མཆོད་བརྗོད། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 08.04.2016 |
བོད་གཞུང་སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ། >>
མཆོད་བརྗོད།
སྨོན་ལམ་མཆོག་གྲུབ་མཁྱེན་བརྩེ་ཀུན་སྙོམས་པའི།།
བདེ་གཤེགས་སྨན་གྱི་བླ་མ་མཆེད་བརྒྱད་དང་།།
ཤེས་རབ་མཆོག་སྩོལ་བརྟན་པའི་འཁོར་ལོ་ཡིས།།
བྱིན་རླབས་གཏེར་ཆེན་སྤྱི་བོའི་རྒྱན་དུ་ཕོབས།།
བཅོམ་ལྡན་དུས་ཀྱི་འཁོར་ལོའི་ཉིན་བྱེད་དབང།།
མངོན་པར་སྤེལ་མཛད་ཆོས་རྒྱལ་ཆེ་བདུན་དང་།།
རིག་ལྡན་ཉེར་ལྔ་ལ་སོགས་ས་ཐོབ་ཀྱི།།
བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་བསྟོད།།
ལེགས་ཉེས་རྣམ་འབྱེད་སྐར་ནག་དབྱངས་གསུམ་གྱི།།
གཞུང་ལུགས་རབ་འབྱམས་ཀུན་ལ་དབང་འབྱོར་བའི།།
སྨྲ་བའི་ཁྱུ་མཆོག་རྒྱ་མཚོ་རྣམ་གསུམ་དང།།
ལོ་ཆེན་དྷརྨ་བཅས་པའི་ཞབས་ལ་འདུད།།
གངས་ཅན་གསོ་རིག་བསྟན་པའི་ཕྱི་མོ་མཆོག།།
གདོད་ནས་སྤེལ་མཛད་དཔྱད་བུ་ཁྲི་ཤེས་ཞབས།།
སྨན་པའི་ཐོག་མ་དུང་གི་ཐོར་ཅོག་སོགས།།
གསོ་དཔྱད་སྲོལ་འབྱེད་རྣམས་ནི་ཕྱག་གི་ཡུལ།།
སྙན་བརྒྱུད་གསོ་དཔྱད་རིག་པ་བརྒྱ་ཕྲག་གི།
སྙིང་པོ་གཅིག་ཏུ་བསྡུས་པའི་རྒྱུད་ཆེན་བཞི།།
གསར་གཏོད་མཛད་མཁས་གཡུ་ཐོག་གསར་རྙིང་ཞེས།།
གངས་ཅན་མཁས་པའི་ཁྱུ་མཆོག་རྣམ་གཉིས་རྒྱལ།།
གཞུང་ལུགས་རྒྱ་མཚོའི་མཐར་སོན་མཐོང་བརྒྱུད་ཀྱི།།
ལག་ལེན་མན་ངག་བྱེ་བའི་རབ་ཕྱུག་པའི།།
འཚོ་བྱེད་དེད་དཔོན་བྱང་ཟུར་རྣམ་གཉིས་ལ།།
མི་ཕྱེད་དང་བ་ཆེན་པོས་གུས་ཕྱག་འཚལ།།
སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་།།
ལུགས་གཉིས་དབང་བསྒྱུར་ལྔ་བ་ཆེན་པོའི་ཞབས།།
བོད་འབངས་བདེར་བཀོད་ཐུབ་བསྟན་རྒྱ་མཚོ་བཅས།།
བཀའ་དྲིན་མཚུངས་མེད་གསུམ་ལ་སྤྱི་བོས་མཆོད།།
གཏེར་སྟོན་ཆེན་པོ་གྲྭ་བ་མངོན་ཤེས་དང།།
བཻ་རོ་ཙ་ན་བྲང་ཏི་དཔལ་ལྡན་ཞབས།།
བྱར་པོ་པཎ་ཆེན་སྐྱེམས་པ་ཚེ་དབང་སོགས།།
གསོ་རིག་སྨྲ་དབང་རྣམས་ལ་གུས་ཕྱག་འཚལ།།
སྨན་རྩིས་ཆུ་གཏེར་རྣམ་དཔྱོད་རལ་གྲི་ཡིས།
ལན་མང་བསྲུབས་པའི་ཆུ་ཀླུང་ཁྲི་འབུམ་གྱི།།
ཡང་ཞུན་གཅིག་ཏུ་བསྡུས་པའི་འཕྲིན་ལས་རླབས།།
དེང་བར་གསལ་མཛད་སངས་རྒྱས་རྒྱ་མཚོར་མཆོད།།
སྙིང་རྗེའི་རང་གཟུགས་ཕྱག་ན་པདྨོ་ཡི།།
བླ་སྨན་བཀྲས་ཁང་བྱམས་པ་ཐུབ་དབང་དང།།
མཚུངས་མེད་མཁྱེན་རབ་ནོར་བུ་ལ་སོགས་པའི།།
སློབ་རྒྱུད་འཚོ་བྱེད་རྣམས་ལ་མཆོད་ཅིང་བསྟོད།།
མཚོ་སྐྱེས་རྒྱལ་བའི་གཡར་དམ་གཉན་པོ་བཞིན།།
དཔལ་ལྡན་རྒྱུད་བཞིའི་མཛད་འཕྲིན་རྒྱ་མཚོའི་རླབས།།
དུས་སུ་སྲུང་བའི་དམ་ཅན་སྡེ་དགུ་དང་།།
ཁྱད་པར་སྨན་སྲུང་ཞང་བློན་སྡེ་དགུར་འདུད།།
དུས་གསུམ་རབ་འབྱམས་ཞིང་བཞུགས་རྒྱལ་ཀུན་གྱི།།
མ་ལུས་མཁྱེན་བརྩེ་གཅིག་ཏུ་འདུས་པའི་གར།།
ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ཡི།།
ཞབས་ཟུང་ཨེ་ཝཾ་སྤྱི་བོའི་རྒྱན་དུ་མཆོད།།
གང་གི་མཛད་འཕྲིན་རྒྱ་མཚོའི་རླབས་རིས་ལས།།
སྨན་རྩིས་རིག་པར་བཞག་པའི་བཀའ་དྲིན་མཆོག།།
དྲན་འཛིན་མེ་ལོང་ངོས་ལ་གསལ་ཕྱིར་དུ།།
དྲང་སྲོང་ངག་གིས་ཕྱི་རབས་ལྟད་མོར་སྤེལ།། །།
མཐའ་མའི་འདོན་ཐེངས་།: 16.04.2016 ཉིན། 11:42 AM
<< སྔ་མ།