སྨན་རྩིས་དྲ་བ། - སྨན་རྩིས་ཁང་གི་བྱུང་རབས། སྨད་ཆ།

མཇུག་གི་གཏམ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 11.04.2016
སྨན་རྩིས་ཁང་གི་བྱུང་རབས། སྨད་ཆ། >>

<< བོད་གཞུང་སྨན་རྩིས་ཁང་གི་བྱུང་རབས། སྨད་ཆ། >>


མཇུག་གི་གཏམ།

ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཁྱེན་བརྩེའི་འོད་སྣང་ལས་བྱུང་བའི་བོད་གཞུང་སྨན་རྩིས་ཁང་དབུ་བརྙེས་པ་ནས་བཟུང་། ད་ལྟའི་བར་མི་རབས་རྒན་པ་དག་གི་ལྷག་བསམ་བཀའ་དྲིན་ལས་སྨན་རྩིས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་མཛད་རྗེས་རྣམས་ལོ་ལྔ་བཅུའི་དུས་དྲན་སྲུང་གཙིའི་སྐབས་དང་བསྟུན། སྨན་རྩིས་ཁང་གི་ལོ་རྒྱུས་བརྙན་འཁོར་བཟོ་སྒྲིག་བྱས་པ་དང་།  ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འགྲེམས་སྟོན་དཔར་རིས་ཆེད་སྒྲིག་ཞུས་པ། ངོ་སྤྲོད་དེབ་ཆུང་བོད་ཨིན་རྒྱ་གསུམ་ནང་དཔར་འགྲེམས་ཞུས་པ་མ་ཟད། སྔོན་འཆར་ལྟར་སྨན་རྩིས་ཁང་གི་ལོ་ལྔའི་གནས་བབས་དང་འཕེལ་རིམ་མཚོན་པའི་ལོ་རྒྱུས་སྒྲོམ་གཞི་ཆེད་བསྒྲིགས་ཀྱིས་ངེས་སྟོན་པ་མཆོག་གིས་གཙོས་འཛིན་སྐྱོང་ལ་སྤྱན་འབུལ་སྙན་སེང་ཞུས་པ་བཞིན་འཛིན་སྐྱོང་ནས་དེ་བཞིན་དུ་བགྱི་གལ་ཆེ་བས་མཇུག་སྐྱོང་གནང་དགོས་པའི་བཀོད་ཁྱབ་གནང་བ་བཞིན།  ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཙམ་ནས་མགོ་འཛུགས་ཞུ་རྒྱུའི་ལས་རིམ་བཀོད་སྒྲིག་ཞུས་ཀྱང་། མཛད་སྒོ་དངོས་གཞི་དང་འབྲེལ་བའི་ལས་དོན་སྣ་མང་དབང་གིས་མགོ་འཛུགས་བྱེད་མ་ཐུབ་པར་ཕྱི་ལོ་ ༢༠༡༡ ཟླ་ ༤ བར་དུ་ནར་འགྱངས་བྱུང་ཞིང་། ཟླ་ ༤ ཚེས་ ༡ ཉིན་གོ་སྒྲིག་ཚོགས་མི་རྣམས་ལྷན་འཛོམས་ཀྱིས་ཚོགས་མི་རྣམས་ལ་ལས་བགོས་བྱས་ཏེ་ཟླ་བ་དེའི་ཚེས་ ༡༠ ཙམ་ལ་མགོ་འཛུགས་ཞུ་རྒྱུ་དང་། དེའི་གཙོ་འགན་གུས་བ་ནས་ལེན་རྒྱུ་དང་ལས་རོགས་སྨན་པ་ཨོ་ཤོད་བསོད་ནམས་སྒྲོལ་དཀར་གཏན་འཁེལ་བྱས་པ་མ་ཟད། ལོ་རྒྱུས་ཀྱི་རྒྱུ་ཆ་འཚོལ་སྒྲུབ་དང་གློག་ཀླད་ནང་དཔར་རྩ་འཇུག་རྒྱུ་སོགས་ཀྱི་ཆེད་ཕྱི་ཕྱོགས་ནས་མི་གཉིས་ཙམ་ཞབས་གཡར་ཞུ་རྒྱུ་བཅས་ཀྱི་གྲོས་འཆར་རྣམས་འཛིན་སྐྱོང་ལ་སྙན་གསེང་ཞུས་པར། དྲུང་ཆེ་མཆོག་ནས་ལས་བྱེད་བཀོད་སྒྲིག་ཚོགས་ཆུང་འཚོགས་ཏེ་ཐག་གཅོད་བྱ་རྒྱུ་ཡིན་པར་གསུང་པ་བཞིན། ལས་བྱེད་བཀོད་སྒྲིག་ཚོགས་ཆུང་ནང་ལོ་རྒྱུས་རྩོམ་སྒྲིག་གི་ལས་དོན་དེ་འཛིན་སྐྱོང་ནས་འགན་ལེན་བྱ་རྒྱུའི་ཐག་གཅོད་བྱུང་འདུག། དེ་ལྟར་ཐག་གཅོད་བྱུང་ཞེས་ཡིག་ཆུང་ཞིག་བཏང་འབྱོར་བྱུང་བར་བརྟེན་ལྔ་བཅུའི་གོ་སྒྲིག་ཚོགས་ཆུང་ནས་ལོ་རྒྱུས་དེ་བཞིན་འབྲི་མི་དགོས་པ་གཞིར་བཞག་བྱས་པ་ཡིན། 

འོན་ཀྱང་འཛིན་སྐྱོང་ནས་ལས་དོན་དེའི་ཐད་ཐབས་འཚོལ་བྱས་ཀྱང་དོན་འབྲས་མ་སོན་པར་དུས་ཡུན་ཟླ་བ་གསུམ་ལྷག་སོང་རྗེས་སྐུ་ངོ་ངེས་སྟོན་པ་མཆོག་དང་དྲུང་ཆེ་བཅས་ལྷན་འཛོམས་སྐབས། ལོ་རྒྱུས་རྩོམ་སྒྲིག་གི་ལས་གཞི་དེ་སྔར་གྱི་འཆར་ཟིན་ལྟར་གློག་ཀླད་དུ་འཇུག་སྒྲིག་སོགས་ཀྱི་ཆེད། ལས་རོགས་གཉིས་ཙམ་ཕྱི་ཕྱོགས་ནས་ཞབས་གཡར་བྱ་རྒྱུ་དང་། ཞབས་གླ་ལས་བྱེད་གནས་རིམ་ལྔ་བའི་རྩ་ཕོགས་གནང་རྒྱུ། འདི་གར་སྡོད་རིང་ལས་ཤག་བཅས་ཀྱི་མཐུན་རྐྱེན་སྦྱོར་རྒྱུའི་ཐག་གཅོད་བྱུང་དོན་བཞིན་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་མཁན་ལས་རྣམ་པར་རེ་ཞུས་ལྟར་ཞལ་བཞེས་བཀའ་དྲིན་ཐོབ་སྟེ་དགེ་འདུན་པ་གཉིས་ཟླ་ངོ་གསུམ་ལྷག་རིང་ཞབས་གཡར་གྱིས་ཕྱི་ཟླ་ ༧ ཚེས་ཤར་ཙམ་ནས་ཕྱི་ཟླ་ ༡༠ ཚེས་ ༡༠ བར་ལས་དོན་དེའི་ཐད་ལས་ཞུགས་བྱས་ཤིང་། དེ་ཡང་ཕྱི་ཟླ ༦ ཚེས ༣༡ ཉིན་སྨན་རྩིས་རིག་གཞུང་ལྷན་ཚོགས་ཐོག་སྔར་ནས་སྒྲིག་ཟིན་པའི་ལོ་རྒྱུས་རྩོམ་སྒྲིག་གི་སྒྲོམ་གཞི་སྦྱང་བཤད་དང་འབྲེལ་སྣོན་ཕྲི་འཕར་གཅོག་ཅི་དགོས་གཏན་འཁེལ་བྱུང་བ་བཞིན་གུས་དང་སྨན་པ་བསོད་ནམས་སྒྲོལ་དཀར་གཉིས་ཀྱིས་འགན་ཁུར་འོག ལས་རོགས་འབྲས་སྒོ་མང་གྲྭ་ཤ་བྲང་བློ་བཟང་བསྟན་པ་དང་། འབྲས་ཀླུ་དཀར་མོ་འཇམ་དབྱངས་བསམ་གཏན་བཅས་ངེད་མི་སྣ་བཞི་ལས་གྲུབ་པའི་རྩོམ་སྒྲིག་ཚོགས་ཆུང་ནས་ལོ་རྒྱུས་རྩོམ་སྒྲིག་གི་ལས་གཞི་དངོས་སུ་མགོ་འཛུགས་ཞུས།

དེ་ཡང་སྨན་རྩིས་ཁང་གི་ལོ་རྒྱུས་བརྙན་འཁོར་སྒྲིག་སྐབས་ནས་གསོག་འཇོག་བྱས་པའི་རྒྱུ་ཆ་ཁག་དང་། ལྷག་པར་སྨན་རམས་པ་ཆོས་ལོ་ཐར་གྱིས་རྩོམ་སྒྲིག་གནང་བའི་ལོ་རྒྱུས་དེ་བཞིན་གཞི་རྩར་བཞག་སྟེ་བཀའ་ཤག་ཡིག་ཆ་ཉར་ཚགས་ཁང་གིས་གཙོས་འབྲེལ་ཡོད་སྡེ་ཚན་ཁག་དང་།  འབྲེལ་ཡོད་མི་སྣ་བཅས་སུ་ཆེད་བཅར་གྱིས་བཅར་འདྲི་བརྒྱུད་རྒྱུ་ཆ་འཚོལ་སྒྲུབ་བྱས་པའི་ཐོག སྨན་རྩིས་ཁང་གི་ལས་བསྡོམས་ཡིག་ཆ་ཁག་གཙོ་བོར་བཟུང་སྟེ་དགོས་ངེས་རྒྱུ་ཆ་ཟུར་འདོན་དང་ཞིབ་བསྡུར་སོགས་ཀྱི་ཆེད་དུས་ཚོད་གང་འཚམས་གཏོང་དགོས་བྱུང་ཞིང་། རྒྱུ་ཆ་འཚོལ་ཞིབ་བྱུང་བ་ཁག་གདམས་གསེས་ཀྱིས་རྩ་འཛིན་སྒྲོམ་གཞི་ལྟར་གློག་ཀླད་དུ་འཇུག་སྒྲིག་བྱས།

དེ་ཡང་རིམ་པ་བཞིན་འཛིན་སྐྱོང་སྤྱི་ཡོངས་ཀྱི་གནས་བབས་དང་ལས་དོན་གལ་ཆེའི་རིགས་འགན་འཛིན་སོ་སོའི་སྐབས་དང་སྦྱར་ཏེ་སྟོད་ཆར་བཀོད་ཡོད་ཅིང་།  སྨད་ཆའི་ནང་དུ་དབུས་རིག་གཞུང་སྡེ་ཚན་ཁག་གིས་གཙོས་སྡེ་ཚན་གཞན་རྣམས་དང་། དེ་བཞིན་ཡན་ལག་ཁག  ད་དུང་ྋསྐུའི་བླ་སྨན་པ་དང་བླ་ཞབས་རྣམ་པས་གཙོས་ཞབས་ལོ་སུམ་ཅུ་ཅན་དང་ཉི་ཤུ་ཟིན་པའི་སྨན་རྩིས་ལས་བྱེད་རྣམས་ཀྱི་ངོ་སྤྲོད་མདོར་བསྡུས་བཅས་ཞིབ་འགོད་ཞུས་ཡོད་པ་མ་ཟད། ཕྱི་ལོ་ ༡༩༦༡ ཙམ་ནས་སྨན་རྩིས་ཁང་དུ་ལས་ཞུགས་བྱས་པའི་ལས་བྱེད་རྣམས་གཅིག་ཀྱང་མ་ཆད་པར་ལས་གནས་གང་གི་ཐོག་དུས་ཡུན་ཅི་ཙམ་རིང་ལས་ཞུགས་བྱས་ཡོད་མེད་ཀྱི་གནས་བབས་རེའུ་མིག་ཏུ་གསལ་འགོད་ཞུས་ཡོད་པས་སྨན་རྩིས་ལས་བྱེད་མི་རེ་ངོ་རེའི་ལས་དོན་བྱེད་ཕྱོགས་སོགས་གང་འཚམས་མཚོན་ཐུབ། དེ་བཞིན་དུ་རང་རེའི་བཙན་བྱོལ་སྤྱི་དང་ལྷག་པར་སྨན་རྩིས་ཁང་དང་འབྲེལ་ཤུགས་ཆེ་བའི་ཕྱི་རྒྱལ་ཁག་དང་རྒྱ་གར་ནང་གི་གྲོང་དང་ཡུལ་མིང་སོགས་ཀྱི་ཐ་སྙད་གཅིག་གྱུར་མེད་པ་དག ད་ལམ་རང་གཞུང་ཤེས་རིག་ནས་སྒྲ་སྒྱུར་ལག་དེབ་ཅེས་པ་ཞིག་འགྲེམ་སྤེལ་གནང་བ་དེ་གཞི་རྩར་བཟུང་པའི་ཐོག་ཤན་སྦྱར་བྱས་ཡོད། དེ་ཡང་རྒྱ་གར་ནང་གི་གྲོང་དང་ཡུལ་མིང་རྣམས་རྒྱ་གར་སྐད་གདངས་དང་མཐུན་གང་ཐུབ་བྱས་ཡོད་ལ། ཕྱི་རྒྱལ་ཡུལ་གྲུ་ཁག་གི་གྲོང་དང་ཡུལ་མིང་རྣམས་ཨིན་ཇིའི་སྒྲ་གདངས་དང་མཐུན་ཐབས་ལ་འབད་བརྩོན་ཞུས་ཡོད་པས་གལ་སྲིད་ཀློག་པ་པོས་མིང་དོན་གྱི་འབྲེལ་བ་རྟོགས་མ་ཐུབ་ཚེ་གཤམ་དུ་ཤན་སྦྱར་བྱས་པའི་ཨིན་བོད་ལས་ཤེས་པར་བྱའོ།།

ལོ་རྒྱུས་སྟོད་སྨད་གཉིས་ཀྱི་མ་ཟིན་རྣམས་གློག་ཀླད་དུ་བཅུག་སྟེ་ཡིག་དོན་གཉིས་ཀྱི་ཐད་གཟབ་ནན་གྱིས་ཞུ་དག་ལན་མང་བྱས་རྗེས། རིག་གཞུང་ལྷན་ཚོགས་ཐོག་སྦྱང་བཤད་བྱས་པ་བརྒྱུད་སྣོན་འཕྲི་གཏོང་དགོས་རིགས་བཏང་སྟེ་མཐར་སྨན་རྩིས་རིག་གཞུང་ཞིབ་འཇུག་སྡེ་ཚན་གྱི་འགན་འཛིན་གཞོན་པ་སྨན་པ་འཇམ་དབྱངས་རྒྱ་མཚོ་དང་བོད་དྲུང་བློ་བཟང་བཀྲ་ཤིས་གཉིས་ནས་ཞུ་དག་རམ་འདེགས་གང་ཐུབ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ༼སྨན་པ་འཇམ་དབྱངས་རྒྱ་མཚོས་སྟོད་ཆ་དང་། བོད་དྲུང་བློ་བཟང་བཀྲ་ཤིས་ནས་སྨད་ཆར་ཞུས་དག་གནང་༽ལས་དོན་འདིར་དབུས་སྡེ་ཚན་ཁག་གི་འགན་འཛིན་རྣམ་པས་གཙོས་དངོས་ཤུགས་བརྒྱུད་གསུམ་ནས་རོགས་འདེགས་གནང་མཁན་ཡོངས་དང་།  ལྷག་དོན་སྨན་རྩིས་ཁང་གི་ངེས་སྟོན་པ་ྋསྐུའི་བླ་ཞབས་སྨན་རམས་པ་ཚེ་དབང་རྟ་མགྲིན་མཆོག་ནས་གང་ཅིའི་ཐད་རམ་འདེགས་བླ་མེད་གནང་བ་དང་། གློག་ཀླད་ཆེད་ལས་པ་བསྟན་འཛིན་ཀུན་བཟང་ནས་རྒྱབ་ཤོག་ཇུས་འགོད་དང་དཔར་རིས་བཅུག་སྒྲིག་གི་ལམ་སྟོན་ཞུས་པ། ལྷ་མོ་སྐྱིད་འཛོམས་ནས་དེབ་གཟུགས་ཇུས་འགོད་ཞུས་པ། སྨན་རྩིས་རིག་གཞུང་ཞིབ་འཇུག་སྡེ་ཚན་ནས་གོང་ས་མཆོག་གི་གསུང་འཕྲིན་སོགས་ཕབ་བསྒྱུར་གྱི་རོགས་འདེགས་གནང་བ། ལྔ་བཅུའི་གོ་སྒྲིག་ཚོགས་མི་རྣམས་ནས་གུས་གཉིས་ལ་རྒྱུ་ཆ་འཚོལ་སྒྲུབ་སོགས་ཀྱི་རོགས་འདེགས་གང་ཐུབ་ཞུས་པ། ལྷག་དོན་སྐལ་བཟང་བདེ་ཆེན་ནས་སྨན་རྩིས་ཁང་གི་ལས་བྱེད་ཡོངས་ཀྱི་མིང་དང་ལོ་དུས་སོགས་ཀྱི་རེའུ་མིག་གི་རྒྱུ་ཆའི་ཐད་དུས་ཡུན་གང་འཚམས་བཏང་བ། ཕྲན་གཉིས་ནས་རྡོར་གདན་འགྲེམས་སྟོན་དང་དིལླིའི་འགྲེམས་བཅས་ཀྱི་སྐབས་སུ་དཔར་རིས་རྣམས་སྒྲིག་འཇུག་དང་།  དེབ་ཀྱི་སྒྲིག་བཀོད་སོགས་མཐའ་མའི་དག་བཅོས་གང་ཐུབ་བྱས་པའི་ཁར་ཝི་ཨེན་པར་ཁང་ནས་ཉིན་གྲངས་བཅུ་ཙམ་གྱི་རིང་ལ་དཔར་རིས་སོགས་བཟོ་སྒྲིག་གི་ལས་དོན་ལ་རོགས་འདེགས་ཤུགས་ཆེར་གནང་བ་བཅས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

 


དེ་ལྟར་མི་སྣ་གང་མང་ཞིག་གི་རོགས་འདེགས་ལ་བརྟེན་ལོ་རྒྱུས་རྩོམ་སྒྲིག་གི་ལས་དོན་དེ་བཞིན་དུས་ཡུན་ཧ་ཅང་ཐུང་ངུ་སྟེ་ཟླ་ངོ་བདུན་ཙམ་རིང་ཉིན་མཚན་དབྱེར་མེད་དུ་འབད་པ་ཆེ་བསྐྱེད་ཀྱིས་དེབ་ཕྲེང་སྟོད་སྨད་གཉིས་རྒྱ་གར་རྒྱལ་ས་དིལླིའི་ཝི་ཨེན་དཔར་སྐྲུན་ཁང་ནས་དཔར་བསྐྲུན་ཞུས་ཏེ། ལྔ་བཅུའི་མཇུག་སྡོམ་མཛད་སྒོའི་ཐོག་རྒྱ་ཆེའི་གཟིགས་པ་པོའི་སྤྱན་ལམ་དུ་འགྲེམ་སྤེལ་ཐུབ་པ་བྱུང་པ་ནི་དགའ་སྤོབས་བྱེད་འོས་སུ་མཐོང་། འོན་ཀྱང་ལོ་རྒྱུས་རྒྱུ་ཆ་རྩ་བརླག་ཏུ་སོང་པ་དང་། འཚོལ་རྙེད་མ་ཐུབ་པ་སོགས་ཀྱི་དབང་གིས་ལོ་རྒྱུས་དེབ་ཕྲེང་འདིའི་ནང་དུ་ཆ་མ་ཚང་བའི་གནད་དོན་རེ་ཟུང་ཡོད་ངེས་པ་དང་།  ལྷག་དོན་རང་ཉིད་ལོ་རྒྱུས་འབྲི་རྩོམ་ཐད་སྐྱེས་སྦྱང་གི་ཡོན་ཏན་ཞན་པའི་དབང་གིས་དེབ་ཕྲེང་འདིར་སྐྱོན་གནས་ཡོད་སྲིད་པས་མཁྱེན་ལྡན་རྣམས་ནས་ལྷག་བསམ་གྱི་ཆུ་འཛིིན་གསེབ་ནས་རྣམ་དཔྱོད་སྤུ་རྩེས་དྲང་སྲོང་གི་དག་བཅོས་ཡོང་བའི་རེ་བ་ཤིན་ཏུ་ཟབ། ལྷག་པར་གུས་པར་ལས་བྲེལ་ཆེ་བ་དང་ལོ་རྒྱུས་འབྲི་རྩོམ་གྱི་དུས་ཡུན་ཐུང་དྲག་པའི་དབང་གིས་ཐོག་མའི་དམིགས་ཡུལ་བཞིན་བསྒྲུབས་ཐུབ་མེད་པ་དང་།  ལས་བསྡོམས་སོགས་ཚིག་ཉོག་ཆེ་ཞིང་ཚིག་འགྲོས་མི་འདྲ་བའི་རྒྱུ་ཆ་སྣ་མང་ཞིག་ཡོད་པ་དེ་དག་ཚིག་གི་འགྲོས་གཅིག་ཏུ་སྒྲིག་གང་ཐུབ་བྱས་ཀྱང་རང་གི་འདོད་བློ་ཁེངས་པ་ཞིག་ཡོང་ཐུབ་མེད་པས་རྒྱ་ཆེའི་ཀློག་པ་པོ་རྣམས་ལ་བཟོད་གསོལ་ཞུ་རྒྱུ་མ་ཟད།    སླད་ཕྱིན་དེབ་ཕྲེང་འདི་གཉིས་བརྗོད་དོན་གྱི་ཆ་ནས་ཁུངས་གཏུག་སར་བཟུང་འོས་སུ་ཡོད་ཀྱང་དག་ཆ་ཕྲན་བུ་དང་ཚིག་འགྲོས་རེ་ཟུང་ལ་དག་བཅོས་དགོས་ངེས་ཡིན་པས་དེ་དོན་ལ་དགོངས་འཇགས་ཡོང་བ་ཞུ་རྒྱུ་བཅས།

གཙོ་འགན་རྩོམ་སྒྲིག་པས། ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས ༡༥ ལ།

 


མཐའ་མའི་འདོན་ཐེངས་།: 16.04.2016 ཉིན། 12:04 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།