སྨན་རྩིས་དྲ་བ། - འབྱུང་རྩིས་ཟླ་ཟེར་གྱི་མཆན་འགྲེལ།

མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 10.08.2015
འབྱུང་རྩིས་ཟླ་ཟེར་གྱི་མཆན་འགྲེལ། >>

 


༄༅། །འབྱུང་རྩིས་མན་ངག་ཟླ་བའི་འོད་ཟེར་གྱི་མཚན་དོན་དང་མཆོད་བརྗོད་དམ་བཅའི་

མཆན་འགྲེལ་བཞུགས་སོ།།

ྋརྒྱལ་ཀུན་མཁྱེན་པའི་རང་གཟུགས་གར། །གཙུག་ལག་རྩིས་ཀྱི་སྟོན་པ་མཆོག །འཇམ་དཔལ་སྨྲ་བའི་སེངྒེ་ལ། །འདུད་དོ་བློ་གྲོས་སྤོབས་པ་སྩོལ། །འདིར་སྨིན་གླིང་ལོ་ཆེན་ཆོས་དཔལ་བཟང་པོས་མཛད་པའི་འབྱུང་རྩིས་མན་ངག་ཟླ་བའི་འོད་ཟེར་འདི་ཉིད་འཆད་པ་ལ། །ཐོག་མར་དགེ་བ་མཚན་གྱི་དོན། །བར་དུ་དགེ་བ་གཞུང་གི་དོན། །མཐའ་མར་དགེ་བ་མཇུག་གི་དོན་གསུམ་ལས། །དང་པོ་མཚན་ནི། འབྱུང་རྩིས་ཞེས་བྱ་བ་ནི་བརྩི་བྱའི་འབྱུང་བ་ཤིང་མེ་ས་ལྕགས་ཆུ་ལྔ་མ་བུ་དགྲ་གྲོགས་སོགས་ཀྱི་བསྐོར་མགོ་བརྩིས་ཏེ་ལོ་ཟླ་ཞག་དུས་དང་། སྲོག་ལུས་དབང་ཀླུང་སོགས་སྣོད་བཅུད་ཀྱི་ལེགས་ཉེས་བདེ་དྭོགས་ལུང་སྟོན་པའི་རིག་པ་ཡིན། མན་ངག་ཅེས་པ་ཚེགས་ཆུང་ངུས་དོན་རྒྱ་ཆེན་པོ་སྒྲུབ་པ་སྟེ། ཚིག་ཉུང་ཞིང་གསལ་བའི་སྒོ་ནས་ནག་རྩིས་ཀྱི་དོན་རྒྱ་ཆེ་ཞིང་ཟབ་གནད་རྟོགས་དཀའ་བ་དག་བདེ་བླག་ཏུ་ཤེས་པར་བྱེད་པའོ། །ཟླ་བའི་འོད་ཟེར་ཞེས་པ་དཔེ་ཡི་སྒོ་ནས་མཚན་དུ་གསོལ་པ་སྟེ། ཟླ་བའི་འོད་ཟེར་གྱིས་མཚན་མོའི་སྨག་མུན་སེལ་བ་ལྟར། །རྩིས་གཞུང་འདིས་ཤེས་རབ་ཀྱི་སྣང་བ་དང་བྲལ་བའི་སེམས། །བླང་དོར་ལ་རྨོངས་པའི་མུན་པ་མཐའ་དག་སེལ་བས་ན་འདྲ་བའོ། ཞེས་བྱ་བ་ནི་བསྟན་བཅོས་འདིའི་མཚན་ལ་དེ་སྐད་ཅེས་སྒྲོགས་པའོ།།

གཉིས་པ་བར་དུ་དགེ་བ་གཞུང་གི་དོན་ལ་གཉིས་ཏེ། གཞུང་ལ་འཇུག་པའི་ཡན་ལག་དང་། གཞུང་དོན་དངོས་སོ།། དང་པོ་ལ་གཉིས། མཆོད་པར་བརྗོད་པ་དང་། རྩོམ་པར་དམ་བཅའ་བའོ།། དང་པོ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ།། དང་པོ་ནི། བླ་མ་དང་རྗེ་བཙུན་སོགས་གསུངས་ཏེ། བླ་མ་ནི་གུ་རུ་ཞེས་པའི་སྒྲ་ལས་དྲངས་ན་ཡོན་ཏན་གྱི་ཁུར་གྱིས་ལྕི་བས་ན་བླ་མ་སྟེ་རང་ལ་ཤེས་བྱ་རིག་པའི་གནས་ཕྱིན་ཅི་མ་ལོག་པར་སྟོན་པར་མཛད་པ་དང་། ལྷག་པའི་ལྷ་དེ་ཡང་རྗེ་བཙུན་ཞེས་བྷཊྚཱ་ར་ཀ་ཞེས་པའི་སྒྲ་ལས་དྲངས་ན་དད་པ་ཅན་རྣམས་སྒྲོལ་བར་བྱེད་པས་དད་སྒྲོལ་དང་། འཇམ་དཔལ་དབྱངས་ཞེས་རྒྱལ་བ་ཐམས་ཅད་ཀྱི་གསུང་གི་དབང་ཕྱུག་དེ་ལ་གུས་པ་ཆེན་པོས་ཕྱག་འཚལ་ལོ་ཞེས་པའོ།། གཉིས་པ་རྒྱས་པར་བཤད་པ་ལ་བཞི་སྟེ། བླ་མ་ལ་ཕྱག་འཚལ་བ། ལྷག་པའི་ལྷ་ལ་ཕྱག་འཚལ་བ། རྩིས་རིག་བསྟན་འཛིན་རིམ་བྱོན་ལ་ཕྱག་འཚལ་བ། རང་གི་རྩིས་ཀྱི་སློབ་དཔོན་རྣམས་ལ་ཕྱག་འཚལ་བའོ།། དང་པོ་ནི། ཇི་ལྟའི་གནས་ལུགས་སོགས་ཚིགས་བཅད་གཅིག་སྟེ། དེའི་དོན་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཇི་ལྟ་བའི་གནས་ལུགས་སྐྱེ་འགགས།  འགྲོ་འོང་། རྟག་ཆད་སོགས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ལྐོག་ཏུ་མ་གྱུར་པ་མངོན་སུམ་དུ་གཟིགས་པ་ཞེས་དེས་རང་དོན་རྟོགས་པ་ཕུན་ཚོགས་དངོས་སུ་བསྟན་པས་སྤང་བ་ཕུན་ཚོགས་སྒྲིབ་གཉིས་ཀྱི་དྲི་མ་མཐའ་དག་བྲལ་བ་ཤུགས་ཀྱིས་བསྟན་ཏེ། ཉི་མ་ཤར་ན་མུན་པ་མེད་པ་གྲུབ་པ་ལྟར། སྤངས་རྟོགས་གཉིས་ཀྱང་ཕན་ཚུན་མི་འཁྲུལ་བའི་ཕྱིར་རོ།། དེ་ལྟ་བུའི་མཁྱེན་པ་བརྙེས་པས་ཤེས་རབ་ཆེན་པོས་སྲིད་མཐར་མ་ལྷུང་ཞིང་། ཞི་བའི་གོ་འཕང་མངོན་དུ་མཛད་ནས། ཇི་སྐད་དུ། གདོད་ནས་སྐྱེ་མེད་རང་བཞིན་འདི། །བློ་ཡི་གཏིང་ནས་རྟོགས་གྱུར་ན། །འཁོར་བའི་འདམ་དུ་བྱིང་བ་ལ།  །སྙིང་རྗེ་ངང་གིས་སྐྱེ་བར་འགྱུར། །ཞེས་གསུངས་པ་ལྟར། མཁའ་མཉམ་གྱི་འགྲོ་བ་འཁོར་བའི་འདམ་དུ་བྱིང་བ་ཇི་སྙེད་པ་ལ་རིས་སུ་མ་ཆད་པའི་ཐབས་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་གཞན་དབང་དུ་གྱུར་པས་ཞི་མཐའ་ལ་མ་ཞེན་པར་སྲིད་པ་དང་དུ་བླངས་པའི་བརྩེ་བས་མ་འདྲིས་མ་བཅོས་བཞིན་དུ་ངང་གིས། འགྲོ་བ་ཐམས་ཅད་ལ་གནས་སྐབས་ཕན་པ་དང་། མཐར་ཐུག་གཏན་གྱི་བདེ་བ་གང་ལ་གང་འདུལ་རྒྱུན་མི་ཆད་པར་སྒྲུབ་པའི་ཕྲིན་ལས་རྒྱ་ཆེན་པོ་མཛད་པའི་ནུས་པ་ཅན་ཏེ། རྒྱལ་སྲས་དངུལ་ཆུ་ཐོགས་མེད་ཀྱིས། གང་གི་ཆོས་ཀུན་འགྲོ་འོང་མེད་གཟིགས་ཀྱང་། །འགྲོ་བའི་དོན་ལ་གཅིག་ཏུ་བརྩོན་མཛད་པའི། །བླ་མ་མཆོག་དང་། ཞེས་དང་། མཁས་གྲུབ་དཔལ་སྤྲུལ་རིན་པོ་ཆེས། ཤེས་རབ་ཆེན་པོས་མྱང་འདས་མངོན་དུ་མཛད། །སྙིང་རྗེ་ཆེན་པོས་འཁོར་བ་དང་དུ་བླངས། །ཐབས་ལ་མཁས་པས་འཁོར་འདས་དབྱེར་མེད་རྟོགས། །མཚུངས་མེད་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་དང་མཐུན་པར་ཨོ་རྒྱན་སངས་རྒྱས་གཉིས་པའི་རྒྱལ་ཚབ་ཏུ་འཁྲུལ་མེད་རྡོ་རྗེའི་ལུང་གིས་བསྔགས་པ་སྨིན་གླིང་གཏེར་ཆེན་བླ་མ་ཆེན་པོ་གཏེར་བདག་གླིང་པའམ་པདྨ་གར་དབང་འགྱུར་མེད་རྡོ་རྗེ་ཞེས་ཡོངས་སུ་གྲགས་པའི་ཞབས་ལ་མཁྱེན་བརྩེ་ནུས་གསུམ་དང་ལྡན་པས་དོན་གཉིས་ལྷུན་གྱིས་གྲུབ་པའི་ཡོན་ཏན་དང་བཀའ་དྲིན་རྗེས་སུ་དྲན་པས་ཕྱག་འཚལ་ལོ།། ཞེས་པའོ།

འ་གཉིས་པ་ལྷག་པའི་ལྷ་ལ་ཕྱག་འཚལ་བ་ནི། མཁྱེན་བརྩེའི་ཆུ་སྐྱེས་སོགས་ཚིགས་བཅད་གཅིག དེའི་དོན་ནི་ཐུགས་ཀྱི་ཡོན་ཏན་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེའི་ཕུང་པོ་གཅིག་ཏུ་བསྡུས་པ།  ཆུ་སྐྱེས་ནི་པདྨ། ཀེ་ས་ར་ལེགས་སྦྱར་གྱི་སྒྲ་དེ་ཉིད་ཟུར་ཆགས་པས་གེ་སར་ཏེ་མེ་ཏོག་གི་སྐྲའམ་ཟེ་བ་ཞེས་མེ་ཏོག་ཟེའུ་འབྲུ་དང་བཅས་པའི་གཟུགས་སུ་བཀོད་པར། གསུང་གི་ཡོན་ཏན་ཐོས་པ་ཙམ་གྱིས་ཡིད་འཕྲོག་པའི་ཚངས་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པས་རབ་ཏུ་སྙན་པ་དང་།  མ་རྟོགས་ལོག་རྟོག་ཐེ་ཚོམ་སེལ་བའི་བློ་གྲོས་འཕེལ་བར་བྱེད་པས་ལེགས་བཤད་བུང་བའི་གླུ་དབྱངས་འདོད་རྒུར་བསྒྱུར་བ་ལ་སུས་ཀྱང་འགྲན་པར་མི་ནུས་པའི་མཁས་པ། སྐུ་ཡི་ཡོན་ཏན་སྒྱུ་འཕྲུལ་དྲྭ་བ་ལས།  །གནས་བརྟན་རྒན་པོ་སྐྱེ་རྒུའི་བདག །སུམ་ཅུ་རྩ་གཉིས་མཚན་འཆང་བ། །ཞེས་གསུངས་པ་ལྟར། རྒྱལ་བ་ཀུན་གྱི་ཡབ་གཅིག་པུར་གྱུར་ཀྱང་རྟག་བརྟན་བགྲེས་རྒུད་དང་བྲལ་ཞིང་རྒྱལ་སྲས་གཞོན་ནུ་བཅུ་དྲུག་ལོན་པའི་ན་ཚོད་ཅན་མཚན་དཔེས་སྤྲས་པའི་སྐུ་མཆོག་མངའ་བ་སྟེ། ཇི་སྐད་དུ། སྐུ་འཇམ་མིག་གི་དཔལ་གྱུར་གཞོན་ནུའི་ཚུལ། གསུངས་འཇམ་རྣ་བའི་བདུད་རྩི་ཚངས་པའི་དབྱངས། ཐུགས་འཇམ་འདྲེན་པའི་ཡེ་ཤེས་རྡོ་རྗེ་དངོས། ཕྲིན་ལས་རྒྱུན་ཆགས་བརྟན་པའི་འཁོར་ལོས་སྐྱོངས།  །ཞེས་གསུངས་པ་ལྟར། གང་གི་གསང་བ་གསུམ་ལ་ཉེས་པའི་རྩུབ་རེག་ཐམས་ཅད་དང་བྲལ་བས་འཇམ་ཞིང་རྒྱལ་བ་མ་ལུས་པའི་གསུངས་དབྱངས་ཀྱི་བདག་ཉིད་བྱིན་རླབས་ཀྱི་གཏེར་ཆེན་པོ་ཤེས་རབ་ཀྱི་ལྷ་ཁྱད་པར་ཅན་ཀུན་རྫོབ་བདེན་དོན་རྩིས་ཀྱི་ཆོས་འཁོར་བསྐོར་ཞིང་། རྟེན་འབྲེལ་གཏོ་ཐབས་ཀྱི་སྟོན་པ་འཇམ་མགོན་བརྟན་པའི་འཁོར་ལོའི་ཞབས་ལ་ཕྱག་འཚལ་ལོ།། ཞེས་པའོ།།

གསུམ་པ་རྩིས་རིག་བསྟན་འཛིན་རིམ་བྱོན་ལ་ཕྱག་འཚལ་བ་ནི། ཞུ་འཕྲུལ་ལེན་འཆང་སོགས་ཚིགས་བཅད་གཅིག དེའི་དོན་ནི་སྔོན་གྱི་ཚེ་རྒྱ་ནག་རི་བོ་རྩེ་ལྔར་སྟོན་པ་འཇམ་པའི་དབྱངས་ལ་རྩིས་ཀྱི་ཆོས་འཁོར་བསྐོར་བ་ཞུ་བ་པོའམ་གསོལ་བ་འདེབས་པ་པོ་བཞི་ནི། ལྷ་མོ་རྣམ་རྒྱལ་མ། བྲམ་ཟེ་སེར་སྐྱ། ལྷ་ཚངས་པ། ཀླུ་འཇོག་པོ་བཞི་དང་། ལེན་པ་པོ་བཞི་ནི། དྲང་སྲོང་ཀུན་ཏུ་ལེན། ཡང་དག་ལེན། བདེ་བར་ལེན། ཉེ་བར་ལེན་བཞི་དང་། འཕྲུལ་གྱི་མི་བཞི་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ། གྱི་གོང་འཕྲུལ་གྱི་རྒྱལ་པོ། གྱི་ནོང་འཕྲུལ་གྱི་རྒྱལ་པོ། ཝང་ཐེ་འཕྲུལ་གྱི་རྒྱལ་པོ། འཆང་བ་པོ་བཞི་ནི་དྲང་སྲོང་ནག་པོ། དྲང་སྲོང་ཕུར་བུ། དྲང་སྲོང་ལྕེ་ནག དྲང་སྲོང་ཐོར་ཅོག དང་བཞི་སྟེ་སྐྱེས་བུ་ཆེན་པོ་ནི། བཞི་ཚན་བཞི་སྟེ་བཅུ་དྲུག་དང་། བོད་དུ་རྩིས་ཀྱི་གཙུག་ལག་སྤེལ་བའི་ཕྱིར་དུ་དངོས་སུ་བྱོན་པ་དུ་ཧ་ར་སྟེ་དར་ཆེན་ཐིག་ལེ་དང་། ལོ་པཎ་དམར་ནག་ཁྲ་གསུམ་ཞེས་རྒྱ་ཡི་པཎ་ཆེན་རཱ་ཧུ་དམར་པོ་དང་། པཎ་ཆེན་ཟླ་བ་ནག་པོ་དང་། ལོ་ཙཱ་བ་ཁམ་ཁྲ་གཉིས་པ་སྟེ་དཔོན་སློབ་གསུམ་དང་། གྲ་ཕྱི་ཁང་དམར་གྱི་ཁྱུང་ནག་ཤཱཀ་དར་རྒྱས་དང་། དེའི་སློབ་མ་གཡོར་པོ་གྲ་ནང་གི་ཕུག་པ་ན་བཞུགས་པས་ཕུགས་པ་བ་མི་ཉག་རྒྱལ་མཚན་དཔལ་བཟང་དང་།  གཙང་ཆུང་ཆོས་གྲགས་རྒྱ་མཚོ། ཕུག་པ་ལྷུན་གྲུབ་རྒྱ་མཚོ། མཁས་གྲུབ་ནོར་བཟང་རྒྱ་མཚོ་སྟེ་ཕུག་པ་རྒྱ་མཚོ་རྣམ་གསུམ་བརྒྱུད་འཛིན་མཁས་དབང་ས་སྐྱོང་པཎྜི་ཏ་སངས་རྒྱས་རྒྱ་མཚོ་སོགས་ཞལ་སློབ་ཡང་སློབ་གྲངས་མེད་པར་བྱོན་དང་བྱོན་འགྱུར་བཅས་པའི་ཚོགས་ཀུན་ཕྱོགས་ཐམས་ཅད་ལས་དུས་ཐམས་ཅད་དུ་རྣམ་པར་རྒྱལ་བར་གྱུར་ཅིག་ཅེས་ཤིས་པར་བརྗོད་པའི་རྒྱན་གྱིས་སྤྲས་པའོ།།

བཞི་པ་རང་གི་རྩིས་ཀྱི་སློབ་དཔོན་རྣམས་ལ་ཕྱག་འཚལ་བ་ནི། བདག་བློའི་ཡོལ་གོ་སོགས་ཚིགས་བཅད་གཅིག དེའི་དོན་ནི་རྩོམ་པ་པོ་བདག་གི་བློའི་ཡོལ་གོ་སྟེ་སྣོད་དུ་དུས་འཁོར། དབྱངས་འཆར་སོགས་རྒྱ་གར་ནས་དར་བའི་དཀར་རྩིས་དང་། རྒྱ་ནག་ནས་དར་བའི་ནག་རྩིས་མཐའ་དག་གི་རྩིས་རིགས། གཞུང་མན་ངག་ལག་ལེན་དང་བཅས་པ་བཤད་ཁྲིད་ཞལ་ཤེས་ཀྱི་བདུད་རྩི་བུམ་པ་གང་བྱོའི་ཚུལ་དུ་གནང་བས་ཡོངས་སུ་འགེངས་པར་མཛད་པ་ཚད་མེད་པའི་ཐུགས་རྗེ་དང་གཞལ་བར་དཀའ་བའི་བཀའ་དྲིན་ཅན།  གཅེན་པོ་རྒྱལ་སྲས་བསྟན་པའི་ཉི་མ་མཆོག་དང་། ལྡུམ་པོ་དོན་གྲུབ་དབང་རྒྱལ་ངེས་པ་དོན་གྱི་མཁས་པ་ཆེན་པོ་བློ་གསལ་ཡོངས་ཀྱི་རྗེ་བོ་དམ་པ་དང་། རྒྱ་སྟོན་ནུབ་རི་བ་རྣམས་ལའང་བཀའ་དྲིན་དྲན་པས་ཕྱག་འབུལ་ལོ།། ཞེས་པའོ།

གཉིས་པ་རྩོམ་པར་དམ་བཅའ་བ་ནི། མང་ཐོས་ཉི་མ་སོགས་ཚིགས་བཅད་གཅིག་སྟེ། དེའི་དོན་ནི་བླང་དོར་གསལ་བའི་འོད་ཟེར་དང་ལྡན་པའི་མང་དུ་ཐོས་པའི་ཉི་མ་དང་བྲལ་བའི་འགྲོ་བའི་བློའི་ནམ་མཁར་ཤེས་བྱ་སྤྱི་དང་ལྐོག་གྱུར་ལ་རྨོངས་པའི་སྨག་གིས་ཁྱབ་པ་ནང་གི་མཚན་མུན་མཐའ་དག་བསལ་བའི་ཆེད་དུ། འབྱུང་རྩིས་ཀྱི་རིག་པ་ལ་གཞུང་རྒྱ་ཆེ་ཞིང་། བསྐོར་མགོ་དང་རྡེལ་གྲངས་ཤིན་ཏུ་མང་ཡང་། འདིར་རྩིས་མཁན་རྣམས་ཀྱིས་མི་ཤེས་སུ་མི་རུང་བའི་མན་ངག་གི་གནད་གསང་ཟབ་མོ་རྣམས་བཅོས་ལྷད་མེད་པར་གཅེས་པར་བཏུས་པ་ལེགས་བཤད་ཟླ་བའི་འོད་ཟེར་འདི་ཉིད་རྩོམ་པ་པོའི་རྣམ་དཔྱོད་ཐོགས་པ་མེད་ཅིང་ཕ་མཐར་བྲལ་བའི་ནམ་མཁའ་ལས་སྤྲོ་བར་བྱ་ཡིས། དེ་ལ་བརྟེན་ནས་ཤེས་བྱའི་གནས་ལ་མ་རྟོགས་ལོག་རྟོག་ཐེ་ཚོམ་གྱི་མུན་པས་མི་བསྒྲིབས་པར་བླང་དོར་གྱི་ལམ་བཟང་གསལ་པོར་སྣང་བའི་ཚེ། རྟེན་འབྲེལ་རྩིས་ལ་མཁས་པའི་དཔྱོད་ལྡན་རྣམས་ཀྱིས་ས་མཁན་མཛད་དེ་འགྲོ་བ་རྣམས་འབྲས་བུ་ལོག་པའི་གཡང་ས་ལས་བསྒྲལ་ཏེ། ཕུན་ཚོགས་ལས་ཀླུང་གྲགས་པའི་ཁང་བཟང་དུ་འཁྲིད་ནས་བསམ་རྒུ་ཡིད་བཞིན་དུ་འགྲུབ་པའི་དགའ་སྟོན་གྱིས་དབུགས་དབྱུང་བར་མཛོད་ཅིག ཅེས་པའོ། དེ་ནས་གཉིས་པ་བར་དུ་དགེ་བ་གཞུང་གི་དོན་ལ་བསྐོར་མགོ་སྤྱི་ཡི་རྣམ་གཞག་དང་། བྱེ་བྲག་བསྐོར་མགོ་སོ་སོའི་རྣམ་གཞག་གཉིས་ཀྱི་སྒོ་ནས་གཏན་ལ་ཕབ་པ་ལྟར་འཆད་པར་བྱའོ།།

ཕྱི་ཡི་འབྱུང་ལྔ་གཅོད་འདྲལ་རྩིས་ཀྱིས་བསྒྱུར། །ནང་གི་འབྱུང་ལྔ་འདུ་བ་སྨན་གྱིས་སྙོམས། །གསང་བའི་འབྱུང་ལྔ་སྐུ་ལྔ་ལམ་གྱིས་བསྒྲུབས། །སྲིད་ཞིའི་འབྱུང་ལྔའི་དབང་ཕྱུག་བདག་གྱུར་ཅིག ཅེས་པའང་བོད་ལྗོངས་སྨན་རྩིས་ཁང་གནམ་རིག་སྐར་རྩིས་ཞིབ་འཇུག་ཁང་གི་མཁན་པོ་ཚུལ་རྒྱན་པས་བོད་རབ་རྒྱལ་མེ་སྟག་གནམ་ལོ་གསར་ཚེས་ཀྱི་ཆོ་འཕྲུལ་ཟླ་བའི་དུས་ཆེན་དགེ་བར་བརྩམས་པའོ།།

 

 

མཐའ་མའི་འདོན་ཐེངས་།: 10.08.2015 ཉིན། 11:54 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།