར་མ་གྱུར་ཅིག། བདག་དང་ཡོན་བདག་འཁོར་བཅས་རྣམས།། ཕ་མྱེས་ཡང་མྱེས་བདུན་རྒྱུད་ནས།། བུ་ཚ་ཕྱི་རབས་ཡན་ཆད་རྣམས།། ལོ་ཟླ་སྤར་ཁ་གཟའ་སྐར་རྣམས།། སྐྱེ་མི་རུང་ལ་སྐྱེས་པ་དང་།། ཤི་མི་རུང་ལ་ཤི་བ་ཡིས།། ས་བདག་འཁྲུག་པར་གྱུར་བ་རྣམས།། དེ་རིང་བཅོས་ཤིང་བཤགས་པར་བགྱི།། སྤར་ཁ་ལོ་ཟླ་ཞག་དུས་དང་།། ཚེས་གྲངས་གཟའ་སྐར་སོ་སོ་ལ།། བྱ་བ་མི་རུང་བྱས་པ་ཡིས།། ས་བདག་འཁྲུགས་པའི་ཉེས་སྐྱོན་རྣམས།། ཐམས་ཅད་བཅོས་ཤིང་བཤགས་ལགས་སོ།། དམག་ཇག་རོ་བག་མདོས་ཟོར་རྣམས།། ས་བདག་བཞུགས་པའི་ཕྱོགས་སུ་བསྐྱལ།། ཕོག་ཐུག་ཀོ་ལོང་བསྡམས་པ་རྣམས།། དེ་རིང་བཤགས་ཤིང་བཅོས་པ་ཡིན།། ཤིང་གཉན་བཅད་དང་ས་གཉན་བརྐོས།། བྲག་གཉན་བཤིག་དང་རྡོ་གཉན་སློག། ཆུ་གཉན་ཡུར་དྲངས་ནེའུ་གསིང་བརྐོས།། ཞིང་མུ་སྤང་རྒོད་འཕྲུ་འདུལ་བྱས།། ཁང་ནག་བཤུ་འགེབ་མཁར་ལས་ཀྱིས།         །ས་བདག་ཐུགས་དང་འགལ་བ་རྣམས།། དེ་རིང་བཤགས་ཤིང་བཅོས་པ་ཡིན།། རི་གཉན་ཁུས་བཏབ་རི་མེ་བཀྱེས།། བྱ་གཅན་རི་དྭགས་བསད་པ་དང་།། མནའ་གཉན་སྐྱེལ་ལེན་དཔང་པོ་བྱས།། རྡོ་ལྕགས་བསྣུར་དང་ཐབ་གཞོབ་ཀྱིས།། ས་བདག་ཐུགས་དང་འགལ་བ་རྣམས།། དེ་རིང་བཤགས་སོ་བཅོས་ལགས་སོ།། དམེ་རྨུགས་འཁོན་དང་བཙོག་ནལ་གྱིས།། ས་བདག་སྐུ་ལ་གྲིབ་ཕོག་ན།། དེ་རིང་བསང་ཞིང་དག་པར་བགྱི།། མདོར་ན་བདག་དང་ཡོན་བདག་རྣམས།། མ་ཤེས་མ་རིག་འཁྲུལ་དབང་གིས།། ས་བདག་ཐུགས་དང་གང་འགལ་བ།། ཐམས་ཅད་དེ་རིང་བཤགས་ཤིང་བཅོས།། འདི་ཕྱིར་སྒྲིབ་པར་མ་གྱུར་ཅིག། ཁྱེད་རྣམས་བཟོད་པ་དང་དུ་བཞེས།། མི་སྒྲིབ་ཚངས་པའི་དངོས་གྲུབ་སྩོལ།། ས་སྙིང་ཐུགས་ཀར་ཟླ་བའི་སྟེང་།། ཀྵིྃ་མཐར་སྔགས་ཀྱིས་བསྐོར་བ་དང་།། བརྟན་མའི་ཐུགས་ཀར་བྃ་མཐར་སྔགས།། འཁོར་རྣམས་ཐུགས་ཀར་རང་རང་གི །མིང་ཡིག་དང་པོ་ཐིག་ལེས་མཚན།། དེ་མཐར་ཨོྃ་དང་སྭཱ་ཧཱའི་བར།། རང་མིང་སྔགས་ཀྱིས་བསྐོར་བ་དེ།། རང་གི་ཐུགས་ཀའི་འོད་ཀྱིས་བསྐུལ།། ཕོ་རྣམས་གཡས་འཁོར་མོ་གཡོན་འཁོར།། དེ་ལས་འོད་ཟེར་དཀར་པོའི་ཚོགས།། བདུད་རྩིའི་རང་བཞིན་དཔག་མེད་འཕྲོས།། བདག་དང་ཡོན་བདག་རྣམས་ལ་ཕོག། སྡིག་སྒྲིབ་ནད་གདོན་བར་ཆད་ཀུན།། བ་མོར་ཉི་ཟེར་ཕོག་ལྟར་དག། བདུད་རྩི་ཚངས་བུག་ནས་ཞུགས་པས།། བདུད་རྩིས་ལུས་ཀུན་ལྟེམས་སེ་གང་།། ས་བདག་ནད་དང་གནོད་པ་ཀུན།། བ་སྤུའི་སྒོ་དང་སེན་དབྲག་ནས།། འབུ་སྲིན་ཚུལ་དུ་ཕྱིར་ཐོན་ནས།། བར་སྣང་ཁམས་སུ་འཇའ་ལྟར་ཡལ།། སླར་ཡང་མདུན་གྱི་ལྷ་རྣམས་ལས།། གསེར་གྱི་མདོག་ཅན་འོད་འཕྲོས་པས།། བདག་དང་ཡོན་བདག་ཚེ་ ༄༅།། བསོད་རྒྱས།། དཔག་ཚད་བརྒྱད་ཁྲི་བཞི་སྟོང་གི།། ས་བཅུད་བསྡུས་ནས་གནས་དེར་ཐིམ།། བཀྲག་དང་གཟི་མདངས་སྣུམ་འོད་ལྡན།། ས་བཅུད་དངོས་གྲུབ་ཐོབ་པར་གྱུར།། ཨོྃ་ཀྵིཾ་ཧི་ར་ཙ་པྲི་ཐི་དེ་ཝི་སྭཱ་ཧཱ། ཞེས་ཅི་ནུས་བཟླ། ཨོྃ་ཀྵིཾ་ཧི་ར་ཙ་པྲི་ཐི་དེ་ཝི་སརྦ་སིདྔྷི་སྭཱཧཱ། ལོ་ལེགས་ཕྱིར་ཡིན་ན་འདི་ཅི་མང་བཟླ། ཨོྃ་ཨ་ཀ་ནི། ནི་ཀ་ནི། ཨ་བྷི་ལ། མན་དྷ་ལེ། མཎྜ་ལེ་སྭཱ་ཧཱ། འཁྲུགས་བཅོས་ཡིན་ན་འདི་ཅི་མང་བཟླ། ཨོཾ་ལས་སུ་རཀྵ་འདུས། ཨ་ལ་མ་རཀྵ་འདུས༔ ཧཱུྃ་ཧཱུྃ་ངྷ་ངྷ་དུ་ངྷ་མ་ཡེ་ཏ་ཀེ་ཙ་ཀེ་ཧཱུྃ་ཕཊ། ས་བདག་གཉན་གྱི་གདུག་པ་ཞི་བར་གྱུར་ཅིག ཕོག་ཐུག་ཤོར་ན་འདི་ཉིད་ཅི་མང་བཟླའོ།། ཨོྃ་ཀྵིྃ་ཧི་ར་ཙཿ པྲི་ཐི་དེ་ཝིཿབྷཱུ་མི་པ་ཏིཿ་སརྦ་རོ་ག་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ནད་པ་ཡིན་ན་འདི་ཅི་མང་བཟླའོ།། འབྲུ་སྣ་མཐེབ་ཀྱུ་གསོ་བྲན་བྱ། དེ་ཡན་ཚར་གྲངས་སྟོང་རྩའམ། ལོ་གྲངས་སུམ་འགྱུར་བརྒྱ་རྩའམ། བཅུ་འམ་བདུན་ལྔ་གསུམ་ལ་སོགས། དལ་ཁོམ་དོ་གལ་ཆེ་ཆུང་དང་བསྟུན། ཤིང་རྩི་འདི་ནས་འབུལ། དེ་ནས་རྗེས་ཆོག་གཤེགས་གསོལ་ནི། ཨོྃ་ཀྵིཾ་ཧི་ར་ཙ། པྲི་ཐི་དེ་ཝི། སརྦ་བྷཱུ་མི་པ་ཏིཿ            ཨརྒྷྃ སོགས། ས་སྙིང་ས་ཡི་ལྷ་མོ་དང།། ས་བདག་ཚོགས་ལ་ཕྱག་འཚལ་བསྟོད།། མཆོད་གཏོར་ཆུང་དང་རྫས་མ་འཛོམས།། ཉེས་འགལ་གང་མཆིས་མཐོལ་ལོ་བཤགས།། ས་སྙིང་ས་ཡི་ལྷ་མོ་གཉིས།། བདག་དང་ཡོན་བདག་སྦྲ་ཁང་དང་།། ཞིང་ལ་བརྟན་བཞུགས་ས་བཅུད་སྤེལ།། འཇིག་རྟེན་ས་ཡི་ས་བདག་རྣམས།། རང་རང་སོ་སོའི་གནས་སུ་གཤེགས།། ལོ་ཀ་བྷཱུ་མི་པ་ཏི་སརྦ་གཙྪཿ དེ་ནས་བཀྲ་ཤིས་གང་ཤེས་བརྗོད།། ཕྱོགས་མཚམས་གཏོར་མ་ཤིང་རྩི་རྣམས།། ཁང་ཐོག་ཕྱོགས་མཚམས་བརྒྱད་དུ་ཕུལ།། འབྲོག་པ་ལ་ཕྱོགས་མཚམས་གཙང་སར་བསྐྱལ།། གཙོ་བོའི་གཏོར་མ་ཁང་དཀྱིལ་ལམ།། སྦྲ་ཡི་གུང་ཁར་ཕུལ་བ་ཡིན།། ཀུན་ཀྱང་ཚུལ་བླངས་དངོས་གྲུབ་བྱ།། ཀླུ་སྨན་བཏབ་པའི་འོ་ཆབ་དང་།། འབྲུ་སྣ་ཤིང་རྩི་ཡོས་བཀྲ་རྣམས།། ཕོག་ཐུག་ཤོར་བའི་ས་རུ་བསྐྱལ།། གལ་ཏེ་བུམ་གཏེར་ཡོད་ན་ནི།། རྒྱབ་རི་ས་དཔལ་བཟང་སར་སྦས།། སྦ་ཚུལ་ལོགས་སུ་གསལ་ལྟར་ཡིན།། གནམ་ཆོས་ནས་བྱུང་སྒྲུབ་ཐབས་དང་།། འཁྲུགས་པ་ཡོ་བཅོས་དབང་ཆེན་དང་།། སྣང་བརྒྱད་མདོས་ཀྱི་དོན་བསྡུས་ནས།། ར་ག་ཨཱ་སྱས་འཕྲལ་དུ་སྨྲས།། ཉེ་གནས་ཀརྨ་ཀུན་དགས་བྲིས།། ཉེས་འགལ་མཆིས་ན་ལྷ་ལ་བཤགས།། ཇི་སྲིད་འཁོར་བ་གནས་ཀྱི་བར།། རྐང་གཉིས་རྣམས་ལ་ཕན་པར་ཤོག། མངྒལཾ།། །།



 


མཐའ་མའི་འདོན་ཐེངས་།: 04.07.2024 ཉིན། 2:31 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

རྫོགས་རིམ་པའི་རྣམ་གཞག་བཤད་པ།

ཡན་ལག་སྨན་ཁང་གསར་པ་དབུ་འབྱེད།

དཔེ་མཛོད་དོ་དམ་པའི་ས་མིག་གསལ་བསྒྲགས།

དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱན་ལས་སེམས་ཀྱི་འཇིག་རྟེན་བཤད་པ།

ཡིད་སྐྱོའི་གནས་ཚུལ།

གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ།

གློ་ཚད་གཉན་སྲིན་ཁྱབ་གདལ།

བལ་ཡུལ་དུ་སྨན་རྩིས་ལས་སྣེ་ས་མིག

ཧོར་གྱི་མེ་བཙའི་འབྱུང་ཁུངས་ལ་དཔྱད་པ།

སྤྱི་ཁྱབ་འགན་འཛིན་གྱི་བོད་དྲུང་ས་མིག་གསལ་བསྒྲགས།

སྨན་རྩིས་ལས་སྣེ་བདུན་གྱི་ས་མིག་གསལ་བསྒྲགས།

མེ་རི་ཊིའི་གཙུག་ལག་སློབ་ཡོན་གྱི་ལས་གཞི་ལོ་བཅུ་འཁོར་བའི་མཛད་སྒོར་བཅར།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།