མཆིན་ནད་བཅོས་ཐབས། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 31.03.2014 |
མཆིན་ནད་བཅོས་ཐབས།
སྨན་རམས་པ་བློ་བཟང་ཆོས་འཕེལ།
ཨོཾ་ཨཱ་ཐ།
རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་གཙུག་གི་དབང་། །
ྋརྒྱལ་བའི་དབང་པོ་པད་དཀར་འཆང་བ་མཆོག །
བསྟན་འཛིན་རྒྱ་མཚོ་སྲིད་པ་གསུམ་གྱི་མགོན། །
རྟག་ཏུ་མི་འབྲལ་རྗེས་སུ་འཛིན་ལ་བསྟོད། །
འགྲོ་བའི་ནད་ཀྱི་གདུང་བ་སེལ་བའི་མཆོག །
སྨན་གྱི་བླ་མ་གཡུ་ཐོག་ཡོན་ཏན་མགོན། །
གཉིས་སུ་མེད་པའི་རྣམ་སྤྲུལ་དེ་སྲས་མཆོག །
མཚུངས་མེད་ཤྲྰི་དྭ་ཛའི་ྋཞབས་ལ་འདུད། །
ནག་ཕྱོགས་མི་སྲུན་གདུག་པའི་སྡེ་དཔུང་རྣམས། །
མཐར་བྱེད་འཕྲིན་ལས་རྣམ་བཞིས་འདུལ་མཛད་པ། །
ཞང་བློན་སྡེ་དགུ་སྨན་སྐྱོང་ཚེ་རིང་མས། །
བསྟན་པ་བསྲུང་ལ་གཡེལ་མེད་གྲོགས་མཛོད་ཅིག །
ཅེས་སྐྱབས་ཡུལ་གོང་མ་རྣམས་ལ་བཀྲ་ཤིས་པའི་བརྗོད་པ་སྔོན་དུ་སོང་ནས་མདོ་དོན་སྙིང་པོ་མཆིན་ནད་ཀྱི་སྐོར་རགས་ཙམ་ཞུ་བ་ལ། བཙུན་མོ་ལྟ་བུ་མཆིན་ནད་གསོ་ཐབས་ལ་མན་རྒྱུད་ལས། རྒྱུ་དང་དབྱེ་བ་རྟགས་དང་བཅོས་ཐབས་བཞི། །ཞེས་གསུངས་པ་ལྟར།
དང་པོ་རྒྱུ་ནི།
རྒྱུ་ནི་ཚ་སྐྱུར་ཟས་དང་དྲག་ཤུལ་བསྐྱེད། །ཅེས་པས། མཆིན་ནད་བསྐྱེད་པའི་རྒྱུ་ཙི་ཏྲ་ཀ་ལ་སོགས་པའི་རོ་ཚ་བ་དང་། ཆང་རག་ལ་སོགས་པའི་བཟའ་འཐུང་གི་རིགས་མཐའ་དག་དང་། རྩོལ་དྲག་ལ་སོགས་པའི་དྲག་ཤུལ་གྱི་ལས་ཚད་ལས་འདས་པ་སོགས་བྱེད་པའི་དབང་གིས་མཆིན་ནད་བསྐྱེད་པའི་རྒྱུར་གྱུར་ཅིང་། སྔོན་གཡུ་ཐོག་ཡོན་ཏན་མགོན་པོས་ལྷོ་མོན་འབྲུག་པའི་ཡུལ་མི་རྣམས་ནས་སུར་པན་ཁ་ཚ་མང་པོ་ལོངས་སྤྱོད་པ་ལས་མཆིན་ནད་ཀྱིས་མནར་བའི་ནད་པ་མང་པོ་ཡོད་པ་ཐུགས་ཐག་བཅད་དེ་འབྲུག་ཡུལ་དུ་ཕེབས་རྒྱུའི་དགོངས་པ་ཤར་བ་དང་། སླར་ཡང་འབྲུག་གི་བཟའ་བཏུང་སྐོར་ཞིབ་དཔྱོད་གནང་སྐབས། རོ་ཚ་བའི་བཟའ་བཏུང་མང་པོ་ལོངས་སུ་སྤྱོད་ཀྱང་། ཟས་ཟོས་པའི་རྗེས་ལ་ཧུབ་ཅག་ཅེས་པ་ཁྱིམ་ཚང་དྲག་གྲས་ཤས་ཆེ་བས་ད་ར་དང་དར་ཟས། འབྲིང་མཐའ་གཉིས་ཀྱིས་ཆུ་གྲང་མོ་མང་དག་འཐུང་བའི་རྐྱེན་གྱིས་ཚ་བའི་ནུས་པ་བསད་དེ་ལུས་ལ་མཆིན་ནད་མེད་པར་བདེ་མུར་གནས་སྟབས། གཡུ་ཐོག་མཁས་པ་སྨན་བཅོས་སུ་ཕེབས་མི་དགོས་པ་བཤད། དེ་བཞིན་རྒྱ་གར་བ་རྣམས་ནས་ཀྱང་ཟས་ཟོས་པའི་རྗེས་ལ་ཆུ་གྲང་མོ་འཐུང་བའི་དབང་གིས་མཆིན་ནད་བྱུང་བ་ནི་ཉུང་ཉུང་ཞིག་རེད་སྙམ།
གཉིས་པ། ཆང་རག་གིས་མཆིན་ནད་བྱུང་བ་མང་བ་ནི། འབྱོར་ལྡན་བསོད་ནམས་ཅན་དཔལ་འབྱོར་གྱི་དཀའ་ངལ་མེད་ཅིང་ཁོང་ཚོས་སེམས་ཀྱི་བདེ་བ་སྒྲུབ་ཆེད་དུ་ཆང་རག་ཚོད་མེད་ལོངས་སྤྱོད་ཅིང་མཆིན་ནད་བྱུང་བ་མང་བར་མཐོང་། ཁམས་ཀྱི་གཏམ་དཔེར། ཆང་དང་ཨ་རག་ནག་མོ་གསུམ། །ཡོད་ན་འདོད་པ་ཚིམ་རྒྱུ་མེད། །མེད་ན་མེད་དེ་ཤི་རྒྱུ་མེད། །ཅེས་ཟེར་བ་ལྟར། འཐུང་ཚོད་རན་པོ་བྱུང་ན་ལུས་ལ་གནོད་སྐྱོན་ཡོང་གི་མ་རེད་སྙམ། ཐལ་དྲགས་ནད་དུ་གྱུར་པས་ཚོད་ཟིན་པ་གལ་ཆེ་བ་བཅས། ཆང་རྒྱུ་ལྡན་པོ་མེད་པ་སྐྱུར་མོ་དེ་བཞིན་མཆིན་ནད་བཟོ་བར་སྨོས་མ་དགོས་ཤིང་། རྒྱུ་ལྡན་ལ་ཆང་སླ་ཙམ་ཞིག་འཐུང་ན་ཁ་ཡང་ངོམ་ར་ཡང་མ་བཟི་བ་ལུས་ལ་ཅུང་ཟད་ཕན་ནམ་སྙམ། ཐལ་དྲགས་སེམས་འགྱུར་བག་མེད་ངོ་ཚ་འཇིག །ཅེས་པ་ལྟར་བག་མེད་དུ་ལོངས་སུ་སྤྱོད་རྒྱུ་མེད།
གསུམ་པ། ཟས་ཀྱི་སྐོར་ལ་ཡང་། ཟས་ནི་ཚ་སྐྱུར་ལན་ཚ་བྲོ་བའི་རོ། །ཤ་ཆང་བུ་རམ་དྲོད་བཅུད་བསྟེན་དྲགས་སློང་། །ཞེས་པ་ཚ་བ་སྤྱི་བཅོས་སྐབས་གསལ་བ་བཞིན། སྤྱིར་བཏང་མཆིན་པའི་ནད་དེ་ཁྲག་མཁྲིས་ཀྱི་ཁོངས་སུ་བསྡུ་ཡོད། མཆིན་པ་ནི་ཁྲག་གི་བཟོ་གྲྭ་ཆེ་ཤོས་ཤིག་ཡིན། བཤད་རྒྱུད་ལས། ཁྲག་གིས་རླན་ཞིང་སྲོག་འཚོ་ཤ་ཡིས་གཡོག །ཅེས་དང་། རང་རེའི་ལུས་ལ་མེད་དུ་མི་རུང་བའི་དངོས་པོ་གལ་གནད་ཆེ་ལ་དགོས་དབང་ལྡན་པ་ནི་ཁྲག་ཡིན་ཅིང་། དཔེར་ན་མི་ནད་པ་ཞིག་ལ་ཁྲག་མེད་ན་འཆི་བ་ལས་འོས་མེད། ཁྲག་དང་ཕྱི་སའི་ལྡང་ཚད་སྙིམ་པ་བདུན། ཞེས་པ་དེ་ལས་མང་དྲགས་ན། ཁྲག་འཕེལ་མེ་དབལ་ཁོང་འབྲས་མཆེར་པའི་ནད། །ཅེས་དང་། ཉུང་ན། ཁྲག་ཟད་པགས་རྩུབ་བསིལ་སྐྱུར་དད། །ཅེས་པ་སོགས་གང་ལྟར་མང་ཉུང་ཆ་སྙོམས་པོ་ཞིག་ཡོད་ན་ལུས་བདེ་སེམས་བདེ་ཡོད་པ་དང་། མཆིན་པའི་ཚད་གཞི་ཡང་མི་དར་མར་ཀི་ལོ་གཅིག་གི་ལྗིད་ཚད་ཡོད་ཅེས་བཤད།
བཞི་པ། དྲག་ཤུལ་གྱིས་བསྐྱེད་པ་ནི། མི་ལུས་སྟོབས་ཞན་པ་ཞིག་གིས་ཉིན་གཅིག་ངལ་རྩོལ་ཚོད་མེད་བྱས་ན་སང་ཉིན་ན་རྒྱུ་ཡིན་པ་ནི་ཞུ་མ་དགོས་ཤིང་། དེར་བརྟེན་བོད་ཀྱི་གཏམ་དཔེར། ལས་ཤེད་མོའི་ལྕོག་ཚད་དང་ཟས་ཕོ་བའི་ཆུན་ཚད་ཅེས་བཤད་པ་ལྟར་དང་།
ལྔ་པ་རྐྱེན་ནི་དམིགས་བསལ་མན་ངག་རྒྱུད་དུ་མ་གསུངས་ཀྱང་དོན་དུ། ནད་སློང་རྐྱེན་གཉིས་དྲན་པས་རྟག་ཏུ་སྤང་། །ཞེས་དང་། རྐྱེན་མེད་རྒྱུ་ལས་འབྲས་བུ་འབྱུང་མི་སྲིད། ཅེས་དང་། རྩ་རྒྱུད་ལས་རྒྱུ་ཉོན་མོངས་དུག་གསུམ། རྐྱེན་དུས་གདོན་ཟས་སྤྱོད་བཞི་ཡི་སློང་བ་སོགས་དྲི་ཞིབ་ནན་ཏན་བྱ་དགོས་རྒྱུ། དེ་མིན་རྩ་ལ་རེག་ཙམ། ཆུ་ལ་དཀྲུགས་ཙམ་གྱིས་ནད་ངོས་ལམ་སང་ཟིན་པར་དཀའ་བས། ཞིབ་ཚགས་ཐོག་བརྟག་དཔྱད་བྱ་རྒྱུ་ནི་གལ་གནད་ཆེ་བས། རྒྱུད་ལས། ནད་ཀྱི་ངོས་ནི་རྟགས་ལ་བཟུང་། །བརྟག་ཐབས་མེད་པའི་སྨན་པ་ཡིས། །རྟག་ཉིད་རྟགས་སུ་མི་ཤེས་ཏེ། །དུ་བ་རླངས་པར་འཁྲུལ་དང་འདྲ། །ཟེར་བ་ལྟར་དང་། རྟགས་ཤིང་བརྟགས་པ་མ་བྱས་ན་དུ་བ་རླངས་པ་གཉིས་ལ་ནོར་བཟོ་ཡོད་ཅེས་པའི་དོན་ཐུགས་ཡིད་དུ་བཅངས་ནས་བརྟགས་ཐབས་རེག་མཐོང་གཉིས་ཀྱིས་ནད་ངོས་བཟུང་གསུངས་པ་ལྟར་ཀན་འོག་གི་མཆིན་དྲིའི་རྩ་ལ་སྡོད་འཐེན་ཐང་ལྷོད་གྲིམས་མཁྲང་སོགས་ཡོད་མེད་ཞིབ་ནན་བགྱིས་ཐོག དེ་བཞིན་ཆུ་ལའང་མཁལ་མ་མཆིན་པ་མཆེར་གསུམ་དམར་པོར་འཁྲུལ་ཞེས་པ་ལྟར་དང་། རྒྱབ་ཀྱི་ཚིགས་པ་བརྒྱད་པ་མཆིན་དྲིའི་གསང་དང་དགུ་པ་མཆིན་པའི་གསང་བཅས་མཛུབ་གནོན་བྱས་ནས་ན་ཚ་ཡོད་མེད་བརྟག་དཔྱད་བྱ་དགོས། དེ་བཞིན་ཕྱི་ཡི་དབང་པོ་ལྔ་དང་ནང་གི་དོན་ལྔ་གཉིས་ཕན་ཚུན་འབྲེལ་བ་ཡོད་སྟབས། མ་ཚང་འབྲེལ་འབྱོར་ཕྱི་ཡི་རྟགས་ལ་དཔག །མཆིན་རྩ་མ་ཚང་མིག་ཟློག་སྨིན་མ་ཚོམ། །ཞེས་སོགས་རྒྱུད་ཀྱི་དགོངས་པ་ལོན་པར་གཟབ་ནན་བྱ་རྒྱུ། དེ་ཡང་མཆིན་ནད་ཀྱི་རྒྱུ་རྐྱེན་བརྟགས་ཐབས་སོགས་མདོར་ཙམ་བཀོད་པ་ལས་ཞིབ་པར་རྒྱུད་དང་མན་ངག་སོགས་ལ་བསྟེན་དགོས།
གཉིས་པ་། མཆིན་ནད་ཀྱི་དབྱེ་བ།
མན་ངག་རྒྱུད་ནས་གསུངས་པའི་མཆིན་ནད་ཀྱི་དབྱེ་བ་བཅོ་བརྒྱད་ཙམ་ཡོད་པ་ལས། དེ་དག་ཚང་མ་ཞུ་མ་དགོས་པ་རང་ཉིད་ནས་མཐོང་ཐོས་བྱུང་བ་རེ་གཉིས་བློ་གསར་འགའ་ལ་ཕན་སྙམ་གྱིས་ཞུ་བར་བྱེད་པ་ལ། སྔོན་བྱོན་སྟོན་པའི་རྣམ་ཐར་དེ། ཕྱི་བྱུང་གདུལ་བྱའི་ཉམས་ལེན་གྱི་དཔེ་ལྟར།
དང་པོ་མཆིན་ནད་མཆིན་གྲུམ་ནག་པོ། དང་པོ་ལྕགས་རི་སྨན་པ་ཆེན་པོ་བསྟན་འཛིན་དཔལ་མཆོག་ལགས་ནས་གསུངས་པར། ཁོང་ལྷ་སར་བཞུགས་སྐབས་སྤུ་ལི་སི་དར་རྒྱས་ཞེས་པ་མཆིན་ནད་ཀྱི་མནར་ཏེ་སྨན་པ་མང་པོ་ཞིག་ནས་ཁོང་གི་ནད་དེ་རྐང་པ་བཤལ་བ་ལ་དེ་ནས་རྩ་གྲུམ་དང་རྩ་གྲིབ་བཅས་ལ་ངོས་འཛིན་གྱི་སྨན་བཅོས་རྒྱུན་རིང་བྱས་ཀྱང་དྲག་བསྐྱེད་མ་བྱུང་བ་དེ་མུར་ལུས་ཤིང་། ཉིན་གཅིག་ནད་པ་ཁོང་དཔལ་མཆོག་ལགས་ཀྱི་སྐུ་གམ་དུ་བཅར་ནས་ནད་དེ་བཅོས་ཐབས་ཡོང་བ་ཞེས་ཞུས། དཔལ་མཆོག་ལགས་ནས་ཁྱེད་ཀྱི་ནད་དེ་མཆིན་གྲུམ་ནག་པོ་ཟེར་བ་རེད་འདུག མཆིན་གྲུམ་ནག་པོ་ལུས་ཀུན་བརྡུང་སྙམ་བྱེད། །རྐང་བཤལ་འགུལ་ན་མི་བཟོད་སྒུར་པོར་འགྲོ། །གསུངས་པ་ལྟར་ཁྱེད་ལ་ནད་རྟགས་ཚང་མ་ཚང་འདུག ལུས་ཀུན་བརྡུང་སྙམ་བྱེད་པ་དང་གཅིག རྐང་པ་བཤལ་བ་དང་གཉིས། སྒུར་པོར་འགྲོ་བ་དང་གསུམ་ཚང་འདུག སྨན་བཅོས་ཀྱང་རྒྱུད་ཀྱི་དགོངས་དོན་ལྟར་འབྲས་བུ་གསུམ་ཐང་བཏང་། རྔུལ་དབྱུང་རྩེ་ཆུང་གཏར་ཞིང་སྔོན་བུས་སྦྱངས། མར་གསར་སོ་མ་ར་ཛའི་ལྡེ་གུ་བཏང་ཞེས་སོགས་རྒྱུད་དོན་ལྟར་ཡིན་རུང་། ཁོང་ནས་འདུ་བ་སྙོམས་པ་གཙོ་བོར་བཟུང་ནས་སྨན་བཅོས་མཛད་པས་ནད་པ་དེ་བདེ་ཐང་དུ་གྱུར་ནས་དེང་སྐབས་ལྷ་སར་སྡོད་མུས་བཅས་མདོར་ཙམ་མོ།།
གཉིས་པ་མཆིན་ནད་ལེབ་རྒན་རྒྱས་ཞེས་པ་ནི། ལེབ་རྒན་ནི་མེ་ཏོག་གི་མིང་ཡིན། མེ་ཏོག་དམར་སེར་ལི་ཝང་ལྟ་བུ། སྔོ་སྨན་གྱི་འཁྲུངས་དཔེར། མེ་ཏོག་ལེབ་རྒན་རྩི་སྟེ་བལ་ཆུང་ཞེས་དང་། རྒྱས་ཞེས་པ་ནི་མང་དུ་འཕེལ་བའི་དོན་ཡིན། དཔེར་ན་ཡར་རྒྱས་དང་གོང་འཕེལ་སོགས་དོན་སྙིང་མཆིན་པ་ཆེ་རུ་སོང་བའམ། སྦོས་པ་ལྟ་བུ་མཆིན་པ་རྒྱས་པ་ལ་ཟེར་བས། དེ་ཡི་ཡོང་རྐྱེན་ནི་ཕྱི་རྒྱུད་ཆུ་མདོ་ལས། གྱུར་ཚུལ་ཟས་སྐོམ་ཕོ་བར་དྭངས་སྙིགས་ཕྱེ། །སྙིགས་མ་རྒྱུ་མའི་ནང་ཚུད་སྐ་སླ་ཕྱེ། །སླ་བ་རྒྱུ་གྲོག་རྩ་ནས་ལྒང་པར་འདྲིལ། །དྭངས་མ་མཆིན་པའི་ནང་རྒྱུད་ཁྲག་ཏུ་འགྱུར། །ཁྲག་གི་སྙིགས་མ་མཁྲིས་པའི་གནས་སུ་གསོག །མཁྲིས་པའི་དྭངས་མ་ལུས་ཀྱི་ཆུ་སེར་འགྱུར། །མཁྲིས་པའི་སྙིགས་མ་ཆུ་ཡི་ཀུ་ཡར་འགྱུར། །ཞེས་དང་། དེ་ལ་འགྲེལ་བཤད་མདོར་བསྡུས་ཤིག་ཞུ་ན་སྙམ་པ། ཕོ་བའི་བད་ཀན་གྱིས་མྱག་ཞུ་དྭངས་སྙིགས་ཕྱེ་བའི་དྭངས་མའི་ཁྲག་དེ་ནས་སླར་ཡང་དྭངས་སྙིགས་ཕྱེ་བའི་སྙིགས་མ་དེ་ཁྲག་གི་སྙིགས་མ་མཁྲིས་པའི་གནས་སུ་གསོག་པའི་ལས་དོན་སྒྲུབ་མ་ཐུབ་པར། དེ་ཉིན་ནས་ཉིན་བསྟུད་ཁྲག་གི་སྙིགས་མ་དེ་གསོག་པའི་རྒྱུ་མཚན་ལ་བརྟེན། མཆིན་པ་ཆེ་ཆེར་རྒྱས་ནས་མཆིན་པ་ཆེ་རུ་འགྲོ་བ་ལྟ་བུ། རྡོ་ལྟར་སྲ་བ་བྱུང་། དེ་ནས་ཁྲག་སྙིགས་དེ་རུལ་ནས་རྣག་ཏུ་སོང་བས་མཆིན་པར་གཉན་ཚད་རྒྱས་ནས་གཟུགས་གཟེར་རྒྱབ་པ། སྨན་གྱི་བཅོས་དཀའ་བས་འགའ་རེ་ནས་མཆིན་པ་བབས་པ་ཟེར་བ་ལྟ་བུ། འགའ་རེ་ནས་མཆིན་ནད་ཀན་སར་རེད་ཟེར་བ་ལྟ་བུ། དེ་ལ་བཅོས་ཐབས་ཡག་པོ་མ་བྱུང་ན་འཆི་བ་ལས་འོས་མེད། སྨན་པ་ཚད་ལྡན་ཉམས་མྱོང་ལྡན་པའི་གློག་པར་འཕྲུལ་ཆས་ཀྱི་ལམ་ནས་བརྟག་དཔྱད་བགྱིད་པའི་དོན་སྙིང་མཆིན་པར་གཉན་ཚད་ཡོད་པ་ནི་ཁྲག་རུལ་ནས་རྟག་ཏུ་སོང་བ་ལ་བརྟེན་གཟེར་ཟུག་རྒྱབ་པ་རེད་ཅེས། སྨན་བཅོས་ནི་མཆིན་པའི་གཤམ་འོག་མཆིན་གསང་ནས་ཁྲག་རྣག་ཆུ་སེར་ཤེལ་དམ་གསུམ་ཙམ་གཙགས་པས་ནད་གཞི་བདེ་བར་གྱུར། དེང་སྐབས་སྔར་བཞིན་མ་བྱན་གྱི་ལས་འཁུར་ཞུ་མུས་ལ་དེ་ཡི་ནད་རྟགས་རྣམས་མཆིན་ནད་ལེབ་རྒན་རྒྱས་ཀྱི་ལེའུར་གཟིགས་ཞིབ་ཡོད་པ་ཞུ། མ་བྱན་གཞོན་ནུའི་མཆིན་ནད་ཀྱི་སྐོར་མདོ་ཙམ་ཞུ་བ་བཅས་སོ།།
གསུམ་པ་མཆིན་ནད་དུགས་ཐབས་ཀྱི་ནད་རྟགས་ནི། རྒྱུད་ལས། དུགས་ཐབས་མིག་དམར་གདོང་སྔོ་རྩིབས་སྟེང་ཟུག །ཕོ་མཆིན་གང་སྙམ་འཇུ་དཀའ་ཟོས་ཚེ་ན། །བྲུན་སྐམ་བོལ་གཡོ་མུར་གོང་མཐིལ་བཞི་སེར། །གཞུག་ཏུ་མཆིན་པ་རུལ་ནས་དུད་ཁུར་ལུ། །ཞེས་པ་འགྲེལ་བརྗོད་ཅུང་ཟད་ཞུ་ན། དེ་སྔོན་བོད་དུ་ཁྱིམ་ཚང་ཆེན་པོ་ཕག་རི་མི་གཟིགས་གནས་ཁང་ཞེས་པའི་ཇོ་ལགས་དེ་བཞིན་ཨ་རག་ཚད་ལས་བརྒལ་བ་བཞེས་ཏེ་བཞུགས་སྐབས། རང་ལ་སྙིང་ཉེ་བའི་སྐྱེ་བོ་འགའ་ཤས་ནས་མ་བཞེས་ཞུས་ཀྱང་ཉན་འཇོག་མེད་པར་མཐར་མཆིན་པ་རུལ་ནས་འཆི་སྐྱོན་བྱུང་བ་ནི་ཕྲན་གྱི་དགེ་རྒན་མཆོག་དུར་ཁྲོད་དུ་སྨོན་ལམ་འདོན་ལ་ཕེབས་སྐབས་མཆིན་པ་རུལ་བ་མངོན་སུམ་དུ་གཟིགས་འདུག་ཅིང་། དེར་བརྟེན་ཨ་རག་གར་པོ་མང་པོ་མཆོད་མཁན་ཚོ་ནས་ཆུ་བསྐོལ་གྲང་མང་ཙམ་འཐུང་ཐུབ་ན་ཉེས་སྐྱོན་དེ་ཙམ་མི་ཡོང་བས་དེ་ལུགས་དགོང་འཇགས་དང་། དཔེར་ན་ཨ་རག་གར་པོ་ཤེལ་དམ་གང་ལ་ཆུ་བསྐོལ་གྲང་ཤེལ་དམ་ལྔ་ཙམ་བསྲེས་ནས་མཆོད་ན་གང་ལེགས་ཡོང་གི་རེད་སྙམ། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་མཆོག་གི་གསུང་གི་ནང་། ཆུ་ཡིས་ཕན་ཕན་སྨན་གྱིས་ཕན་མི་འགྱུར། །ཆུ་ཡིས་གནོད་གནོད་དུག་གིས་གནོད་མི་འགྱུར། །གསུངས་པ་ལྟར་ཆུ་ནི་གལ་སྒང་ཆེ་བ་ཞིག་ཏུ་ངེས་སོ། །གཏམ་དཔེར། ཨ་རག་བསྟན་པ་ཆུ་ཡིས་བཤིགས། །ཟེར་བས་ཆུ་མང་ཙམ་མཆོད་དགོས་རྒྱུ། །ཤ་གྲང་མོར་ཞིམ་ཡང་དེ་མི་ཟ། ཤ་ཁུ་ཚ་པོར་ཞིམ་ཡང་དེ་མི་ཡིས་མི་འཐུང་ཟེར་བ། ཨ་རགས་དང་ཆབས་ཅིག་ཆུ་གྲང་མོ་མང་ཙམ་མཆོད་ཐུབ་ན་ཉེས་སྐྱོན་སེལ་ལ་སྐུ་ཚེ་རིང་བ་བཅས་ཕན་རླབས་ཆེ་བས་བསླབ་བྱ་མདོར་བསྡུས་སོ།།
བཞི་པ་མཆིན་རྒུད་ཀྱི་ནད་གཞིད་རོབ་ཙམ་ཞུ་ན། མཆིན་རྒུད་ཟས་ཟོས་རྗེས་ལ་མཆིན་པ་ན། །ཉམ་ཆུང་ཆུ་དྲོན་སྐྱུགས་ལ་གཡལ་མི་ཕྱིན། །ཞེས་པ་ལྟར་དེ་ལ་འགྲེལ་བརྗོད་ཅུང་ཟད་ཞུ་ན་བསམ། དེ་སྔོན་ཕྲན་འབྲས་ལྗོངས་དབེན་ཅན་དགོན་དུ་སྡོད་སྐབས་རྒྱ་གར་གྱི་དཔོན་རིགས་ཆེན་པོ་ཞིག་བོད་སྨན་ཉམས་སད་ཀྱི་ཆེད་དུ་དགེ་དཔལ་ལྡན་རྒྱལ་མཚན་རིན་པོ་ཆེའི་དྲུང་དུ་སྨན་བཅོས་དང་བརྟག་ཞིབ་བྱེད་པར་ཕེབས་སོང་། རྒན་རིན་པོ་ཆེ་ནས་ཕྱག་རྩ་གཟིགས་པ་དང་། ཕྲན་ལ་ཁོང་གི་ཚིགས་པ་རྣམས་གནོན་དུ་འཇུག་པས་མཐར་རྒན་ལགས་ནས་དཔོན་རིགས་དེ་ལ་མཆིན་པར་ན་ཚ་འདུག་ཅེས་གསུངས་བས། ཁོང་ནས་མཆིན་པར་ན་ཚ་ཆེ་ཆུང་དེ་ཇི་ཡོད་བཀའ་འདྲི་ཞུས་སོང་བས། རྒན་རིན་པོ་ཆེ་ནས་ཆེ་ཆུང་ཇི་ཡོད་ངོས་ནས་ཕྲ་ཞིབ་ཞིག་ལབ་མི་ཐུབ་ཅེས་གང་ལྟར་ཁྱེད་ཀྱི་ལུས་ཀྱི་དོན་ལྔ་སྣོད་དྲུག་ནང་ནས་མཆིན་པར་ན་ཚ་ཡོད་པ་ངེས་ཤེས་རྙེད་ཅེས་བཀའ་སྩལ་སོང་། དེ་ནས་ཁོང་གི་ལྟོ་ཕད་ནང་ན་གློག་དཔར་དང་བརྟག་དཔྱད་བྱེད་པའི་ཡིག་རིགས་མང་པོ་སྤྱན་བསྟར་ཞུས་ནས་ཁོང་ནས་མཆིན་པར་ན་ཚ་ཡོད་ཅེས་ཞུས་ཁར། དཔོན་རིགས་དེ་ཡིས་བོད་སྨན་ཟ་གི་ཡིན་ཅེས་ཞུས་ཏེ། སྐབས་དེར་སྨན་གུར་གུམ་བཅུ་གསུམ་དང་ཕྱི་རྒྱུད་ཨུཏྤལ་བརྒྱད་པ་གཉིས་གནང་སོང་བས་ནད་པར་སྨན་གྱི་ཕན་བསྐྱེད་བྱུང་ནས་རྗེས་སུ་དཔོན་རིགས་དེས་བོད་སྨན་གྱི་རྒྱུད་བཞི་འདི་བཞིན་ཧིན་རྡིའི་སྐད་ལ་ཕབ་བསྒྱུར་ཡོང་བ་ཞུས་སོང་། རྒན་ལགས་ནས་རྒྱུད་བསྒྱུར་བ་ལ་ཧིནྡྰིའི་སྐད་ཡིག་ཤེས་པ་ཙམ་གྱིས་མི་འགྲིགས་པ་བོད་སྨན་ཡང་གང་འཚམས་ཤིག་ཤེས་པ་དགོས་ངེས་རེད་ཅེས་གསུངས། འབྲས་ལྗོངས་ཁུལ་དུ་ཨིན་ཧིན་གཉིས་ཀྱི་སྐད་རིགས་ཤེས་པ་མང་པོ་ཡོད་རུང་བོད་ཀྱི་སྨན་ཤེས་པ་ནི་ཧ་ཅང་གི་ཉུང་ངུ་ཞིག་ཡིན་སྟབས། ཧིན་སྐད་དུ་རྒྱུད་བཞི་བསྒྱུར་རྒྱུ་དེ་བྱུང་མ་སོང་བས། དེ་ནས་ཉིན་ཤས་མཚམས་ནས་ཁ་ནུ་ནས་དགེ་ལགས་ཀྱི་སློབ་བུ་སངས་རྒྱས་ཆོས་འཕེལ་སླེབས་སོང་བས། དེའི་སྐོར་ཕབ་བསྒྱུར་བྱ་རྒྱུའི་བཀའ་མོལ་བྱུང་ཡང་དུས་ཀྱི་དབེན་པས་བོད་སྨན་དེ་ཧིནྡྰིའི་སྐད་ཡིག་ཏུ་བསྒྱུར་མ་ཐུབ་པ་དེ་མུར་ལུས་སོང་། སྔོན་དུས་བོད་ཀྱི་པཎྜི་ཏ་རྣམས་ནས་རྒྱ་གར་འཕགས་པའི་ཡུལ་ནས་ཆོས་དང་རིག་གཞུང་མང་པོ་བོད་སྐད་དུ་བསྒྱུར་བའི་བཀའ་དྲིན་ལ་བརྟེན་དེང་སྐབས་བོད་ཀྱི་ཆོས་དང་རིག་གཞུང་ཞེས་འཛམ་གླིང་ནང་སྙན་གྲགས་ཀྱིས་ས་གསུམ་ཁྱབ་པ་དང་། ད་ནི་བོད་སྨན་འདི་བཞིན་ཧིནྡྰིའི་སྐད་དུ་བསྒྱུར་ཐུབ་ན་འཕགས་བོད་ཀྱི་རིག་གཞུང་སྤེལ་རེས་དང་མཛའ་མཐུན་ལའང་ཕན་པ་ཆེན་པོ་ཡོང་རྒྱུ་ཉག་གཅིག་རེད་སྙམ་རྨོང་འཆར་དུ་ཞུ་བ་བཅས། མཐའ་དོན་སྨོན་ཚིག་ཞུ་རྒྱུར། གུས་ལ་སྨན་བཅོས་མང་པོ་བྱས་པའི་ཉམས་མྱོང་མེད་ཀྱང་། བོད་སྨན་མཁས་པ་མང་པོ་དང་མཉམ་འགྲོགས་བྱས་པས། ཁལ་རྒྱུས་མེད་ཀྱང་ལམ་རྒྱུས་ཀྱི་དཔེ་ལྟར་ཅུང་ཟད་ཞུས་པ་དེ་དག་རྒྱ་ཆེ་མཁས་དབང་རྣམས་ལ་མི་ཕན་པས་དགོས་མེད་ཡིན་རུང་། རང་མཉམ་བློ་དམན་འགའ་ལ་ཕན་པ་འབྱུང་སྲིད་པས་དེ་ཡི་དགེ་ཚོགས་རྣམས་འགྲོ་ཀུན་ནད་ཀྱི་འདམ་ལས་གྲོལ་བ་དང་། མཐར་ཐུག་བླ་མེད་ས་ལ་འགོད་ནུས་ཤོག། །།
མཐའ་མའི་འདོན་ཐེངས་།: 31.03.2014 ཉིན། 4:30 PM
<< སྔ་མ།