སྨན་རྩིས་དྲ་བ། - ལོ་རྒྱུས།

༄༅། །གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས། པར་གཞི་དང་པོ།
(གསོ་རིག་མཁས་དབང་རིམ་བྱོན་གྱི་དཀར་ཆག)

1
2
3
4
5
6
7
8
9
10
11
12
13
14
15
16
17
18
19
20
21
22
23
24
25
26
27
28
29
30
31
32
33
34
35
36
37
38
39
40
41
42
43
44
45
46
47
48
49
50
51
52
53
54
55
56
57
58
59
60
61
62
63
64
65
66
67
68
69
70
71
72
73
74
75
76
77
78
79
80
81
82
83
84
85
86
87
88
89
90
91
92
93
94
95
96
97
98
99
100
101
102
103
104
105
106
107
108
109
110
111
112
113
114
115
116
117
118
119
120
121
122
123
124

མཁས་དབང་ཁྲོ་རུ་ཚེ་རྣམ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 11.02.2011
ལོ་རྒྱུས། >>

མཁས་དབང་ཁྲོ་རུ་ཚེ་རྣམ།

ཚུལ་ཁྲིམས་རྒྱལ་མཚན།

༄༅། །ཡོན་ཏན་རྒྱལ་དང་གཉིས་མེད་ཀྱང་། །ཐུགས་རྗེའི་དབང་གིས་གདུལ་བྱའི་ངོར། །གང་འདུལ་སྐལ་མཉམ་གཟུགས་ཀྱི་སྐུ། །སྟོན་མཛད་བླ་མའི་ཞབས་ལ་འདུད། །འདིར་བདག་ཅག་གི་རྣམ་འདྲེན་དམ་པ་ངེས་པ་དོན་གྱི་པཎྜི་ཏ་ཁྲོ་རུ་མཁན་ཆེན་ཚེ་རྣམ་རིན་པོ་ཆེའི་ཐུན་མོང་ཕྱི་ཡི་རྣམ་པར་ཐར་པ་མདོ་ཙམ་བརྗོད་པ་ལ་དོན་བཞི་སྟེ། སྐུ་འཁྲུངས་ནས་ཆོས་སྒོར་ཞུགས་ཚུལ། བཤེས་གཉེན་བསྟེན་ནས་ཐོས་བསམ་མཛད་ཚུལ། མཁས་པའི་གོ་འཕང་བརྙེས་ནས་བསྟན་འགྲོ་སྐྱོང་ཚུལ། ཕྲིན་ལས་ཁྱབ་གདལ་དུ་འགྲོ་བའི་ཚུལ་ལོ། །དང་པོ་སྐུ་འཁྲུངས་པའི་ཡུལ་ནི། སྔར་སྡེ་དགེའི་མངའ་ཁོངས། དེང་སང་ཆབ་མདོ་ཁུལ། འཇོ་མདའ་རྫོང་། གཏེར་སྟོན་ཆུས། ཁྲོ་རུ་དགོན་གྱི་འདབས་ཞོལ་ཁྲོ་རུ་སྡེ་པར། ཉ་འཚོའི་རུས་ལས་ཡབ་རིན་ཆེན་བསམ་འགྲུབ་དང་། ཡུམ་བཀྲ་ཤིས་སྒྲོལ་མ་གཉིས་ཀྱི་སྲས་སུ་བོད་ཀྱི་རབ་བྱུང་བཅོ་ལྔ་པའི་མེ་ཕོ་སྟག་གི་ལོ་ ༡༩༢༦ བོད་ཟླ་བརྒྱད་པའི་ཚེས་དྲུག་གི་ཉིན་སྐུ་འཁྲུངས། མཚན་ཚེ་རིང་རྣམ་རྒྱལ་དུ་བཏགས། སྐུ་ཆུང་དུས་ནས་སི་ཏུ་པདྨ་དབང་མཆོག་རྒྱལ་པོ་ལ་གཙུག་ཕུད་ཕུལ། དགུང་ལོ་ལྔ་ལ་ཕེབས་དུས་ཉིད་ཀྱི་ཁུ་བོ་དགོན་དེའི་མཁན་པོ་དང་སྒྲུབ་དཔོན་གཅིག་ལྕོགས་ཨ་ཚེ་དཔལ་ལྡན་གྱི་མདུན་ནས་ཡི་གེ་ཀློག་འདོན་བསླབས་པས་སྔོན་གྱི་བག་ཆགས་སད་པའི་སྟོབས་ཀྱིས་ཚེགས་མེད་དུ་མཁྱེན། དགུང་ལོ་དྲུག་གི་དུས་ཁྲོ་རུ་དགོན་དུ་སྒྲིག་ཞུགས་མཛད། དགུང་ལོ་བདུན་ལ་ཕེབས་དུས། དཔལ་སྤུངས་སི་ཏུ་པདྨ་དབང་མཆོག་རྒྱལ་པོའི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་ཀརྨ་བསོད་ནམས་དགེ་ལེགས་ཞེས་གནང་། ལྗགས་ཀློག་ཤིན་ཏུ་བདེ་བས་བྱིས་པའི་དུས་ནས་ཉེ་འཁོར་གྱི་གྲོང་མིའི་སར་འབུམ་འདོན་པར་ཕེབས་ཐུབ་ཀྱི་ཡོད་པ་རེད། རྒྱལ་སྲས་ཉི་མ་སྐྱེས་ཐོབ་ཀྱི། །ཡོན་ཏན་འོད་ཟེར་བྱེ་བ་ཅན། །མངལ་རྒྱའི་སྤྲིན་རུམ་ལས་ཐོན་ཏེ། །སྐྱེ་རྒུའི་དད་པའི་མཁའ་ལ་མཛེས། །

གཉིས་པ་བཤེས་གཉེན་བསྟེན་ནས་ཐོས་བསམ་མཛད་པའི་ཚུལ་ནི། ཁུ་བོ་དེ་ཉིད་དགེ་རྒན་དུ་བསྟེན་ཏེ་ཡི་གེ་འབྲི་རྒྱུ་ནས་བཟུང་། དགོན་པའི་འདོན་ཆོས་སྤྱོད། ཆོ་ག་ཕྱག་ལེན། གདངས་དབྱངས་རོལ་མོ་སོགས་ཆ་ཚང་བྱང་ཆུབ་པར་སྦྱངས། སྡོམ་གསུམ་རྣམ་ངེས་སོགས་ཀྱང་བཀའ་ཁྲིད་གསན། སྐུ་མཆེད་རྟ་མགྲིན་ནོར་བུའི་མདུན་ནས་སུམ་རྟགས་དང་། ནག་རྩིས་སོགས་སྦྱངས། དཔེ་ཆ་རྣམས་ཚར་རེ་གཉིས་ཀློག་པས་བློར་ཆུབ་པ་སོགས་ཐུགས་རིག་ཤིན་ཏུ་གསལ་བས་ཀུན་ངོ་མཚར་དུ་གྱུར། དགུང་ལོ་བཅུ་གཉིས་ཙམ་ལ་དགོན་པའི་སྒྲུབ་ཁང་གི་ནང་དུ་སྒྲུབ་གཡོག་མཛད་ནས་བཞུགས་དུས་སྒྲུབ་བླ་གུ་རུའི་མདུན་ནས་སྨན་རྒྱུད་རྩ་མདོ་ཆུ་མདོ་སོགས་གསོ་རིག་གི་རྨང་གཞིའི་ཤེས་བྱ་རྣམས་ལེགས་པར་སྦྱངས། དགུང་ལོ་བཅོ་ལྔ་ལ་ཕེབས་སྐབས་སྐུ་མཆེད་སོགས་དང་ལྷན་དུ་གནས་བསྐོར་དང་ཐོས་བསམ་ཆེད་དུ་ཕེབས། ཡར་ལམ་ཀོང་པོ་བརྒྱུད་འབྲུག་ཡུལ། རྒྱ་བལ། ལྷན་ལྡན་སོགས་དབུས་གཙང་དུ་གནས་མཇལ་མཛད། ལོ་གསུམ་ཙམ་འགོར། དེ་སྐབས་འབྲུག་ཀྲོང་གསར་དགོན་དུ་བཀའ་འགྱུར་གསུང་ཞིང་ཟླ་བ་བདུན་ཙམ་འགོར། དགོན་པ་དེའི་མཁན་པོའི་མདུན་ནས་ཆོས་ཅུང་ཟད་ཞུས་གསུངས། འཁྲུངས་ཡུལ་དུ་ཕྱིར་ཕེབས་པའི་ལམ་དུ་ཀཿཐོག་གི་དགོན་ལག་སྨྱོ་ཤུལ་དགོན་པའི་མཁན་པོ་ཨོ་རྒྱན་རིག་འཛིན་དང་ལྷན་འཛོམས་བྱུང་སྟེ་བསྡོངས་ནས་ཕེབས་པས། མཁན་པོ་དེས། ཁྱེད་ལ་རིག་པ་དཔེ་མི་སྲིད་པ་ཞིག་འདུག ཁྱེད་མི་སྤྱིར་བཏང་བ་ཞིག་གཏན་ནས་མ་རེད། ཁྱེད་ང་ཚོའི་དགོན་པའི་བཤད་གྲྭར་ཡོང་དགོས་ཞེས་ནན་གྱིས་གསུངས། དེ་ནས་རང་ཡུལ་དུ་ཕེབས་ནས་འཁྲུངས་ཁྱིམ་དུ་ཟླ་ཤས་བཞུགས། སྐུ་ཡོན་སྦྱངས་ཕྱིར་བཤད་གྲྭ་ལ་ཕེབས་འདོད་ཀྱི་འདུན་པ་ལྡོག་ཏུ་མེད་པ་འཁྲུངས་ནས། སྨྱོ་ཤུལ་ཕྱོགས་སུ་བྱོན་པས། ལམ་བར་དུ་ཧོར་པོ་ཐང་དཀར་སྟེང་དུ་ཡུལ་མི་རྣམས་ཀྱིས། ཀཿཐོག་མཁན་པོ་ལེགས་བཤད་འབྱོར་ལྡན་མ་ཎི་དུང་སྒྲུབ་ཀྱི་དབུ་བཞུགས་སུ་གདན་དྲངས་པར་མཇལ་དུ་ཕེབས་པས། མཁན་ཆེན་དེས་ཐུགས་དགྱེས་པ་ཆེན་པོས་རང་གི་སྐུ་མདུན་དུ་བཞུགས་སུ་གསོལ། རང་གི་ཞལ་དཀར་གྲོ་མ་མར་ཁུས་གང་བ་དེ་བཞེས་སུ་བཅུག ཁྱེད་གང་དུ་འགྲོ་གསུང་བར། སྨྱོ་ཤུལ་དགོན་དུ་དཔེ་ཆ་སྦྱོང་བར་འགྲོ་བ་ཡིན་ཞུས་པས། ཁྱེད་སློབ་གཉེར་མཛད་རྒྱུ་ཀཿཐོག་དགོན་པར་ཕེབས་ན་བཟང་། དགོན་པ་དེ་ནི་གྲགས་ཅན་ཡིན་པར་མ་ཟད། ཆ་རྐྱེན་ཡང་འཛོམས་པོ་རེད། ཁྱེད་ཡོང་ན་ངས་ཀྱང་རོགས་རམ་གང་དྲག་བྱེད་གསུངས་པའི་བཀའ་སློབ་ལྟར་ཀཿཐོག་དགོན་དུ་བྱོན། རྒྱུད་སྡེའི་བཤད་གྲྭ་ལ་ཞུགས། དགོན་དེར་ནི་ཐོས་པས་བག་ཆགས་འཇོག་པའི་གཞུང་བརྒྱ། ནན་ཏན་སྦྱངས་པར་བྱ་བའི་གཞུང་ཉི་ཤུ་རྩ་ལྔ་སོགས་མདོ་སྔགས་རིག་གནས་གང་ལ་ཡང་སློབ་སྦྱོང་བྱ་རྒྱུ་མཐའ་མ་འགག་པ་ཡོད་ཅིང་། མཁས་གྲུབ་ཀྱི་སྐྱེས་བུ་མང་པོ་བཞུགས། སྒྲིག་ཁྲིམས་ཤིན་ཏུ་བཙན། དེའི་ཚེ་དམ་པ་འདིས་ཉིན་མཚན་ཀུན་ཏུ་སློབ་སྦྱོང་མཛད་དེ་ཐ་ན་ཞུན་མར་གྱི་ཆ་རྐྱེན་མེད་སྐབས་མཚན་མོ་སྤོས་མེའི་ངོགས་སུ་ཡང་དཔེ་ཆ་གཟིགས་རྟོག་མཛད་པ་སོགས་འབད་བརྩོན་ཆེན་པོས་ཐོས་བསམ་གནང་བས་ཤེས་རབ་དང་བརྩོན་འགྲུས་ཟུང་དུ་ཆུད་པས་མྱུར་དུ་མཁས་པ་ཆེན་པོར་གྱུར་ཏེ་མཚན་སྙན་ཡང་ཇེ་ཆེར་གྱུར། བཤད་གྲྭ་ལོ་ལྔ་ཐོན་རྗེས་ཁྲོ་རུ་དགོན་ནས་རང་དགོན་དུ་ཕྱིར་ཕེབས་དགོས་པའི་རེ་བ་དང་བསུ་མི་ཆེད་གཏོང་བྱུང་ཡང་། ཀཿཐོག་ནས་དགོངས་པ་མ་གནང་བར་དགེ་རྩེ་རིན་པོ་ཆེ་འགྱུར་མེད་བསྟན་པ་རྣམ་རྒྱལ་གྱིས་རང་གི་སྐུ་མདུན་དུ་ཉར་གནང་མཛད་དེ་བཟོ་གསོ་སྒྲ་ཚད་སོགས་ཐུན་མོང་རིག་གནས་ཡན་ལག་དང་བཅས་པ། ནང་རིག་སྡེ་སྣོད་གསུམ་དང་། ཁྱད་པར་གསང་སྔགས་གསར་རྙིང་གི་སྨིན་གྲོལ་རྒྱབ་རྟེན་དང་བཅས་པ་སྤྱི་དང་། སྔར་གཞན་སུ་ལ་ཡང་གནང་མ་མྱོང་བའི་ཁྲིད་རྒྱུན་འགའ་ཞིག་ཀྱང་བུམ་པ་གང་བྱོའི་ཚུལ་དུ་གནང་སྟེ་ཐུགས་སྲས་ཀྱི་ཐུ་བོར་གྱུར། དགུང་ལོ་ཉི་ཤུའི་སྐོར་ལ་ཀཿཐོག་མཁན་ཆེན་རྒྱལ་མཚན་འོད་ཟེར་གྱི་མདུན་ནས་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་བཞེས། མཚན་ཀརྨ་བསོད་ནམས་མཆོག་ལྡན་ཞེས་གསོལ། མཁན་པོ་ནུས་ལྡན་གྱི་མདུན་ནས་ཐེག་ཆེན་སེམས་བསྐྱེད་ཀྱི་སྡོམ་པ་བླངས་ཤིང་གཞན་ཡང་ཆོས་མང་དུ་གསན། ཀཿཐོག་གི་རིག་གནས་མཁས་ཆེན་རྟ་ཆུང་བླ་མ་ཚེ་རིང་ཆོས་འཕེལ་གྱི་མདུན་ནས་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ཁྲིད་ཞིབ་པར་བསླབས། མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་བཀའ་དགོངས་ལྟར། དེ་སྔོན་ནང་ཆེན་རྒྱལ་པོའི་དབུ་བླ་མཁན་ཆེན་རྣམ་རྒྱལ་བཟང་པོའི་མདུན་ནས་སྒྲ་ཙནྡྲ་པ་ས་རིས་གོ་དོན་དང་བཅས་པ་མཐར་ཕྱིན་པར་སྦྱངས། བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དུ་ལེགས་བཤད་སྨྲ་བའི་ཟླ་བ་ཞེས་གསོལ། དེ་མཚུངས་མཁན་པོ་བསོད་ནམས་དང་། འཇམ་དབྱངས་བསྟན་པའི་སྒྲོན་མེའི་མདུན་ནས་ཀ་ལཱ་པ་དང་། དབྱངས་ཅན་སྒྲ་མདོ་གསན་དུས་ཀུན་བཤད་ཀྱི་མཚན་དུ་ཚངས་སྲས་དགྱེས་པའི་རང་མདངས་གཙུག་ལག་སྨྲ་བའི་སྡེ་ཞེས་གསོལ་འདུག ཀཿཐོག་སི་ཏུ་ཆོས་ཀྱི་ཉིན་བྱེད་ཀྱི་དྲུང་ནས་དུས་ཀྱི་འཁོར་ལོའི་དབང་དང་དགོངས་འདུས་སོགས་མང་པོ་གསན། གནམ་བླ་རིན་ཆེན་མདུན་ནས་རྫོགས་ཆེན་གྱི་ཆོས་སྐོར། དཔལ་སྤུང་རྡོར་སློབ་རྟ་མགྲིན་མགོན་པོའི་མདུན་ནས་ཀརྨ་བཀའ་བརྒྱུད་ཀྱི་ཆོས་སྐོར། དཔལ་སྤུངས་མཁན་པོ་ཚུལ་ཁྲིམས་བཟང་པོའི་མདུན་ནས་ནང་བརྟག་རྒྱུད་གསུམ་སོགས་དང་གཞན་ཡང་འཇམ་དབྱངས་ཆོས་ཀྱི་བློ་གྲོས། སི་ཏུ་ཆོས་ཀྱི་ཉིན་བྱེད། མཁན་ཆེན་རྒྱལ་མཚན་འོད་ཟེར། མཁན་ཆེན་ཤེས་རབ་རབ་གསལ། སི་ཏུ་པདྨ་དབང་མཆོག་རྒྱལ་པོ། མཆོག་སྤྲུལ་འཇམ་དབྱངས་བསྟན་པའི་སྒྲོན་མེ། རྟ་ཆུང་བླ་མ་ཚེ་རིང་ཆོས་འཕེལ། སྤྲུལ་སྐུ་དཀོན་མཆོག་གྲགས་པ། མཁན་པོ་བློ་གྲོས། མཁན་པོ་རྣམ་རྒྱལ། བླ་མ་བཟོད་པ། གཅེན་རྟ་མགྲིན་ཚེ་རིང་། ཁྲོ་རུ་བླ་རྒན། སྤྲུལ་སྐུ་ཨ་དཀར། སྨན་པ་གུ་རུ། སྐྱབས་ཆེ་བསོད་ཆོས། བཀྲ་ཤིས་ནོར་བུ། དཔལ་སྤུངས་མཁན་པོ་འཇམ་དཔལ། སྐུ་ཞབས་དབོན་པོ། མཁན་པོ་ནུས་ལྡན། མཁན་པོ་ལེགས་བཤད་འབྱོར་ལྡན། པདྨ་མཐར་ཕྱིན་སོགས་མཁས་གྲུབ་ཀྱི་བླ་མ་བཅུ་ཕྲག་དུ་མ་བསྟེན་ནས། བོད་ཀྱི་སུམ་རྟགས་དག་གསུམ་ནས་གཉིས་མེད་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་བར་བཅུ་ཕྲག་རིག་པའི་གནས་ཐམས་ཅད་མ་སྦྱངས་པ་དང་། མི་མཁྱེན་པ་ཅི་ཡང་མེད་ཅིང་དེ་དག་རེ་རེ་ནས་བྲི་བར་མི་ནུས་པས་གསན་ཡིག་སོགས་ལས་ཤེས་པར་བྱ། དེ་ཡང་ས་སྐྱ་པཎྜི་ཏས། ཐོས་པ་དེ་དག་ཐམས་ཅད་ཀྱང་། །མིང་རྐྱང་ཙམ་དུ་མ་བཞག་གོ །ཞེས་གསུངས་པ་ལྟར་གོ་ལོ་ཐོས་ལོ་ཙམ་དུ་མ་བཞག་པར་རིག་གནས་གང་ལ་ཐུག་ཀྱང་སྐུ་ཚེའི་རིང་ལ་དེ་ཁོ་ན་ལ་སྦྱངས་པར་མཛད་པ་ལྟར་བྱང་ཆུབ་པར་ཡོད་པ་ཁོ་བོས་མོས་བློས་ཡར་གཞལ་གྱིས་བསྟོད་འདོད་ཙམ་མ་ཡིན་པ་ནི་དམ་པ་གང་ཉིད་ད་ལྟ་འཚོ་ཞིང་བཞེས་པ་དང་། གསུང་གི་བདུད་རྩི་དངོས་སུ་མྱངས་པའི་ཞལ་སློབ་གྲངས་མེད་བཞུགས་བཞིན་པ་དང་། མ་འོངས་པ་རྣམས་ཀྱང་། སྒྲ་ཀ་ཙན་དབྱངས་གསུམ་དང་། སྡེབ་སྦྱོར་རིན་འབྱུང་། གསོ་རིག་རྒྱུད་བཞི་སོགས་བཀའ་ཁྲིད་གནང་བ་མང་པོ་སྒྲ་ཕབ་འཁོར་ལོའི་ནང་དུ་བཞུགས་པ་ཉན་ན་ཡིད་ཆེས་ཀྱི་དད་པ་འཐོབ་པར་འགྱུར་རོ། །མཚན་ལྡན་མཁས་གྲུབ་བཤེས་གཉེན་ནི། །བཅུ་ཕྲག་དུ་མ་ལེགས་བསྟེན་ནས། །མདོ་རྒྱུད་རིག་གནས་མ་ལུས་པ། །མངོན་སུམ་མཛད་ཁྱོད་མཁས་པའི་ཕུལ། །

གསུམ་པ་མཁས་པའི་གོ་འཕང་བརྙེས་ནས་བསྟན་འགྲོ་སྐྱོང་ཚུལ་ལ་བཞི་ལས། དང་པོ་བརྒྱུད་འཛིན་སློབ་མ་གསོ་སྐྱོང་གནང་བ་ནི། དེ་ལྟར་གསན་སྦྱངས་མཐར་ཕྱིན་ཏེ་མཁས་པ་ཆེན་པོར་གྱུར་ནས་ཐོག་མར་ཀཿཐོག་དགོན་དུ་རྒྱུད་སྡེའི་སྐྱོར་དཔོན་དང་། དེ་ནས་རིག་གནས་མཁན་པོ་མཛད་ནས་སྒྲ་ཀ་ཙན་དབྱངས་གསུམ། སྙན་ངག སྡེབ་སྦྱོར། རྩིས་སྐར་ནག་སོགས་རིག་གནས་ཆ་ཚང་སློབ་ཁྲིད་གནང་བས་སློབ་གྲྭ་དངོས་གཞི་དང་། ཕྱོགས་ཁག་ནས་ཕེབས་པའི་བླ་སྤྲུལ་ཚོགས་སློབ་མ་མང་པོ་འདུས་ཤིང་མཁས་པ་ཡང་མང་པོ་ཐོན། ༡༩༥༦་ལོ་དགུང་གྲངས་སོ་གཅིག་བཞེས་ཚེ་རང་དགོན་ཁྲོ་རུ་དགོན་དུ་ཕྱིར་ཕེབས་ཀྱིས་མཁན་པོ་མཛད་པས་ཁྲོ་རུ་མཁན་ཆེན་ཞེས་ཡོངས་སུ་གྲགས། མི་རིང་བར་ཁམས་པ་སྒར་དུ་རིག་གནས་སློབ་གྲྭ་འཛུགས་པར་གདན་དྲངས་ནས་སློབ་ཁྲིད་མཛད། དེ་ནས་བྲག་གཡབ་ཏུ་ཕེབས། བུ་དགོན་བླ་མ་ཨ་ནོར་རིན་པོ་ཆེ་དང་། ནང་སོ་བུ་བླ་མ་བསོད་ནམས་སོགས་བྱམས་མདུན་དགོན་པའི་བླ་སྤྲུལ་དང་དོན་གཉེར་ཅན་ཁ་ཤས་ལ། དབྱངས་ཅན་སྒྲ་མདོ། སྡེབ་སྦྱོར། སྐར་རྩིས་བཅས་ཁྲིད་གནང་བ་སོགས། དུས་ཚོད་ཅུང་ཟད་ཀྱང་ཆུད་ཟོས་མེད་པར་འཆད་ཉན་སྒྲུབ་པས་དུས་འདའ་བར་མཛད་པས་སློབ་མ་མང་པོ་འཕེལ། དེ་སྐབས་ཁམས་ཕྱོགས་སུ་མཁས་དབང་འདི་ཉིད་ཀྱི་འཆད་ཚུལ་ལ་དམིགས་བསལ་གྱི་ཁྱད་ཆོས་ཡོད་ཅེས་མཚན་སྙན་གྲགས་པ་ཆེ་བར་ཐོས། འོན་ཀྱང་དེ་ནས་དུས་ཟིང་གིས་རྐྱེན་པས་རེ་ཞིག་ཁྲིམས་ཁང་ལ་བཞུགས་དགོས་ཀྱིས་ཕྲིན་ལས་ལ་བར་ཆད་ཆེན་པོ་བྱུང་། རྗེས་སུ་སྤོ་བོར་ལས་མི་རུ་ཁག་གི་སྨན་པ་གནང་ནས་བཞུགས་སྐབས་བོད་ལྗོངས་ལྷ་ས་སྨན་རྩིས་ཁང་ནས་གདན་དྲངས་ཏེ་གསོ་རིག་ཀུན་བཏུས་ཀྱི་དེབ་ཚོགས་རྩོམ་སྒྲིག་པ་གཙོ་བོའི་གྲས་སུ་བཞུགས། དེ་ནས་བཟུང་བར་གསེང་ཡོད་ཚད་ལ་མི་གྲངས་མང་ཉུང་ལ་མ་ལྟོས་པའི་སློབ་མ་རྣམས་ལ་རང་རང་གང་འདོད་ཀྱི་མདོ་སྔགས་རིག་གནས་སྤྱི་བྱེ་བྲག་ཀུན་ནས་སློབ་ཁྲིད་དང་སྨན་རྩིས་ཁང་སོགས་ལ་གཡུ་ཐོག་སྙིང་ཐིག་གི་དབང་ཞང་བློན་སྡེ་དགུའི་བཀའ་གཏད་དང་བཅས་པ་ཐེངས་ཁ་ཤས་བཀའ་དྲིན་བསྐྱངས། ༡༩༨༣ལོའི་དབྱར་དུས་སྨན་རྩིས་ཁང་གི་ཡོན་ཀྲང་མཁས་དབང་བྱམས་པ་ཕྲིན་ལས་མཆོག་གི་དགོངས་འདུན་ལྟར་སྨན་རྩིས་ཁང་གི་སྨན་པ་དང་། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་མི་སྣ་དང་། བོད་ལྗོངས་སློབ་ཆེན་གྱི་དགེ་རྒན། དེ་བཞིན་རིག་གནས་ཚན་པ་ཁ་ཤས་ཀྱི་མི་སྣ་བཅས་མི་གྲངས་ཉི་ཤུ་ཙམ་ལ་དབྱངས་ཅན་སྒྲ་མདོ། འདར་ལོ་ངག་དབང་ཕུན་ཚོགས་ཀྱི་འགྲེལ་པ་རབ་བྱེད་གསལ་ལྡན་གྱི་སྟེང་ནས། ཇོ་ནང་ཏཱ་ར་ནཱ་ཐ་དང་། དགེ་རྩེ་པཎ་ཆེན་གྱི་འགྲེལ་པ་གཉིས་དང་བསྡུར་ཞིབ་རྩལ་འདོན་གྱིས་སློབ་ཁྲིད་གནང་། སྒྲ་གཞུང་གང་དང་གང་ཁྲིད་ཀྱང་། སྒྲ་མདོའི་རྩ་བ་རྣམས་རྒྱ་སྐད་དང་བོད་སྐད་གཉིས་རེ་ཡོད་པ་རྣམས་སོ་སོའི་མིང་ཚིག་གི་སྐད་དོད་གང་དང་གང་ཡིན། རྐྱེན་དང་རྣམ་དབྱེ་གང་བྱིན། མཚམས་སྦྱོར་ཇི་ལྟར་བྱས་ཚུལ་སོགས་གོ་དོན་གཏིང་ཟབ་ཁྲིད་གནང་བས་སློབ་མ་ལ་ངེས་ཤེས་ཁྱད་པར་ཅན་སྐྱེ་ཐུབ་པ་རེད། དེ་རྗེས་༡༩༨༤་ལོར་བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་མང་པོ་དང་། སྨན་རྩིས་ཁང་སོགས་དོན་གཉེར་ཅན་མང་པོ་ལ། སྒྲ་ཀ་ལཱ་པ་མཚམས་སྦྱོར་ལྔ་པ་དང་། སྡེབ་སྦྱོར་སློབ་ཁྲིད་གནང་། དེ་སྐབས་མཁས་པའི་མཚན་གྲགས་ཅན་མང་པོ་གསན་མཁན་ཡོད་པས། ངོ་མཚར་རྟོགས་བྱེད་ཀྱི་དཔེར་བརྗོད་དུ་འདི་ལྟར། བཅུ་ཕྲག་རིག་ལམ་པདྨའི་ཚལ་ཡངས་པོར། རྣམ་དཔྱོད་དགྱེས་དགུར་རྩེན་པའི་མཁས་དབང་རྣམས། ངོམས་མེད་རིག་གནས་སློབ་ལ་ཞུགས་པ་ནི། །ཡ་རབས་གཞོན་ནུའི་བློ་གྲོས་བསྐུལ་ལ་དགོངས། །ཞེས་འཕྲལ་རྩོམ་ནག་པང་གི་ངོས་སུ་ཕྱག་བྲིས་མཛད་ནས་དེ་མ་ཐག་ཏ་ཏ་ཛ་ག་ག་དབང་པོ་རྡོ་རྗེའི་སྡེབ་སྦྱོར་ཐུགས་ཐོག་ནས་བསྒྲིགས་ཏེ། ངོ་མཚར་རྟོགས་བྱེད་ཀྱི་སྦྱོར་བ་རྣམས་ངོ་སྤྲོད་གནང་། འདིའི་ཁ་བྱང་རྒྱས་བསྡུས་འཚམས་པ་ཞིག་བཀོད་ན། སྡེབ་སྦྱོར་རྐང་བཞི་མཉམ་པའི་བྲིཏྟཱལས་ཡི་གེ་བཅུ་གཅིག་པ་སུམ་བསྔགས་ལ་སྤྱིར་རྣམ་གྲངས་མི་འདྲ་བ་༢༠༤༨ ཡོད་པ་ལས་བྱེ་བྲག་ཨུ་དཱིཥྛ་ ༣༥༧ པའི་མཚམས་ནས་ཟིན་པའི་དབང་པོ་རྡོ་རྗེ་ཞེས་བྱ་བའི་པྲསྟཱ་རས་མཛེས་པར་བརྒྱན་པ་སུ་ཤྲཱི་ཡོ་ཎ་ཝནྟུ། ཞེས་སམ་ཅུང་མ་ཤོང་ན་མཛེས་པར་བརྒྱན་པའོ། །ཞེས་བྲིས་ཀྱང་ཆོག་གསུངས་སོང་བས་སློབ་མ་ཐམས་ཅད་ངོ་མཚར་མི་སྐྱེ་བ་མི་འདུག ལྷག་པར་༡༩༨༧ ལོར་པེ་ཅིང་དུ་ནང་བསྟན་མཐོ་རིམ་སློབ་གླིང་དབུ་འཛུགས་སྐབས། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་ནས་བཀའ་སློབ་གནང་དོན། བོད་ཀྱི་ཆོས་དང་རིག་གནས་ཤེས་དགོས། གྲུབ་མཐའ་སོ་སོར་གཙོ་བོའི་དགེ་རྒན་རེ་ཡོད་དགོས། ཁྱེད་ནི་བཀའ་བརྒྱུད་པའི་དགེ་རྒན་ཆེན་མོ་ཡིན། བཀའ་བརྒྱུད་པའི་ཞབས་སྟེགས་དེ་ཁྱེད་ལ་སྤྲོད་རྒྱུ་ཡིན། ད་བོད་ལ་རིག་གནས་ནུབ་འགྲོ་རན་ལ་ཁད་ནི་སྒྲ་མདོ་ཆེན་མོ་ཙནྡྲ་པ་དེ་རེད་འདུག ཙནྡྲ་པ་བཤད་ཐུབ་མཁན་དང་། ཁྲིད་རྒྱུན་ཡོད་པ་ཁྱེད་མ་གཏོགས་སུ་གཅིག་མི་འདུག ད་ང་ཚོའི་བོད་ན་དེ་ཆད་སོང་ན་ཕངས་ཡང་ཕངས་ལ་ངོ་ཡང་ཚ་བས། ཡིན་གཅིག་མིན་གཅིག་ཙནྡྲ་པ་སློབ་དགོས། གསུངས་པའི་བཀའ་སློབ་གནང་། དེ་རྗེས་རྒྱལ་ཁབ་ཀྲུང་དབྱི་དོ་དམ་ཅུས་དང་། བོད་ལྗོངས་མི་དམངས་སྲིད་གཞུང་གིས་ཆོག་མཆན་གནང་བ་བརྒྱུད། ༡༩༨༩ ལོའི་ཟླ་བ་༩་པའི་ཚེས་༣་ཉིན་བོད་ལྗོངས་གསོ་རིག་སློབ་གྲྭ་ཆེན་མོ་དངོས་སུ་དབུ་བརྙེས། མཁན་རིན་པོ་ཆེས་སྔོན་རྗེས་སུ་ཡོན་ཀྲང་གཞོན་པ་དང་། ཡོན་ཀྲང་ཆེན་མོའི་འགན་བཞེས་ཏེ་སློབ་གྲྭ་ཁྱོན་ཡོངས་ཀྱི་སྲིད་འཛིན་མཛད། ཁོང་སྐུ་ངོ་མས་སློབ་ཁྲིད་ནང་དོན་བཀོད་སྒྲིག་དང་སློབ་དེབ་རྩོམ་སྒྲིག་མཛད་པ། སྐུ་ངོ་མས་སློབ་ཁྲིད་ཀྱང་གནང་ནས། རྐང་འཛིན་གྱི་དགེ་རྒན་དཔུང་ཁག་གསོ་སྐྱོང་གནང་བར་མ་ཟད། བོད་ལྗོངས་དང་། ཟི་ཁྲོན། མཚོ་སྔོན། ཀན་སུའུ། ཡུན་ནན། ཤིང་ཅང་། ནང་སོག་གི་སློབ་མ་མང་པོ་སློབ་གྲྭ་དེའི་ནང་གསོ་སྐྱོང་བྱས་དང་བྱེད་བཞིན་པ་རེད། ༡༩༩༠ ལོར་པཎ་ཆེན་རིན་པོ་ཆེའི་དགོངས་པ་ལྟར་བོད་ལྗོངས་གསོ་རིག་སློབ་གྲྭ་ཆེན་མོ། བོད་ལྗོངས་སློབ་གྲྭ་ཆེན་མོ། བོད་ལྗོངས་སྨན་རྩིས་ཁང་། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དང་། དེ་མིན་ནག་ཆུ། ལྷོ་ཁ། གཞིས་རྩེ། ཆབ་མདོ།་མངའ་རིས། མཚོ་སྔོན། པེ་ཅིང་ནང་བསྟན་སློབ་གླིང་སོགས་ནས་ཕེབས་པའི་དགེ་སློབ་ཁྱོན་སློབ་མ་ལྔ་བཅུ་སྐོར་ལ་སྒྲ་ཙན་དྲ་པ། སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་འགྲེལ་ཆེན་པོ་ཏི་གསུམ་གྱི་སྟེང་ནས། ས་རིས་གོ་དོན་དང་བཅས་པའི་བཀའ་ཁྲིད་ཞིབ་རྒྱས་བསྩལ། འདི་སྐབས་སྨན་རྩིས་ཁང་གི་ཡོན་ཀྲང་མཁས་དབང་བྱམས་པ་ཕྲིན་ལས་མཆོག་གིས་སློབ་སྟོན་དང་། དགེ་སློབ་ཚང་མར་ཙནྡྲ་པའི་འགྲེལ་པའི་ཕྱག་དཔེ་ཆ་ཚང་རེ་གནང་བ་སོགས་རྒྱབ་སྐྱོར་བླ་ན་མེད་པ་མཛད་ཅིང་མཁན་རིན་པོ་ཆེར་སྔར་རྩོམ་དབྱངས་ཅན་སྒྲ་མདོའི་འགྲེལ་པ་འཐོར་གྱར་སོང་བ་དེ་ཉིད་བསྐྱར་རྩོམ་གནང་རྒྱུའི་སྐུལ་བ་པོ་མཛད། དེ་རྗེས་མུ་མཐུད་ནས་སློབ་མ་དེ་དག་ལ་ཀ་ལཱ་པ་དང་། དབྱངས་ཅན་སྒྲ་མདོ། སྡེབ་སྦྱོར་རིན་འབྱུང་སོགས་ཀྱི་བཀའ་ཁྲིད་བུམ་པ་གང་བྱོའི་ཚུལ་དུ་གནང་བར་མཛད། ཐུགས་ངེས་ཤིན་ཏུ་གསལ་བས་སྒྲ་གཞུང་ཆེན་པོ་དེ་དག་གི་མདོ་རྣམས་ཞལ་ནས་ཆུ་རྒྱུགས་པ་ལྟར་གསུངས་པ་ལ་བདག་ཅག་ལྟ་བུའི་སུམ་རྟགས་ལས་ཀྱང་བྱང་ཆུབ་པ་དང་སྒྲ་སྒྲུབ་ཀྱི་ཚུལ་ལ་ཤིན་ཏུ་བྱང་ཞིང་། སྒྲ་གཅིག་དོན་མང་ལ་འཇུག་ཚུལ་དང་། མིང་ཚིག་གི་སྐད་དོད་ཕལ་མོ་ཆེ་ཐུགས་ལ་བཞུགས་པས་ཚིགས་བཅད་དམ་དུམ་སྡེབ་སྦྱོར་སུམ་འབེབ་བསྒྲིག་པ་ལ་དཀའ་ཚེགས་མེད་པར་ཐུགས་ཐོག་ནས་བསྒྲིག་པ་མངོན་སུམ་དུ་མཐོང་བས་སློབ་མ་ཐམས་ཅད་ངོ་མཚར་སྐྱེས། སྤྱིར་མཁས་པ་ཚང་མས་ཆོས་དང་རིག་གཞུང་གང་ཡང་ཁྲིད་དང་ལུང་གི་བརྒྱུད་པ་ཟམ་མ་ཆད་པའི་རྒྱུན་བཞུགས་དང་མ་བཞུགས་ལ་དོ་སྣང་ཧ་ཅང་ཆེན་པོ་གནང་གི་ཡོད་ཅིང་། སྒྲ་རིག་གི་གཞུང་ནི་སྔོན་ཆད་བོད་འདིར་དར་རྒྱས་ཆེ་ཡང་། བར་སྐབས་ཉམས་དམས་སུ་གྱུར་ནས་ཁྲིད་རྒྱུན་ཤིན་ཏུ་དཀོན་པ་དང་། ཁྱད་པར་ཙནྡྲ་པ་ནི་ཞིབ་འཇུག་པ་ཆེན་པོ་དགེ་འདུན་ཆོས་འཕེལ་གྱིས། སྒྲ་ཙནྡྲ་པའི་ཁྲིད་རྒྱུན་འདི་བོད་ལ་མ་གཏོགས་འཛམ་གླིང་དུ་ཁྲིད་རྒྱུན་ཆད་ཚར་འདུག ཅེས་བཤད་པ་ལྟར་ཙནྡྲ་པའི་གཞུང་དེ་ཁྲིད་རྒྱུན་བཞུགས་པ་དང་། འཆད་ཐུབ་མཁན་ད་ལྟ་མཁས་དབང་འདི་ཉིད་མ་གཏོགས་འཕགས་བོད་རྒྱ་སོག་གང་དུའང་མེད་ངེས་ཡིན་ཕྱིར་རྒྱུན་ཆད་ཁ་རང་དུ་སྐུ་ངལ་འཛེམ་མེད་ཀྱིས་མྱུར་སྐྱོབ་གནང་སྟེ་རྒྱུན་འཛིན་པ་མང་པོ་གསོ་སྐྱོང་གནང་བ་དང་། སྒྲ་རིག་པའི་གཞུང་ལུགས་དུ་མ་ཡིག་འཇོག་གནང་བའི་བཀའ་དྲིན་ནི་རིག་གནས་པ་ཡོངས་ཀྱིས་གཞལ་བར་དཀའ་བ་ཞིག་ལགས་སོ། །དེ་བཞིན་དུ་བོད་ལྗོངས་ནང་བསྟན་སློབ་གྲྭ་རྣམས་ལ་སྙན་ངག་སོགས་སློབ་ཁྲིད་གནང་བས་སློབ་མ་མང་པོ་བྱུང་བ་དང་། དེ་བཞིན་༡༩༩༧ལོར་ཁོང་གིས་རིག་གནས་རྨང་གཞི་ཡག་པོ་ཡོད་པའི་རྐང་འཛིན་པ་ཁག་ཅིག་གསོ་སྐྱོང་བྱ་རྒྱུའི་དགོངས་བཞེད་ལྟར་ལོ་ཤས་རིང་ཟི་ཁྲོན་ཏུའུ་ཅང་ཡན་དུ་མཐོ་རིམ་འཛིན་གྲྭ་གཙུགས་ནས་བོད་ཀྱི་གསོ་རིག་གི་རྩ་བའི་དགོངས་དོན་དང་། ཁོང་གི་སྐུ་ཚེའི་རིང་གི་ཉམས་མྱོང་རྩ་ཆེན། རང་གི་གསང་བའི་ལག་ལེན་གྱི་མན་ངག་ཁག་ཅིག་བཅས་སློབ་ཁྲིད་གནང་བ་རེད། སློབ་གྲྭའི་ཏང་ཨུད་ཧྲུའུ་ཅི་རྒྱ་མཚོ་ལགས་ཀྱི་རྒྱབ་སྐྱོར་དང་འཆར་འགོད་འོག ཧྲེན་ཀྲེན་དུ་བོད་སྨན་ཁང་ཞིག་བཙུགས་ནས་ཁོང་ཉིད་སྐུ་ངོ་མས་སྨན་དཔྱད་མཛད་པར་ཕེབས་ཡོད། ༡༩༩༤ ལོར་དབྱིན་ཇི་ལ་བོད་ཀྱི་གསོ་རིག་ཞིབ་འཇུག་སློབ་གྲྭ་ཞིག་བཙུགས་ཡོད་པ་དེའི་སློབ་མ་ནི་དབྱིན་ཇི་དང་། ཨོ་སི་ཁྲུ་ལི་ཡ། ཨ་མི་རི་ཀ ཁ་ན་ཏ། ཕ་རན་སི། དབྱི་ཐ་ལི། འཇར་ཕན། སུའི་ཙེར། ནོར་ཝེ་སོགས་རྒྱལ་ཁབ་བཅུ་གཅིག་ནས་ཡོང་བའི་མཁས་པ་ཤ་སྟག་རེད། ཁོང་ཚོས་བོད་ཀྱི་གསོ་རིག་ནི་མི་རིགས་ཀྱི་ཁྱད་ཆོས། ལོ་རྒྱུས་ཀྱི་འཕེལ་རིམ། ཚན་རིག་གི་རིན་ཐང་། ཕན་ནུས་ཀྱི་ངོ་མཚར་གང་ལ་བརྟགས་ཀྱང་འཛམ་གླིང་ཐོག་རྙེད་པར་དཀའ་བའི་རིག་གནས་ཤིག་ཡིན་པའི་ངོས་འཛིན་བྱས་ནས་སློབ་སྦྱོང་ནན་ཏན་བྱེད་པ་དང་། གོང་སྨོས་ལྟར་དངུལ་ཆུ་བཙོ་བཀྲུའི་ཕྱག་ལས་ཐེངས་མང་མཛད་སྐབས་ཁྱད་འཕགས་སློབ་མ་མང་པོ་བྱུང་ཞིང་དམན་པ་བདག་ཅག་ལྟ་བུས་མཐའ་རྟེན་པའི་གསུང་གི་བདུད་རྩི་ཐོབ་པའི་སློབ་མ་ནི་བགྲང་བ་ལས་འདས་སོ། །ལོ་བཅུ་ཕྲག་ཁ་ཤས་རིང་ལ་ཁོང་ཉིད་སྔ་ཕྱིར་འཇར་པན། དབྱིན་ཇི། ནེ་པ་ལ། ཧང་ག་རི། ཨུ་རུ་སུ། ཨ་མི་རི་ཀ སུའི་ཙེར། རྒྱ་གར། འབྲུག་ཡུལ་བཅས་རྒྱལ་ཁབ་དང་། ཐེ་ཝན་དང་། ཧོང་ཀོང་སོགས་ས་ཁུལ་དུ་ཐེངས་མང་ཕེབས་ནས་འཛམ་གླིང་ཡོངས་སུ་བོད་ཀྱི་རིག་གནས་ཀྱི་ཁྱད་ཆོས་དང་ཡར་རྒྱས་འགྲོ་ཚུལ་ངོ་སྤྲོད་གནང་བ་རེད། རྒྱ་མཚོར་མི་འདུ་ཆུ་བོ་དང་། །དེ་ལས་མི་འབབ་ཆུ་ཀླུང་གང་། །ཁྱོད་ཀྱིས་མ་གསན་ལེགས་བཤད་དང་། །མ་སྤེལ་རིག་གནས་དེ་གང་ཞིག །དྲི་ལྡན་པདྨའི་ཚལ་ཆེན་དུ། སྦྲང་རྩི་ལེན་པའི་བུང་བ་བཞིན། །ལྔ་རིག་ཀུན་མཁྱེན་ཁྱོད་དྲུང་དུ། །དོན་གཉེར་སློབ་ཚོགས་རིང་ནས་འདུ། །

གཉིས་པ་ཕྱི་རབས་གདུལ་བྱའི་དོན་དུ་བསྟན་བཅོས་མཛད་པ་ནི། ༡༩༥༩ལོ་ཕན་ཆད་བརྩམས་གནང་བ། དབྱངས་ཅན་སྒྲ་མདོའི་འགྲེལ་པ་ཚིག་དོན་གསལ་བྱེད། ཙནྡྲ་པའི་དེ་ཕན་ལ་ཉེ་བར་མཁོ་བ་བྱིས་པ་དགའ་བའི་རྒྱན། ཙནྡྲ་པའི་བསྡུ་བའི་དཔེར་བརྗོད་རྒྱུགས་ཆེ་བའི་མདོ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་ནག་པོ་འགྲོ་ཤེས་ཞེས་པ་དང་། སུམ་རྟགས་ཀྱི་འགྲེལ་པ། སྙན་ངག་ལེའུ་བར་ཐ་གཉིས་ཀྱི་དཔེར་བརྗོད་སོགས་མཛད་ཡོད་ཀྱང་། སྒྲ་འགྲེལ་མ་གཏོགས་གཞན་རྣམས་དུས་འགྱུར་སྐབས་བོར་བརླག་ཏུ་སོང་། ཕྱིས་༡༩༧༨ ལོར་ཕྱག་ལས་ཀྱི་བར་གསེང་དུ་རྩོམ་གནང་བ་དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་རིན་ཆེན་རིལ་བུ་ཁག་གི་ལག་ལེན་ཟིན་བྲིས་ཟླ་བའི་འོད་ཟེར། སྔར་རྩོམ་སྒྲ་འགྲེལ་ལ་བསྐྱར་དུ་འཕྲི་སྣོན་མཛད་པའི་དབྱངས་ཅན་སྒྲ་མདོའི་འགྲེལ་པ། ཙནྡྲ་པའི་ཨུ་ཎའི་འགྲེལ་པ། སྨན་རྩིས་གཉིས་ནམ་ཡང་ཁ་བྲལ་ཐབས་མེད་པ་ཞིག་ཡིན་ཞེས་པ་དང་། གསོ་རིག་གཞུང་ལས་ལུས་ནད་གཉེན་པོ་བདག་ཉིད་གཅིག་ཏུ་འབྲེལ་བའི་སྐོར། བོད་ལུགས་སྟབས་བདེའི་སྨན་བཅོས་བྱ་ཐབས་འགའ་ཞིག རླུང་ཁྲག་འཕེལ་འཁྲུགས་ཀྱི་ངོ་བོ་ངོས་འཛིན་དང་དེའི་བཅོས་ཐབས་སྐོར་ཆེ་ལོང་ཙམ་བརྗོད་པ། གནམ་རིག་སྐར་རྩིས་ཀྱི་བྱུང་བ་མདོ་ཙམ་བརྗོད་པ། རྩ་དང་རླུང་གི་རིགས་རགས་ཙམ་བརྗོད་པ། སྔོ་ཡི་བུ་མོ་སྤུན་བདུན་གྱི་རྟོགས་པ་བརྗོད་པ། སྨན་འཐུ་སྒྲུབ་དང་བདག་ཉར་བྱ་ཐབས་སྐོར་གྱི་རྒྱུན་ཤེས་མེས་པོའི་དགའ་སྟོན་ཞེས་པ། རྒྱལ་སྲས་ལག་ལེན་གྱི་འགྲེལ་པ་བྱང་ཆུབ་སྒྲུབ་པའི་ས་བོན། དཀོན་མཆོག་རྗེས་དྲན་དང་། ལམ་སྒྲོན་གྱི་འགྲེལ་པ། སྔ་འགྱུར་རྙིང་མའི་ལུགས་ཀྱི་ལྟ་སྒོམ་སྤྱོད་གསུམ་གྱི་རྣམ་གཞག་མདོ་ཙམ་བརྗོད་པ་ཚེས་པའི་ཟླ་བ་ཞེས་པ་དང་། བཀའ་བརྒྱུད་ཀྱི་གྲུབ་པའི་མཐའ་རྣམ་པར་ངེས་པར་བྱེད་པ་མདོར་བསྡུས་སུ་བརྗོད་པ་དྭགས་བརྒྱུད་གྲུབ་པའི་མེ་ལོང་ཞེས་པ། རི་བོ་རྩེ་ལྔའི་རྟོགས་པ་བརྗོད་པ། ནན་ཧེ་པོ་ཏཱ་ལའི་རྟོགས་པ་བརྗོད་པ་སོགས་གསུང་རྩོམ་པོད་༡༥་ཙམ་བཞུགས་པ་ཐམས་ཅད་དོན་ལ་མཁས་པས་བརྟགས་ཀྱང་དགག་བྱ་བྲལ་ཞིང་། ཚིག་སྦྱོར་བླུན་པོས་ཀློག་ཀྱང་གོ་བར་སླ་བའི་ཁྱད་ཆོས་དང་ལྡན་པ་ཤ་སྟག་ཡིན་ཞིང་། ཁྱད་པར་ད་ལྟ་དཔེ་སྐུན་བྱེད་བཞིན་པའི་རྒྱུད་བཞིའི་འགྲེལ་ཆེན་འདི་ནི་ངོ་སྤྲོད་ཟུར་དུ་འཁོད་པ་ལྟར་འདས་པའི་ལོ་གྲངས་སུམ་བརྒྱའི་ནང་ཚུན་དུ་བྱུང་བའི་རྒྱུད་འགྲེལ་ཐམས་ཅད་ཀྱི་ནང་ནས་རྒྱས་ཤོས་དང་གསལ་ཤོས་ཡིན་ཞིང་སྔ་འགྲེལ་རྣམས་ཀྱི་ལེགས་བཤད་ཀྱི་སྙིང་པོ་བསྡུས་པའི་ཁར་མཁས་དབང་རང་གི་རྣམ་དཔྱོད་ཀྱིས་རྩལ་བཤད་གནང་བའི་རྒྱུད་དགོངས་འགྲེལ་ཚུལ་ཁྱད་པར་འཕགས་པའི་ལེགས་བཤད་དུ་མ་བཞུགས་པ་དང་། བར་སྐབས་སུ་རྒྱུད་ཚིག་ཆད་པ་དང་། ས་བཅད་འཁྲུགས་པ། ཡི་གེ་པ་དང་། ཞུ་དག་མཁན་གྱི་དཔྱད་པས་མ་ཁྱབ་པའི་ལྷག་ཆད་ནོར་འཁྲུལ་མ་དག་རྒྱུན་འབྱམས་སུ་སོང་བ་དུ་མ་རྒྱུ་མཚན་དང་བཅས་ཏེ་ནོར་བཅོས་མཛད་ནས་ལུང་དང་རིགས་པའི་དཔྱད་བཟོད་དུ་བསྒྲུབས་པ་ནི་བློ་གསལ་དོན་གཉེར་ཅན་རྣམས་ལ་རྒྱུད་དོན་ཟབ་མོ་འཁྲུལ་མེད་དུ་སྟོན་པའི་ལེགས་བཤད་ཀྱི་དགའ་སྟོན་རྨད་དུ་བྱུང་བ་ལགས་སོ། །སྡེབ་ལེགས་ཚིག་གི་ཆ་རེར་ཡང་། །ཟབ་རྒྱས་ལེགས་བཤད་དོན་མང་སྡུད། །ངོ་མཚར་རྩོམ་རིག་སྒྱུ་རྩལ་གྱིས། །དཔྱོད་ལྡན་ཡིད་འཕྲོག་སྨྲ་བའི་རྒྱན། །

གསུམ་པ་ནད་པ་བརྟག་བཅོས་མཛད་པ་ནི། སྤྱིར་སྨན་པའི་ཕྱག་ལས་གནང་བ་ནས་བཟུང་ནད་པ་རིས་མེད་ཀྱི་དོན་མཛད་ཅིང་ཁྱད་པར་ལས་མི་རུ་ཁག་གི་སྨན་པ་གནང་སྟེ། སྐབས་འགར་ལོ་རེར་ནད་པ་སྟོང་ཕྲག་མང་པོ་ལ་སྨན་བཅོས་མཛད། རྗེས་སུ་ལྷ་སར་གདན་དྲངས་ནས་བཞུགས་དུས་རྒྱུན་དུ་གཞུང་ལས་ཀྱི་བར་གསེང་ཡོད་ཚད་ལ་གཟིམ་ཤག་ཏུ་ནད་པར་རྩ་ཆུ་གཟིགས་རྒྱུ། སྨན་གནང་རྒྱུ། ཁྲག་གཏར་རྒྱུ། མེ་བཙའ་འདེབས་རྒྱུ། རྭ་འཇིབ། མེ་བུམ་རྒྱག་པ། བཤལ་གཏོང་བ་སོགས་ཀྱིས་ལོ་ལྟར་ལས་ཞོར་རྐྱང་པར་གཟིགས་པའི་ནད་པ་མི་གྲངས་སྟོང་ཕྲག་གཉིས་ཡན་ཟིན་གྱི་ཡོད། མདོར་ན་གཟིམས་ཤག་ཏུ་བཞུགས་ཕྱིན་ཉིན་ལྟར་ཞོགས་པ་ནམ་ལངས་ནས་མཚན་མོ་ཆུ་ཚོད་དུ་མའི་བར་ལ་སློབ་གཉེར་བ་དང་དོས་དྲག་ནད་པས་གཟིམ་ཤག་ཁེངས་ནས་སྐུའི་ངལ་གསོ་གཏན་ནས་མེད་རྐྱེན་དུས་རྟག་ཏུ་སྤྱན་དམར་རྐྱང་ཆགས་པ་དང་། སྐབས་རེར་གསོས་ཟས་ཀྱང་བཞེས་ཁོམ་མེད་པ་ནི་ཡང་ཡང་སྐུ་མདུན་དུ་གཅར་མཁན་ཚོས་ཤེས་ཀྱི་ཡོད། དེ་ལྟར་རྒྱུན་དུ་ནད་པའི་ལས་དོན་ལ་ཁྲལ་མངོན་སླ་ཆོས་གཏན་ནས་མི་མཛད་པར་ནད་པ་མཆོག་དམན་ཐམས་ཅད་ལ་བྱམས་བརྩེ་ཆེན་པོས་བལྟ་རེག་དྲི་བས་ནད་ངོས་བཟུང་ནས། སྨན་གསར་བཟོ་དང་། ཁ་ཚར་རྒྱག་པ། འཇམ་རྩུབ་དཔྱད་བཅོས་སྣ་ཚོགས་ལ་བརྟེན་ནས་བཅོས་དཀའ་བའི་ནད་པ་མཁྲིས་པའི་རྡོ་སྐྲན་ཅན་དང་། བརྒྱལ་གཟེར་འགྱེལ་ནད་ཅན་སོགས་སེང་དྲག་སོང་བ་མང་པོ་ཡོད། བཅོས་བརྡུགས་ནད་པ་འཆི་ཁ་མ་སྲོག་སྐྱོབ་གནང་བ་དཔེར་ན་ལྷ་ས་གྲོང་ཁྱེར་ཡན་ལག་དམག་ཁུལ་ཁང་གི་སི་ལིང་ཡོན་གཞོན་པ་བསོད་ནམས་རིན་ཆེན་ལ་མཆིན་པའི་ནད་གཞི་ཧ་ཅང་ཚབས་ཆེན་ཕོག་ནས་ཁྲེང་ཏུའུ་དམག་ཁུལ་གྱི་སྨན་ཁང་ཆེན་མོ་ཞིག་གིས་བརྟག་བཅོས་ཡང་ཡང་བྱས་རྗེས། ཉིན་བཅུ་ཕན་ཆད་མི་གསོན་ཞེས་ཤི་བརྡ་བཏང་། ནད་གཡོག་རྣམས་ཀྱིས་བྱེད་ཐབས་ཟད་དེ་ནད་པ་ལྷ་སར་བསྐྱལ་བ། དེ་སྐབས་ནད་པ་ནད་ཚབས་ཤིན་ཏུ་ཆེ་བ་གསོན་རེ་ཡོད་པ་ཞིག་མིན་ཡང་། ནང་མི་རྣམས་ཀྱིས་ནད་པའི་སེམས་ཁྱད་དང་འགྱོད་མེད་ཀྱི་བསམ་བློས་མཁས་དབང་འདི་ལ་བརྟེན། ཁོང་གིས་ལག་རྩ་ལ་ཞིབ་ཏུ་བརྟགས་ནས་ད་ཉིན་བཅུ་ལྷག་ཙམ་གསོན་ཐུབ་ན་ཡང་བོད་སྨན་གྱི་ནུས་པ་ཐོན་པ་ཡིན་གསུངས་ནས་སྨན་བཅོས་ངོ་མཚར་ཅན་གནང་བས་ཡུན་རིང་མ་སོང་བར་ནད་པ་ནི་མིག་འཕྲུལ་ལྟར་ཡར་དྲག་སོང་བས། བོད་ལྗོངས་སྤྱི་ཁྱབ་སྨན་ཁང་གི་འགོ་ཁྲིད་དང་སྨན་པ་དུ་མ་དེར་བལྟ་བར་ཡོང་ནས་ཧ་ལས་དགོས་པ་ཞིག་བྱུང་བ་རེད། རྗེས་སུ་ནད་པ་དེས་ཕྲན་ལ་དེ་དུས་རྒན་ཚེ་རྣམ་རིན་པོ་ཆེ་མེད་ན་ད་ལྟ་ང་གསོན་པོ་ཡོད་པ་མ་རེད་ཅེས་བཤད་བྱུང་། དེ་བཞིན་ཆབ་མདོའི་ནད་པ་ཚུལ་ཁྲིམས་སྒྲོལ་མ་ནི་མཁལ་མའི་ནད་ཚབས་ཆེན་ཕོག་སྟེ་རྒྱ་ཡུལ་གྱི་སྨན་ཁང་ཆེན་པོ་ཞིག་གིས་སྨན་བཅོས་ཡུན་རིང་བྱས་ཀྱང་ཕན་བསྐྱེད་མ་བྱུང་། མཐར་སྨན་ཁང་གིས་ཤི་བརྡ་བཏང་ནས་གཤིན་པོའི་རྗེས་གཞུག་བསྒྲུབ་རྒྱུ་མངགས་བྱ་བྱས་པས། ནད་པ་ལྷ་སར་དྲངས་ཏེ་མཁས་དབང་འདི་ལ་སྨན་བཅོས་གནང་བའི་རེ་བ་ཞུས་པ་ལྟར་བརྟག་བཅོས་གནང་བས་ནད་པ་ཡར་དྲག་སྟེ་ཕ་ཡུལ་དུ་ལོག ཕ་ཡུལ་བ་རྣམས་ཀྱིས་དེ་གོང་བཅོས་ཐབས་མེད་པའི་གཏམ་ངན་གོ་ཡོད་པས་ཧ་ལས་ཏེ། ཁྱོད་ཤི་ཚར་བ་རེད་ཟེར། ག་དུས་ལངས་པ་ཡིན་ཞེས་མཚར་གཏམ་བྱེད་པ་ཞིག་བྱུང་འདུག ཁོང་གིས་ནད་པ་བཅོས་པའི་ཉིན་ཐོའི་ནང་འདི་འདྲ་དཔེ་མཚོན་བགྲང་ལས་འདས་པ་ཡོད་ཀྱང་ཐམས་ཅད་བྲི་བར་མ་ལངས་སོ། །གཞུང་དང་ལག་ལེན་ཀུན་ལ་མཁས། །བྱམས་དང་སྙིང་རྗེས་ནད་པ་སྐྱོང་། །བཅོས་བརྡུགས་བཅོས་ལ་ཁྱད་ཞུགས་པས། །སྨན་པའི་མངོན་བརྗོད་དོན་དང་ལྡན། །སྣ་ཚོགས་ཟུག་རྔུའི་ཚ་གདུང་གིས། །རབ་མནར་ནད་པའི་མགྲོན་ཚོགས་ལ། །སྨན་རྒྱལ་ཁྱེད་ཀྱི་འཚོ་ཐབས་ཀྱི། །ཕྲིན་ལས་ལྷོ་ཡི་རླུང་བཞིན་བསིལ། །

བཞི་པ་སྨན་སྦྱོར་ཕྱག་ལས་གནང་ཚུལ་ནི། མཁས་དབང་འདི་ཉིད་དུས་རྟག་ཏུ་སྐྱེ་དངོས་དང་། གཏེར་རྫས། སྲོག་ཆགས་བཅས་ལས་བྱུང་བའི་སྨན་རྫས་སྣ་ཚོགས་ངོས་འཛིན་དང་། འཚོལ་སྒྲུབ་ལས་སྣོན་གྱི་བྱ་བ་ལ་སྐུ་ངལ་འཛེམ་མེད་གནང་མཁན་ཞིག་རེད། དཔེར་ན་སྤོ་མིའི་སྨན་ཁང་དུ་བཞུགས་དུས་ཡུལ་དེར་ཡོད་པའི་སྨན་རིགས་སྣ་ཚོགས་བསྡུ་རུབ་གང་ཐུབ་གནང་ཞིང་། ཁྱད་པར་དབྱར་ཁ་ཡར་རིའི་སྒང་གངས་ཀྱི་མཚམས་དང་། དགུན་ཁ་མར་པདྨ་བཀོད་སོགས་ལ་སྨན་འཐོགས་ལ་ཕེབས་ནས་སྨན་འཐུ་སྒྲུབ། སྐམ་གསེད། བརྡུང་རྒྱུ། རིལ་བུ་བསྒྲིལ་རྒྱུ། ཚང་མ་ཁོང་ཉིད་སྐུ་དངོས་ཀྱིས་ཕྱག་ལས་གནང་བ་ལྟ་བུ་རེད། སྔ་ཕྱིར་ཁ་ཚར་སྣོན་པ་དང་། བསྡུ་སྦྱོར་མཛད་པ་སོགས་སྨན་རྣམ་གྲངས་མང་པོ་གསར་བཟོ་གནང་མྱོང་ཞིང་། སྨན་གང་སྦྱོར་ཡང་ངོས་འཛིན་མ་ནོར་བ་དང་། སྨན་རྒྱུ་སྤུས་ཚད་ལ་དོ་སྣང་། སོ་སོའི་རོ་ནུས་ཞུ་རྗེས་དང་སྡེབ་སྦྱོར་གྱི་ཕན་ནུས་ཚང་མ་མཁྱེན་ཅིང་། བསྡུ་སྦྱོར་གནང་དུས། དུག་འདོན། རྣོ་འདོགས། འདུལ་སྦྱོང་། ཁཎྜ། ཐལ་བསྲེག་སོགས་ལག་ལེན་གང་དགོས་ཚང་མ་ཚད་དང་ལྡན་པར་མཛད་པ་དང་། དུས་ཡུན་རིང་པོའི་ནང་ནད་པ་མང་པོའི་ནད་མི་འདྲ་བར་དབྱེ་ཞིབ་དང་། ནད་སྨན་སྤྲོད་པའི་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པའི་རྒྱུ་མཚན་ཀྱིས་གཞན་ལས་ཁྱད་པར་འཕགས་པའི་ཕན་ནུས་ཐོན་ཡོད་པ་རེད། དཔེར་ན། ཁྲ་མེན་མང་སྦྱོར་ཆེན་མོ་དང་། དྭངས་བཙོ་བདུད་རྩི་དར་ཡ་ཀན་སོགས་ནད་ཐོག་ལག་ལེན་དངོས་ཀྱི་ནང་ངོ་མཚར་སྐྱེད་པའི་ཕན་འབྲས་ཐོབ་པས། རྒྱ་རིགས། བོད་རིགས། ཕྱི་རྒྱལ་བ་སོགས་ནད་པ་མང་པོས་མཐོང་ཆེན་གྱིས་ཉོ་སྒྲུབ་བྱེད་ཀྱི་ཡོད་པ་རེད། རིན་ཆེན་རིགས་ཀྱི་སྨན་སྦྱོར་ཁྱད་དུ་འཕགས་པ་རཏྣ་བསམ་དང་། གྲང་སྦྱོར། མང་སྦྱོར་སོགས་རྒྱུན་སྤྱོད་རིན་ཆེན་རིགས་དང་། གཞན་ཡང་གྲང་སྦྱོར་རྟ་རི་མ་དང་། དབང་རིལ་ཤེལ་དཀར་མཆོད་རྟེན། རིན་ཆེན་ཡང་ཟབ་རིལ་བུ་སོགས་ཀྱི་སྨན་རྒྱུ་ངོས་འཛིན་དང་། དུག་འདོན་ལས་སྣོན། སྦྱོར་ཚད་སོགས་ལ་ཕྱག་ལེན་མྱོང་གྲུབ་ཡོད་ཅིང་། རང་ཉིད་ཀྱིས་ནད་པ་བཅོས་པའི་ཉམས་མྱོང་གཞིར་བཟུང་། རྒྱུད་དང་གཅེས་བཏུས་སོགས་ནས་བདམས་པའི་སྨན་ཟབ། ནད་ཚང་མའི་སྨན་བཅོས་ཚང་ཞིང་། སྨན་རྫས་མང་ཉུང་འཚམས་པ་དང་། ནུས་པ་མངོན་གསལ་ཆེ་བའི་སྨན་སྦྱོར་ཉིས་བརྒྱ་དྲུག་ཅུ་ཙམ་གྱི་སྦྱོར་ཚད་གཏན་འཁེལ་གནང་བ་དེང་སྐབས་བོད་སྨན་སློབ་གྲྭ་ཆེན་མོ་སོགས་ཀྱིས་བེད་སྤྱོད་གཏོང་བཞིན་པ་ལགས།

ཁྱད་པར་དངུལ་ཆུ་བཙོ་བཀྲུའི་ཕྱག་ལེན་ཡང་རྩེར་སོན་པ་ནི་ཇི་སྐད་དུ། མ་བཏུལ་ལོག་པའི་དུག་གིས་སྲོག་འབྱིན་ཞིང་། །བཏུལ་ན་འཆི་མེད་སྲོག་གི་དཔལ་སྟེར་བ། །ཞེས་གསུངས་པ་ལྟར་རིན་ཆེན་དངུལ་ཆུ་འདི་ནི་རང་བཞིན་གདུག་ཅིང་རྩུབ་པའི་ཁམས་དང་ལྡན་པས་ལྕི་འབིག་རྩི་ཡི་དུག་རྣམས་བཙོ་བཀྲུའི་ལག་ལེན་ཚད་ལྡན་གྱིས་འདུལ་སྦྱོང་མ་བྱས་ན་ལུས་སྲོག་ལ་གནོད་པའི་དུག་ཆེན་ཞིག་ཡིན་ཡང་། དེ་ཉིད་གཉེན་པོའི་རྫས་སྦྱོར་དུ་མས་གཡའ་འཕྱི། དུག་འདོན། བཅུད་དུ་འགུགས་པ་རྣམས་ལེགས་པར་གྲུབ་ན་བཅུད་ལེན་ཐམས་ཅད་ཀྱི་རྒྱལ་པོ། བཅོས་བརྡུགས་ནད་ཆེན་མང་པོ་དྲུངས་ནས་འབྱིན་པའི་སྨན་མཆོག་བདུད་རྩི་ལྟ་བུ་ཞིག་ཡིན། ལྗོངས་འདིར་སྔོན་དུས་སུ་བོད་སྨན་མཁས་པ་གྲུབ་ཆེན་ཨོ་རྒྱན་པ་སོགས་དང་། བར་དུ་སི་ཏུ་ཆོས་འབྱུང་དང་། མཁྱེན་ཀོང་རྣམ་གཉིས། འཇམ་མགོན་མི་ཕམ་རིན་པོ་ཆེ་སོགས་སྐྱེས་ཆེན་དམ་པ་རེ་ཟུང་གིས་སྟོབས་འབྱོར་མངའ་ཐང་ལྡན་པའི་ཆེ་རྒུ་འགའ་ཞིག་གིས་ཡོན་སྦྱོར་བྱས་ནས་ལན་ཁ་ཡར་ཙམ་ཕྱག་བཞེས་མཛད་པ་ལས། སྨན་པ་ཕལ་གྱིས་ལག་ལེན་དུ་མི་ཐེབས་པར་དུག་ལྡན་གྱི་སྦྲུལ་ཆེན་ལྟར་འཇིགས་པའི་གནས་སུ་བྱེད་པས་ཕྲ་ཞིབ་ཀྱི་ཕྱག་ལེན་ཉག་ཕྲར་གྱུར་ཏེ་རྒྱུན་ཆད་ཁ་རང་དུ་སྨན་རྒྱལ་འགྲོ་བའི་མགོན་པོ་འདི་ཉིད་ཀྱིས་གཞུང་དང་མན་ངག་དམ་པའི་ཕྱག་ལེན་མཐོང་བརྒྱུད་བཅས་འཁྲུལ་མེད་དུ་སྤེལ་ནས་ཆེས་ཆེར་གསལ་བར་མཛད་པ་ཡིན་ཏེ། རིག་གསར་དུས་འགྱུར་གྱི་རྗེས་༡༩༧༧་ལོར་སྤོ་མེས་སུ་བཙོ་ཐལ་ཐོག་མར་བཟོས་པ་ལེགས་གྲུབ་བྱུང་སྟེ་ཡིད་རྟོན་རུང་བའི་གདེང་ཚོད་བརྙེས། །དེ་རྗེས་༡༩༨༠ ལོར་ཁམས་སྡེ་དགེ་བོད་སྨན་ཁང་གིས་གདན་ཞུས་ལྟར་ཕེབས་ནས་དངུལ་ཆུ་བཙོ་བཀྲུ་ཚད་དང་ལྡན་པའི་སྡེབ་སྦྱོར་མཛད་པ་ནས། ད་ལྟ་སྤྱི་ལོ་ཉིས་སྟོང་ལོའི་བར་ལ། དཔལ་ཡུལ་མགར་ཐར། མཚོ་སྔོན་རྨ་ལྷོ་ཁུལ་དང་། མཚོ་ལྷོ་ཁུལ། སྐྱེ་རྒུ་མདོ། ཀན་སུའུ་ཀན་ལྷོ་ཁུལ། ཆབ་མདོ་ས་ཁུལ་དང་། འཇོ་མདའ། བོད་ལྗོངས་གསོ་རིག་སློབ་གྲྭ་ཆེན་མོ་བཅས་སུ་བཙོ་བཀྲུ་ཐེངས་བཅུ་གཉིས་ཙམ་བཟོ་གནང་མཛད་ཅིང་། ཞིང་ཆེན་དང་ལྗོངས་བཞིའི་སྨན་པ་ཉིས་བརྒྱ་ལྷག་ལ་དཔེ་མཁྱུད་མེད་པར་ཕྱག་ཁྲིད་གནང་བས་དེའི་ནང་ནས་ལག་ལེན་ལ་མཁས་པའི་སྨན་པ། ཨ་ལགས་སྐལ་བཟང་རིན་པོ་ཆེ། ཐམ་ག་ངག་དབང་རྒྱ་མཚོ། རྫོང་གསར་བློ་གྲོས་ཕུན་ཚོགས། སྤྲུལ་སྐུ་ཀླུ་སྒྲུབ་རྒྱ་མཚོ། ཚེ་རྒྱལ། བོད་ལྗོངས་གསོ་རིག་སློབ་གྲྭ་ཆེན་མོའི་ཉི་མ་ཚེ་རིང་། ཉིད་ཀྱི་སྐུ་ཚ་ཁང་སར་བསོད་ནམས་འཆི་མེད། བསྟན་པ་དར་རྒྱས། མིག་དམར། གཡང་དགའ། གཡང་མེར། བསོད་ནམས་ཚེ་རིང། ཆབ་མདོ་དགའ་བུ་རྡོ་རྗེ། མཚོ་སྔོན་དཀོན་མཆོག་རྒྱལ་མཚན། ལྷོ་ཁ་འཇམ་དབྱངས་ལྷུན་གྲུབ། སྐུ་གནུབ་འོད་ཟེར། ཨ་ནེ་ཟླ་གསལ། ཁེན་སོགས་དབྱིན་ཇིའི་སློབ་མ། ཁ་ཐིས་ཨ་སོགས་ཧྥ་རན་སིའི་སློབ་མ་བཅས་སླད་ཕྱིན་ལག་ལེན་ཐེབས་ངེས་ཀྱི་སློབ་མ་སུམ་ཅུ་ཙམ་བསྐྱེད་བསྲིང་བྱུང་བ་རེད། དེ་ལྟར་བཙོ་ཐལ་འདུལ་སྦྱོང་ཐེངས་གྲངས་མང་པོ་དེ་ལྟ་བུ་དང་། སྨན་རྫས་ཕོན་ཆེན་དེ་ཙམ་ལས་སྣོན་མཛད་ཀྱང་དཔོན་སློབ་གཅིག་ལ་ཡང་དངུལ་དུག་ཕོག་པས་ན་བ་དང་་། སྨན་རྒྱུ་ཆུད་ཟོས་ཤོར་བ་ཅུང་ཟད་ཀྱང་མེད་པར་ཐམས་ཅད་ཐུགས་བཞེད་ལྟར་ལེགས་གྲུབ་བྱུང་བ་དེ་ལྟ་བུ་ནི་སྔོན་ཆད་དམ་པ་འདི་ཉིད་ལས་བྱོན་མེད་པ་དེ་ནི་གཡུ་ཐོག་སྨན་གྱི་བླ་མའི་ཡེ་ཤེས་གཟིགས་པ་དངོས་སུ་ཞུགས་པའི་འབྲས་རྟགས་ཡང་དག་པར་ངེས་ཤིང་། དེ་དག་ནི་བོད་ཀྱི་གསོ་རིག་ལོ་རྒྱུས་དེབ་ཐོར་ཐོག་འཁོད་པའི་བླ་ན་མེད་པའི་ལེ་ཚན་ཞིག་རེད་ལ། བོད་ཀྱི་གསོ་རིག་གི་ཁྱད་ཆོས་མངོན་པར་གསལ་ཞིང་མི་ཉམས་གཏན་དུ་གནས་པའི་མཛད་རྗེས་རིན་ཐང་བྲལ་བ་ཞིག་ཀྱང་རེད། སྐྱེས་ཚད་སྨན་དུ་བཀོལ་ཤེས་པ། །འཚོ་བྱེད་མཁས་པའི་ཁྱད་ཆོས་ཏེ། །དུག་ཆེན་བདུད་རྩིར་བསྒྱུར་བ་ལ། །རང་དབང་ཐོབ་འདི་གྲུབ་པའི་རྟགས།།

རྩ་བའི་བཞི་པ་ཕྲིན་ལས་ཁྱབ་གདལ་དུ་འགྲོ་བའི་ཚུལ་ནི། དེ་ལྟར་མཁས་པའི་གཙུག་རྒྱན་དམ་པ་འདིས་སྐུ་ཚེའི་སྟོད་ལ་ཐོས་བསམ་དང་འཆད་སྤེལ་གཙོ་བོར་མཛད། བར་དུ་དུས་འགྱུར་གྱི་སྐབས་ངལ་རྩོལ་སྒྱུར་བཀོད་ཀྱི་ལས་འགུལ་ནང་ལས་མི་རུ་ཁག་གི་སྨན་པ་མཛད་ནས་སྨན་གྱི་ཕྱག་ལས་གནང་ཆོག་པ་ནས་བཟུང་ཉམ་ཐག་ནད་པ་བགྲང་ལས་འདས་པའི་ལུས་སེམས་ཀྱི་སྡུག་བསྔལ་སེལ་ཞིང་ཚེ་སྲོག་གི་སྦྱིན་པས་བསྐྱབས། སྐུ་ཚེའི་སྨད་ལ་རྒྱུད་འཛིན་གསོ་སྐྱོང་། བསྟན་བཅོས་རྩོམ་པ། ནད་པ་བརྟག་བཅོས། སྨན་རྫས་སྡེབ་སྦྱོར་གྱི་ཕྱག་ལས་བཅས་ཆ་སྙོམ་དུ་བསྒྲུབས་ཏེ་རང་གིས་གསན་སྦྱངས་གནང་བའི་རིག་གནས་ཐམས་ཅད་ལ་བཤད་སྒྲུབ་ལས་གསུམ་གྱི་ཕྱག་རྗེས་མ་བཞག་པ་མེད་ལ། ལྷག་པར་སྒྲ་དང་གསོ་བ་རིག་པ་གཉིས་ལ་དེང་དུས་མཁས་པར་གྲགས་པ་དང་། ཆེན་པོར་རློམས་པ་སུས་ཀྱང་མ་གྲུབ་པའི་མཛད་རྗེས་གཟེངས་སུ་ཐོན་པས་འཛམ་གླིང་རྒྱལ་ཁབ་མང་པོར་མཚན་སྙན་དང་ཕྲིན་ལས་འགྲན་པ་བཞིན་ཁྱབ་གདལ་དུ་གྱུར། དེ་ལྟར་ཕྱོགས་གང་ཅིའི་ཆ་རྐྱེན་བཟང་པོའི་འོག་མཁས་མཆོག་གང་གི་མཁྱེན་ཡོན་སྤྱོད་པའི་གོ་ཡུལ་བྱུང་ཞིང་མཚན་གྱི་གོ་གནས་བཞེས་པ་ཡང་བོད་ལྗོངས་བོད་སྨན་སློབ་གྲྭ་ཆེན་མོའི་ཡོན་ཀྲང་དང་དགེ་རྒན་ཆེན་མོ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན། བོད་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ། རྒྱལ་ཡོངས་མི་རིགས་གསོ་རིག་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་དང་པོ་སོགས་གོ་གནས་ཀྱི་མཚན་གྱི་རྣམ་གྲངས་བཅུ་ཕྲག་ལྷག་དང་། ཉིས་སྟོང་ལོར་རྒྱལ་སྤྱིའི་བོད་ལུགས་གསོ་རིག་རིག་གཞུང་གྲོས་ཚོགས་དེ་བོད་ལུགས་གསོ་རིག་སློབ་ཆེན་དུ་འཚོགས་སྐབས། གྲོས་ཚོགས་ཐེངས་དང་པོའི་གཡུ་ཐོག་གསེར་གྱི་བུམ་པའི་བྱ་དགའ་སོགས་སྔ་ཕྱིར་གཟེངས་བསྟོད་དུ་མས་མངའ་གསོལ་ཕུལ་ཡོད་པ་རེད། མཚན་ཙམ་གྱིས་ཀྱང་གཟི་བྱིན་བསྐྱེད། །ཉེ་བར་བསྟེན་ལ་འདོད་རྒུ་སྩོལ། །ཆེ་རྒུ་ཀུན་གྱིས་གཙུག་གིས་མཆོད། །ཁྱེད་ནི་ནོར་བུ་རིན་ཆེན་འདྲ། །སྨོན་ལམ་སྟོབས་གྲུབ་རྒྱལ་སྲས་ཀྱི། །དུས་བབས་འགྲོ་དོན་འགོག་པ་མེད། །སྤྲིན་ཆེན་ལས་བྱུང་དུས་ཀྱི་ཆར། །སུ་ཞིག་གིས་ནི་གྱེན་དུ་ལྡོག །
མདོར་ན་མཁས་དབང་ཉིད་ཀྱིས། སྔོན་མེད་ལེགས་བཤད་གསར་པའི་འཛུམ་དཀར་གྱིས། །སྤུད་པ་མེད་ཀྱང་རིང་ནས་གོམས་པའི་མཐུས། །སྤྲོ་བཞིན་མི་ཚེ་འཕུལ་བའི་ལག་རྗེས་འདི། །རང་རིགས་རིག་གནས་ལ་གཅེས་རྣམ་འགྱུར་ཡིན། །ཞེས་གསུངས་པ་བཞིན་བོད་ཀྱི་རྒྱུན་སྲོལ་རིག་གནས་མཐའ་དག་ཉམས་པ་སོར་ཆུད་དང་། མི་ཉམས་གོང་འཕེལ་གྱི་སྒོ་ནས་རང་རྒྱལ་གྱི་དཔལ་ཡོན་གཉིས་དར་རྒྱས་ཡོང་ཆེད་དང་། རྒྱུན་འཛིན་པ་མི་རབས་རྗེས་མ་གསོ་སྐྱོང་བྱ་རྒྱུ་སོགས་ཀྱི་ཐད་ལ་མཁྱེན་ནུས་ཡོད་རྒུ་འདོན་སྤེལ་གྱིས་རང་དཔེ་གཞན་སྟོན་གྱི་མཛད་པ་རླབས་པོ་ཆེ་བསྐྱངས་པའི་མཐར་སྤྱི་ལོ་༢༠༠༤ལོར་དགོངས་པ་ཆོས་དབྱིངས་སུ་འཐིམ།

སྨྲས་པ། དམ་པའི་ཡོན་ཏན་རྒྱ་མཚོ་ལས། །གཞན་ཕན་ཕྲིན་ལས་རྣམ་ཐར་ཆ། །ཆུ་ཐིགས་ཙམ་ཞིག་བརྗོད་པ་འདི། །སྒྲོ་སྐུར་སྤངས་ཏེ་དད་པས་བྲིས། །ངེས་པར་མཁས་གྲུབ་གཉིས་ལྡན་པས། །ནང་གི་ཡོན་ཏན་ཚད་མེད་ཀྱང་། །བདག་འདྲའི་སྤྱོད་ཡུལ་མ་ཡིན་ཕྱིར། །ཇི་བཞིན་བྲི་བ་རྔོ་མ་ཐོགས། །འོན་ཀྱང་ཆུ་ཐིགས་གཅིག་མྱངས་པས། །གཱངྒའི་ཆུ་བོའི་རོ་ཤེས་ལྟར། །ཐུན་མོང་ངོ་མཚར་འདི་ཙམ་གྱིས། །ཐུན་མིན་ཡོན་ཏན་མཚོན་པར་ནུས། །ཕྱོགས་རེ་ཙམ་གྱི་ཤེས་བྱ་ལ། །སྦྱངས་པའི་མཁས་པ་མང་མོད་ཀྱི། །གནས་ལྔ་ཡོངས་རྫོགས་པཎྜི་ཏ། །གང་ལ་འགྲན་པའི་ཟླ་གཞན་མེད། །གང་ཞིག་མ་བསླབས་མ་སྦྱངས་འགའ། །རང་གི་བློ་ཡི་དཔེས་མཚོན་ནས། །གཞན་བློ་དཔོག་པར་རློམས་པ་ནི། །མཁའ་དབྱིངས་འདོམས་གྱིས་འཇལ་བ་འདྲ། །གང་ཐུགས་ཟབ་ཡངས་རྒྱ་མཚོའི་གླིང་། །ཡོན་ཏན་ནོར་བུའི་འབྱུང་གནས་དེར། །ལད་ཟློས་རྐྱལ་གྱིས་མི་ཕྱིན་པས། །དད་བརྩོན་གྲུ་ལ་འཇུག་པར་རིགས། །འདི་བྲིས་དགེ་བས་ཚེ་རབས་ཀུན། །བཤེས་གཉེན་བསམ་འཕེལ་དབང་གི་རྒྱལ། །དད་གསུམ་སྤྱི་བོའི་རྒྱན་དུ་ཐོབ། །བྱིན་རླབས་འདོད་རྒུས་སྐྱོང་བར་ཤོག །ཅེས་པ་འདི་ནི་རྒྱུད་བཞིའི་འགྲེལ་ཆེན་དཔེ་སྐྲུན་གནང་སྐབས་འགན་འཛིན་མཆེད་གྲོགས་འགས་བསྐུལ་བའི་ངོར། ཞལ་སློབ་གཞན་གྱིས་བྲིས་པའི་རྣམ་ཐར་ལ་གཞི་བྱས། རང་གིས་མཐོང་ཐོས་ཡིད་ངེས་འགའ་ཞིག་ཞལ་སྐོང་བཅས་མགོན་པོ་གང་གི་གསུང་གི་བདུད་རྩི་མང་དུ་ཐོབ་པའི་སློབ་བུའི་ཐ་ཆུང་ཚུལ་རྒྱན་པས་བྲིས་པ་ཚེ་རབས་ཀུན་ཏུ་བཤེས་གཉེན་དམ་པས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག ། །།

མཐའ་མའི་འདོན་ཐེངས་།: 27.01.2014 ཉིན། 12:52 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།