སྨན་རྩིས་དྲ་བ། - མདུན་ངོས།

མངའ་སྡེ་ཨཱཡུཥ་སྡེ་འགན་གཞོན་པ་ལྟ་སྐོར་དུ་ཕེབས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 09.05.2022
མདུན་ངོས། >>


མངའ་སྡེ་ཨཱཡུཥ་སྡེ་འགན་གཞོན་པ་ལྟ་སྐོར་དུ་ཕེབས།

སྨན་རྩིས་ཁང་གི་ཐད་སྤྱོད་སྨན་གྱི་སྡེ་ཚན་དང་སྨན་སྦྱོར་ཁང་གཉིས་ནས་དྷ་ས་སྨན་རྩིས་ཁང་དང་ཅོན་ཏ་ར་སྨན་སྦྱོར་ཁང་དུ་ལྟ་སྐོར་ཆེད་ཧི་མཱ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལར་རྟེན་གཞི་ཨཱཡུཥ་སྡེ་ཚན་གྱི་འགན་འཛིན་གཞོན་པ་ Dr. Surender Sharma མཆོག་དམིགས་བསལ་གདན་འདྲེན་ཞུས་པ་ལྟར། འདི་ལོའི་ཟླ་ ༤ ཚེས་ ༢༩ དང་ ༣༠ ཉིན་གཉིས་རིང་ཆེད་ཕེབས་གནང་ཡོད། དེ་ཡང་ས་གནས་པཔ་རོ་ལར་ཡོད་པའི་རྒྱ་གར་གཞུང་གི་ཚེའི་རིག་བྱེད་མཐོ་སློབ་ཀྱི་སྨན་སྦྱོར་ཚན་རིག་ Dr. Ashish Arora, M.D. ལགས་ཀྱང་ལྷན་བཅར་ཞུས་ཡོད། མཚམས་གཟིགས་འདིའི་དམིགས་ཡུལ་ནི་ཕྱི་ལོ་ ༢༠༡༢ ལོར་ཨཱཡུཥ་ལྷན་ཁང་ནས་གསོ་བ་རིག་པ་ངོས་ལེན་གནང་རྗེས། འབྱུང་འགྱུར་ཅོང་ཏ་ར་སྨན་སྦྱོར་ཁང་ལ་བཟོ་སྐྲུན་བྱེད་པའི་ཁྲིམས་མཐུན་ལག་འཁྱེར་གྱི་ཆོག་མཆན་རག་རྒྱུ་དང་འབྲེལ་ཁོང་གི་ཉམས་མྱོང་མཁས་རྩལ་དང་དགོངས་འཆར་འཐོབ་ཕྱིར་གོ་སྒྲིག་ཞུས་པ་ཞིག་རེད།

སྨན་རྩིས་ཁང་གི་སྨན་སྦྱོར་འགན་འཛིན་སྨན་རམས་པ་སྤེན་པ་ལགས་དང་། ཐད་སྤྱོད་སྨན་གྱི་འགན་འཛིན་སྨན་རམས་པ་བསྟན་འཛིན་ལྷུན་གྲུབ་ལགས། སྨན་པ་བསྟན་འཛིན་ཚེ་བརྟན་ལགས། སྤུས་ཚད་སྟངས་འཛིན་སྡེ་འགན་བསྟན་འཛིན་ནོར་ལྷ་ལགས་བཅས་ཟླ་ ༤ ཚེས་ ༢༩ ཉིན་ཚེའི་རིག་བྱེད་སྨན་པ་རྣམས་དང་ཐུག་འཕྲད་ཀྱིས་བཅར་འདྲི་བརྒྱུད་སྨན་དང་མཛེས་བཟོའི་བཅའ་ཁྲིམས་(Drug & Cosmetic Act)ཀྱི་གོ་དོན་ཁག་དོགས་སེལ་ཐུབ་པ་དང་སྦྲགས་པཔ་རོ་ལར་མངའ་སྡེའི་གཞུང་གི་ཚེའི་རིག་བྱེད་མཐོ་སློབ་ཀྱི་ཙ་ར་ཀའི་སྨན་སྦྱོར་ཁང་དུ་ཡུད་ཙམ་རིང་ལྟ་སྐོར་བྱས། དེའི་དགོང་མོ་ཅོང་ཏ་ར་སྨན་སྦྱོར་ཁང་འགན་འཛིན་སྨན་པ་ཚེ་དབང་རིག་འཛིན་ལགས་དང་། སྨན་རམས་པ་ངག་དབང་རྡོ་རྗེ་ལགས་རྣམ་གཉིས་ནས་སྐུ་མགྲོན་རྣམས་སྣེ་ལེན་ཞུས་རྗེས་དེ་གའི་སྨན་སྦྱོར་ཁང་གི་ཐོན་སྐྱེད་ལེ་ལག་ཡོངས་རྫོགས་ལ་རྟོག་ཞིབ་གནང་དུ་བཅུག  སྐུ་མགྲོན་རྣམས་བོད་ཀྱི་གསོ་བ་རིག་པའི་སྨན་གྱི་སྦྱོར་བཟོ་དང་རིལ་བུ་བཟོ་སྐྲུན་དང་ལས་སྣོན་རྒྱུད་རིམ་ཁག་ལ་ཐུགས་སྣང་ཆེན་པོས་དྲི་རྩད་གནང་ཞོར། ཨཱཡུཥ་ལྷན་ཁང་འོག་ཚེའི་རིག་བྱེད་དང་། སིདྡྷ། ཡུནཱནི་སྨན་(ASU Medicine)གྱི་ཆེད་དུ་རྩ་འཛུགས་བཟོ་སྐྲུན་ལེགས་པའི་ལག་ལེན་(GMP)དང་མཐུན་པར་གང་དུ་དགོས་ངེས་ལེགས་བཅོས་དང་འགྱུར་བ་གཏོང་དགོས་རིགས་ལ་ལམ་སྟོན་ལྷུག་པོ་གནང་།

དེའི་སང་ཉིན་ཕྱི་ཚེས་ ༣༠ ཉིན་དབུས་སྨན་རྩིས་ཁང་དུ་བོད་ལུགས་ཞོགས་ཟས་ལ་རོལ་རྗེས་སྨན་རྩིས་ཁང་གི་འགྲེམ་སྟོན་ཁང་དང་། སྨན་སྦྱོར་ཁང་། སྤུས་ཚད་སྟངས་འཛིན་སྡེ་ཚན་བཅས་སུ་མཚམས་གཟིགས་དང་འབྲེལ་ཡོད་སྡེ་ཚན་ཁག་གི་ལས་བྱེད་ལ་འབྲེལ་འདྲིས་ཐོག་བགྲོ་གླེང་གནང་། སྐབས་དེར་ལས་བྲེལ་ཆེ་ཡང་སྨན་རྩིས་ཁང་གི་འགན་འཛིན་སྐུ་ངོ་ཐུབ་བསྟན་ཚེ་རིང་མཆོག་ནས་དུས་ཚོད་ཟུར་འདོན་གྱིས་གསོ་རིག་སྨན་པ་དང་མཐོ་སློབ་དེབ་སྐྱེལ་གནད་དོན་དང་འབྲེལ་བའི་ཐོག་གྲོས་བསྡུར་གནང་བ་མ་ཟད་འབྱུང་འགྱུར་སྨན་རྩིས་ཁང་གི་འབད་བརྩོན་གང་བྱེད་པར་མཐུན་འགྱུར་གནང་བའི་འབོད་སྐུལ་ཞུས། དེ་ལྟར་སྐུ་མགྲོན་ཚོས་སྨན་རྩིས་ཁང་ལ་མུ་མཐུད་རྒྱབ་སྐྱོར་དང་བཀའ་དྲིན་མཚོན་དོན་སྨན་རྩིས་ཁང་ནས་བཟོ་སྐྲུན་ཞུས་པའི་ཐོན་སྐྱེད་ཁག་གཅིག་དྲན་རྟེན་ཚུལ་དུ་ཕྱག་རྟགས་ཕུལ། དེའི་ཉིན་རྒྱབ་སྨན་པ་བསྟན་འཛིན་ལྷུན་གྲུབ་ལགས་ནས་བོད་ཀྱི་གསོ་བ་རིག་པའི་ལུགས་ཀྱི་རེག་པ་རྩའི་བརྟག་ཐབས་སྒོ་ནས་སྐུ་མགྲོན་རྣམས་ཀྱི་ཕྱག་རྩ་གཟིགས།

ད་ཐེངས་སྨན་རྩིས་ཁང་དུ་ Dr. Sharma མཆོག་དང་ཁོང་གི་ལས་རོགས་རྣམས་ཕེབས་ཏེ་ཁོང་རང་ཚོའི་ཤེས་བྱ་མཉམ་སྤྱོད་གནང་ཞིང་། སྒྲིག་འཛུགས་གཉིས་ཀྱི་འབྲེལ་ལམ་བཟོས་པ་དང་། ལྷག་པར་ཨཱཡུཥ་ལྷན་ཁང་འོག་གསོ་བ་རིག་པའི་སྨན་སྦྱོར་ཁང་གི་ཐད་ལ་བཙན་བྱོལ་ནང་ཡོད་པའི་སྨན་རྩིས་ཁང་གི་སྨན་སྦྱོར་ཁང་འདི་གལ་གནད་ཇི་ཙམ་ཆེ་ཚུལ་དང་། བྱས་རྗེས་སོགས་ཀྱི་གནས་ཚུལ་ཇི་བཞིན་སྐོར་སྐུ་མགྲོན་རྣམས་ལ་གོ་རྟོག་སྤེལ་བའི་གྲོགས་བྱེད་ཐུབ་པར་བློ་ཚིམ་པོ་འབྱུང་ཡོད་པར་གསུངས།།

 




མཐའ་མའི་འདོན་ཐེངས་།: 23.05.2022 ཉིན། 4:27 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།